TTDL-ZABTER-18-TSHA-096

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-096

ཁྱབ་བདག་འཁོར་ལོའི་མགོན་པོ་པདྨ་འབྱུང་། །མི་འབྲལ་བདེ་ཆེན་འཁོར་ལོའི་རྒྱན་དུ་བཞུགས། །ཐུགས་གསང་ནམ་མཁའ་མཛོད་ཀྱི་ཀློང་ཆེན་པོ། །བདག་གི་རྒྱུད་ལ་མྱུར་དུ་འཕོ་བར་ཤོག།སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་ཁྱོད། །རྩེ་གཅིག་སྙིང་པོའི་སྒྲུབ་པ་ལ་བརྩོན་ནས། །གཏན་དུ་བདེ་བའི་ས་ལ་བརྒལ་འདོད་ན། །ཚེ་འདིའི་སྣང་བ་རྨི་ལམ་གནས་སྐབས་ཙམ། །གཏན་ཏུ་སྡོད་གྲབ་མ་བྱེད་རིགས་ཀྱི་བུ། །འཁོར་བའི་བྱ་བ་བྱིས་པའི་རྩེད་མོ་འདྲ། །ཟིན་མེད་ལས་ཀ་སྤོངས་ཤིག་རིགས་ཀྱི་བུ། །ཆེ་མཐོའི་གྲགས་འདོད་འཇའ་ཚོན་རི་མོ་འདྲ། །འདོད་པ་ཐོག་ཁེལ་མེད་དོ་སྐལ་ལྡན་བུ། །འདོད་ཡོན་ལོངས་སྤྱོད་སྒྱུ་མའི་དགའ་སྟོན་འདྲ། །རྟག་དང་བརྟན་གནས་མེད་དོ་སྐལ་ལྡན་བུ། །རྙེད་པ་མང་ཡང་རྨི་ལམ་ནོར་ཐོབ་འདྲ། །ལོངས་སྤྱོད་ཚོགས་དུས་མེད་དོ་སྐལ་ལྡན་བུ། །གྲོགས་དང་མཛའ་ཤེས་སྒྱུ་མའི་སྐྱེས་བུ་འདྲ། །གཏན་དུ་འགྲོགས་སྐལ་མེད་དོ་སྐལ་ལྡན་བུ། །ཡུལ་མི་ཕ་ཚན་དྲི་ཟའི་གྲོང་ཁྱེར་འདྲ། །རང་སར་གནས་པ་མེད་དོ་སྐལ་ལྡན་བུ། །མཐུན་པའི་གྲོགས་ཀྱང་ཐ་མ་དགྲ་རུ་འགྱུར། །བརྩེ་གདུང་ཞེན་ཆགས་ཆོད་ཅིག་སྐལ་ལྡན་བུ། །སྡང་བའི་བའི་དགྲ་ཡང་ཐ་མ་གྲོགས་སུ་འགྱུར། །སྡང་བའི་གནོད་སེམས་སྤོང་ཤིག་སྐལ་ལྡན་བུ། །ཐོས་ཆུང་ཕལ་ཆེར་ཆགས་སྡང་འཕེལ་བའི་རྒྱུ། །ཁྱད་གསོད་སྡང་ཚིག་སྤོངས་ཤིག་སྐལ་ལྡན་བུ། །བྱང་ཆུབ་སེམས་དཔའ་ལུག་ལྟར་བླུན་པ་ཡོད། །གཞན་ལ་སྐུར་འདེབས་སྤོངས་ཤིག་སྐལ་ལྡན་བུ། །རང་སྐྱོན་ཆེ་འདྲེས་མཐོང་ཚད་སྐྱོན་ཅན་སྣང་། །དག་སྣང་ཕྱོགས་མེད་སྦྱོངས་ཤིག་སྐལ་ལྡན་བུ། །སྣང་སྲིད་དག་པ་རབ་འབྱམས་རོལ་པ་ཡིན། །སྒྲུབ་གནས་བཟང་ངན་མེད་དོ་སྐལ་ལྡན་བུ། །མ་དག་སྣང་བ་དག་པར་སྦྱོང་བའི་ཐབས། །ལྷ་ལ་བཟང་ངན་མེད་དོ་སྐལ་ལྡན་བུ། །མཐའ་མེད་འཁོར་བའི་ལམ་ལས་ལྡོག་པའི་ཐབས། །ཆོས་ལ་ཕྱོགས་རིས་མེད་དོ་སྐལ་ལྡན་བུ། །དལ་འབྱོར་མི་ལུས་མི་འབོར་ཙམ་ཞིག་ལས། །ཟས་ལ་མང་ཉུང་མེད་དོ་སྐལ་ལྡན་བུ། །ནོར་དང་ལོངས་སྤྱོད་གསོག་འཇོག་དོན་གཉེར་སྤོངས། །ཆོག་ཤེས་འབྱུང་དུས་མེད་དོ་སྐལ་ལྡན་བུ། །ཁ་དང་ལག་པའི་ཆོས་ཀྱིས་སངས་མི་རྒྱ། །བསྐྱེད་རྫོགས་བྱང་སེམས་སྒོམས་ཤིག་སྐལ་ལྡན་བུ། །ལུགས་གཉིས་དུས་གཅིག་འགྲུབ་པར་མི་སྲིད་པས། །བློ་སྣ་ཆོས་ལ་དྲིལ་ཞིག་སྐལ་ལྡན་བུ། །ཚེ་རབས་ཀུན་ཏུ་འདོད་ཡོན་ལྔ་ཡིས་བསླུ། །ད་ནི་ཞེན་པ་ཆོད་ཅིག་སྐལ་ལྡན་བུ། །གདོད་མའི་གཞི་དབྱིངས་མངོན་གྱུར་ཆོས་སྐུའི་ཞལ། །སངས་རྒྱས་གཞན་ན་མེད་དོ་སྐལ་ལྡན་བུ། །དེ་ཉིད་མ་རིག་པ་ལས་གཞན་དུ་སྣང་། །འཁྲུལ་བའི་གཞི་རྩ་ཡིན་ནོ་སྐལ་ལྡན་བུ། །བདག་ཏུ་སྣང་ལས་ང་རུ་འཛིན་པ་ལས། །ཆོས་ཀུན་དེའི་རྩལ་སྣང་ངོ་སྐལ་ལྡན་བུ། །རྨི་ལམ་སྣ་ཚོགས་སྣང་བ་ཇི་བཞིན་དུ། །འདི་ཕྱིའི་སྣང་བ་དེར་མཚུངས་སྐལ་ལྡན་བུ། །དེ་ཕྱིར་དེ་དོན་ཁྱོད་ལ་བཤད་ཀྱི་ཉོན། །ཁ་བཤད་ཙམ་མིན་གཏིང་དཔོག་པ་ཞིག་གནད། །གཏིང་མ་དཔོག་པས་ཁ་བཤད་མཁས་མཁས་ཀྱང་། །སྟོང་པར་ཡིན་བཤད་མཐའ་མ་ཡོད་པར་འཛིན། །དེས་ནི་སྟོང་ཉིད་ཀུན་རྫོབ་ཉིད་དུ་གོལ། །རྟག་པ་མེད་པ་དོན་དམ་ཉིད་དུ་འཛིན། །དེ་འདྲའི་ཁ་བཤད་བསམ་པ་མ་འཛོལ་བར། །འདི་ལྟར་ངེས་པའི་དོན་འདི་རྟོགས་པར་མཛོད། །ཉི་མ་ལས་ནི་ཉི་འོད་སྣང་བ་བཞིན། །སྣོད་བཅུད་འདོད་ཡོན་སྣང་བ་རང་གི་རྩལ། །སྟོང་པ་ཉིད་ཀྱི་འདོད་ཡོན་སྣོད་བཅུད་སྣང་། །སྣང་ཙམ་ཉིད་ནས་སྟོང་པའི་རང་བཞིན་ཏེ། །རང་སྣང་ཉིད་ལས་གཞན་དུ་གྲུབ་པ་མེད། །རྒྱ་མཚོའི་གཟའ་སྐར་ཆུ་ལས་མི་གཞན་བཞིན། །གང་སྣང་ཐམས་ཅད་སྟོང་ཉིད་ལས་མི་གཞན། །ནམ་མཁའ་ཉིད་ཀྱི་འཇའ་ཚོན་སྣང་བ་ལྟར། །མེ་ལོང་དྭངས་ཤིང་གསལ་བའི་ཆ་དེ་ཉིད། །རྐྱེན་དེ་འཕྲད་ཚེ་གཟུགས་བརྙན་ཅིར་ཡང་སྣང་། །དེ་བཞིན་གཞི་དབྱིངས་དྭངས་གསལ་ཆེན་པོའི་མཁའ། །བདག་འཛིན་རྐྱེན་གྱིས་སྣ་ཚོགས་སྣང་བ་འཆར། །དེ་ལྟར་འཁོར་འདས་གཞི་རུ་རོ་གཅིག་པའི། །ངང་ཚུལ་ཁ་ཙམ་ཚིག་ཙམ་མ་ཡིན་པ། །རྟོགས་ནས་ཉམས་སུ་མྱོང་བ་ཐོན་པའི་ཚེ། །ལྟ་བའི་རྒྱལ་པོ་མངོན་དུ་གྱུར་བ་ཡིན། །ལྟ་བ་སྟོང་ཉིད་མངོན་དུ་མ་གྱུར་ན། །སྒོམ་པ་ཐམས་ཅད་ལུང་མ་བསྟན་དུ་གོལ། །སྒོམ་གྱི་ངོ་བོ་སྟོང་པ་ཉིད་ལས་མེད། །དེ་ཕྱིར་ཐུབ་པའི་དབང་པོས་དེ་ལྟར་བསྟན། །སྟོང་པ་ཉིད་ལས་སངས་རྒྱས་ལམ་གཞན་མེད། །དུས་གསུམ་རྒྱལ་བ་ཀུན་གྱི་ཐུགས་བཅུད་ཡིན། །དེ་ལྟར་སྟོང་ཉིད་ལྟ་བ་གཞིར་བཞག་སྟེ། །འཁོར་འདས་འུབ་ཆུབ་རོལ་པར་འབྱམས་ཀླས་པའི། །རང་ཞལ་མངོན་དུ་གྱུར་པའི་ངང་ལ་བཞག།བློས་བཞག་མ་ཡིན་བབས་ཀྱིས་བབས་པ་ཉིད། །བསྒོམ་མེད་རྫོགས་པ་ཆེན་པོར་ལྷུན་གྱིས་གྲུབ། །འདི་དོན་ཉམས་སུ་མྱོང་བའི་དུས་སུ་ནི། །སེམས་ནི་རང་ངོ་མ་རིག་མཚན་མོ་འདྲ། །རིག་པ་རང་ངོ་མངོན་གྱུར་ཉིན་མོ་འདྲ། །རིག་པ་བརྡལ་ཁྱབ་ངང་ཉིད་མངོན་གྱུར་ལ། །བལྟ་དང་གཏད་སོ་མེད་པར་ཧར་སང་ངེ་། །སྣང་བ་མ་འགགས་ཞེན་པ་མེད་པར་ནི། །སྨྲ་བསམ་བརྗོད་བྲལ་ལྐུག་པས་རོ་མྱོང་འདྲ། །ཅི་ཡང་མ་ཡིན་བརྗོད་གཞིའི་མཚན་མ་བྲལ། །ཆོས་ཉིད་རང་ཁར་འདུག་ལས་བསྒོམ་བསྒྲུབ་མེད། །ཡེ་ཡིན་ངང་ལས་དེ་ལྟར་འཇོག་པ་ལགས། །སྒོམ་གྱི་རྒྱལ་པོ་སྒོམ་མེད་ཆེན་པོ་སྟེ། །ནམ་མཁའ་ཁོང་དུ་ཆུབ་པའི་ངང་མངོན་གྱུར། །འདི་དོན་ངོ་འཕྲོད་པ་ཉིད་གཞིར་བཞག་སྟེ། །ལར་ནི་ཁམས་གསུམ་འཁོར་བའི་སྣང་བ་ཀུན། །ཤེས་པ་དང་པོ་ཡུལ་དུ་མཆེད་པ་ཡིན། །དེ་ཕྱིར་ཤེས་པ་དང་པོ་འོད་གསལ་གྱིས། །སྣང་བ་གོ་འཕོས་པ་ཉིད་མངོན་བྱེད་པའི། །ཐོད་རྒལ་གསང་ལམ་ཟབ་མོ་ལ་བརྟེན་ཏེ། །རྩ་དང་ཁམས་ཀྱི་བྱེད་ལས་སྣ་ཚོགས་པའི། །ཕྱི་རྟགས་ནང་རྟགས་འཛོལ་བ་མ་ངེས་འབྱུང་། །དེ་དག་སྣང་གཞི་དངོས་དང་མ་ནོར་བར། །རྒྱུད་ལུང་མན་ངག་གནད་དང་མ་འཛོལ་བའི། །སྣང་བ་བཞི་ཡི་ས་ལམ་རིམ་གྱིས་བགྲོད། །ལྷུན་གྲུབ་གཞོན་ནུ་བུམ་སྐུ་མ་ཐོབ་བར། །གྲོལ་བ་ཐོབ་བོ་མ་སེམས་སྐལ་ལྡན་བུ། །ཉིན་མཚན་ཡེངས་མེད་འཁོར་ཡུག་མ་འདྲེས་པར། །གོ་ས་མཐོན་པོར་མ་རློམ་སྐལ་ལྡན་བུ། །རྣམ་གཡེང་ལེ་ལོ་འདུ་འཛི་སྤོངས་མཛོད་ལ། །ཡིད་གཉིས་ཐེ་ཚོམ་སོམ་ཉི་ཐད་ཀར་ཆོད། །དད་དམ་བརྩོན་འགྲུས་སྙིང་རུས་ཤུགས་བསྐྱེད་ལ། །ཉིན་མཚན་དུས་དྲུག་བར་མེད་སྒྲུབ་ལ་འབུང་། །ཚེ་གང་དུས་བརྒྱའི་ཟ་མ་ལན་གཅིག་ཡིན། །མི་རྒན་ང་ལ་སྙིང་གཏམ་འདི་ལས་མེད། །སྲོག་གི་གཏའ་རུ་ཟུངས་ཤིག་སྐལ་ལྡན་བུ། །ཨ་ཧོ།མི་རྒན་གྱི་སྐྱིད་ཉལ་བྱས་ཚེ། །ཁ་བཤད་དང་དཔེ་ལ་མ་ལྟོས། །ཆོས་ཉིད་ཀྱི་ཀློང་མཛོད་རྡོལ་བྱུང་། །འབད་རྩོལ་གྱི་བྱ་བྱེད་མ་དགོས། །སྔོན་སྦྱངས་ཀྱི་ལས་འཕྲོ་སད་པས། །སྣང་བ་དང་སྲིད་པ་འདི་དག།བརྡ་དཔེ་དང་རྟེན་འབྱུང་རོལ་པར། །ཡེ་ཡིན་གྱི་གཤིས་སུ་སད་ནས། །འཁོར་འདས་ཀྱི་བསྡུས་པའི་ཆོས་ཀུན། །གདོད་མ་ཡི་གཞི་དབྱིངས་ཆེན་པོར། །འུབ་ཆུབ་ཀྱི་རོལ་པར་རྟོགས་པས། །ལྟ་སྒོམ་ལ་ནོར་འཁྲུལ་ཅི་ཡོད། །རང་བྱུང་གི་ཡེ་ཤེས་ཆེན་པོའི། །རང་ཞལ་དེ་མངོན་དུ་གྱུར་ནས། །ཆོས་ཉིད་ཀྱི་བདེན་པ་མཐོང་བྱུང་། །རྟག་ཆད་ཀྱི་ཕྱོགས་ཞེན་རྣམ་ཚོས། །ཡིན་མིན་གྱི་སྡང་ཚིག་སྨྲས་ཀྱང་། །ཐེ་ཚོམ་དང་སོམ་ཉི་མི་འགྱུར། །སྨོན་ལམ་དང་ལས་ཀྱིས་འབྲེལ་བའི། །སྐལ་བཟང་གི་སྐྱེས་བུ་ཕོ་མོ། །རང་རིག་འདི་རང་བྱུང་སངས་རྒྱས། །བྱར་མེད་ཀྱི་ངང་དུ་ཆམ་ཞོག།ཐེ་ཚོམ་དང་ཡིད་གཉིས་སྤོང་ལ། །བརྩོན་འགྲུས་ཀྱི་ཤིང་རྟར་ཞོན་ནས། །ཆོས་སྐུ་ཡི་རྒྱལ་སར་ཕེབས་ཤོག།ཅེས་པ་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །སརྦ་མངྒ་ལཾ།ཛ་ཡནྟུ། །། །