TTDL-ZABTER-18-TSHA-109
TTDL-ZABTER-18-TSHA-109
ཨ་ཧོ།ལས་དང་སྨོན་ལམ་དག་པའི་མཐུས། །ཚོགས་ཤིང་དུས་ལ་བབ་པ་ཡི། །དལ་བརྒྱད་འབྱོར་བཅུའི་ཡོན་ཏན་རྣམས། །རྫོགས་པའི་སྐྱེས་བུ་དམ་པ་ཉོན། །རི་ཁྲོད་ཟིན་པ་ངོ་མཚར་ཆེ། །ཡོན་ཏན་བརྗོད་ཀྱིས་མི་ལང་ངོ་། །ཨོ་རྒྱན་ཆེན་པོའི་ཞལ་ན་རེ། །ལོ་གཅིག་གྲོང་དགོན་ལ་བརྟེན་ནས། །རྩེ་གཅིག་བསྒོམ་བསྒྲུབ་བྱེད་པ་ལས། །ཞག་བདུན་རི་ཁྲོད་བརྟེན་པ་མཆོག།ཅེས་དང་། །པཎ་ཆེན་ན་རོའི་ཞལ་ན་རེ། །ཚེ་གཅིག་གྲོང་དུ་བསྒྲུབ་པ་བས། །ཞག་གཅིག་རི་ཁྲོད་བརྟེན་པ་མཆོག།ལོ་གཅིག་འབག་བསྙེན་བྱས་པ་བས། །ཟླ་གཅིག་ངག་བཅད་བྱས་པ་མཆོག།ཅེས་དང་། །ཡུལ་ངན་སྤངས་པས་ཉོན་མོངས་རིམ་གྱིས་འགྲིབ། །ཅེས་སོགས་སྔོན་བྱོན་རྒྱལ་རྣམས་ཀྱིས། །ལན་མང་གསུངས་པའི་དོན་དྲན་ནས། །སྤྲོ་བ་བསྐྱེད་ལ་རི་ཁྲོད་བརྟེན་། །དབེན་པ་བརྟེན་པའི་རྣལ་འབྱོར་ལ། །དགོན་སྡེ་གྲྭ་འཁོར་སྐྱོང་རྒྱུ་མེད། །ངོ་སྲུང་མི་དགོས་ཞེ་བློ་བདེ། །གཤིན་གསོན་འདྲེན་སྐྱོབ་དོམ་བླང་མེད། །རྣམ་སྨིན་མེད་པས་ཞེ་བློ་བདེ། །ཕ་ཡུལ་སྤངས་ཏེ་རི་ལ་བྲོས། །ཆགས་སྡང་མི་དགོས་ཞེ་བློ་བདེ། །གོང་ན་དཔོན་གྱིས་ཁྲིམས་ཆད་མེད། །རྗེ་དཔོན་སྤངས་པས་ཞེ་བློ་བདེ། །བར་ན་གྲོགས་ཀྱིས་འཐབ་ཡ་མེད། །མཛའ་གྲོགས་མེད་པས་ཞེ་བློ་བདེ། །ཉེ་འབྲེལ་ཕུ་ནུ་བརྩེ་གྲོགས་སྤངས། །ཆགས་ཡུལ་མེད་པས་ཞེ་བློ་བདེ། །འགབ་ན་བྲན་དང་འཁོར་གཡོག་མེད། །བླ་བཙག་མེད་དེ་ཞེ་བློ་བདེ། །ཡུལ་དང་ཡུལ་མི་ཐམས་ཅད་སྤངས། །བསྟོད་སྨད་མི་འབྱུང་ཞེ་བློ་བདེ། །རྟ་ཕྱུགས་གནག་ལུག་ཐམས་ཅད་སྤངས། །འཚོ་སྐྱོང་མི་དགོས་ཞེ་བློ་བདེ། །ཟས་ནོར་ལོངས་སྤྱོད་གསོག་འཇོག་སྤངས། །དགྲ་རྐུན་མེད་པས་ཞེ་བློ་བདེ། །ཁེ་དྲག་ཕམ་རྒྱལ་རྩོད་པ་སྤངས། །ཁ་མཆུ་མེད་པས་ཞེ་བློ་བདེ་། །དགྲ་འདུལ་གཉེན་སྐྱོང་སྤྱོད་པ་སྤངས། །བྱ་བྱེད་མེད་དེ་ཞེ་བློ་བདེ། །གནས་ལ་ངེས་པ་མེད་པར་རྒྱུ། །འདུ་འཛི་མེད་དེ་ཞེ་བློ་བདེ། །མ་བརྩིགས་རང་བྱུང་ཁང་བཟང་མཆོག།སྲིད་པའི་བྲག་ལ་གནས་བརྟེན་བྱ། །སོ་ནམ་ལས་ཀ་གསོག་འཇོག་མེད། །འཚོ་བ་བསོད་སྙོམས་དག་ལ་བྱ། །མི་ཚེ་རྨི་ལམ་གནས་སྐབས་ཙམ། །གཏན་གྱི་སྡོད་གྲབ་བྱེད་དུ་མེད། །རང་རིག་རང་ས་འཛིན་པ་ལས། །གཞན་ན་རྒྱུ་འབྲས་རྩོལ་བསྒྲུབ་མེད། །ཆོས་སྐུའི་རང་ཞལ་མངོན་དུ་བྱེད། །ལྷ་ལ་ཡི་ཆད་བྱེད་དོན་མེད། །འཁོར་འདས་དག་མཉམ་རོལ་པར་རྟོགས། །འདྲེ་ལ་དོགས་པ་བྱེད་དོན་མེད། །སེམས་ཅན་ཕ་མའི་རང་བཞིན་ཡིན། །ཉེ་རིང་ཕྱོགས་རིས་བྱེད་དོན་མེད། །ཚེ་དང་སྒྲུབ་པ་མཉམ་བྱས་ན། །འཆི་དུས་བློ་ལྷག་ཡོད་དོན་མེད། །བྱ་བཏང་བྱར་མེད་གནས་པ་ལ། །བསམ་མནོ་མང་པོ་བྱེད་དོན་མེད། །བྱ་བ་བཏང་བའི་རྣལ་འབྱོར་གྱི། །གཤིན་འདྲེན་གསོན་སྐྱབས་དོམ་བླང་ནས། །གཞན་ལ་མཆོད་སྦྱིན་ཚོགས་བསགས་པ། །རང་དོན་བོར་བའི་ཀླད་མེད་ཡིན། །དེ་འདྲའི་ལད་མོ་མ་བྱེད་བུ། །ཕ་ཡུལ་སྤངས་ནས་གཞན་དུ་ཕྱིན། །གྲོང་ཆོག་རོ་དོམ་ལེན་པ་རྣམས། །རྫུན་མ་རང་ཕུང་བདུད་ཀྱིས་བསླུས། །དེ་འདྲའི་ལད་མོ་མ་བྱེད་བུ། །བྱ་བཏང་བླ་སྒར་ཆེན་པོ་ཡི། །གོ་ས་འཛིན་ཏེ་དཀོར་བསྡུ་ན། །ལྷ་བདུད་དཀར་པོས་བསླུས་པ་ཡིན། །དེ་འདྲའི་ལད་མོ་མ་བྱེད་བུ། །ཕ་ཡུལ་སྤངས་ནས་ཕ་རོལ་དུ། །མོ་གྲོགས་སྤྱོད་ཅིང་འཁོར་ཆེན་འཛིན། །འདྲེ་བདུད་སྙིང་ལ་ཞུགས་པ་ཡིན། །དེ་འདྲའི་ལད་མོ་མ་བྱེད་བུ། །དེ་ལྟར་བདུད་དབང་མ་སོང་བར། །རང་དབང་རྒྱལ་པོའི་བཙན་ས་ཟུངས། །སྐྱོན་སྤང་ཡོན་ཏན་ཀུན་ལྡན་པའི། །དབེན་གནས་རི་ཁྲོད་དམ་པ་རུ། །བྱར་མེད་བྱ་བཏང་སྤྱོད་པ་སྐྱོངས། །བདེ་སྐྱིད་རི་ཁྲོད་པ་ལ་ཡོད། །ན་དགའ་ཤི་སྐྱིད་དོན་ལྡན་འབྱུང་། །དྲིན་ཆེན་ཕ་མའི་དྲིན་ལན་དང་། །བླ་མ་དམ་པའི་ཞབས་ཏོག་དང་། །སེམས་ཅན་ཡོངས་ཀྱི་འགྲོ་དོན་རྣམས། །དུས་གཅིག་འགྲུབ་པའི་ཐབས་ཟབ་མོ། །རྣལ་འབྱོར་རི་ཁྲོད་པ་ལ་ཡོད། །མཛེས་ཚིག་སྡེབ་སྦྱོར་ངས་མི་ཤེས། །བརྩེ་ཞིང་བྱམས་པའི་སྙིང་གཏམ་ཡིན། །དབྱར་ཁའི་མེ་ཏོག་ཡལ་ལ་ལྟོས། །སྤང་རྒྱན་སྔོན་མོ་ང་ལུས་ཀྱང་། །ནམ་ཕུག་ཐུབ་པར་སྡོད་མ་ཡིན། །དེ་ཕྱིར་གཅེས་པའི་བུ་ཆུང་ལ། །གཡོ་སྒྱུ་མེད་པའི་ཁ་ཆེམས་ཡིན། །སྙིང་ལ་འཆོངས་ཤིག་སྐལ་ལྡན་བུ། །ཨ་ཧོ།འཁོར་འདས་ཀྱི་འཛིན་རྟོག་ཐམས་ཅད། །ཆོས་ཉིད་ཀྱི་རོལ་པར་རྟོགས་པས། །གནས་ལུགས་དང་ཡིན་ལུགས་ཐམས་ཅད། །ཇི་བཞིན་དུ་རྟོགས་པའི་ལྟ་བ། །མངོན་གྱུར་གྱི་རིག་པ་ཁྱབ་བརྡལ། །མ་བཅོས་པའི་ངང་དུ་རྒྱ་ཡན། །བྱར་མེད་ཀྱི་རྣལ་འབྱོར་བྱ་བཏང་། །ངེས་མེད་ཀྱི་རི་ཁྲོད་དབེན་པར། །གཡོ་མེད་ཀྱི་ངང་གནས་ཆེན་པོར། །ཀུ་ཡར་དུ་མན་པར་བློ་བདེ། །འཇིགས་མེད་ཀྱི་གདིང་ཆེན་ཐོབ་འོང་། །རང་བྱུང་གི་རིག་པ་བཅོས་མེད། །ཡེ་རྫོགས་ཀྱི་ཆོས་སྐུ་དམ་པ། །འབད་རྩོལ་ལ་མི་ལྟོས་རང་གྲོལ། །འབྲས་བུ་ལ་ཐོབ་ལེན་མེད་དོ། །རང་ངོ་རུ་རང་སངས་རྒྱས་པ། །མཁྱེན་གཟིགས་ཀྱི་ཡེ་ཤེས་ཆེན་པོ། །མངོན་གྱུར་གྱི་གཞོན་ནུ་བུམ་སྐུར། །དག་མཉམ་གྱིས་རོལ་པར་ཆམ་ཞོག།མི་རྒན་གྱིས་འཆོལ་གླུ་འདི་ལ། །མཛེས་ཚིག་དང་སྡེབ་སྦྱོར་མེད་ཀྱང་། །གྲོལ་བྱེད་ཀྱི་མན་ངག་ངོ་མ། །མ་བརྗེད་པར་སེམས་ལ་ཞོག་དང་། །མི་སློབ་པའི་འབྲས་བུ་ཐོབ་འོང་། །ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རྡོ་རྗེའི་ལུང་གིས་བསྔགས་པའི་སྐྱེས་བུ་དམ་པ་སེམས་ཉིད་རྡོ་རྗེས་ནན་དུ་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་འཆོལ་མར་སྨྲས་པ་དགེ་བར་གྱུར་ཅིག།སརྦ་མངྒ་ལཾ། །། །