TTDL-ZABTER-18-TSHA-098
TTDL-ZABTER-18-TSHA-098
མགོན་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།དཔལ་རིགས་བརྒྱའི་ཁྱབ་བདག་རྡོ་རྗེ་འཆང་། །རྗེ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །གནས་རི་ཁྲོད་ཐུབ་པར་བྱིན་གྱི་རློབས། །སྔོན་བསྐལ་པ་མང་པོའི་སྔོན་རོལ་ནས། །ཚོགས་རྒྱ་ཆེར་བསགས་ཤིང་སྨོན་ལམ་གྱི། །མཐུ་ཚོགས་ཤིང་འབྲས་བུ་དུས་སྨིན་པའི། །ལས་སྐལ་བར་ལྡན་པའི་བུ་ཆུང་ཁྱོད། །ཚེ་ད་ལྟའི་བྱ་བ་བློས་བཏང་ཞིང་། །ཚེ་ཕྱི་མ་དོན་དུ་གཉེར་འདོད་ན། །གནས་རི་ཁྲོད་བརྟེན་པའི་ཡོན་ཏན་ནི། །དུས་དང་པོ་ཁྱིམ་ནས་བྱུང་བའི་ཚེ། །ངས་འཁོར་བ་སྤང་ངོ་སེམས་པ་ཡི། །བློས་བཏང་སེམས་བསམ་པ་རྒྱ་ཆེ་བའི། །ལས་བཟང་པོའི་འབྲས་བུའི་ཡོན་ཏན་ནི། །དུས་བསྐལ་པ་བརྒྱ་ཕྲག་མང་པོ་རུ། །ཡུལ་འཁོར་ངན་རྒྱབ་ཀྱིས་ཕྱོགས་པར་འགྱུར། །གནས་དབེན་པར་འཐབ་དང་རྩོད་པ་མེད། །དོན་དེ་ཕྱིར་ཁོང་ཁྲོའི་ཡུལ་ལས་དབེན། །གནས་དབེན་པར་གྲོགས་མེད་གནས་གྱུར་ན། །ཡུལ་དགྲ་གཉེན་ཆགས་སྡང་ཡུལ་ལས་དབེན། །གྲོགས་སྤངས་ནས་གཅིག་པུར་གནས་གྱུར་ན། །བློ་བསྒྱུར་བ་མེད་དོ་ཞེ་བློ་བདེ། །གནས་རི་ཁྲོད་བརྟེན་ན་སྒོ་གསུམ་ལ། །ལས་བྱ་བ་སོ་ནམ་བྱ་རྒྱུ་མེད། །གནས་མི་མེད་ལུང་པར་ས་བཟུང་ན། །དགྲ་འདུལ་དང་གཉེན་སྐྱོང་བྱེད་རྒྱུ་མེད། །གྲོགས་སྤངས་ཏེ་གཅིག་པུར་གནས་གྱུར་ན། །ནོར་གསོག་འཇོག་བྱེད་པའི་བསམ་སྤྱོད་མེད། །ལས་བྱ་བཏང་སྤྱོད་པ་བྱེད་ནུས་ན། །གནས་མཆོག་གྱུར་མི་མེད་ཀྱི་ལུང་པ་ཡིན། །མཁར་ཁང་བཟང་བྲག་རི་ཕུག་པ་ཡིན། །གྲོགས་འགྲོགས་བདེ་དཔའ་བོ་མཁའ་འགྲོ་ཡིན། །སྐྱབས་བསླུ་མེད་བླ་མ་དཀོན་མཆོག་ཡིན། །བྲན་མཆོག་གྱུར་བཀའ་སྲུང་ཆོས་སྐྱོང་ཡིན། །ཟས་མཆོག་གྱུར་བསོད་སྙོམས་སློང་མོ་ཡིན། །ལས་ཡལ་གྲབ་ཚོགས་གཉིས་བསགས་སྤྱོད་ཡིན། །གོས་ཡལ་གྲབ་དུག་ཧྲུལ་སྐྱ་བོ་ལགས། །རྒྱན་མཆོག་གྱུར་གཅོད་ཀྱིས་ཆས་ཀ་ལགས། །ལུས་གཅེས་འཛིན་བཏང་ཞིང་སྟོན་འགྱེད་ཐོང་། །དུས་རྒྱུན་ཆད་མེད་པར་སྟོང་ཉིད་སྒོམས། །ཕྱིའི་ཡུལ་ལ་ལྟད་མོ་བྱེད་པ་སྤོངས། །ནང་ལྷུན་གྲུབ་དབྱིངས་སུ་གཟིགས་མཛོད་དང་། །ཚེ་འདི་རུ་མངོན་སངས་རྒྱས་པར་འགྱུར། །དེ་བསླུ་བ་མེད་དོ་གཏན་ཚིག་ཡིན། །ཅེས་པ་འདི་ནི་རྣལ་འབྱོར་དབང་ཕྱུག་བསྟན་འཛིན་རྒྱ་མཚོས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་དུས་གསུམ་ཀུན་ཏུ་དགེ་བར་གྱུར་ཅིག། །།