TTDL-ZABTER-18-TSHA-114
TTDL-ZABTER-18-TSHA-114
སངས་རྒྱས་ཀུན་ལས་ལྷག་པའི་བཀའ་དྲིན་ཅན། །གཏན་གྱི་སྐྱབས་གཅིག་པདྨ་ཀ་རས་སྐྱོངས། །དལ་འབྱོར་མི་ལུས་རིན་ཆེན་ཐོབ་ཟིན་ཀྱང་། །མི་རྟག་སྒྱུ་མ་རྨི་ལམ་ལྟ་བུ་ལས། །ནམ་ཕུག་ཐུབ་པ་མི་སྲིད་སྐུ་མཆོག་པ། །སྙན་དང་གྲགས་པས་ས་སྟེང་ཁྱབ་མོད་ཀྱང་། །མི་རྟག་མིང་གི་ལྷག་ཙམ་མེད་པར་ཡལ། །ལོངས་སྤྱོད་འབྱོར་པ་ཕུན་སུམ་ཚོགས་མོད་ཀྱང་། །ནམ་ཞིག་ལམ་ཁའི་རྡོ་བཞིན་བོར་ནས་འགྲོ། །ཕུ་ནུ་ཉེ་བ་རྩ་ལག་གྲངས་མང་ཡང་། །ནམ་ཞིག་གྲོགས་མེད་གཅིག་པུར་བར་དོར་འཁྱམས། །བརྩིགས་དང་བཞེངས་པའི་ཁང་ཁྱིམ་བཀོད་ལེགས་ཀྱང་། །སྙིང་པོ་རྡུལ་ཙམ་མེད་དེ་ཞིག་རལ་འགྲོ། །ཆེ་མཐོ་ཐོབ་དང་འབྱོར་པའི་དཔལ་ཡོད་ཀྱང་། །སྒྱུ་མ་རྨི་ལམ་ལྟ་བུར་ཡུལ་མེད་འགྲོ། །འདོད་དང་སྲེད་པའི་མཐའ་ལ་ཐུག་དུས་མེད། །ཆོག་ཤེས་བརྟན་པོ་རྒྱུད་ལ་ཁེལ་བར་གྱིས། །འཁོར་བའི་བྱ་བ་བསྒྲུབ་ན་ཟིན་དུས་མེད། །འཕྲོ་མཚམས་ད་ལྟ་ཆོད་ཅིག་སྐལ་ལྡན་བུ། །ཡུལ་ངན་སྤངས་ན་ཉོན་མོངས་རིམ་གྱིས་འགྲིབ། །རྟག་ཏུ་དབེན་པ་བསྟེན་ཅིག་རིགས་ཀྱི་བུ། །མོ་གྲོགས་བརྟེན་ན་འཁོར་བར་འཆིང་བའི་སྒྲོག།རྟག་ཏུ་སྡོམ་པ་སྲུངས་ཤིག་སྐལ་ལྡན་བུ། །མཁོ་མཁོ་དགོས་རྒྱུ་མང་ན་ཐར་ལམ་འགགས། །གསོག་འཇོག་བྱ་བྱེད་སྤོངས་ཤིག་སྐལ་ལྡན་བུ། །གཞན་གྱི་ཟས་ནོར་བླངས་ནས་མཆོད་སྦྱིན་པ། །དོན་མེད་གཞན་གྱི་གཡོག་ལས་བྱེད་དང་མཚུངས། །བསྒྲུབ་པའི་མཐུན་རྐྱེན་བཟའ་བཏུང་རན་ཙམ་ལས། །རྟག་ཏུ་རྙེད་ཚོལ་མ་བྱེད་སྐལ་ལྡན་བུ། །ཉམས་རྩལ་བསྟན་བཅོས་རྩོམ་ནུས་ཚིག་རྡོལ་ཀྱང་། །ཆོས་བརྒྱད་ཡུལ་ལ་བློ་ཁ་དྲངས་རྒྱུར་འགྲོ། །ཡིག་རིས་གཞན་ལ་འདོམས་པའི་སྤྱོད་པ་སྤོངས། །རྩེ་གཅིག་ཉམས་སུ་ལེན་པའི་སྐལ་ལྡན་དེ། །བྱུང་ན་རྣམ་གྲོལ་མྱུར་ལམ་གདམས་པ་སྟོན། །དེ་ལས་གདམས་ངག་ཁ་འབྱམས་བྱ་བ་སྤོངས། །བླ་མ་མ་བརྟགས་བརྟེན་ན་དམ་ཉམས་ཏེ། །རྡོ་རྗེ་དམྱལ་བ་རིན་གྱིས་ཉོས་པ་ཡིན། །དེ་ལྟར་ཤེས་ནས་རང་ས་ཟུངས་ཤིག་བུ། །ཆོས་འདོད་རི་ཁྲོད་འགྲིམ་སྙམ་བློ་ཡོད་ཀྱང་། །ལས་ཀ་ཟིན་མཐར་བྱ་སྙམ་ཕྱི་བཤོལ་མང་། །བློ་ཐག་ད་ལྟ་ཆོད་ཅིག་སྐུ་མཆོག་པ། །བླ་མའི་ཞབས་ཏོག་བསྟན་ཆས་བསྒྲུབ་སྙམ་ནས། །གསོན་སྐྱབས་གླ་དང་གཤིན་པོའི་རོ་དོམ་གྱི། །དད་ཟས