TTDL-ZABTER-18-TSHA-121
TTDL-ZABTER-18-TSHA-121
ཨེ་མ་ཧོ།ལས་སྨོན་གྱིས་འབྲེལ་བའི་བུ་ཁྱོད་ཚུར་གསོན་དང་། །ད་སྔོན་གྱི་བྱ་བཞག་ངང་ཚུལ་ལ་ལྟོས་དང་། །ལུང་བསྟན་གྱི་རྗེས་སུ་འབྲང་བ་ཡང་མི་འདུག།ནུ་བོ་དང་སྲིང་མོར་ཁྱི་རྒན་བཞིན་སྤྲད་ཀྱང་། །ད་རུང་ཡང་ཤི་མིག་གསོན་བལྟ་ལ་ལྟོས་དང་། །རང་དོན་ཞིག་མི་འགྲུབ་ཁོ་ཐག་དེ་ཆོད་སོང་། །དཔོན་ངན་གྱིས་ཉེས་མེད་མཚོན་དབལ་གྱིས་བཏབ་ཀྱང་། །ས་རིང་ཞིག་བསྐོར་ནས་ཡུལ་ངན་ལ་ཆགས་འཁོར། །ཐག་རིང་ཞིག་མི་ཆོད་ཁོ་ཐག་ནི་ཆད་ཐལ། །འཁོར་བ་ནི་སྤང་བའི་བན་སར་ཀུན་སྐྱིད་ཀྱང་། །ཐབས་སྡུག་གིས་བན་འཁྱམས་མདོ་ཤོར་གྱིས་རྫུན་པ། །མི་གཟུགས་ཀྱི་སྦུབས་སུ་མི་སེམས་འདྲ་མཆིས་ན། །ཉམས་ཆུང་གི་བན་རྒན་ས་ཕག་ཏུ་ཤི་ཚེ། །གད་མོ་ཡི་གནས་ངན་རྒྱང་རིང་དུ་བློ་བདེ། །སྐྱབས་མེད་ཀྱི་བན་རྒན་ཁྱི་རྒན་བཞིན་བརྡུངས་ཀྱང་། །སྡུག་ཡུས་ནི་འདྲེན་ས་མི་འདུག་གི་སྙིང་རྗེ། །གཅེས་སྤྲས་ཀྱིས་བསྐྱངས་པའི་ཕ་སྤུན་དེ་དགྲར་ལངས། །རྒྱབ་བརྟེན་གྱི་དཔོན་ངན་གཤེད་མ་རུ་ལངས་ན། །ལུང་བསྟན་གྱི་རྒྱལ་པོ་ངོ་མ་ཞིག་ཨེ་རེད། །ལུང་གཞན་གྱི་དགོས་པ་མི་འདུག་གི་རེད་ན། །ཕ་བསད་དང་མ་བསད་ལག་དམར་ལ་མཐོང་ན། །སྡུག་བྲང་ལ་སྤར་ཤད་དབང་མེད་དུ་ལོས་འཆོར། །མ་ཉམས་ཀྱང་ཉེས་པའི་གོང་བུ་རུ་བཞག་ན། །སྡུག་མིག་ལ་མཆིལ་མ་སྐྱ་ཙིར་དུ་ལོས་བྱུང་། །བཟང་བྱས་ཀྱི་རིན་དུ་བློ་མདའ་ཞིག་བརྒྱབ་ན། །སྡུག་ལུས་ཀྱི་མཆོང་རྒྱུག་ཙམ་དུ་ཡང་ལོས་བྱེད། །ང་མིན་གྱི་མི་ཀུན་ལྐོག་ཤུབ་ཏུ་གླེང་ཡང་། །མངོན་སུམ་དུ་སྨྲ་མཁན་མི་འོང་ནི་ངོ་མ། །ཕན་བྱེད་ཀྱི་ཁ་ཏ་སྨན་བཞིན་དུ་འཐུང་ན། །ལོ་རེ་ཡི་ཁ་ཟས་འཁྱོར་ཕུག་ཏུ་ཟུངས་ལ། །ངོ་ངན་དང་རོ་རན་བསྐྱུར་ཐབས་ཞིག་རེམ་རེམ། །ལས་དབང་གིས་ཕར་གྱུར་བདུད་འཇོམས་ཀྱི་རྡོ་རྗེས། །བུ་ངན་ལ་བརྩེ་བའི་སྡུག་མདའ་ཞིག་འཕང་ཡོད། །བདུད་འཇོམས་པས་སྨྲས་སོ། །། །