TTDL-ZABTER-19-DZA-001
TTDL-ZABTER-19-DZA-001
༄༅། །གཏེར་ཆེན་ཆོས་ཀྱི་རྒྱལ་པོ་ཁྲག་འཐུང་བདུད་འཇོམས་གླིང་པའི་རྣམ་པར་ཐར་པ་ཞལ་གསུངས་མ་བཞུགས་སོ༔
༄༅། །ཆོས་ཉིད་སྒྱུ་མར་རོལ་པའི་སྣང་ལམ་གསང་བ་ཉམས་བྱུང་གི་རྟོགས་བརྗོད་གསལ་བའི་མེ་ལོང་ཞེས་བྱ་བ།ན་མོ་གུ་རུ་པདྨ་ཀ་ར་ཡེ།དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ། །མཁྱེན་བརྩེ་ནུས་པའི་གཏེར་ཆེན་པདྨ་འབྱུང་། །མི་འབྲལ་སྤྱི་གཙུག་འཁོར་ལོའི་རྒྱན་དུ་བཞུགས། །བརྒྱུད་འཛིན་རྗེས་སུ་ཟུངས་ལ་དབུགས་དབྱུང་མཛོད། །སོ་སོའི་སྐྱེ་བོ་འཁོར་བ་མཐའ་མེད་དུ། །ཁ་བརྒྱུད་ལས་དང་བྱ་བྱེད་སྣ་ཚོགས་པ། །ཡི་གེར་འབྲི་བ་སྐྱོ་ཞིང་སུན་པའི་རྒྱུར། །ཤེས་ཏེ་འབྲི་སྙམ་བདག་ལ་ཡོད་མ་ཡིན། །འོན་ཀྱང་སློབ་མས་ནན་བསྐུལ་མ་བཟོད་པས། །སྣ་ཚོགས་སྣང་ཉམས་ཆུ་ཡི་གཉེར་མ་ལྟར། །རྒྱས་པར་བཤད་ན་ཟད་པའི་མཐར་མི་ཐུག།དག་པའི་སྣང་ཉམས་ཟུར་ཙམ་འདིར་བརྗོད་བྱ། །དེ་ལ་ཐོག་མར་རང་གི་རིགས་རུས་ཀྱི་འབྱུང་ཁུངས་ཟུར་ཙམ་མ་བཤད་ན་ཕ་མེས་ཀྱི་རིགས་བརྒྱུད་མི་ཤེས་པ་ནི་ནགས་ཚལ་གྱི་སྤྲེའུ་དང་འདྲ་ཟེར་བའི་སྐྱོན་ཡོད་པས་དེའི་ཕྱིར་ཟུར་ཙམ་འཆད་ན།དཔལ་སྤྱན་སྔ་ལྷ་གཟིགས་རས་པའི་ཡིག་ཚང་ལས།སྒ་སྡོང་འགྲུ་གསུམ་དབྲ་དང་བཞི། །ནུ་བོ་དཔའ་སྡ་གཉིས་དང་དྲུག།ཅེས་གསུངས་པ་ནི་གང་ཟག་ཆེན་པོའི་གསུང་ཡིན་པས་ཁུང་བཙུན་པའི་ཕྱིར་འདིར་ཡང་ཚད་མར་བཟུང་བ་ཡིན།གནའ་བོའི་ངག་སྒྲོས་འགའ་ཞིག་ཏུ།དམུ་ཚ་སྒ།ཨ་སྦོ་སྡོང་།སེང་ཁྱུང་དབྲ།ཨ་ལྕགས་འགྲུ།དཔའ་སྔ་གཉིས་ཞེས་རུས་ཆེན་བཞི་དང་།རུས་ཆུང་གཉིས་ཏེ་མིའུ་རུས་དྲུག་ཅེས་ཟེར་བ་སྔ་མ་དང་ཕྱོགས་མཚུངས་པར་མངོན་ཅིང་།མ་ཧཱ་ཙི་ནའི་ལུགས་ཀྱི་འབྱུང་རྩིས་པའི་བསྟན་བཅོས་ལྟར་ན་རིགས་ལྔ་ཁམས་ལྔ་ཁ་དོག་ལྔ་སོགས་སྦྱར་ནས།སྡོང་སྨུག་པོའི་རིགས་ས་ཁམས།དབྲ་དཀར་པོའི་རིགས་ལྕགས་ཁམས།འགྲུ་སྔོན་པོའི་རིགས་ཆུ་ཁམས།སྒ་དམར་པོའི་རིགས་མེ་ཁམས།སྒོ་ལྗང་གུའི་རིགས་ཤིང་ཁམས་ཞེས་རུས་ཆེན་སྡེ་ལྔར་བསྡུས་ནས་གསུངས་སོ། །འདི་རྣམས་ཀྱང་གུང་བསྒྲིགས་པར་བྱས་ན་ཆེར་མི་འགལ་ཏེ།གོང་དུ་བཤད་པའི་རུས་དྲུག་གི་ཡ་གྱལ་ནུ་བོ་དཔའ་སྔ་གཉིས་ལ་བརྡ་ཆད་རྒྱས་པར་སྦྱར་བའི་དབྱེ་བ་མེད་པར་གཉིས་ཀ་ལྷན་ཅིག་ཏུ་བརྗོད་པའི་རྒྱུ་མཚན་གྱིས་དེ་གཉིས་གཅིག་ཏུ་བསྡུས་པའི་ལྔ་པ་ནི་སྒོ་ཞེས་པར་གྱུར་བར་མངོན་ཏེ་རུས་ཆེན་སྡེ་ལྔར་བསྡུ་བར་རུང་བའི་ལུགས་ཡིན་པའི་ཕྱིར་རོ། །དེ་ལ་བདག་ཉིད་ནི་ཨ་ལྕགས་འགྲུའམ་འགྲུ་སྔོན་པོའི་རིགས་ལས་ཆད་པ་ཡིན་ནོ་ཞེས་གྲགས་སོ། །དེ་ཡང་ཡིན་ཏེ།འདི་ལྟར་སྔོན་གྱི་དུས་ན་འགྲུ་སྔོན་པོའི་རིགས་ཀྱི་མྱུ་གུར་གཏོགས་པའི་སྡེ་ཚན་གཅིག་གནུབས་ཡུལ་དུ་བྱུང་བ་དེ་ལས་འཕགས་ཆེན་དམ་པའི་སར་བཞུགས་སངས་རྒྱས་ཡེ་ཤེས་དང་།སངས་རྒྱས་གཉིས་པ་པདྨ་སམྦྷ་ཝའི་ཐུགས་སྲས་དགེ་སློང་ནམ་མཁའི་སྙིང་པོ་སོགས་ཀྱིས་གང་དུ་མིའི་སྲིད་པ་བཟུང་བའི་རིགས་ལ་གནུབས་ཀྱི་རིགས་ཞེས་བྱའོ། །སློབ་དཔོན་དེ་དག་དང་རུས་གཅིག་པར་གྱུར་བའི་གནུབས་རིགས་ཀྱི་སྡེ་ཚན་གཅིག་ཡུལ་དུས་ཀྱི་རྐྱེན་ལས་རིམ་གྱིས་ཡུལ་བརྒྱུད་ནས་ཁམས་ཀྱི་ཤར་ཕྱོགས་མཚོ་ཁྲི་ཤོག་རྒྱལ་མོ་དང་ཉེ་བའི་རྨ་ཁོག་བར་མའི་ཡུལ་གྲུ་ཞིག་ཏུ་གནས་བཅས་སོ། །དེར་གནུབས་རིགས་ཕྱི་མ་རྣམས་ལས་ཀྱང་འཇིག་རྟེན་པའི་ལུགས་སུ་དཔའ་མཛངས་ཀྱི་རྩེ་མོར་སོན་ཞིང་།རལ་གྲི་དང་མདའི་འཁྲུལ་འཁོར་ལ་བྱང་བ་མིའི་མཆོག་ལྟ་བུ་འགའ་ཞིག་བྱུང་བའི་ནང་གསེས་གཅིག་རུང་ཆེན་ལ་གནས་པ་ལ་རུང་ཐ་ཞེས་ཟེར།དེ་ཉིད་རུས་མིང་ལྟ་བུར་གྱུར་ནས་དེ་ཕྱིན་ཆད་དེའི་རིགས་བརྒྱུད་རྣམས་ལ་རུང་ཐ་ཞེས་གྲགས།མཐར་སོག་པའི་རྒྱལ་པོ་ཞིག་གིས་གཞན་སྡེ་མ་ལུས་པ་མངའ་འོག་ཏུ་བསྡུ་བར་འདོད་ནས་དམག་དཔུང་ཆེན་པོ་བཏང་བ་ལས་གནུབས་རིགས་དེ་དག་ཡུལ་ནས་ཕྱུང་སྟེ་ཡུལ་མང་རིམ་གྱིས་བརྒྱུད་ནས་ལྷོ་རྒྱུད་མདོ་སྨད་ཀྱི་ཕྱོགས་འདྲ་ལྕགས་ཁུང་ཞེས་རྒྱ་མིས་ལྕགས་བརྐོ་བའི་ཁུང་བུ་ཡོད་པ་ལ་ཡུལ་གྱི་མིང་དུ་གྲགས་པའི་སྟོད་དུ་གནས་སོ། །དེ་ཡན་ཆད་ཀྱི་རུང་ཐའི་མི་རིགས་རྣམས་ལ་གནུབས་རིགས་རུང་བརྒྱུད་སྔ་མ་ཞེས་ཟེར།ད་ལྟ་རྣུ་ཟོག།སྟོང་དཔོན།སྔོ་ཤུལ།རུང་ཐ་སོགས་ཟེར་བ་རུས་གཅིག་ལ་མིང་སོ་སོར་ཆགས་པ་ཡིན།འདྲ་ལྕགས་ཁུང་ཞེས་པ་ཡུལ་གང་དུ་གཏོགས་ཞེ་ན།དེ་ནི་སྨད་མདོ་ཁམས་སྒང་དྲུག་གི་ཡ་གྱལ་ཤར་མི་ཉག་ར་བ་སྒང་གི་སའི་ཐིག་ལེ།ཁམས་ཀྱི་གནས་ཆེན་ཉི་ཤུ་རྩ་ལྔའི་ཡ་གྱལ།སྦ་ཞབས་བྲག་དཀར་རམ་ཝ་ཤུལ་སེང་གེ་བྲག་དཀར་ཞེས་སྔོན་དུས་སྦ་མི་ཕམ་མགོན་པོས་ཧེ་རུ་ཀའི་སྒྲུབ་གནས་སུ་བྱིན་གྱིས་བརླབས་པ་དེའི་གཡས་ཕྱོགས་ནས་བབས་པའི་ཆུ་བོའི་རྒྱུན་དང་ལྡན་པ་ལ་འདྲ་ལྕགས་ཁུང་བ་ཞེས་གྲགས་པ་དེའམ།ཡུལ་དེར་གནས་པའི་གྲོང་ཁྱེར་བ་རྣམས་དང་སྟོད་ཕྱོགས་རྒྱང་འབྲོག་པ་རྣམས་ལའང་སྤྱི་མིང་ལྕགས་ཁུང་བ་ཞེས་ཟེར།དེར་གནས་པའི་གནུབས་རིགས་རུང་བརྒྱུད་སྔ་མའི་ཁྱིམ་བདག་སྤུན་ཟླ་གསུམ་པ་ཞིག་བྱུང་།དེ་དག་སོ་སོའི་བུ་དང་།ཚ་བོ་དང་།ཡང་ཚ་དང་།སུམ་ཚའི་བརྒྱུད་པ་ལས།ཆེ་བརྒྱུད།འབྲིང་བརྒྱུད།ཆུང་བརྒྱུད་ཅེས་ཟེར་བ་རྣམས་ལ་གནུབས་རིགས་རུང་བརྒྱུད་ཕྱི་མ་ཞེས་གྲགས།དེ་ལས་ཆུང་བརྒྱུད་ཀྱི་ཕྱོགས་སུ་སྨར་ཚང་བཀའ་བརྒྱུད་པའི་སྲོལ་བཟང་ལ་བརྟེན་ནས་གྲུབ་པ་བརྙེས་པ་ཐར་བའི་རྒྱལ་མཚན།ལུང་རྟོགས་ཀྱི་མངའ་བདག་དགེ་བའི་རྒྱལ་མཚན།རིམ་གཉིས་ཀྱི་རྟོགས་པ་ཕུལ་ཕྱིན་ཤཱཀྱ་རྒྱལ་མཚན་ཏེ་རྒྱལ་མཚན་རྣམ་གསུམ་མམ།ཕྱི་མ་ལ་ཐར་དགེ་ཤཱཀྱ་རྒྱལ་མཚན་ཞེས་ཀྱང་གྲགས་པ་སོགས་དམ་པ་དུ་མ་བྱུང་བ་ཡིན།དེ་ནས་གནུབས་རིགས་རུང་བརྒྱུད་ཆུང་བ་ལ་སྐྱོང་གདུགས་གཉིས་ཟེར་བ་དེ་རིམ་གྱིས་ཡུལ་བརྒྱུད་དེ་ཤར་རྒྱལ་མོ་རོང་གི་སྟོད་ཕྱོགས་ཆུ་བོའི་རྒྱུན་གསུམ་དུ་གྱེས་པ་ལ་རྡོ་གསེར་སྨར་གསུམ་དུ་གྲགས་པ་ཡིན་ཏེ།ཆེ་བ་སྐྱོང་ལོ་ཞེས་ཟེར་བ་ཟླ་ཁོག་སྟོད་དུ་ཕྱིན།ཆུང་བ་གདུགས་དཀར་ཞེས་བསྟོད་མིང་དུ་ཨ་གདུགས།གཅེས་མིང་དུ་གདུགས་ལོ་ཞེས་ཟེར་བ་དེ་གསེར་ཡུལ་བདུད་སྙིང་འགོ་ཞེས་པའི་ས་མིག་དེར་གནས་བཅས་པ་ལ་བུ་གསུམ་སྐྱེས་པའི་ཆེ་བ་དཔལ་གྲགས།འབྲིང་བ་མགོན་སྐྱབས།ཆུང་བ་དར་རྒྱས་གསུམ་སྟེ།མགོན་སྐྱབས་ཀྱི་རྡོའི་སྟོད་དུ་ས་བཟུང་བའི་དེའི་རིགས་བརྒྱུད་ལ་གསེར་སྐོར་ཞེས་མཛུ་སྟོད་དུ་ཆད།དཔལ་གྲགས་ཞེས་བྱ་བ་རྡོའི་སྨད་དུ་ཕྱིན་པ་འདྲ་ལྕགས་ཁུང་ནས་བྱུང་བས་དེ་རུས་སུ་གྲགས་པ་དང་།སྟོད་སྨད་ཀྱི་གནས་ལ་རྟེན་བཅས་པས་ལྕགས་ཁུང་ཁ་སྟོད་དང་ཁ་སྨད་ཞེས་སུ་གྲགས་ཤིང་།དར་རྒྱས་ཞེས་པ་རང་སོར་གནས་པས་ལྕགས་མོ་རུ་གྲགས།དེ་ལྟར་མགོན་སྐྱབས་ཞེས་བྱ་བའི་མི་བརྒྱུད་ལས་ཆད་པའི་རིགས་བརྒྱུད་ཕྱི་མ་ཕ་ཨ་བརྟན་ཞེས་པ་དང་།མ་དམུ་ཚ་སྒའི་རུས་སུ་གཏོགས་པ་བོ་རྫོགས་ཞེས་བྱ་བ་གཉིས་ཀྱི་བུ་རུ་རབ་བྱུང་བཅུ་བཞི་པའི་ཤིང་མོ་ལུག་གི་ལོར་བདག་སྐྱེས་པ་ཡིན།རྒྱུ་མཚན་དེས་ན་སོ་ཟུར་གནུབས་གསུམ་སྔགས་པའི་རྒྱལ་པོར་གྲགས་པའི་ནང་གསེས་གནུབས་རིགས་རུང་བརྒྱུད་ཆུང་བ་ཞེས་སྔོན་དུས་རིག་འཛིན་མ་ཏི་རཏྣའི་ཡང་སྲིད་ཤར་གཏེར་ཆེན་པོ་སོགས་དམ་པ་དུ་མ་རྣམས་གང་ལས་སྐུ་འཁྲུངས་པའི་རིགས་སུ་གྱུར་བའི་བརྒྱུད་པ་ལས་བྱུང་བའི་ཕྱིར།རིགས་ཁྱད་པར་ཅན་ལ་བུ་ཡ་རབས་མི་བརྒྱུད་གཙང་མ་ཡིན་ནོ། །འགྲུ་གནུབས་ཀྱི་ཆེ་བརྒྱུད་ལ་དཔའ་སྐྱེན་འཛོམ་པ།འབྲིང་བརྒྱུད་ལ་ལོངས་སྤྱོད་ཆེ་བ།ཆུང་བརྒྱུད་ལ་གྲུབ་རིགས་དམ་པ་མང་དུ་བྱུང་བ་ཡིན།དེས་ཕ་མའི་རིགས་རུས་ཟུར་ཙམ་བརྗོད་ཟིན་ཏོ། །ཐུབ་དབང་མཆོག་གི་བསྟན་པ་ལ། །རིགས་རུས་གཙོ་བོར་བྱེད་མིན་ཀྱང་། །མ་སྨད་ལས་ཀྱི་འབྲས་མཚོན་ཕྱིར། །བདག་ཉིད་ཆེ་རྣམས་འཇིག་རྟེན་འདིར། །བལྟམས་ཚེ་གྲགས་པའི་རིགས་འཁྲུངས་བཞིན། །བདག་ཀྱང་ལྗོངས་འདིར་ཁྱད་འཕགས་པའི། །རིགས་སུ་སྐྱེ་སྲིད་བཟུང་བའི་ཚུལ། །ཉུང་ངུའི་ཚིག་གིས་གསལ་བར་བྱས། །༈།ན་མོ་གུ་རུ་མཉྫུ་ཤྲཱི་ཡེ།བསོད་ནམས་བྱེ་བའི་དཔལ་མངའ་གཞོན་ནུའི་གཟུགས། །དམར་སེར་ཉི་མ་འཆར་ཀའི་གཟི་འབར་བ། །མི་འཇིགས་སེང་སྔོན་སྟེང་ན་མངོན་འགྱིང་བའི། །འཇམ་དཔལ་སྨྲ་བའི་སེང་གེས་བདེ་ལེགས་སྩོལ། །འདི་ན་གསང་གསུམ་ཡོན་ཏན་བསམ་ཡས་པའི། །འཕགས་ཆེན་དམ་པའི་རྣམ་ཐར་ཇི་བཞིན་དུ། །བསྔགས་འོས་ངོ་མཚར་གྱུར་པ་མ་མཆིས་ཤིང་། །གཞན་གྱི་དོན་དུ་འགྱུར་བ་ཆེས་དཀའ་ཡང་། །གཟུར་གནས་བློ་ཡི་དད་པ་སྤེལ་བའི་ཕྱིར། །རྒན་པོ་རང་གི་ངང་ཚུལ་བརྗོད་པའི་གཏམ། །ད་ལྟ་ཡིད་ལ་ངེས་ཚོད་སྒྲོ་སྐུར་དང་། །བྲལ་བ་སྨྲ་བའི་ངལ་བ་ཁུར་དུ་ལེན། །དེ་ཡང་སྔོན་བྱུང་གི་དུས་ན་ཆོས་སྐུའི་སྟོན་པ་རྡོ་རྗེ་འཆང་ཆེན་པོས་བསྟན་པ་དང་འགྲོ་བའི་དོན་མཛད་པའི་ཕྱིར་གདུལ་བྱའི་ཡུལ་ལ་གཟུགས་ཀྱི་སྐུར་བཞེངས་པ་རྣལ་འབྱོར་དབང་ཕྱུག་ནུས་ལྡན་རྡོ་རྗེ་ཞེས་བྱ་བར་གྲགས་པ་དེ་ཉིད་ཀྱིས་སངས་རྒྱས་སྟོང་ལ་དབང་བསྐུར།ཁམས་གསུམ་ཆོས་ཀྱི་རྒྱལ་པོར་མངའ་གསོལ།འགྲོ་བའི་དོན་དུ་སྨོན་ལམ་རྒྱ་ཆེན་པོ་བཏབ།བསྐལ་པ་བཟང་པོའི་སངས་རྒྱས་སྟོང་གི་བསྟན་པ་མ་རྫོགས་ཀྱི་བར་དུ་ངའི་སྤྲུལ་པའི་སྐུ་མཆོག་དམ་པ་རྒྱུན་མི་འཆད་པར་འབྱུང་ནས་གང་ལ་གང་འདུལ་གྱིས་འགྲོ་བའི་དོན་རྒྱ་ཆེན་པོ་བྱེད་པར་ཤོག་ཅིག།ཅེས་གསུངས་པའི་སྨོན་ལམ་རྣམ་པར་དག་པའི་མཐུས།དུས་སྐབས་ཅི་རིགས་སུ་སྤྲུལ་པ་བརྒྱ་ཕྲག་རེས་འགྲོ་བའི་དོན་མཛད་པ་ལས།བདག་ཅག་གི་སྟོན་པའི་དུས་སུ་སྤྲུལ་པའི་ཉན་ཐོས་ཤཱ་རིའི་བུ་དང་།དེའི་འོག་ཏུ་རིག་འཛིན་ཧཱུྃ་ཆེན་ཀཱ་ར།འབྲོག་བན་ཁྱེའུ་ཆུང་ལོ་ཙཱ།ཀཿཐོག་དམ་པ་བདེ་གཤེགས།གྲུམ་གྱི་མཁར་ནག་པ།ཧེ་པ་ཆོས་འབྱུང་སོགས་དང་།སྔ་མ་རིག་འཛིན་བདུད་འདུལ་རྡོ་རྗེ།ཕྱི་མ་བདུད་འདུལ་རོལ་པ་རྩལ་ཞེས་གྲགས་པ་དེ་ཉིད་ཀྱིས་གྲ་དཀར་གྲ་ནག་ཅེས་ད་ལྟ་ཡུལ་འདི་ཕྱོགས་སུ་ཀློ་དཀར་ནག་ཟེར་བའི་བདུད་ཀྱི་སྡེ་ཚོགས་མང་པོ་ཆོས་ལ་བཙུད་དེ་ཤིང་ཕོ་སྤྲེའུའི་ལོར་རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་སུ་གཤེགས།དེ་འོག་ལྔ་བརྒྱ་སྙིགས་མའི་དུས་སུ་རྒྱ་སོགས་ཀླ་ཀློ་མཐའ་དམག་གདུག་པ་ཅན་གྱི་ཁ་གནོན་དུ་ཨོ་རྒྱན་ཆེན་པོས་དབང་བསྐུར་མངའ་གསོལ་སྨོན་ལམ་མཛད་ནས་སྟེང་ཕྱོགས་ནམ་མཁའ་ཡངས་པའི་མཐོངས་ལ་གཟིགས་ཏེ།ཀྱེ་མ་སྙིགས་མའི་འགྲོ་རྣམས་སྙིང་རེ་རྗེ། །སྨོན་ལོག་ཀླ་ཀློའི་རྫས་སྔགས་ཏིང་འཛིན་གྱིས། །ཤེས་རྒྱུད་བརླམས་པས་ཕན་ཚུན་བསླུ་བར་བྱེད། །བློ་གཏད་ཡུལ་མེད་རང་ལ་ཡིད་མི་ཆེས། །བསགས་པའི་གནག་ཕྱུགས་རྨི་ལམ་ནོར་བཞིན་ཡལ། །ས་བོན་བཏབ་པའི་འབྲས་བུ་སད་ཀྱིས་བཅོམ། །ནད་མུག་མཚོན་གྱི་དུ་རུ་ཀ་ཡིས་མནར། །ང་ཡི་གདུལ་བྱ་སྨོན་ལམ་ལས་འབྲེལ་བའི། །སྐྱེས་བུ་ཕོ་མོ་འགའ་ཞིག་མཆིས་ན་ཡང་། །ལམ་སྟོན་བྱེད་པའི་བཤེས་གཉེན་མ་མཆིས་པས། །ལོང་བ་བཤེས་མེད་བཞིན་དུ་མགོ་འཁོར་ཏེ། །མཐའ་མེད་འཁོར་བའི་ཡུལ་དུ་ཁ་དྲངས་པའི། །བསླུ་བྱེད་ལྟ་ལོག་བླ་གཟུགས་མང་པོ་ཡིས། །ལྟ་བ་མེད་པའི་མུན་སྒོམ་བློ་ཡིད་ཅན། །རྣམ་རྟོག་རྗེས་དེད་འཛིན་དང་སྐྱོང་བྱེད་དེ། །སེམས་ཀྱིས་སེམས་ལ་བལྟ་བས་བདེ་སྡུག་འཚོལ། །ཐ་མར་ལྟ་བའི་མཐར་ཐུག་ཡིན་སྙམ་ནས། །ཤེས་པ་བྱར་མེད་རང་གར་ཡན་པར་འདུག།ཕྱག་རྫོགས་འདི་དང་འདིའོ་སྐད་དུ་བསླུ། །གཟུགས་ཁམས་ལྷ་ཡི་ལས་བསགས་དེ་རུ་འཕེན། །རྫོགས་པ་ཆེན་པོའི་ཉི་མ་སྤྲིན་གྱིས་བསྒྲིབ། །མེ་ཁྱེར་སྲིན་བུ་ཉི་མར་མཐོང་ལ་ལྟོས། །ཞེས་གསུངས་ཏེ་བབས་ཀྱིས་བཞུགས་པ་ལ།མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས། །ཀྱེ་མ་ཀྱི་ཧུད་གུ་རུ་རིན་པོ་ཆེ། །སྙིགས་མ་ལྔ་བདོའི་དུས་ལ་བབས་པའི་ཚེ། །དམུ་རྒོད་འཁྲུལ་པའི་སེམས་ཅན་སྐྱོབ་དཀའ་ཡང་། །སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་རྣམས། །ལོག་ལམ་མུན་པའི་ཡུལ་དུ་ཁ་དྲངས་ཏེ། །མཐའ་མེད་འཁོར་བའི་གནས་སུ་འཕྱན་པ་ལ། །འདུལ་བྱེད་ཕྲིན་ལས་ལས་ཀྱི་ཕོ་ཉ་རུ། །སྤྲུལ་པའི་རིག་འཛིན་དམ་པ་སྐུར་བཞེངས་གསོལ། །ཞེས་ཞུས་པའི་ལན་དུ་ཨོ་རྒྱན་ཆེན་པོའི་ཞལ་ནས།ཉོན་ཅིག་ཡེ་ཤེས་མཁའ་འགྲོ་མཚོ་རྒྱལ་མ། །སྔོན་སྦྱངས་ལས་འཕྲོ་ལྡན་པའི་སྐྱེས་བུ་ནི། །བོད་ཡུལ་མདོ་ཁམས་སྨད་ཀྱི་ས་ཕྱོགས་སུ། །གསང་སྔགས་བསྟན་པའི་ཉི་འོད་ལྷག་མ་ཙམ། །དར་བའི་ཡུལ་དེར་གདུལ་བྱ་འགའ་ཞིག་མཆིས། །རང་ལྟ་མཆོག་འཛིན་བྱེད་པའི་སློབ་དཔོན་གྱི། །དབང་གྱུར་རང་དབང་བརྟན་པ་བྲལ་ན་ཡང་། །རྣལ་འབྱོར་ནུས་ལྡན་རྡོ་རྗེའི་སྨོན་ལམ་མཐུས། །གདུལ་བྱ་འགའ་ཞིག་འདུལ་བའི་ནུས་སྟོབས་ནི། །རིག་འཛིན་བདུད་འདུལ་དཔལ་གྱི་རྡོ་རྗེ་ལས། །གཞན་ན་མེད་དོ་དེ་ཉིད་གཟུགས་སྐུར་བཞེངས། །ཁམས་གསུམ་དབང་ཕྱུག་ལྷ་ཡི་བླ་མ་ཉིད། །གྲོགས་སུ་བསྟེན་ན་གཞན་སྣང་དབང་དུ་བྱེད། །ད་ནི་རིག་འཛིན་རྣལ་འབྱོར་ཕོ་མོ་རྣམས། །དཔག་ཚད་བྱེ་བར་མེ་ཏོག་སིལ་མར་འཐོར། །དར་གྱི་ལམ་སྐྱོང་རོལ་མོ་སྣ་ཚོགས་ཀྱིས། །བདུད་འདུལ་དྲག་པོའི་སྐྱེལ་མ་མཛོད་ལ་ཆོས། །ཞེས་གསུངས་པའི་ལན་དུ་བདག་གིས་འཁོར་བ་ལ་སྐྱོ་སུན་དང་སྙིགས་མའི་སེམས་ཅན་འདུལ་དཀའོ་སྙམ་དུ་བསམ་ནས་གུས་པས་ཐལ་མོ་སྦྱར་ཏེ་འདི་སྐད་ཅེས་ཞུས་སོ། །ཀྱེ་ཧོ་དུས་གསུམ་རྒྱལ་བའི་སྤྱི་གཟུགས་མཆོག།གཏན་གྱི་སྐྱབས་མཆོག་ཨོ་རྒྱན་རིན་པོ་ཆེ། །ཐུགས་བརྩེ་ཐུགས་རྗེ་ཆེན་པོ་ཡིས། །བདག་ལ་གསན་ཅིང་གནང་བ་སྩོལ། །ཞེས་ཞུས་པས།སླར་ཡང་འདི་ལྟར་བཀའ་སྩལ་ཏོ། །ཉོན་ཅིག་བདུད་འདུལ་དྲག་པོ་རྩལ། །སྙིགས་མའི་སེམས་ཅན་འདུལ་དཀའ་ཡང་། །སྔོན་ཚེ་སྨོན་ལམ་ལས་འབྲེལ་གྱིས། །སྐལ་ལྡན་སྐྱེས་བུ་སྟོང་ཕྲག་གསུམ། །ཁྱོད་ཀྱི་གདུལ་བྱའི་ཡུལ་དུ་མཆིས། །ཚེ་གཅིག་གྲོལ་བ་ཐོབ་པ་ཡི། །སྐྱེས་མཆོག་ལྔ་བརྒྱ་ལྷག་ཙམ་མཆིས། །ཁྱོད་ཀྱི་ཕྲིན་ལས་ཕོ་ཉ་རུ། །རྗེ་འབངས་སྤྲུལ་པ་ཉེར་ལྔ་འབྱུང་། །གཞན་ཡང་འགྲོ་བའི་དོན་བྱེད་པའི། །སྤྲུལ་པའི་གཏེར་སྟོན་བཅུ་ཕྲག་འབྱུང་། །གསང་སྔགས་སྟོན་པ་མཆོག་བདུན་གྱི། །སྤྲུལ་པ་ཁྱོད་ཀྱི་བུ་ཚར་སྤྲུལ། །འགྲོ་དོན་འབྱུང་འགྱུར་གདོན་མི་ཟ། །དེ་ཕྱིར་རིག་འཛིན་རྒྱལ་པོ་ཁྱོད། །རྡོ་རྗེ་ཁྲོ་ལོད་སྐུར་བཞེངས་ཏེ། །བཀའ་སྲུང་གཉན་པོའི་གྲོགས་དང་འགྲོགས། །སྔོན་ནས་འབྲེལ་བའི་ཕ་མ་ཡི། །བུ་རུ་བཞེངས་མཛོད་ངའི་ཕྲིན་ལས། །དུས་ལ་བབ་ཀྱི་ད་གཤེགས་ཤིག།ཅེས་གུ་རུ་རིན་པོ་ཆེའི་བཀའ་བཙན་པོ་ལྡོག་པར་མ་ནུས་ཏེ།སྔོན་ནས་ལས་ཀྱིས་འབྲེལ་བའི་ཕ་མ་གང་ཡིན་བརྟག་ཅིང་དཔྱད་པའི་མོད་ལ།སྔོན་ཚེ་ཀཿཐོག་བདུད་འདུལ་རྡོ་རྗེའི་ཕ་མ་གཉིས་ཀ་ཚེ་འཕོས་ནས་མིའི་ལུས་རྟེན་ཐོབ་པ་གོང་སྨོས་བཞིན་གྱི་ཕ་ཨ་ལྕགས་འགྲུ་ཡི་རུས་ཁམས་དང་།མ་དམུ་ཚ་སྒ་ཡི་རུས་སུ་གཏོགས་པ་གཉིས་སྨོན་ལམ་གྱི་དབང་གིས་ཁྱིམ་ཐབས་བྱས་པ་དེ་ལ་ལས་འབྲེལ་ཡོད་པར་མཐོང་ནས་དཔའ་བོ་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པས་མེ་ཏོག་གི་ཆར་འབེབས་པ་དང་བཅས་ཕྱིན་ནས་མའི་ལྷུམས་སུ་བཞུགས།དེ་ནས་རྟག་ཏུ་མའི་རྨི་ལམ་ན་དཔའ་བོ་དང་མཁའ་འགྲོའི་ཚོགས་ཀྱིས་སྲུང་སྐྱོབ་མཛད་པ་དང་ཁྲུས་གསོལ་བྱེད་པ་མཐོང་།ཤིང་མོ་ལུག་གི་ལོ་བྱ་ཟླའི་ཚེས་བཅུའི་ནུབ་མོ་མ་ལས་བཙས་པའི་ཉི་ཤར་ཁར་སྦྲ་ཁྱིམ་ཕྱི་ནང་ཐམས་ཅད་འཇའ་འོད་ཀྱིས་བསྐོར་བ་དང་འཇའ་སྣེ་ཟུག་པ་ཀུན་གྱིས་མཐོང་།དེའི་ཚེ་བླ་མ་འཇིགས་མེད་ཞེས་བྱ་བ་གདན་དྲངས་པ་ན་དེས་ཚེ་དབང་བསྐུར་ཏེ་བླ་མའི་ཞལ་ནས།སྔོན་ཆད་བདག་གིས་ཁྱེད་གཉིས་བཟའ་མི་བྱས་ཏེ་ཁྱིམ་ཐབས་བཟུང་ན་ཤིན་ཏུ་ལེགས་པའི་ཉམས་སྣང་ཤར་བ་དང་།ད་ནང་སྦྲ་ཁྱིམ་ལ་འཇའ་སྣེ་ཟུག་ཡོད་པ་འདི་གཉིས་མཚུངས།དེ་རིང་བདག་གི་ཉམས་ཀྱི་སྣང་བ་ལའང་ཁྱོད་ཀྱི་བུ་འདི་སྤྲུལ་པའི་སྐུ་འགྲན་ཟླ་དང་བྲལ་བ་ཞིག་ཡིན་སྙམ་གྱི།གཞན་བདག་པོ་མེད་ཀྱང་རིགས་སད་དེ་གཞན་ལ་ཕན་ཐོགས་ངེས་ཞིག་ཡོང་བ་འདྲ།དེས་ན་གཙང་སྦྲ་བྱེད་པ་གནད་དུ་ཟུངས་ལ་བར་མཚམས་སུ་བསང་ཁྲུས་ལ་འབད་པར་གྱིས་ཞེས་གསུངས།དེ་ནས་བཟུང་སྟེ་ལོ་གསུམ་གྱི་བར་དུ་མཁའ་འགྲོ་མ་རྣམས་ཀྱིས་མཛེས་པའི་གར་བྱེད་ཅིང་སྙན་པའི་གླུ་ལེན་པ་བདག་གིས་མཐོང་སྣང་དུ་ཤར་བ་དང་།མས་རྨི་ལམ་དུའང་ཡང་ཡང་རྨིས།མཚན་མོའི་དུས་སྐབས་ཅི་རིགས་པར་རྒྱལ་བསེན་དམ་སྲིའི་ཚོགས་རྣམས་ཀྱིས་སྲོག་ལ་རྒོལ་བ་བྱུང་བས་དཔའ་བོ་མཁའ་འགྲོ་རྣམས་དང་འཐབ་རྩོད་གཡུལ་འགྱེད་བྱེད་པ་མཐོང་ནས་འཇིག་སྐྲག་གི་སྣང་བ་རྒྱུན་མི་ཆད་པ་བྱུང་བར་དེའི་ཚེ་དངངས་བཞིན་མ་ལ་འབོད་པ་དང་སྨྲ་སྙིང་འདོད་ཀྱང་སྨྲ་མ་ཤེས་པར་འགྲེ་ལྡོག་བྱེད་ཅིང་ངུས་ཏེ་གཉིད་མ་བྱུང་བར་མ་བུ་གཉིས་ཀས་སྡུག་བསྔལ་ཉམས་སུ་མྱོང་།དེ་ནས་ལོ་གསུམ་ལོན་པ་བྱའི་ལོ་ཁྱིམ་ལ་བབས་པ་ཧོར་ཟླ་གཉིས་པའི་ཚེས་བརྒྱད་ཀྱི་ཉིན་མ་རྒན་གྲོ་མ་བརྐོ་རུ་ཆས་པ་མཐོང་བས་ང་ཡང་རྗེས་སུ་འབྲང་ནས་འགྲོ་སྙམ་སྟེ་སོང་ཚེ་མ་དེས་བདག་སྦྲ་སྒོའི་ཆོན་ཐག་ལ་བཏགས་ཏེ་སོང་།བདག་ངུ་བརྒྱལ་བྱེད་དུ་ཡོད་པའི་ཚེ་བུད་མེད་ཅིག་སླེབ་བྱུང་།བདག་གི་བསམ་པ་ལ་ཨ་མ་སླེབ་བྱུང་བསམ་ནས་བལྟས་པའི་མོད་ལ།མཁའ་འགྲོ་མ་དཀར་མོ་ཤིན་ཏུ་མཛེས་མ་ཞིག་སླེབ་འདུག་པ་དེས།ཁྱོད་ཀྱི་ཨ་མ་ང་ཡིན་པས་འདིར་ཤོག་ཟེར་ཞིང་པང་དུ་བླངས་ཏེ་ནུ་མ་བསྣུན་པ་ལས།ནུས་མ་ཐག་ཏུ་ལུས་སེམས་ཐམས་ཅད་བདེ་བས་མྱོས་སོ། །དེ་ནས་བུད་མེད་དེས་བུ་ཁྱོད་ཨ་མའི་ཚལ་དུ་ཨེ་འགྲོ་ཟེར་ནས་དེ་མ་ཐག་ཏུ་བདག་ཁྲིད་ནས་འགྲོ་སྣང་ཤར་ཏེ་བྱང་ཕྱོགས་ཀྱི་འཇིག་རྟེན་མང་པོའི་ཕ་རོལ་ཏུ་སོང་བའི་མོད་ལ་རིན་པོ་ཆེ་བཻཌཱུརྱའི་ཁ་དོག་ཏུ་སྣང་བའི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པའི་ཁོར་ཡུག་དཔག་བསམ་གྱི་ཤིང་གིས་བསྐོར་བ།དབུས་སུ་མེ་ཏོག་སྣ་ཚོགས་ཀྱིས་བརྒྱན་པའི་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་དབྱིབས་མཛེས་ཤིང་བཀོད་ལེགས་པ་ཡིད་དུ་འོང་ཞིང་ཉམས་དགའ་བའི་ནང་དུ་རིན་པོ་ཆེའི་ཁྲིའི་ཁར་པདྨ་དང་ཉི་ཟླའི་སྟེང་དུ་བཅོམ་ལྡན་འདས་གདོན་མི་ཟ་བའི་རྒྱལ་པོ་ཞེས་བྱ་བ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པ།གཡས་སྐྱབས་སྦྱིན་དང་གཡོན་མཉམ་བཞག་གི་ཕྱག་རྒྱ་མཛད་པ།ཆོས་གོས་རྣམ་གསུམ་གསོལ་ཞིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ།དེའི་གཡས་སུ་བྱང་ཆུབ་སེམས་དཔའ་གསལ་ཁྱབ་དབང་པོ་ཞེས་བྱ་བ་དང་།གཡོན་དུ་རྣམ་པར་གྲོལ་བའི་རྒྱལ་པོ་ཞེས་བྱ་བ་གཉིས་ཀ་སྐུ་མདོག་དཀར་པོ་དང་དམར་པོའི་ཁ་དོག་འོད་དུ་འབར་བ་མཆོད་པའི་སྤྲིན་གྱིས་རྒྱལ་བ་དེ་ལ་རྟག་ཏུ་མཆོད་ཅིང་གུས་པའི་ངག་གིས་བསྟོད་པ།གཞན་ཡང་བྱང་ཆུབ་སེམས་དཔའ་དང་སེམས་མའི་ཚོགས་ནམ་མཁའི་སྐར་ཚོགས་ཙམ་གྱིས་རྒྱལ་བ་དེ་ལ་རབ་ཏུ་གུས་པས་ཕྱག་འཚལ་ནས་ཚིགས་སུ་བཅད་པ་དུ་མས་བསྟོད་པར་བྱེད་པ་བཞིན་བདག་གིས་ཀྱང་འདི་སྐད་བརྗོད་དོ། །ན་མོ། །རིགས་དང་དཀྱིལ་འཁོར་ཀུན་གྱི་བདག་ཉིད་མཆོག།བཅོམ་ལྡན་རྒྱལ་བ་ཁྱོད་ལ་ཕྱག་འཚལ་ལོ། །བདག་སོགས་འཁོར་བར་འཕྱན་པའི་འགྲོ་བ་ཀུན། །སྲིད་པའི་མཚོ་ལས་བསྒྲལ་ཞིང་དབུགས་དབྱུང་མཛོད། །ཅེས་གུས་པས་ཕྱག་འཚལ་ཞིང་གསོལ་བ་བཏབ་པས།རྒྱལ་བ་དེའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་དང་ལྡན་པ་བྱུང་ནས་བདག་གི་སྙིང་གར་ཐིམ་པས་བདེ་བ་དང་སྟོང་པའི་ཡེ་ཤེས་ཉམས་སུ་མྱོང་ངོ་། །དེ་ནས་དེ་བཞིན་གཤེགས་པ་དེའི་ཞལ་ནས།བུ་ཁྱོད་ངའི་རྒྱལ་ཚབ་དམ་པར་བསྔགས་སོ། །གསང་སྔགས་རྡོ་རྗེ་ཐེག་པའི་དབང་བསྐུར་རོ། །མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པ་ཡིན་ནོ། །ཞེས་གསུངས་ཏེ་ཤེལ་གྱི་སྒྲོམ་བུ་ཞིག་ལག་ཏུ་གཏད་བྱུང་བའི་ནང་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གི་རི་མོ་དཀར་དམར་མཐིང་གའི་ཚོན་གྱིས་བྲིས་པ་ལྟར་གསལ་བ་འདི་ནི་ཕ་ནོར་བུའི་སྐལ་བ་ཡིན་པས་ཁྱོད་ཀྱིས་ཐེ་ཚོམ་མེད་པར་ཁྱུར་མིད་དུ་ཐོངས།ཞེས་གསུངས་པ་བཞིན་ཁྱུར་མིད་དུ་བཏང་བས་ཆོས་ཀྱི་རྣམ་གྲངས་མང་པོ་དྲན་པ་དང་།སྔོན་གྱི་སྐྱེ་སྲིད་རྣམས་སུ་ཐོས་པ་དང་སྦྱངས་པའི་འཕྲོ་དང་བསྐྱེད་དང་རྫོགས་པའི་རིམ་པ་ཐམས་ཅད་སྤར་གྱིས་བཏབ་པ་བཞིན་དུ་བཀྲ་ལམ་མེར་ཡིད་ལ་གསལ་བའི་ངང་དུ་ཡུན་ཅིག་གནས་པ་བྱུང་།དེ་ནས་རྨི་ལམ་སད་པ་བཞིན་དུ་དབྱིངས་སུ་ཡལ་བའི་མོད་ལ་བདག་གི་མ་དེའང་རྩ་བ་རུ་སླེབ་འདུག་ཅིང་འདི་ངུ་བརྒྱལ་དུ་སོང་ནས་འཆིའམ་ནད་ཞིག་བྱུང་བ་རེད་ཟེར་ཞིང་ངུ་སྟེ་ཕ་ལ་བླ་མ་འབོད་དུ་སོང་ཞེས་ཟེར་བས།བླ་མ་འཇིགས་མེད་གདན་དྲངས་ནས་དེས་ཚེ་དབང་དང་ཚེ་འགུགས་མང་དུ་བྱས་ནས་ན་རེ།བུ་