TTDL-ZABTER-18-TSHA-110

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-18-TSHA-110

དཀོན་མཆོག་གསུམ་གྱིས་བདག་སྐྱོངས་ཤིག།སྐལ་པ་བཟང་པོའི་བན་ཆུང་ཁྱོད། །ངེས་པར་ཆོས་ཞིག་བསྒྲུབ་འདོད་ན། །ངེས་མེད་རི་ཁྲོད་ཞིག་ཏུ་སྙོག།རྒྱལ་བ་གོང་མའི་གདན་ས་ཡིན། །གྲོགས་མེད་གཅིག་པུ་ཞིག་མཛོད་དང་། །གྲུབ་ཐོབ་རྣམས་ཀྱི་མཛད་སྤྱོད་ཡིན། །བྱར་མེད་སོས་དལ་ཞིག་མཛོད་དང་། །རྒྱལ་བ་གོང་མའི་མཛད་སྤྱོད་ཡིན། །མི་ཆོས་རྒྱབ་ཏུ་བོར་མཛོད་དང་། །ལྷ་གྲལ་སླེབ་པ་དེ་ག་ཡིན། །མི་དགེ་དུག་བཞིན་སྤངས་མཛོད་དང་། །དགེ་སློང་དམ་པ་དེ་ག་ཡིན། །ལུས་ངག་དགེ་ལ་དྲིལ་མཛོད་དང་། །རྣལ་འབྱོར་དབང་ཕྱུག་དེ་ག་ཡིན། །རང་སྐྱོན་རང་གིས་རིག་མཛོད་དང་། །རང་རྒྱུད་ཆོས་དང་འདྲེས་པ་ཡིན། །གཞན་ལ་ཕྲག་དོག་མ་བྱེད་དང་། །རང་རྒྱུད་དགེ་བར་བཅོས་པ་ཡིན། །རང་མཐོང་ང་རྒྱལ་མ་བྱེད་དང་། །རང་རྒྱུད་འདུལ་བའི་གདམས་པ་ཡིན། །འཁོར་བའི་ཁ་དཔོན་མ་བྱེད་དང་། །སྒོ་གསུམ་དལ་ཐོབ་ཐབས་མཆོག་ཡིན། །ཚོང་དང་ཁེ་སྤོག་མ་བྱེད་དང་། །སེམས་རྒྱུད་དུག་ཏུ་མི་འགྱུར་ཐབས། །དཀོར་ལ་རྟག་ཏུ་མ་འབྱམས་དང་། །རྣམ་གཡེང་དབང་དུ་མི་འཆོར་ཐབས། །གསོག་འཇོག་སེར་སྣ་མ་བྱེད་དང་། །རང་རྒྱུད་འཁོར་བར་མི་འཆིངས་ཐབས། །གཞན་མགོ་བསྐོར་ལ་མ་བརྩོན་དང་། །རང་གིས་རང་ཉིད་མི་བསླུ་ཐབས། །རྫུན་དང་གཡོ་སྒྱུ་མ་བྱེད་དང་། །རང་རྒྱུད་ཟོལ་དུ་མི་འགྱུར་ཐབས། །མཁོ་མཁོ་དགོས་དགོས་མ་མང་དང་། །འདོད་དང་སྲེད་པ་གཅོད་པའི་ཐབས། །མཐོ་འདོད་གྲགས་འདོད་མ་ཆེ་དང་། །བྱ་བྱེད་མང་པོ་བསྐྱུར་བའི་ཐབས། །ཚེ་འདིའི་དོན་གཉེར་མ་བྱེད་དང་། །ཕྱི་མའི་ལམ་སྣ་ཟིན་པའི་ཐབས། །རྣམ་གཡེངས་ལེ་ལོ་མ་བྱེད་དང་། །སྒོ་གསུམ་སྲིད་ལས་དབེན་པའི་ཐབས། །མཐོང་ཚོར་ལབ་མོ་མ་མང་དང་། །ཀུན་དང་མཐུན་ཅིང་མི་འགལ་ཐབས། །དམ་ཚིག་སྡོམ་པ་བསྲུང་མཛོད་དང་། །མདོ་སྔགས་སྙིང་པོ་བཅུད་དྲིལ་ཐབས། །འཁོར་འདས་སྟོང་ཉིད་རྟོགས་མཛོད་དང་། །ལྟ་བ་གདིང་དུ་འགྱུར་བའི་ཐབས། །འཁོར་འདས་ངོ་བོ་དྲིལ་ལ་ལྟོས། །ལམ་ལ་གོལ་འཆུག་མེད་པའི་ཐབས། །འཁོར་འདས་གཞི་རུ་གཅིག་པར་ལྟོས། །ཆོས་སྐུའི་རང་ངོ་རྙེད་པའི་ཐབས། །འཁོར་འདས་རིག་པ་རྗེན་པར་ལྟོས། །ཡེ་གྲོལ་མངོན་དུ་འགྱུར་བའི་ཐབས། །ཤེས་རིག་ཀ་དག་ཆེན་པོར་ལྟོས། །སངས་རྒྱས་རང་སར་རྙེད་པའི་ཐབས། །རིག་པ་སྤྲོས་བྲལ་ཆེན་པོར་ལྟོས། །མཐའ་དང་ཕྱོགས་སུ་མི་འཛིན་གོལ། །དྭངས་མ་འོད་གསལ་དབྱིངས་ལ་ལྟོས། །འཁོར་བ་ཆོས་སྐུར་གཞིག་པའི་ཐབས། །ཆོས་ཉིད་ཟད་པའི་ས་རུ་སྐྱོལ། །འཇའ་ལུས་འཕོ་ཆེན་ཐོབ་པའི་ཐབས། །དེ་ལྟར་ཐབས་མཆོག་ཟབ་མོའི་ཆོས། །ཁྱོད་ཀྱི་རྒྱུད་ལ་ངེས་གྱུར་ན། །དུས་གསུམ་རྒྱལ་བའི་གཅེས་ཕྲུག་ཡིན། །བརྒྱུད་གསུམ་བླ་མའི་སྤྲུལ་སྐུ་ཡིན། །ཟོལ་མེད་དོན་གྱི་རྣལ་འབྱོར་ཡིན། །ཚེ་གཅིག་སངས་རྒྱས་དམ་པ་ཡིན། །ཉམས་སུ་ལོངས་དང་གདམས་ངག་ཡིན། །རྒྱུད་ལ་སྦྱོར་དང་དམ་ཆོས་ཡིན། །ལོངས་སུ་སྤྱོད་དང་ཕ་ཕོག་ཡིན། །མི་རྒན་གོམས་པའི་ཁ་ཏ་ཡིན། །བུ་ལ་གཏད་དོ་གྲོལ་ཐོབ་ཤོག།ཅེས་རང་སློབ་རིག་གྲོལ་རྡོ་རྗེའི་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །དགེའོ། །། །