TTDL-ZABTER-18-TSHA-107
TTDL-ZABTER-18-TSHA-107
འགྲོ་བའི་མགོན་པོ་པདྨ་འབྱུང་གནས་མཁྱེན། །བརྒྱུད་འཛིན་བུ་རྣམས་ཐར་པའི་ལམ་དུ་དྲོངས། །ཉོན་ཅིག་ལྟོས་ཤིག་སྐལ་བཟང་སྐྱེས་བུ་ཟུང་། །སྨོན་ལམ་ལས་འཕྲོ་བཟང་པོའི་འབྲས་བུ་ཡིས། །མི་ལུས་རིན་ཆེན་ཐོབ་པའི་དུས་འདི་རུ། །ཡང་ཡང་རྙེད་དཀའི་དོན་དྲན་ནས། །མི་ཚེ་ཆོས་ལ་དྲིལ་མཛོད་ཅིག།ཚེ་འདིའི་སྣང་བ་འདོད་ཡོན་ཀུན། །སྒྱུ་མ་རྨི་ལམ་ཇི་བཞིན་དུ། །མི་རྟག་འགྱུར་བའི་ཆོས་ཅན་ཡིན། །ཡུལ་དང་ཞིང་ཁང་ནོར་ཕྱུགས་དང་། །གྲོགས་དང་མཛའ་བཤེས་ཉེ་འབྲེལ་ཀུན། །སྒྱུ་མའི་སྤྲུལ་པ་ཇི་བཞིན་དུ། །འཇིག་དང་བྲལ་བའི་ཆོས་ཅན་ཡིན། །ཤེས་པར་གྱིས་ལ་འཁོར་བ་སྤོངས། །ཡུལ་ངན་སྤངས་པར་ནུས་སྲིད་ན། །ཉོན་མོངས་རིམ་གྱིས་འགྲིབ་པ་ཡིན། །གྲོགས་ངན་སྤངས་པར་ནུས་སྲིད་ན། །ཞེན་ཆགས་རིམ་གྱི་འགྲིབ་པ་ཡིན། །ལོ་གཅིག་གྲོང་དུ་བསྒྲུབ་པ་བས། །ཞག་གཅིག་རི་ཁྲོད་བརྟེན་པ་དགའ། །ལོ་གཅིག་འབག་བསྙེན་བྱེད་པ་བས། །ཟླ་གཅིག་ངག་བཅད་བྱས་པ་མཆོག།རྒྱལ་བ་གོང་མའི་ཕྱག་ལེན་ཡིན། །གྲུབ་ཐོབ་རྣམས་ཀྱི་མཛད་སྤྱོད་ཡིན། །སྙིང་ལ་འཆོངས་ཤིག་སྐལ་ལྡན་བུ། །དུས་ངན་སྙིགས་མའི་མར་གཤམ་འདིར། །གྲུབ་ཐོབ་སྐད་པ་མང་ལགས་ཀྱང་། །གྲུབ་རྟགས་ཐོན་པ་དཀོན་ལ་ལྟོས། །གཏེར་སྟོན་སྐད་པ་མང་ལགས་ཀྱང་། །ལྟ་བ་རྟོགས་མཁན་ཉུང་ལ་ལྟོས། །བྱ་བྲལ་སྐད་པ་མང་ལགས་ཀྱང་། །ཟོལ་མེད་བྱ་བྲལ་དཀོན་ལ་ལྟོས། །མངོན་ཤེས་འཆད་པ་མང་ལགས་ཀྱང་། །ཕྱི་ཕུག་ཐུབ་པ་ཉུང་ལ་ལྟོས། །ང་བཟང་སྐད་པ་མང་ལགས་ཀྱང་། །བློ་གཏད་ཐུབ་པ་མེད་ལ་ལྟོས། །དེ་ལྟའི་དུས་ངན་སྙིགས་མིའི་མི། །སུ་ལ་བློ་སྙིང་གཏོད་མ་བྱེད། །རང་ཚོད་ཟུངས་དང་སྙིང་གཏམ་ཡིན། །རྨི་ལམ་སྣང་བ་སྣོད་བཅུད་དང་། །འདོད་ཡོན་ལྔ་ཡི་ཆོས་སོ་ཅོག།དངོས་པོ་ཐོགས་རེག་བདེན་གྲུབ་ཅན། །བདེན་ཞེན་ཉེར་ལེན་བྱེད་པའི་མོད། །སད་ཚེ་ཡུལ་མེད་སྟོང་པ་རུ། །ཞིག་པའི་ངང་དང་ཚུལ་ལ་ལྟོས། །དེ་དང་འདྲ་མཚུངས་ཚུལ་མཐུན་པའི། །ཉིན་སྣང་སྣོད་བཅུད་འདོད་ཡོན་ཆོས། །གཉིད་དང་ཤི་བའི་གནས་སྐབས་སུ། །ཡུལ་མེད་ཆེན་པོར་ཞིག་ལ་ལྟོས། །དེ་ཕྱིར་སྣང་སྲིད་འཁོར་འདས་ཆོས། །ཡེ་གཞི་སྟོང་གསལ་ཆེན་པོའི་ཀློང་། །མེ་ལོང་ནང་གི་གཟུགས་བརྙན་དང་། །རྒྱ་མཚོའི་གཟའ་སྐར་གཟུགས་བརྙན་ལྟར། །སྣང་ལ་རང་བཞིན་མེད་པ་སྟེ། །ངར་འཛིན་གཅིག་པུའི་ཆོ་འཕྲུལ་ཡིན། །སྣང་ཙམ་ཉིད་ནས་སྟོང་ལ་ལྟོས། །དེ་ལྟར་ཤེས་ནས་གཞི་དབྱིངས་ཉིད། །མངོན་གྱུར་འཁོར་འདས་འུབ་ཆུབ་ཀྱིས། །རོལ་པ་ཆེན་པོར་མ་བཅོས་པར། །རང་ཡན་ངང་གནས་སྒོམ་པ་མཆོག།འབད་རྩོལ་བལྟ་དང་གཏད་མེད་དང་། །བྱར་མེད་བྱ་བཏང་ཆེན་པོར་ཞོག།ལྟ་སྒོམ་སྤྱོད་པ་གཅིག་དྲིལ་བའི། །གནད་ཀྱི་མན་ངག་དམ་པ་འདི། །དུས་གསུམ་རྒྱལ་བའི་དགོངས་པ་ཡིན། །མ་དང་མཁའ་འགྲོའི་སྙིང་ཐིག་ཡིན། །བཀའ་སྲུང་ཡོངས་ཀྱི་སྲོག་ཏིག་ཡིན། །པཎ་ཆེན་བརྒྱ་དང་གྲུབ་ཆེན་སྟོང་། །མཇལ་ཀྱང་ཐེ་ཚོམ་གཅོད་མི་དགོས། །རང་གི་གནས་ལུགས་ཡིན་ལུགས་ཀུན། །རང་ལ་ངོ་འཕྲོད་གདིང་ཐོབ་ན། །གཞན་གྱི་ཁ་ཚོན་ཉུལ་མི་དགོས། །རང་རིག་ཡེ་སངས་རྒྱས་པ་ཉིད། །རང་ལ་ངོ་སྤྲོད་རང་དབང་བསྒྱུར། །སྒོ་གསུམ་བྱ་བ་དགུ་ཕྲུགས་སུ། །བཏང་ནས་ཉམས་ལེན་གནད་ལྡན་ན། །རང་ཐོག་རང་སངས་རྒྱས་པར་འགྱུར། །འབད་རྩོལ་གཞན་ལ་བྱེད་མི་དགོས། །སྒོམ་པ་ཀློང་གྱུར་མི་རྒན་ངས། །སྙིང་ཕྱུང་ལག་མཐིལ་བཀྲམ་ནས་སུ། །མངོན་སུམ་བསྟན་པ་ལྟ་བུ་ཡི། །གདམས་ངག་ཟབ་མོ་ཁྱོད་ལ་སྟེར། །ཆུ་ལ་མ་ཕོ་སྙིང་ལ་འཆོངས། །རྣལ་འབྱོར་བསོད་ནམས་རྒྱ་མཚོ་དང་། །ཚུལ་ཁྲིམས་རྡོ་རྗེ་ཞེས་བྱ་ཟུང་། །གནད་ཀྱི་མན་ངག་འདི་ཡི་དོན། །རྟོགས་ནས་ངེས་མེད་རི་ཁྲོད་དུ། །འཇིགས་མེད་གཏན་བདེའི་ས་ཐོབ་ཤོག།ཅེས་བསོད་རྒྱལ་དང་ཚུལ་ཁྲིམས་རྡོ་རྗེ་གཉིས་ལ་གདམས་པའི་གླུ་དབྱངས་ཐོས་པ་དོན་ལྡན་ཞེས་བྱ་བ་འདི་ནི་མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།སརྦ་མངྒ་ལཾ། །། །