་བསླུ་ཟས་མང་པོ་བླངས་བླངས་ནས། །རྣམ་སྨིན་རང་གི་ཕྲག་ལ་བཀལ་ནས་སུ། །མུ་མཐའ་མེད་པའི་སྡུག་བསྔལ་ཁུར་ཆེན་འབབ། །དེ་འདྲའི་ལས་ངན་མ་བསགས་སྐལ་ལྡན་བུ། །བླ་མའི་ཞབས་ཏོག་ཕ་མའི་དྲིན་ལན་དང་། །འགྲོ་བའི་དོན་དང་རང་དོན་གཅིག་ཆར་དུ། །དབེན་གནས་རི་ཁྲོད་བརྟེན་པས་ངེས་པར་འགྲུབ། །དེ་ལྟར་བཤད་པ་ལག་ལེན་ཐེབས་སྲིད་ན། །ཆོས་པ་ཀུན་གྱི་དམ་པ་མཆོག་ཏུ་གྱུར། །འཁོར་འདས་ཆོས་ཀུན་རྨི་ལམ་སྣང་བ་ལྟར། །མེད་བཞིན་ཡོད་པར་སྣང་བའི་ཚུལ་ལ་ལྟོས། །འཇའ་ཚོན་སྣང་བ་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ཉིད་ཀྱིས་འཇའ་ཡི་གཟུགས་སུ་སྣང་། །དེ་བཞིན་སྣ་ཚོགས་སྣང་བའི་ཆོས་སོ་ཅོག།ངོ་བོ་སྟོང་པ་ཉིད་ཀྱི་རང་བཞིན་ཏེ། །སྟོང་པ་ཉིད་ཀྱི་སྣ་ཚོགས་ཆོས་སུ་སྣང་། །དེ་དོན་ཚུལ་བཞིན་རྟོགས་པ་ལྟ་བའི་གནད། །ཁྱབ་བརྡལ་ཟང་ཐལ་སྟོང་ཉིད་མངོན་གྱུར་བའི། །གནད་འདི་བསྒོམ་མེད་རྫོགས་ཆེན་སྒོམ་པའི་གནད། །ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོལ་ཞིང་། །སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོལ་བ། །རྣལ་འབྱོར་སྤྱོད་པའི་གནད་གཅིག་དེ་ག་ཡིན། །མ་དག་སྣང་བ་དག་དབྱིངས་དྭངས་མ་རུ། །འཕོ་བྱེད་འཕོ་བའི་གདམས་པ་ཉམས་སུ་ལོངས། །རྩ་རླུང་ཐིག་ལེ་སྐུ་གསུམ་དབྱིངས་ཉིད་དུ། །འཕོ་ཞིང་དེངས་པའི་ལྟས་དང་ལམ་རྟགས་སུ། །ཉམས་ཀྱི་ཟུག་རྔུ་ན་ཚའི་རིགས་བྱེད་དང་། །ལུས་ཀྱི་རྩ་ཁམས་རླུང་ལྔ་སོ་སོ་རུ། །འཕེལ་འགྲིབ་མ་ངེས་སྒྱུ་མའི་ལྟད་མོ་ལྟར། །སྣང་ནས་ངོས་ཟིན་མེད་པར་དབྱིངས་སུ་ཡལ། །མདོར་ན་བདེ་སྡུག་སྣང་བ་གང་བྱུང་བ། །ཐམས་ཅད་བདེན་མེད་ཉམས་ཀྱི་རྫུན་རིས་སུ། །ངོ་ཤེས་ངང་དུ་མ་བཅོས་རང་ཁར་ཡན། །རྩེ་གཅིག་ཐང་ལྷོད་མེད་པའི་བརྩོན་འགྲུས་ཀྱིས། །མི་ཚེ་བསྒྲུབ་པ་ཉིད་ལ་དྲིལ་བར་གྱིས། །དེ་ལྟར་གནད་དང་ལྡན་པ་ཞིག་བྱུང་ན། །འཇའ་ལུས་འཕོ་བ་ཆེན་པོར་མངོན་སངས་རྒྱས། །མི་རྫུན་མི་བསླུ་ངེས་པའི་གཏན་ཚིག་ཡིན། །འདི་དག་དཔེ་ཉལ་མ་བྱེད་ལག་ལེན་ཐོབ། །སྙིང་ཕྱུང་ལག་མཐིལ་བཀྲམ་པའི་གཏམ་ཡིན་སྙམ། །སྲོག་གི་གཏའ་རུ་ཟུངས་ཤིག་སྐལ་ལྡན་བུ། །ཞེས་པ་འདི་ནི་རང་སློབ་དམ་པ་སྐུ་མཆོག་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །། །