TTDL-ZABTER-18-TSHA-101
TTDL-ZABTER-18-TSHA-101
དུས་གསུམ་རྒྱལ་བའི་སྤྱི་གཟུགས་པདྨ་འབྱུང་། །མི་འབྲལ་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །ཚེ་སྔོན་བསོད་ནམས་བསགས་པའི་ལས་འབྲས་ཀྱིས། །ད་ལྟ་མི་ལུས་རིན་ཆེན་ཐོབ་དུས་འདིར། །རྩེ་གཅིག་བློ་སྣ་དམ་པའི་ཆོས་ལ་དྲིལ། །ཡང་ཡང་རྙེད་པར་དཀའ་བའི་ཚུལ་སོམས་ལ། །མི་ཚེ་ཟད་པའི་ལྷག་མར་ཐུག་ལ་ལྟོས། །བློ་ཐག་རིང་པོའི་སྣ་ཁ་བསྟུང་རེ་རན། །རང་ཉིད་གཅིག་པུར་ཕ་རོལ་འགྲོ་བའི་ཚེ། །སྟོང་གསུམ་ནོར་གྱིས་འཚེང་བར་མི་འགྱུར་ཞིང་། །མཛའ་བཤེས་གཉེན་གྲོགས་དག་གིས་སྐྱོབ་མི་འགྱུར། །དཀར་ནག་རྒྱུ་འབྲས་ཆུད་མི་ཟ་བར་སྨིན། །མི་དགེ་སྡིག་པའི་བསམ་སྤྱོད་དུས་སུ་སྨིན། །ངན་སོང་སྡུག་བསྔལ་ཐོག་ཏུ་བབ་པའི་ཚེ། །རང་ཉིད་གཅིག་པུས་སྒོས་ཁུར་བྱེད་དགོས་འབྱུང་། །དེ་དོན་སོམས་ལ་མྱུར་དུ་དགེ་ལ་འབུངས། །སྐྱབས་ཀྱི་དམ་པ་དཀོན་མཆོག་རིན་པོ་ཆེ། །མ་བརྗེད་རྟག་ཏུ་སྐྱབས་ཀྱི་དམ་པར་ཟུངས། །འགྲོ་དྲུག་སེམས་ཅན་ཕ་མའི་རང་བཞིན་ལ། །བྱམས་དང་སྙིང་རྗེས་ཕན་བདེ་དོན་གཉེར་མཛོད། །འཁོར་འདས་སྟོང་ཉིད་ཆེན་པོའི་རོལ་པ་རུ། །དག་མཉམ་རོལ་པ་རྒྱལ་བའི་བཀའ་བཞིན་དུ། །ངོ་ཤེས་མངོན་གྱུར་གདིང་ཆེན་མ་ཐོབ་བར། །ཉིན་མཚན་བར་མེད་ཉམས་ལེན་བྱེད་པར་མཛོད། །ཕྱི་མ་ཐར་ལམ་ཐོབ་བོ་སྐལ་ལྡན་བུ། །གདམས་ངག་དེ་ལས་མེད་དོ་གུ་རུ་སྲུང་། །མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས་པ་དགེ། །༈དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་སྐྱོངས། །ཆོས་འོད་གསལ་རྫོགས་པ་ཆེན་པོ་ལ། །དུས་དང་པོ་འཁོར་འདས་སྟོང་ཉིད་དུ། །ཐག་ཆོད་ནས་སླར་ཡང་སྟོང་པའི་ངང་། །ཡེ་བབ་ཀྱིས་ཡེ་ཤེས་ཆེན་པོ་ཡིས། །མངོན་གྱུར་དུ་བྱེད་པ་རིག་པའི་ཀློང་། །དོན་འདི་ཡིན་གཏད་སོ་མ་མཆིས་ཀྱང་། །དབྱིངས་ནམ་མཁའ་རྣམ་པར་དག་པ་དེ། །མིག་དབང་པོའི་སྒོ་རུ་སྣང་ཙམ་ལས། །སྒོམ་དམིགས་གཏད་དགག་སྒྲུབ་བྱ་བ་མིན། །ཡང་མྱུར་ལམ་འོད་གསལ་ཐོད་རྒལ་ནི། །གཞི་ཀུན་ཏུ་བཟང་པོའི་རང་གདངས་ལས། །ལྷུན་གྲུབ་ཀྱི་རོལ་པ་རྩལ་དུ་སྣང་། །དེ་མངོན་གྱུར་མྱུར་ལམ་འཕོ་ཆེན་ལམ། །ཉམས་བདེ་རྩུབ་རང་ངོ་ཤེས་པ་དང་། །ཡུལ་ཆོས་བརྒྱད་ཡངས་པར་མགོ་མ་འཁོར། །ཁྱོད་ཚེ་དང་སྒྲུབ་པ་མཉམ་གྱུར་ན། །ཚེ་འདི་རུ་མངོན་སངས་རྒྱས་པར་འགྱུར། །ཅེས་པ་འདི་པདྨ་རྣམ་རྒྱལ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སོ། །། །