TTDL-ZABTER-18-TSHA-103

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-103

དུས་གསུམ་སངས་རྒྱས་འདུས་པའི་དཔལ། །རྗེ་བཙུན་པདྨ་ཐོད་ཕྲེང་གིས། །ཚེ་རབས་སྐྱེ་བ་ཐམས་ཅད་དུ། །བདག་དང་བརྒྱུད་འཛིན་རྗེས་སུ་ཟུངས། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡིས། །སྨོན་ལམ་དབང་བསྐུར་བྱིན་རླབས་ནས། །ཟབ་གསང་ཆོས་ཀྱི་བདག་པོར་བསྔགས། །འཇིགས་མེད་མི་བསྐྱོད་རྡོ་རྗེར་གསོལ། །སྨོན་ལམ་ལས་འབྲེལ་དེའི་མཐུ་ཡིས། །བདག་གིས་དབང་དུ་གྱུར་ནས་ནི། །ཟབ་གསང་གཉན་པོའི་སྲོག་གི་ཏིག།གཅེས་པའི་ནོར་དུ་གཏད་པ་ཡིན། །མ་ནོར་ཡང་དག་མཆོག་གི་ལམ། །མ་རྨོངས་ཤེས་པ་སྐལ་པ་བཟང་། །ད་ནི་ལས་ཀྱི་གཉེར་འདི་ལོངས། །གཅིག་ཏུ་དབེན་པའི་བཙན་ས་ཟུངས། །སྙིང་པོའི་སྒྲུབ་པ་ལྷུར་ལེན་མཛོད། །གཉིས་སུ་བསྟན་འགྲོའི་དོན་ལ་རེམ། །ཟབ་གསང་གདམས་པའི་དགའ་སྟོན་འགྱེད། །གསུམ་དུ་རང་འདོད་འཁྲི་བ་ཆོད། །ཚེ་འདི་སྒྱུ་མའི་དཔེ་རུ་ལྟོས། །བཞི་རུ་འདུ་འཛི་རྣམ་གཡེང་སྤོངས། །མི་རྟག་འཆི་བ་བརྗེད་མེད་བསྒོམ། །ལྔ་རུ་ཞེན་དང་ཆགས་པ་སྤོངས། །བཟང་སྐྱོན་ལྷའི་བདུད་ངོས་ཟུངས་ཤིག།དྲུག་ཏུ་རྐྱེན་ངན་རང་སར་ཆོད། །ངན་རྐྱེན་ལམ་གྱི་གྲོགས་སུ་མཆོག།བདུན་དུ་བདག་བསྟོད་གཞན་སྨད་སྤོངས། །ཐམས་ཅད་རང་སྣང་ཉམས་ཀྱི་རིས། །བརྒྱད་དུ་རྫུན་དང་ཟོབ་བསླུ་སྤོངས། །ཟོལ་མེད་ངེས་པའི་དོན་ལྡན་མཛོད། །དགུ་རུ་གདམས་ངག་སྲོག་ལྟར་འཆོངས། །ཡུལ་ངན་དག་ལ་འཆོལ་མ་བྱེད། །བཅུ་རུ་བུད་མེད་མོ་གྲོགས་སྤོངས། །འཁོར་བར་འཆིང་བའི་ལྕགས་སྒྲོག་ཡིན། །བཅུ་གཅིག་འདྲེ་འདུལ་གཤིན་འདྲེན་སྤོངས། །དམྱལ་ཆེན་རིན་གྱིས་ཉོ་བ་ཡིན། །བཅུ་གཉིས་ཆེ་གྲགས་སར་མ་སྙེགས། །སྡུག་བསྔལ་ཁུར་ཆེན་ལག་སྦྲེལ་འོང་། །བཅུ་གསུམ་དམ་ཚིག་གཉན་པོ་སྲུངས། །ངོ་ལྐོག་མེད་པ་ལག་ལེན་གནད། །ཡང་ཅིག་གསོན་དང་གཅེས་པའི་བུ། །ང་དང་ལས་འཕྲོ་ཡོད་པ་ཡི། །ཟོལ་མེད་དད་དམ་ལྡན་གྱུར་གྱི། །སྐྱེས་བུ་འགའ་རེ་ཡོད་སྲིད་ན། །དེ་ལ་སྨིན་གྲོལ་གདམས་པ་སྟོན། །དེ་མིན་ལྔ་བརྒྱའི་སྙིགས་མ་འདིར། །སྐྱེ་འགྲོའི་བློ་ཡིད་བདུད་ཀྱིས་བརླབས། །དྲང་པོར་སྨྲ་ན་ཡིད་མི་ཆེས། །ཟོབ་དང་རྫུན་ལ་བློ་ཡིད་ཁེལ། །ཟོལ་མེད་དག་ལ་གཏི་ཐུག་ཟེར། །ཆོས་པ་རྣམས