TTDL-ZABTER-18-TSHA-100
TTDL-ZABTER-18-TSHA-100
ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །སངས་རྒྱས་དང་ནི་སངས་རྒྱས་ཞིང་། །ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ལྷ། །བདེ་གཤེགས་སྙིང་པོའི་ལྷུན་གྲུབ་རྩལ། །ཡེ་ཤེས་ཉི་མ་གསལ་བའི་གདངས། །མ་རིག་སྤྲིན་གྱིས་བསྒྲིབ་པ་ལས། །གཟུང་འཛིན་རྣམ་རྟོག་བག་ཆགས་འཐས། །འདི་སྣང་སྤྱི་སྣང་རྨི་ལམ་སྣང་། །སྣོད་བཅུད་འདོད་ཡོན་སྣང་བ་ཀུན། །རྟེན་འབྲེལ་སྒྱུ་མ་ལྟ་བུར་སྣང་། །རྒྱུ་རྐྱེན་འཕྲད་པའི་ཆོ་འཕྲུལ་ཤར་། །གཏིང་དཔག་ཚུལ་བཞིན་ཤེས་པ་ནི། །ལྟ་བའི་རྒྱལ་པོ་ལྷུན་གྱིས་གྲུབ། །ཐམས་ཅད་སྟོང་ཉིད་ཆེན་པོ་རུ། །འུབ་ཆུབ་རོལ་པ་ནམ་མཁའི་ངང་། །སྤྲོས་བྲལ་ནམ་མཁའ་རྣམ་དག་གི། །དབྱིངས་ཉིད་མངོན་བྱེད་སྒོམ་པ་སྟེ། །སྒོམ་པ་མ་བཅོས་ཅོག་བཞག་ཡིན། །ཆོས་ཉིད་ཟད་སར་མ་འཁྱོལ་བར། །སྤྱོད་ཕྱོགས་ལྟ་བ་མི་འཆོར་ཞིང་། །ལྟ་ཕྱོགས་སྤྱོད་པ་མི་འཆོལ་བ། །ལྟ་བའི་སྟངས་མ་ཤོར་བ་སྟེ། །སྒོམ་པའི་གདིང་མ་འཆུག་པ་དང་། །སྤྱོད་པ་བག་མེད་དབང་མ་ཤོར། །ཉམས་ལེན་གནད་དུ་བསྣུན་པ་ནི། །སྤྱོད་པའི་རྒྱལ་པོར་ལྷུན་གྱིས་གྲུབ། །དེ་ལྟར་ཁྲེགས་ཆོད་རྣལ་དབབ་ནས། །མྱུར་ལམ་སྒྲོན་དྲུག་ལ་བརྟེན་ཏེ། །སྣང་བཞི་མཐར་ཕྱིན་ས་རུ་སྐྱོལ། །དེ་ལྟར་རྣལ་འབྱོར་དམ་པའི་ལ། །ཚུལ་བཞིན་ཉམས་སུ་ལེན་པའི་མི། །མངོན་སངས་རྒྱས་པར་གདོན་མི་ཟ། །གདམས་ངག་མཆོག་ནི་དེ་ལས་མེད། །དད་ལྡན་སྟོང་གསལ་གྱི་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་དགེའོ། །། །