TTDL-ZABTER-18-TSHA-116
TTDL-ZABTER-18-TSHA-116
ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་ཡོངས་སུ་རྫོགས་པའི་ངོ་བོར་གྱུར་པ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེས་བདག་གི་བུ་སློབ་ཐམས་ཅད་རྗེས་སུ་བཟུང་སྟེ་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབུགས་ཆེན་པོ་འབྱིན་པར་མཛད་དུ་གསོལ། །ལམ་ངེས་རྫོགས་ཀྱི་བསྐྱེད་རིམ་ལ་སྦྱང་བྱ་སྦྱོང་བྱེད་སྦྱངས་འབྲས་སྒྲུབ་པའི་དམ་ཚིག་སོགས་ཀྱི་ཁྱད་པར་མང་པོ་ཡོད་དོ། །དེང་སང་མོས་སྒོམ་ཙམ་ལས་ལམ་ངེས་རྫོགས་ཀྱི་སྒོར་འཇུག་པ་ནི་ཤིན་དུ་དཀོན་ཏེ་མོས་སྒོམ་ལ་ལྷ་ཡིད་ལ་དྲན་པ་ཙམ་གྱིས་གསལ་སྣང་ཐེབ་པ་རབ་སྟེ། །མིན་ཀྱང་ལྷ་དྲན་པ་ཙམ་ནས་རིག་པ་རང་གི་གདངས་ལས་མི་འདའ་བར་སྔགས་བཟླས་པས་ཆོག་པ་ཡིན།ལྷའི་དམ་ཚིག་སོགས་བགྲང་བྱ་མང་དུ་ཡོད་པ་རྣམས་དང་མ་ལྡན་ཡང་ཉེས་འགལ་མེད་ངེས་པ་ཡིན། །ཅིའི་ཕྱིར་ཞེ་ན། །དེང་སང་མཆོག་དམན་ཀུན་ནས་རང་གི་ཉམས་ལེན་གྱི་ངང་ནས་འདོན་ན་ལྷའི་མིང་ཙམ་དྲན་མི་དགོས་ཟེར་བ་ཤ་སྟག་ཏུ་འདུག་པས་དེས་ཆོག་སྲིད་ན་ལྷ་ཡིན་པར་དྲན་པ་དང་ཤེས་པ་ཙམ་གྱིས་ཆོག་པ་ནི་སྨོས་ཅི་དགོས། །བདག་ལྷ་རུ་དྲན་ནས་རིག་པའི་རྒྱུན་གྱི་གདངས་ས་བཟུང་ནས་བསྐྱེད་རིམ་གྱི་དོད་མཆོག་ཏུ་ཟུངས་ཤིག།རྩུབ་ཉམས་ཀྱིས་རྒྱུད་བསླང་བའི་གང་ཟག་གིས་བསྐྱེད་རིམ་དམིགས་གཏད་ཅན་ལ་འབད་རྩོལ་ཆེན་པོ་བྱས་ན་སྨྱོ་འབོག་འབྱུང་བའི་གེགས་སུ་གྱུར་པ་ལས་འོས་མེད། །རྩུབ་ཉམས་ཀྱིས་རྒྱུད་མ་བསླང་བ་དག་གི་ལྷའི་གསལ་སྣང་ཐོན་པ་དང་ང་རྒྱལ་བརྟན་པ་སོགས་ལ་གོམ་འདྲིས་ཆེན་པོའི་གནད་བཏང་བར་བྱས་ན་ལྟ་སྒོམ་གྱི་གྲོགས་སུ་འཆར་བ་དང་། །ས་ལམ་གྱི་བར་ཆད་སེལ་བ་ལ་མཆོག་ཏུ་དོ་གལ་ཆེ་བ་ཡིན། །ཀྱཻ་ཧོ་སྐྱེས་བུ་དམ་པ་ལགས། །ས་ལམ་རིམ་གྱིས་བགྲོད་པའི་ཕྱིར། །རྒྱ་གར་འཕགས་པའི་ཡུལ་དང་ནི། །སྔོན་བྱོན་བོད་ཀྱི་སྐྱེས་བུ་འགའི། །བླ་མ་དམ་པ་ལ་བརྟེན་ནས། །སྐས་ཀྱི་ཐེམ་པ་ཇི་བཞིན་དུ། །ལམ་ནས་ལམ་དུ་བགྲོད་པ་དང་། །ས་ནས་ས་རུ་འཕགས་ཚུལ་གྱིས། །ཁྲིད་ལམ་བརྟེན་ཏེ་སྒོམ་པ་ཡིན། །དེང་སང་དེ་ལྟར་འཁྲིད་བྱེད་ཀྱིས། །བླ་མ་དམ་པ་དཀོན་ལུགས་དང་། །རྒྱུད་ཀྱི་གཞུང་བཤད་ཙམ་མ་གཏོགས། །ཚུལ་བཞིན་ཁྲིད་ལམ་ཤེས་པ་ཡི། །ས་མཁན་གཅིག་ཀྱང་ངས་མ་མཐོང་། །ལམ་གྱི་གྲོགས་དང་གེགས་སེལ་ཕྱིར། །ལྷ་ཉིད་དྲན་དང་ཡིད་བྱེད་པའི། །ལམ་ནི་མོས་སྒོམ་ཙམ་གྱི་ལུགས། །རྣམ་རྟོག་བཅུད་པའི་རྩུབ་ཉམས་ཀྱིས། །ཤེས་རྒྱུད་བསླད་པའི་སྐྱེས་བུ་ཡིས། །འབད་རྩོལ་དམིགས་གཏད་སེམས་འཛིན་ལ། །ཧ་ཅང་རྩོལ་བ་ཆེ་དྲག་ན། །སྨྱོ་འབོག་ནད་ཀྱི་རྒྱུ་རུ་འགྲོ། །རླུང་སེམས་རང་ལ་ལམ་བྱེད་པའི། །སྐྱེས་བུ་རྣམས་ཀྱི་བསྐྱེད་རིམ་ལ། །ཧ་ཅང་གཏད་དང་དམིགས་འཛིན་མིན། །ལམ་ནི་ཐ་དད་ཡིན་པའི་ཕྱིར། །ཉམས་གཉིས་དུས་གཅིག་བསྐྱེད་མི་རུང་། །དེ་ཕྱིར་རང་ཉིད་ལྷ་ཡིན་གྱི། །ཤེས་པ་བག་ཉལ་ཙམ་གྱིས་ཆོག།རྫོགས་པའི་རིམ་པ་ལ། །དང་པོའི་གནས་སྐབས་སུ་སྟོང་ཉིད་གཏན་ལ་མ་དབབ་ན་ལྟ་བ་མི་ཤེས། །ལྟ་བ་མ་ཤེས་ན་ཡང་དག་པའི་སྒོམ་པ་མི་ཤེས། །ལྟ་སྒོམ་ཐམས་ཅད་ལོག་རྟོག་གི་མུན་རྡོ་ཆེན་པོ་ལས་ཐར་པ་དང་རྣམ་མཁྱེན་གྱི་ལམ་ལ་སྤུ་རྩེ་ཙམ་ཡང་ཉེ་བར་མི་འགྱུར་རོ། །ཇི་སྐད་དུ། །རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ཏེ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པས། །སྟོང་པ་ཉིད་ལས་གཞན་པའི་ཐར་པ་དང་རྣམ་མཁྱེན་གྱི་ལམ་མེད་པའི་དོན་སྟོན་ཏེ། །འཁོར་འདས་སྟོང་ཉིད་ཆེན་པོ་གཅིག་གི་རོལ་པར་ཐག་ཆོད་པས་ནམ་མཁའ་གོ་འབྱེད་པའི་ཆ་གྲོལ་བ་མངོན་དུ་མ་གྱུར་གྱི་བར་དུ་ནམ་མཁའ་རྣམ་པར་དག་པའི་མཁའ་དབྱིངས་ཉིད་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་ཡིན་ཏེ། །ཅིས་ཕྱིར་ཞེ་ན་རྒྱུད་ཀྱི་རྒྱལ་པོ་ཀུན་བྱེད་ལས། །ཆོས་ཀུན་ནམ་མཁའི་མཚན་ཉིད་དེ། །ནམ་མཁའི་མཚན་ཉིད་དེ་བཞིན་ཉིད། །ཅེས་པས། །ནམ་མཁའ་གོ་འབྱེད་པ་ནས་བཟུང་སྟེ་ནམ་མཁའ་རྣམ་པར་དག་པའི་དབྱིངས་ཉིད་ཤེས་རབ་མིག་གིས་མངོན་དུ་བྱེད་པ་ལས་བསྒོམ་རྒྱུ་གཞན་ན་མེད་དོ། །ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོས། །ཆོས་དབྱིངས་སྐྱེ་མེད་ནམ་མཁའི་རང་བཞིན་ལ། །ཞེས་དང་།སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །སོགས་ཀྱིས་ཆོས་ཉིད་ཀྱི་དོན་སྟོན་ཏོ། །དེས་ནི་ལྟ་སྒོམ་གཉིས་ཀ་བཤད་ཟིན་ཏོ། །ད་ནི་སྤྱོད་པ་མཉམ་རྗེས་གཉིས་ལས། །དང་པོ་མཉམ་བཞག་ཅེས་པའི་ངེས་ཚིག་ནི།ལུས་ཀྱི་བྱ་བ་གསུམ།ངག་གི་བྱ་བ་གསུམ། །ཡིད་ཀྱི་བྱ་བ་བཟང་ངན་བར་གསུམ་དང་དགུ་པོ་མཉམ་དུ་བཞག་ཅིང་བཏང་བ་ལ་མཉམ་བཞག་གམ་བྱ་བ་བཏང་བའི་བྱ་བཏང་ཞེས་བྱ་སྟེ། །རང་གར་འདུག་པ་ཉིད་དོ། །བློས་མ་བསླད་པའི་བློ་འདས་རང་ཁར་ཡན་པའི་ངང་བཞག་བརྗོད་པ་ཚིག་གིས་མི་མཚོན་པས་ཅི་ཡང་མ་ཡིན་པའི་ཡེ་ཤེས་རྣམས་སོ། །འདི་ནི་ལམ་གྱི་སྙིང་རྡོ་དམ་པ་ཡིན་པས་གནད་དུ་བཟུང་དགོས་ཏེ།ཇི་སྐད་དུ།རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ། །ཞེས་གསུངས་པའི་དོན།རྗེས་ཐོབ་ལ་ཟ་ཉལ་འགྲོ་འདུག་ཀུན་གྱི་དུས་སུ་ལྟ་བའི་སྟངས་མ་ཤོར་བ། །འཁོར་བ་རང་བཞིན་མེད་པར་ཤེས། །སྣང་སྲིད་སྒྱུ་མ་ཡིན་པར་ཤེས་པའི་ངང་རྒྱུན་ཆགས་སུ་གནས་པ་ལ་ལྟ་བའི་སྟངས་མ་ཤོར་བ་ཞེས་བྱ་བ་དང་། །རིག་པ་སེམས་སུ་མི་འཁྲུལ་བ་སྒོམ་པའི་གདིང་མ་ཤོར་བ་ཞེས་བྱའོ། །སྤྱོད་པ་ཞི་དུལ་བག་ཡོད་བརྟེན་པ་སྤྱོད་པ་བག་མེད་དུ་མ་ཤོར་བ་སྟེ་གསུམ་པོ་ནི་རྗེས་ཐོབ་ཅེས་བྱ་བ་སྟེ། །བརྩོན་འགྲུས་ཐང་ལྷོད་མེད་པའི་སྒོ་ནས་ཉམས་སུ་བླངས་པས་ངེས་པར་གྲོལ་བ་ཐེ་མི་ཚོམ་པའོ། །ལྟ་བ་འཁོར་འདས་སྟོང་ཉིད་ཆེན་པོའི་རོལ་པར་མ་རྟོགས་ན། །ཇི་ལྟར་བསྒོམ་ཡང་ལམ་ཡང་དག་པ་མ་ཡིན། །དེ་ཕྱིར་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་དང་པོའི་གནས་སྐབས་ནས་གཏན་ལ་དབབ་དགོས་ཏེ་དགོས་པ་ནི། །སློབ་དཔོན་ཨཱཪྻ་དྷེ་ཝས། །ཤེས་རབ་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཞིག་སྐྱེས་མི་སྲིད། །གཏན་ལ་མ་ཕབ་པའི་སྐྱོན་ནོ། །ཕབ་པའི་ཡོན་ཏན་ནི། །ཐེ་ཚོམ་ཙམ་ཞིག་སྐྱེས་སྲིད་ན། །སྲིད་པ་ཧྲུལ་པོ་བྱེད་པར་འགྱུར། །ཅེས་གསུངས་པའི་དོན་དྲན་པར་བྱའོ། །སྣོད་བཅུད་འདོད་ཡོན་ཐམས་ཅད་ཀྱི་གཞི་དང་ངོ་བོ་ནམ་མཁའ་ཡིན་པའི་ཚུལ། །བཀའ་བརྒྱད་གསང་བ་ཡོངས་རྫོགས་ལས། །འབྱུང་བ་ཆེན་པོ་ནམ་མཁའ་ནི། །འབྱུང་བ་ཆེན་པོ་ཀུན་གྱི་གཞི། །སྣོད་བཅུད་དཔལ་ཡོན་དེ་ལས་བྱུང་། །ཞེས་གསུངས་པས་དོན་ཡང་དག་པའོ། །དེང་སང་ཁ་འབྱམས་ཚིག་གི་རྗེས་སུ་འབྲང་བ་ལས་ལྟ་བ་སྟོང་ཉིད་ཀྱི་དོན་རྒྱུད་ལ་འབྱོར་བ་ཉིན་མོའི་སྐར་མ་ཙམ་ལས་མེད་པས་དོན་དེའི་དེ་དག་གིས་འདི་ལ་གཤེ་སྐུར་མང་བས་དེ་ཕྱིར་ལུང་གི་རྒྱབ་བརྟེན་ཏེ་བཤད་པ་ཡིན་པས་ཡིད་ཆེས་པར་གྱིས་ཤིག།ཨ་ཧོ།ལྟ་བ་ནི་སྟོང་ཉིད་ཕྱོགས་ལྷུང་དང་བྲལ་སོང་། །སྒོམ་པ་ནི་བྱར་མེད་བློ་འདས་སུ་རྒྱ་ཡན། །སྤྱོད་པ་ནི་གདིང་གསུམ་རང་ཐོག་ཏུ་ཟིན་པ། །ཉམས་ལེན་གྱི་སྙིང་པོ་བཅུད་དྲིལ་ཞིག་ཡིན་ན། །གཞི་ལམ་དང་འབྲས་བུ་ཡེ་ཤེས་དང་ཡོན་ཏན། །ཡེ་རྫོགས་ཀྱི་ངང་ཚུལ་ཤེས་པ་རུ་རིག་པས། །མཐའ་གྲོལ་གྱི་རིག་པ་རྫོགས་ཆེན་དུ་ཐལ་ཐལ། །རང་ངོ་རུ་རང་སངས་རྒྱས་པ་ཞིག་རེད་ན། །དཀའ་སྤྱད་དང་སྙིང་རུས་འབད་རྩོལ་ནི་མི་དགོས། །ཕྱམ་བཞག་གི་ངང་དུ་སྐྱིད་ཉལ་ཞིག་མཛོད་ལ། །གཞིར་གནས་ཀྱི་ཆོས་སྐུའི་རྒྱལ་ས་རུ་མཆོང་ཤོག།ཅེས་པ་འདི་སྤྲུལ་པའི་སྐུ་མཆོག་སྣ་ཚོགས་རང་གྲོལ་གྱིས་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།ཛ་ཡནྟུ། །། །