TTDL-ZABTER-18-TSHA-122
TTDL-ZABTER-18-TSHA-122
རིགས་བརྒྱའི་ཁྱབ་བདག་མཚོ་སྐྱེས་རྗེ་ལ་འདུད། །འཁོར་འདས་རང་སྣང་ཉིད་ལས་མ་འདས་པའི། །ངོ་བོ་དབྱིངས་ཆེན་བདེ་གཤེགས་སྙིང་པོ་ནི། །གང་གིས་བཅོས་བསྒྱུར་མ་བྱས་འཕོ་འགྱུར་མེད། །འཁོར་བའི་བྱེད་པོ་ང་དང་ང་ཡི་བ། །མ་གྲུབ་པ་ལ་མེད་བཞིན་སྣང་བ་ཡི། །རབ་རིབ་བརྟན་མེད་འཕོ་འགྱུར་ཅན་དུ་ཤར། །ཤེས་རབ་མིག་གིས་ཁ་ཐུར་བལྟས་པ་ལས། །རང་དབང་བརྟན་པ་བྲལ་བས་ཉམ་ཐག་གྱུར། །ད་ལྟ་སྔོན་གྱི་བསོད་ནམས་ཚོགས་ཆེན་དང་། །སྨོན་ལམ་རྣམ་པར་དག་པའི་སྟོབས་དབང་གི། །བདག་མེད་རྟོགས་པའི་ཤེས་རབ་ཆེན་པོ་ཡིས། །བདག་རྟོག་རྡུལ་དུ་བརླག་པའི་བརྟུལ་ཤུགས་ཆེས། །ཆོས་ཉིད་བདེན་པ་མངོན་སུམ་མཐོང་བྱས་ནས། །འཁོར་འདས་རང་སྣང་ཉིད་དུ་དག་མཉམ་རིག།ཡེ་གཞི་རང་ཞལ་མཇལ་ནས་རང་གྲོལ་བ།རྣལ་འབྱོར་ཉིད་དབྱིངས་སྤྲོས་པ་བྲལ་བའི་ཀློང་། །གཞི་གྲོལ་རིག་པ་ཆོས་སྐུ་བྱང་ཆུབ་སེམས། །ལམ་སྣང་ཤེས་རབ་ཡེ་ཤེས་མིག་ཡངས་པོས། །ཕྱིན་ཅི་མ་ལོག་ཆོས་ཉིད་ངང་མཐོང་ནས། །སྦྱང་བགྲོད་མེད་པའི་གདིང་ཆེན་རང་སར་ཐོབ། །རང་དབང་རྒྱལ་པོ་ལམ་གྱི་བྱང་ཆུབ་སེམས། །ཐེག་བརྒྱད་བློས་བྱས་ཆོས་ཀུན་ཆོས་ཉིད་དུ། །ཞིག་ནས་དབང་བསྒྱུར་སྤྱི་ཏི་ཡོ་གར་གྲགས། །ཤེས་པ་དང་པོ་ཡུལ་དུ་མཆེད་པ་ཡིས། །འཁོར་བའི་འཁྲུལ་སྣང་བཙན་ཐབས་ཉིད་གཞིག་ཕྱིར། །ཤེས་རབ་མིག་གིས་དབྱིངས་ལ་བལྟས་པ་ལས། །ཤེས་པ་དང་པོ་འོད་གསལ་སྣང་བར་མཆེད། །དེ་ལ་རྩེ་གཅིག་གོམས་པའི་སྟོབས་ཤུགས་ཀྱིས། །སྒོ་གསུམ་བརྟན་ཐོབ་མི་གཡོ་བདེ་བ་ཆེ། །ཉོན་མོངས་ཕྲ་རགས་གདོད་མའི་དབྱིངས་སུ་ཞི། །ངང་གནས་ཆོས་ཉིད་མི་གཡོ་རབ་ཏུ་གནས། །མཚན་མ་མེད་པ་དོན་གྱི་ཞི་གནས་ཡིན། །མངོན་སུམ་སྣང་བ་མཐོང་ནས་ལྷན་ནེར་བརྟན། །གོམས་ཤུགས་སྟོབས་ཀྱིས་སྣང་བ་གོང་འཕེལ་ནས། །ཤེས་རབ་མིག་ལ་ཡེ་ཤེས་སྤྱན་ཚུད་པས། །ཡུལ་སྣང་ཐམས་ཅད་འོད་དང་ཐིག་ལེར་འཕོས། །མ་དག་འཁྲུལ་པའི་བསྐལ་པ་འཇིག་སྐབས་འདིར། །ན་ཚ་བདེ་སྡུག་མ་ངེས་སྣ་ཚོགས་དང་། །དགའ་སྡུག་རྣམ་རྟོག་སྨྱོན་པ་འུར་ལངས་ལྟར། །བཟོད་མེད་ཉམས་སྣང་མ་ངེས་སྣ་ཚོགས་འཆར། །ཉམས་སྣང་བདེན་མེད་རྟོགས་པའི་གདིང་ཆེན་གྱིས།སྣང་བའི་འཕེལ་རྫོགས་བཅུད་དུ་སྨིན་པ་ནི། །གཞལ་ཡས་ཚོམ་བུ་ལྷ་ཡི་བཀོད་པ་གསལ། །རྡོ་རྗེ་གསུམ་གྱི་བྱིན་རླབས་ཡོན་ཏན་ཀུན། །སྟོང་གསུམ་ཉིད་དང་དབྱེར་མེད་འཕོས་པའི་ཚད། །མངོན་གྱུར་དེ་ནི་རྫུན་མེད་གཏའ་རུ་མཆིས། །སྨིན་པ་རིམ་གྱིས་ཟད་ནས་སྤྲོས་བྲལ་ངང་། །གདོད་མའི་གཞི་རུ་འདྲེས་པའི་དབྱིངས་སུ་འབྱམས། །སླར་ཡང་ཤེས་སྒྲིབ་ཕྲ་བའི་བག་བཅོམ་སྟེ། །གདོད་མའི་མགོན་པོ་ཡོན་ཏན་མངོན་གྱུར་ནས། །གཞོན་ནུ་བུམ་སྐུའི་བྱང་ཆུབ་ཆེན་པོ་ཐོབ། །ལུས་སེམས་དབྱེར་མེད་དབྱིངས་སུ་དབྱིངས་ཞིག་པས། །གཟུང་འཛིན་ཟེར་ཐག་ཆད་པའི་འཕོ་ཆེན་པོ། །ཐོབ་པའི་སྐྱེས་བུ་དེ་ག་ཨེ་མ་ཧོ། །ཨ་ཧོ།ཡེ་གྲོལ་གྱི་ངོ་བོ་ལྷོད་གྲལ་དུ་ཞོག་དང་། །རང་གྲོལ་གྱི་རྒྱལ་པོ་ཐད་གྲོལ་དུ་བུད་འགྲོ།བསམ་མེད་ཀྱི་ཤེས་པ་བཅོས་མེད་དུ་ཞོག་དང་། །འགྱུར་མེད་ཀྱི་ཡེ་ཤེས་ནུབ་མེད་དེ་ལོས་ཡིན། །ཐོབ་བྲལ་གྱི་འབྲས་བུ་རྩོལ་བྲལ་དུ་ཡན་པས། །སྤྲོས་བྲལ་གྱི་རྒྱལ་པོ་ཐོབ་བྲལ་དུ་རང་དགང་། །བཅས་བཅོས་ཀྱི་འཁོར་བར་བསླུས་པ་རུ་ལྟོས་ལ། །མ་བཅོས་པའི་ངང་དུ་སྐྱིད་ཉལ་ཞིག་རེམ་རེམ། །ལུས་ངག་གི་དགེ་བའི་ཟོབ་རྫུན་ལ་ལྟོས་ཤིག།ཀུན་བྱེད་ཀྱི་རྒྱལ་པོ་དབང་འབྱོར་ཞིག་རེམ་རེམ། །ལས་སྨོན་གྱིས་འབྲེལ་བའི་ཀུན་བཟང་གི་བསྟན་འཛིན། །ཁྱོད་རྒྱུད་ལ་ཕན་ཐོགས་ཅུང་ཟད་འདྲ་མཆིས་ན། །མ་ནུས་པའི་རྒན་པོའི་སྙིང་གཏམ་དེ་སྨྲས་ཡོད། །བདུད་འཇོམས་རྡོ་རྗེས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །བཀྲ་ཤིས། །། །