་ལ་བླུན་པོ་སྨྲ། །དྲང་པོར་སྨྲ་ལ་གཤིས་ངན་ཟེར། །བྱ་བ་བཏང་ལ་སྤྲང་པོ་ཟེར། །རྟོགས་ལྡན་རྣམས་ལ་མི་ངན་ཟེར། །མཁས་པ་རྣམས་ལ་རྫུན་མ་ཟེར། །ཐོ་ཅོ་མཁན་ལ་གཅོད་པ་ཟེར། །བག་མེད་སྤྱོད་ལ་གྲུབ་ཐོབ་ཟེར། །ཁ་ལྟ་མཁན་ལ་མཁས་པ་ཟེར། །བསླུ་ཚིག་རྫུན་ལ་མངོན་མཁྱེན་ཟེར། །ཚུལ་འཆོས་མཁན་ལ་ཆོས་པ་ཟེར། །འཆོལ་པོ་དག་ལ་རྟོགས་ལྡན་ཟེར། །ཟང་ཟིང་མང་ལ་བླ་ཆེན་ཟེར། །རྙེད་ཚོལ་མཁན་ལ་འགྲོ་དོན་ཟེར། །དེ་འདྲའི་སྐལ་པ་ངན་པ་རྣམས། །རང་རེའི་གདུལ་བྱ་མ་ལགས་པས། །གཅིག་པུར་རང་མགོ་ཐོན་ཐབས་གྱིས། །སུ་མ་མགུ་ཡང་དེ་ཡིས་ཆོག།གྲོགས་དང་ཟས་ནོར་མ་བརྟེན་པར། །འཆི་ཁ་བློ་ལྷག་མེད་པ་ཞིག།ཕ་ཡི་བུ་ལ་སྙིང་གཏམ་ཡིན། །ཟས་གོས་སྲོག་སྐྱོབ་ཙམ་གྱི་ཚད། །ཕ་མྱེས་རིག་འཛིན་ཕྱག་ལེན་ཡིན། །མཚན་ལྡན་བླ་མར་མོས་གུས་དང་། །མཆེད་ལྕམ་དག་ལ་བརྩེ་གདུང་དང་། །སེམས་ཅན་ཀུན་ལ་སྙིང་རྗེ་དང་། །མི་རྟག་འཆི་བ་དྲན་པ་དང་། །འཁོར་བར་ངེས་འབྱུང་སྐྱོ་ཤས་རྣམས། །ཆོས་པའི་ནོར་མཆོག་རྣམ་ལྔ་ཡིན། །མ་བརྗེད་སྙིང་གི་དཀྱིལ་དུ་ཟུངས། །ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡིས། །གཡུ་སྒྲའི་སྤྲུལ་པ་ཚེས་བཅུའི་མིང་། །བྱང་སེམས་ཕུག་ཏུ་སྒྲུབ་ལ་ཆོས། །བསྟན་པའི་དབྱར་རྔ་དུས་སུ་སྒྲོགས། །རྗེ་འབངས་ཚོམ་བུ་དེར་ཡང་འདུ། །རྒྱལ་ཁམས་གསེར་གྱི་རི་བོ་ལ། །འོད་སྣང་འབྱིན་པའི་ཉི་གཞོན་ཤར། །ཞེས་གསུངས་ལུང་བསྟན་ལག་ལེན་ཐོབ། །བསླུ་བ་མེད་པ་རྡོ་རྗེའི་ཚིག།གནད་འདི་མ་བརྗེད་སྙིང་གཏམ་ཡིན། །བཀའ་སྲུང་གནོད་སྦྱིན་དམར་ནག་དང་། །ཞིང་སྐྱོང་ཀུན་དགའ་གཞོན་ནུ་དང་། །ལྷ་ཆེན་ཚོགས་ཀྱི་བདག་པོ་དང་། །དྲང་སྲོང་གཟའ་བདུད་རཱ་ཧུ་ལ། །ཁྱོད་ཅག་སྔོན་གྱི་དམ་ཚིག་ཅན། །མ་འདའ་ཕྲིན་ལས་བཅོལ་བ་ན། །བདག་གི་བུ་མཆོག་དམ་པ་འདི། །བསྲུང་སྐྱོབ་འདོད་དོན་ཡོངས་འགྲུབ་ཅིང་། །ས་དང་ལམ་གྱི་བར་ཆད་བཟློག།དོན་གཉིས་ལྷུན་གྲུབ་ས་རུ་སྐྱོལ། །མ་གཡེལ་མ་འགྱངས་ས་མ་ཡ། །ཨོཾ་ས་མ་ཡ། །ཨཱཿས་མ་ཡ། །ཧཱུྃ་ས་མ་ཡ། །ལོག་འདྲེན་བསྟན་དགྲའི་སྡེ་དཔུང་སྣུབས། །ཕྲིན་ལས་སྒྲུབས་ཤིག་ས་མ་ཡ། །ཞེས་པ་འདི་ནི་གར་དབང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་ནས་བྲིས་པའོ། །དགེའོ། །དགེའོ། །དགེའོ། །། །