TTDL-ZABTER-18-TSHA-095
TTDL-ZABTER-18-TSHA-095
དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །བསྐལ་པ་མང་པོའི་གོང་རོལ་ནས། །ཚོགས་དང་ལས་སྨོན་བཟང་པོའི་མཐུས། །དལ་འབྱོར་དོན་ལྡན་སྐྱེས་བུ་ཁྱོད། །མངོན་སུམ་སྣང་བ་མཐར་ཕྱིན་ནས། །ཉམས་སྣང་གོང་འཕེལ་ཐོག་ཕེབས་པ། །མ་ངེས་སྣང་བ་ཆལ་མ་ཆོལ། །བརྟན་གནས་མེད་པར་འཆལ་བ་ལ། །མངོན་ཞེན་རེ་དང་དོགས་པ་སྤོངས། །འཕེལ་འགྲིབ་ཉམས་ཀྱི་རྟགས་ལ་ནི། །བདེ་དང་གསལ་དང་མི་རྟོག་པ། །མྱོང་ཞེན་ཅན་དུ་ངོམས་པ་ཡིན། །ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་དང་། །ནང་སློང་ལུས་ཀྱི་ན་ཚ་དང་། །གསང་སློང་སེམས་ཀྱི་དགའ་སྡུག་རྣམས། །མ་ངེས་འབྱུང་བ་ཤེས་མཛོད་ཅིག།འཕེལ་འགྲིབ་ཉམས་ཀྱི་རྟགས་ཉིད་དང་། །བསླུ་བ་མཁའ་འགྲོའི་བརྡ་རྟགས་དང་། །བར་ཆད་བདུད་ཀྱི་བསླུ་བྲིད་རྟགས། །རིམ་བཞིན་འབྱུང་བ་ཤེས་མཛོད་ལ། །གང་ལ་དངོས་འཛིན་ཞེན་པ་དང་། །རེ་དང་དོགས་པ་ཐད་ཀར་ཆོད། །ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །ས་ལ་རིང་པོར་མི་ཐོགས་པས། །དུས་འདིར་བར་ཆད་བདུད་དབང་དུ། །མ་ཤོར་སྐལ་བཟང་སྐྱེས་བུ་ཁྱོད། །མོ་གྲོགས་དབང་དུ་མ་གྱུར་བར། །ཐོད་རྒལ་གསང་ལམ་འདི་སྤྱོད་ན། །ཕུང་པོ་ལྷག་མ་མེད་པ་རུ། །འཇའ་ལུས་ཐོབ་པ་པདྨའི་བཀའ། །བསླུ་མེད་རྡོ་རྗེའི་གཏན་ཚིག་ཡིན། །སྙིང་ལ་འཆོངས་ཤིག་སྐལ་ལྡན་བུ། །ལ་ལས་ལྷ་བབ་འདྲེ་བབ་ཟེར། །ལ་ལས་འཁྲུལ་པ་སྨྱོས་སོ་ཟེར། །དེ་ལྟར་དངོས་གྲུབ་ཐོབ་པའི་ལྟས། །ཕྱི་ནང་བར་ཆད་གེགས་སེལ་མཆོག།རེ་དོགས་ཆགས་སྡང་ཐད་ཀར་ཆོད། །མཉམ་པ་ཉིད་དུ་ཆམ་ཞོག་དང་། །སུ་མ་མགུ་ཡང་ཞེ་བློ་བདེ། །ཅི་སྣང་ཅི་འབྱུང་ཅི་ཤར་ཀུན། །ཆུ་ལ་རིས་མོ་བྲིས་པ་བཞིན། །བདེན་མེད་ཉམས་ཀྱི་རི་མོ་རུ། །ཤེས་ནས་ཞེན་མེད་རྣལ་འབྱོར་ལམ། །གནད་དོན་བསྡུས་ན་འདི་ལས་མེད། །མི་རྒན་བདག་གི་སྙིང་གཏམ་ཡིན། །སེམས་ལ་ཞོག་ཅིག་ཆོས་ལྡན་པ། །རྣམ་པར་གྲོལ་བ་གདོན་མི་ཟ། །ཞེས་མི་རྒན་བདུད་འཇོམས་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།ཞུས་སོ། །། །