TTDL-ZABTER-18-TSHA-099
TTDL-ZABTER-18-TSHA-099
སྣོད་བཅུད་ཐམས་ཅད་སྟོང་པ་ཉིད། །བདག་གཞན་མཉམ་ཉིད་སྟོང་པ་ཉིད། །རེ་དོགས་ཡུལ་མེད་སྟོང་པ་ཉིད། །སྟོང་པ་ཉིད་ནི་ཆོས་ཉིད་ཏེ། །ཆོས་ཉིད་ཆགས་བྲལ་སྟོང་པ་ཉིད། །ཆོས་ཉིད་ཁྱབ་བརྡལ་ནམ་མཁའ་ཆེ། །ནམ་མཁའི་ངང་དང་ཚུལ་ཤེས་པ། །ནམ་མཁའ་རྣམ་པར་དག་པ་སྟེ། །རྣམ་དག་ངང་གནས་ཆོས་ཉིད་ཆེ། །ཆོས་ཉིད་འཁོར་འདས་རྫོགས་པའི་དབྱིངས། །ཆོས་ཉིད་རིག་དང་མ་རིག་པའི། །ལམ་དང་འབྲས་བུ་ཐ་དད་སྣང་། །ལམ་དང་འབྲས་བུའི་བྱེ་ཕྲག་ནི། །ཆོས་ཉིད་ངང་ལས་གཡོ་བ་མེད། །ལྟ་བ་ནམ་མཁའ་ཀློང་ཡངས་ཡིན། །ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ལ། །བཅོས་བསྒྱུར་སྤུ་རིས་མ་དེད་པར། །ཁྱབ་བརྡལ་སྤྲོས་མཐའ་བྲལ་བ་རུ། །མངོན་གྱུར་ངང་ནས་བསྒོམ་པ་ལགས། །སྒོམ་པ་གཏད་མེད་རྒྱ་ཡན་ཡིན། །སྒོ་གསུམ་བྱ་བ་དགུ་ཕྲུགས་ངང་། །བྱར་མེད་བྱ་བཏང་བློ་བདེ་ཡིན། །ཆོས་བརྒྱད་ལྕི་བའི་ཁུར་བོར་ཏེ། །བདེ་སྡུག་མེད་པའི་གནས་མལ་ལ། །བྱང་ཆུབ་ཆེན་པོར་ཆམ་ཞོག་དང་། །སྤྱོད་པ་དེ་ལས་ཡོད་མ་ཡིན། །ལྟ་སྒོམ་སྤྱོད་གསུམ་གནད་འདི་བཞིན། །རྟོགས་ནས་ཉམས་ལེན་བྱེད་ནུས་ན། །ཁྱོད་ནི་མྱ་ངན་འདས་འགྱུར་རོ། །ཞེས་རྣལ་འབྱོར་པ་དགེ་ལེགས་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །དགེའོ། །། །