འདི་ནད་ཀྱིས་ཐེབས་པ་མ་ཡིན་ཏེ་སྔོན་སྦྱངས་ལས་ཀྱི་འཕྲོ་ཞིག་སད་པ་ཡིན་འདྲ་གསུངས།དེའི་ཚེ་བདག་གི་མངོན་ཤེས་ཀྱིས་བལྟས་པས་སྔོན་ཚེ་བདུད་འདུལ་རྡོ་རྗེའི་ཁུ་བོ་འཚམས་ཕུག་སྒོམ་ཆེན་ཞེས་བྱ་བ་སྨོན་ལམ་སྟོབས་ཀྱིས་བདག་གི་བླ་མ་དང་མི་དཔོན་དུ་གྱུར་པ་ཡིན་པར་མཐོང་།དེ་ནས་བཟུང་སྟེ་བདུད་བགེགས་ཀྱིས་གླགས་ཚོལ་དང་ལྷ་འདྲེས་འཐབ་མོ་བྱེད་པ་ཐམས་ཅད་རང་ཡལ་དུ་སོང་།ལོ་དེའི་དབྱར་ཟླ་ར་བའི་ཚེས་བཅུའི་ནུབ་མོ་རྨི་ལམ་ན་ཨོ་རྒྱན་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་ནས་ཡིན་ནོ་སྐད་པའི་བུད་མེད་ཞིག་བྱུང་ནས།བདག་ལ་བུ་ཁྱོད་ནུབ་ཕྱོགས་ཨོ་རྒྱན་གྱི་ཡུལ་དུ་འགྲོ་ཞེས་ཟེར་ཞིང་ཁྲིད་ནས་སྟེང་ཕྱོགས་དཔག་ཚད་འདས་པའི་ནམ་མཁར་མདའ་འཕང་བ་ལྟར་སོང་བས།ཡུལ་ལུང་མང་པོའི་ཕ་མཐའ་བརྒལ་བའི་ཚེ་རི་བོ་ཐམས་ཅད་ཀེང་རུས་སྐམ་པོ་འོད་འབར་བ་རྩི་ཤིང་མེད་པར་མཚོན་ཆ་སྣ་ཚོགས་ཀྱི་ནགས་ཚལ་ལས་མཚོན་ཆའི་ཚྭ་ཚྭ་སྐྱི་སེར་ལྟར་འཕྲོ་བ།ཆུ་རྣམས་ཐམས་ཅད་ཁྲག་གི་མཚོ་ཀླུང་ཁྲག་གི་ལྦུ་བ་སྦྲ་གུར་ཙམ་གྱི་ནང་དུ་མི་རོ་དང་རྟ་རོ་སྟག་གཟིག་དོམ་དྲེད་ལ་སོགས་སྲོག་ཆགས་ཀྱི་རོས་གང་བ།འབྱུང་བཞིའི་སྒྲ་དང་སྲོག་ཆགས་ཀྱི་སྐད་ཐམས་ཅད་ཕཊ་ཕེཾ་སོད་རྒྱོབ་ཀྱི་སྒྲ་འབྲུག་སྟོང་དུས་གཅིག་ཏུ་ལྡིར་བ་བཞིན་དུ་གྲགས་པ།གཟུགས་སྣང་ཐམས་ཅད་ཁྲོ་བོ་དང་ཁྲོ་མོ་མཚོན་ཆ་ཐོགས་པ་དཔག་ཏུ་མེད་པ་དང་།མི་ནག་ཕོ་མོའི་ཚོགས་ཀྱིས་མཚོན་ཆའི་འཁྲུལ་འཁོར་འགྱེད་པ།མེ་རླུང་འཚུབས་མ་འབར་འཁྲིགས་འུར་ཆེམ་སྒྲོགས་པ་དེ་ལྟ་བུའི་རབ་འཇིགས་རྔམས་བརྗིད་འཇིགས་སུ་རུང་བའི་ཡུལ་དབུས་སུ་དུར་ཁྲོད་ཀྱི་རུས་པ་གསར་རྙིང་བརྩིག་པའི་ཁང་པ་གྲུ་གསུམ་རྒྱ་ཆེ་ལ་དཔངས་མཐོ་པའི་ནང་དུ་མི་རོ་གསར་རྙིང་མང་པོའི་ཁྲིའི་སྟེང་དུ།མཁའ་འགྲོའི་གཙོ་མོ་རྡོ་རྗེ་ཕག་མོ་ཞེས་བྱ་བ་སྐུ་མདོག་མཐིང་ནག་རབ་འཇིགས་རྔམས་བརྗིད་ཤིན་ཏུ་ཁྲོས་པའི་ཉམས་ཅན་སྤྱི་བོར་ཕག་ཞལ་ནག་པོ་གྱེན་དུ་ངུར་བ།ཕྱག་གཡས་པས་གྲི་གུག་མཁའ་ལ་ཕྱར་བས་དཔའ་བོ་དང་མཁའ་འགྲོའི་ཚོགས་དབང་དུ་སྡུད་པ།གཡོན་པས་ཐོད་པར་སྣང་སྲིད་ཁྲག་ཏུ་བསྒྱུར་ཞིང་རོལ་པ།ཞབས་གཡས་བསྐུམ་གཡོན་བརྐྱང་གར་སྟབས་ཀྱི་རྣམ་པས་བཞེངས་པ།ཁ་ཊྭཱྃ་ཀ་མཆན་དུ་བརྟེན་ཅིང་དུར་ཁྲོད་ཀྱི་ཆས་རྫོགས་པ།མཁའ་འགྲོ་སྐར་ཚོགས་ལྟ་བུའི་དབུས་ན་འགྱིང་བ་ཞིག་དང་མཇལ་ཚེ།མཁའ་འགྲོ་མ་དེའི་ཞལ་ནས་བདག་ལ་འདི་སྐད་དོ། །བུ་ཁྱོད་པདྨའི་རྒྱལ་ཚབ་མཆོག་ཏུ་བསྔགས། །དེང་སང་ནག་ཕྱོགས་བདུད་དཔུང་ཁ་དར་ནས། །དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་ཉམས་རེ་དམའ། །ཁྱད་པར་ཡུལ་དེར་ལྟ་ལོག་བླ་གཟུགས་ཞིག།སྲོག་གཅོད་རྒྱལ་འགོང་གདུག་ཅན་ཞིག་ཏུ་སྐྱེས། །ཤི་རྐྱེན་གྲི་རུ་ཤི་བས་ལས་རྐྱེན་འཐབ། །དེ་ཡིས་བླ་བཙུན་དམ་ལྡན་ཐམས་ཅད་དང་། །ཆེ་དྲག་རིགས་རྣམས་ཕྲག་དོག་དབང་གིས་གསོད། །དེ་དབང་སོང་ཚད་དམ་སྲི་རྒྱལ་པོར་འཁྲུལ། །དེ་ཡིས་ཁྱོད་ཀྱི་ཚེ་སྲོག་བསྟན་ལ་རྒོལ། །དེ་ཕྱིར་ང་ཡིས་བསྲུང་སྐྱོབ་བྱིན་རླབས་བྱེད། །ཅེས་གསུངས་མཐར་ཕྱག་གི་མཐིལ་ནས་བཾ་ཧ་རི་ནི་ས་ཞེས་པའི་ཡིག་འབྲུ་ལྔ་འཕྲོས་ཏེ་བདག་གི་ལུས་ལ་འོད་ཕུང་ཁ་དོག་ལྔའི་གོས་བསྐོན་ཅིང་ནུ་མ་གཡས་ཀྱི་རྩེ་ནས་བྃ་ཡིག་ཞིག་ཆད་དེ་སྙིང་གར་ཞུགས་པས་ལུས་ཐམས་ཅད་འོད་དམར་གྱིས་ཁྱབ་ཅིང་འོད་དུ་གྱུར་པར་སྣང་ངོ་། །ད་བུ་ཁྱོད་རང་གི་གནས་སུ་སོང་ཞིག་དང་ཚེའི་སྨད་དུ་འགྲོ་དོན་རྒྱ་ཆེན་པོ་འབྱུང་ངོ་། །ཞེས་གསུངས་ཤིང་མགོ་ལ་ཕྱག་གིས་བྱིལ་བ་མཛད་ཙམ་ནས་གཉིད་སད་པས་སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན་དུ་མི་སྣང་བར་གྱུར་ཏོ། །ལོ་ཁྱིམ་དེའི་དགུན་ཟླ་ཐ་ཆུང་གི་ཚེས་དགུའི་སྔ་དྲོའི་ཆ་ཞིག་ཏུ་ལུག་གི་ར་བའི་ཕྱི་རོལ་ཏུ་རྩེད་མོར་ཕྱིན་པའི་ཚེ་མཐོང་སྣང་དུ།གཡུའི་མི་ཕོ་ལྕགས་ཀྱི་རྟ་ལ་ཞོན་པ་ལག་གཡས་ན་མདུང་དར་དཀར་པོ་ཕྱར་བ་ཞིག་གིས་བདག་གི་གཡས་ཀྱི་ཕྱོགས་ནས་ལན་གསུམ་བསྐོར་ཏེ་སྟག་ལྤགས་ཀྱི་ཞྭ་མོ་ཕུད་ནས་འདི་སྐད་ཟེར།ཀྱེ་ཧོ་ཁྱེའུ་ཆུང་ལོ་ཙྭ་བ། །ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ང་ཕྱི་ལྟར་རྔ་ལ་སྟག་རྩེ་ལགས། །ནང་ལྟར་བཙན་རྒོད་སྲོག་ལེན་ཞེས། །གསང་བ་ཞང་བློན་སྡེ་དགུ་ཡིན། །སྔོན་བྲག་དམར་ཡེར་པ་ཞེས་བྱ་རུ། །དཔལ་ཨོ་རྒྱན་ཆེན་པོས་དབང་བསྐུར་ནས། །གཏེར་ཆེན་གསུམ་གྱི་གཉེར་ཁ་བཅོལ། །ནོར་ལོངས་སྤྱོད་བསམ་ཡས་གནང་ཞིང་གཏད། །དུས་ལྔ་བརྒྱ་སྙིགས་མ་ལ་བབས་ཚེ། །ང་ཨ་ལྕགས་འགྲུ་ལ་བུ་རུ་འོང་། །གཏེར་གཅིག་འདི་གཏོད་ཅེས་བཀའ་སྩལ་པ། །ཁྱོད་ཨེ་ཡིན་སྙམ་ནས་བལྟ་རུ་འོང་། །ད་ངོ་ཤེས་ཟེར་ཞིང་འཛུམ་གྱིས་ཡལ། །དེ་ནས་རང་ལོ་བཞི་པ་ལ་བབས་པ་ཟླ་བ་བཞི་པའི་ཚེས་བདུན་གྱི་ཉིན་རྩེད་མོར་ཕྱིན་པའི་ལམ་ཁ་ཞིག་ཏུ་ཐལ་ཕུང་རྙིང་ཞིང་འཐས་པ་ཞིག་དང་འཕྲད་པས་དེར་ཁུང་བུ་མང་པོ་བྲུས་ནས་བཞག།ནངས་པར་ཕྱིན་ཏེ་བལྟས་པས་ཁུང་བུ་ཞིག་གི་ཕུག་ན་བྲ་བ་དཀར་པོ་ཞིག་འདུག་པ་མཐོང་བས།བདག་གིས་བཟུང་བར་འདོད་ཀྱང་འཛིན་ཡང་མ་ཕོད་པར་ཡུན་ཅིག་གི་ཚེ་ཐུར་མས་བཙུག་པས།བྲ་བ་དེ་ཙོག་བུར་འདུག་ཅིང་འདི་སྐད་ཟེར།པིའི་པིའི་ཀཾ་ཀཾ་ལེ་ལེ་ཧོ།སྐྱབས་ཀྱི་དམ་པ་དཀོན་མཆོག་གསུམ། །སངས་རྒྱས་སྐུ་དང་ཡེ་ཤེས་བདེན། །དམ་ཆོས་བདེན་པ་གཉིས་ཀྱིས་བདེན། །དགེ་འདུན་ལུང་རྟོགས་ཡོན་ཏན་བདེན། །དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས། །སེམས་ཅན་རང་ངོ་མ་རིག་འཁྲུལ། །འཁྲུལ་པར་མངོན་ཞེན་བདེ་སྡུག་ཚོར། །ཚོར་བ་ཐམས་ཅད་སྡུག་བསྔལ་ཏེ། །དེ་ལྟར་འཁྲུལ་ཚད་སྙིང་རེ་རྗེ། །ང་ནི་ཨ་ཆུང་ངོ་རེ་མཚར། །སྟེང་ཕྱོགས་ཚངས་པའི་ཡུལ་ནས་འོང་། །ལྷ་བུ་བ་བྷོ་བྱ་བ་ཡིན། །ཨ་མཚར་མཚར་རེ་གད་མོ་བྲོ། །ཤ་ར་དྭ་ཏིའི་བུ་ལ་ལྟོས། །དགྲ་བཅོམ་སྐད་དེ་དགྲ་གང་ལགས། །གྲོལ་བ་སྐད་དེ་སུ་ཞིག་གྲོལ། །བདུད་འདུལ་སྐད་དེ་བདུད་གང་འདུལ། །འདས་པར་སྐད་དེ་གང་ལས་འདས། །སེམས་ཅན་ཡིན་ན་མྱང་འདས་སུ། །སེམས་ཅན་ངེས་པ་ང་ལ་འཚེ། །སྙིང་རྗེ་མེད་ན་ཅིའི་བྱང་སེམས། །རང་མཚང་རང་གིས་སྟོན་པ་དེ། །མི་མཐོང་ཁ་ཕོ་ཨ་ཁ་ཁ། །ང་ཟུངས་ཆུ་ཡི་ནང་དུ་འཕོང་། །ལྷ་ཕྲུག་དུད་འགྲོའི་བུ་རུ་བརྫུ། །དུད་འགྲོ་ཀླུ་ཡི་བུ་རུ་བརྫུ། །ཀླུ་བུ་བརྒྱ་བྱིན་གནས་སུ་འགྲོ། །ངོ་མཚར་རྩེད་མོ་དེ་ན་ཡོད། །ཅེས་ཟེར་ཞིང་བདག་གི་ལག་མཐིལ་དུ་བབས་ནས་དེ་མ་ཐག་ཏུ་སྦལ་པ་ནག་པོ་ཞིག་ཏུ་གྱུར་པ་ན་ཆུའི་ཁར་མཆོང་རྒྱུག་བྱེད་པའི་མོད་ལ།ནམ་མཁའི་ཁམས་ནས་འཇའ་ཚོན་ཞིག་ཤར་གྱིས་བརྐྱངས་ཏེ་སྦལ་པའི་སྟེང་དུ་སླེབས་མ་ཐག་ཏུ་སྦལ་པ་དེ་འོད་དུ་དེངས་ནས་ནམ་མཁའ་ལ་ཡལ་སོང་།དེ་ནས་ཟླ་བ་དེའི་ཚེས་ཉེར་བརྒྱད་ཀྱི་ཉིན་གསེར་ཆུ་ཤིན་ཏུ་ཆེ་བར་ཡོད་པའི་དུས་ན་དེའི་འགྲམ་དུ་རྩེད་མོར་ཕྱིན་པ་ལས་ནགས་ཐད་ཅེས་རིའི་ཞོལ་འགྲམ་ཆུའི་དཀྱིལ་དུ་ཕ་ཝང་ཆེན་པོ་ཞིག་འདུག་པའི་རྩ་བ་ན་མི་རྒན་སྐྲ་དང་སྨ་ར་དཀར་པོ་ཅན་ཞིག་ངེད་རང་ལ་མིག་གཉིས་འབྲུ་ཚུགས་སུ་བལྟ་ཞིང་འདུག་པ་མཐོང་།བདག་དེ་ལ་ཅུང་ཟད་ཞིག་སྐྲག་བཞིན་དུ།ཨ་ལེ་ཞེས་གསུམ་བོས་པའི་ཐ་མ་ལ་ཨ་ཟེར།བདག་གི་བཞིན་ལ་འབྲུ་ཚུགས་སུ་བལྟ་མི་ཁྱོད་སུ་ཡིན་དྲིས་པས་འདི་སྐད་ཟེར།ཡེ་ཡེ།རི་ཆེན་པོ་དགུང་ལ་བསྙེགས་པ་འདི། །ཡེ་སྲིད་པའི་རླུང་རྡུལ་ཚོགས་པ་འདྲ། །སྟེང་ནམ་མཁའ་སྔོ་སངས་མཐོང་བ་འདི། །ཡེ་སེམས་ཅན་མི་ཤེས་འཁྲུལ་པ་འདྲ། །བར་བར་སྣང་སྟོང་ཧད་སྣང་བ་འདི། །ནང་གཞན་དུ་བཟུང་བས་ལེན་པ་འདྲ། །མཚོ་ཆེན་པོར་སྐར་མ་སྣང་བ་འདི། །ནམ་མཁའ་ལ་ཐ་དད་བཟུང་བ་འདྲ། །རྫས་གཅིག་གིས་མང་པོར་འགྱུར་བ་འདི། །རང་སྣང་བ་རྫུན་པའི་མཚན་ཉིད་འདྲ། །མི་མེད་ལ་མི་རྒན་སྣང་བ་དེ། །ཁྱོད་ཁྱོད་ཉིད་འཁྲུལ་རྒན་ཡིན་པ་འདྲ། །རྒྱབ་སྲ་བ་རྡོ་ལ་གཏད་པ་འདི། །ཁྱོད་གཟུང་འཛིན་འཁྲུལ་པ་འཐས་པ་འདྲ། །ང་ཁྱོད་ཡིན་སྲིད་པའི་མི་རྒན་འདྲ། །ཁྱོད་སྲིད་པའི་མི་རྒན་འཁྲུལ་སྣང་ལ། །བུ་བྱིས་པར་སྣང་བ་མཚར་ཆེ་འདྲ། །ཞེས་བརྡའ་གོའམ་ཟེར་བར་ངས་མ་གོ་སྨྲས་པ་དང་།ཧ་ཧ་ཞེས་ཟེར་ཞིང་མིག་འཕྲུལ་ལྟ་བུར་དབྱིངས་སུ་ཡལ་ལོ། །ལོ་དེའི་ཟླ་བ་བརྒྱད་པའི་ཚེས་ལྔའི་ནུབ་མོར་སྟེང་གི་ནམ་མཁར་ཁྲུང་ཁྲུང་བྱ་འཕྲེང་དུ་འགྲོ་བ་མཐོང་ཚེ་དེའི་སྐད་ལ་ཉན་པས་སྒྲ་འདི་ཐོས་སོ། །ཀུར་ཀུར།སྔོན་བསྐལ་པ་བཟང་པོའི་དུས་ཞིག་ན། །དཔལ་སངས་རྒྱས་སྟོན་འཁོར་ཡུལ་ལ་ཚོགས། །འཁོར་འདུས་པའི་ཚོགས་དེ་སྐྱིད་པ་ལ། །ད་ལོ་རྒྱུས་ཙམ་ཡང་ཐོས་རྒྱུ་མེད། །དུས་བར་གྱི་བསྐལ་པ་བཟང་པོ་ལ། །དཔལ་གྲུབ་དབང་སྐར་ཚོགས་ལྟ་བུ་ཡིས། །འཁོར་གྲུབ་པའི་ཚོགས་ལ་ཆོས་འཁོར་བསྐོར། །དེར་སྐྱེས་པའི་གདུལ་བྱ་སྐྱིད་པ་ལ། །ད་མི་སྣང་བ་ལ་ཞེ་རེ་རྨོངས། །དུས་ཐ་མའི་བསྐལ་པ་བཟང་པོ་ལ། །བོད་མ་སངས་བདུད་ཀྱི་ཡུལ་འདི་རུ། །རྗེ་མཁན་སློབ་ཉི་ཟླ་ཟུང་ཞིག་ཤར་། །དེར་ལོ་པཎ་སྐར་ཚོགས་ཙམ་གྱིས་བསྐོར། །བོད་ཁམས་ཀྱི་བསྟན་འགྲོ་སྐྱིད་པ་ལ། །དུས་དེང་སང་མི་གནས་ཡི་རེ་མུག།ཡང་བསྐལ་བའི་མར་གཤམ་ལ་བབས་ཚེ། །རྗེ་གྲུབ་པ་ཐོབ་པའི་གཏེར་ཆེན་རྣམས། །འཁོར་སློབ་འབངས་ཚོགས་ཀྱིས་བསྐོར་བའི་དུས། །ཡུལ་བོད་ཁམས་སྐྱིད་པའི་ཉི་མ་ཤར། །ད་མི་གནས་རྨི་ལམ་བཞིན་དུ་ཡལ། །དབྱར་སྤང་སྔོན་མེ་ཏོག་གིས་བརྒྱན་ཅིང་། །རྩི་ཤིང་དང་ལོ་འབྲས་སྣ་ཚོགས་རྒྱས། །གནས་ན་ཆེན་ཁྲོད་དུ་སྐྱིད་པ་ལ། །ད་མི་གནས་རྨི་ལམ་བཞིན་དུ་ཡལ། །ངེད་མ་བུ་ལྷོ་མོན་ཡུལ་དུ་འགྲོ། །དུས་ལྔ་བརྒྱ་སྙིགས་མའི་མར་གཤམ་འདིར། །ཡུལ་སེམས་ཅན་དམུ་རྒོད་ཉོན་མོངས་རགས། །འདུལ་བྱེད་ཀྱི་སྟོན་པ་ཞིག་བྱུང་ཡང་། །ཁྲུང་མ་བུ་ཁམས་ཡུལ་ལུས་པ་བཞིན། །ཕྱིས་གདུལ་བྱ་འདུལ་དཀའ་སྡུག་རེ་བསྔལ། །ད་ཞིང་ཁམས་གཞན་དུ་གཤེགས་ན་བསམ། །ཕྱི་ས་མཐའི་ཀླ་ཀློ་ལ་བལྟས་ན། །དུས་མི་རིང་བསྟན་པའི་ཉི་མ་དེ། །བདུད་ལྟ་ལོག་སྤྲིན་གྱིས་བསྒྲིབ་ལ་ལྟོས། །ཞེས་ཟེར་ཞིང་ནུབ་ཕྱོགས་ཀྱི་ནམ་མཁའ་ལ་བཞུད་སོང་།ཡང་རང་ལོ་ལྔ་པ་ཕག་གི་ལོ་ཁྱིམ་ལ་བབས་པའི་ཧོར་ཟླ་དྲུག་པའི་ཚེས་བཅུའི་ཉིན་ལྷོ་ནུབ་མཚམས་ཀྱི་ནམ་མཁར་སྤྲིན་དཀར་འཁྲིགས་པའི་ཀློང་དུ་འཇའ་འོད་ཀྱི་གུར་ཁྱིམ་ཁ་དོག་ལྔ་ལྡན་མུ་ཁྱུད་ལྟར་བསྐོར་བའི་ནང་དུ་མི་དཀར་མཛེས་པ་དར་ཀྱི་ན་བཟའ་ཅན་ཞིག་གིས་འཇའ་ཚོན་གྱི་ལམ་བརྒྱུད་བདག་གི་ཐད་དུ་བྱུང་ནས།ཤེལ་དཀར་གྱི་ཕྲེང་བ་ཞིག་བདག་ལ་སྤྲད་དེ།བུ་ཁྱོད་ཀྱིས་ཡིག་དྲུག་དུང་ཕྱུར་གཅིག་འགྲུབ་ན་ཚེའི་སྨད་དུ་འགྲོ་དོན་རྒྱ་ཆེན་པོ་ཞིག་འབྱུང་གི།ཞེས་ཟེར་ཞིང་བདག་གི་སྙིང་གར་ཐིམ་པའི་སྣང་བ་ཤར།མཐར་ཞག་འགའ་ཞིག་གི་བར་དུའང་སྣང་བ་ཐམས་ཅད་རི་བོ་ཏ་ལའི་ཞིང་ཁམས་སུ་མཐོང་ནས་མ་དག་པའི་སྣང་བ་རྡུལ་ཕྲན་ཙམ་ཡང་མ་བྱུང་།ལོ་དེའི་ཟླ་བ་བཅུ་པའི་ཚེས་ཉེར་ལྔའི་ཉིན་ཡར་ཆེན་ཞེས་བྱ་བའི་ལུང་མདོར་རྩེད་མོར་ཕྱིན་པའི་ཚེ།དེར་སྐྱེས་བུ་མི་དམར་རྟ་དམར་ཅན་ཞིག་གིས་མདའ་དར་ཞིག་བདག་ལ་གཏད་ནས་འདི་སྐད་ཅེས་ཟེར།ཀྵཿམདའ་འདི་འོམ་མདའ་དམར་པོ་དབང་གི་རྫས། །དར་མཚོན་སྣ་ལྔས་ཕྲིན་ལས་རྣམ་བཞི་འགྲུབ། །མ་འོངས་བསྐལ་བ་ཡོས་བུའི་ལོ་ཁྱིམ་དེར། །ཡ་གིའི་ལུང་པ་ཕུ་རུ་བཙུག་བྱས་ན། །བསོད་ནམས་སྙན་གྲགས་དཔལ་ཁ་དར་རྒྱས་བྱེད། །ང་ནི་གནོད་སྦྱིན་ཤན་པ་དམར་ནག་ཡིན། །སྐྱེ་བ་དུ་མར་ཁྱོད་དང་འབྲལ་མ་མྱོང་། །ད་ལྟ་ཁྱོད་ཀྱི་ཕྲིན་ལས་གྲོགས་ངས་བྱེད། །ཅེས་ཟེར་ཞིང་མིག་འཕྲུལ་བཞིན་དུ་ཡལ་སོང་།ཡང་ལོ་ཁྱིམ་དེའི་དགུན་ཟླ་ར་བའི་ཚེས་བཅོ་ལྔའི་དགུང་མོར་ཡར་ཆུང་ཞེས་བྱ་བའི་ལུང་མདའ་རུ་རྩེད་མོར་སོང་ཚེ།རི་བོང་དམར་པོ་ཞིག་མཐོང་བའི་རྗེས་སུ་སོང་བས་སྤྲེའུ་ཞིག་ཏུ་གྱུར་པ་ཙོག་པུར་འདུག་ནས་འདི་སྐད་ཟེར།ང་ནི་ཁྱོད་ཀྱི་ཕའི་བུད་མེད་སྔ་མ་ཁྱོད་རང་གི་མ་ཡར་ཤི་བའི་གཤིན་པོའི་བླ་འཁྱམས་དེ་ཡིན་ཟེར།དེ་ལ་བདག་གིས་སྲོག་གར་སོང་རྣམ་ཤེས་གར་སོང་དྲིས་པའི་ལན་དུ།སྲོག་ནི་མོ་འདྲེས་བཅད་རྣམ་ཤེས་ནི་ཀོང་པོའི་ཡུལ་དུ་ཁྱི་མོ་ཞིག་གི་ལུས་བླང་ནས་ཡོད་ཟེར་བ་ལ།ངས་རྣམ་ཤེས་མེད་ན་ཁྱོད་ཅི་ལས་བྱུང་སྨྲས་པའི་ལན་དུ།མོ་ན་རེ།ཧེ།ང་རུ་འཛིན་དང་བདག་ཏུ་སྣང་། །ཤེས་པ་དེ་ཡི་རྟེན་འབྲེལ་ལས།བླ་ཞེས་ཤུལ་མིའི་ཡོད་འཛིན་གྱིས། །བླ་རུ་སྣང་བ་བྱུང་བ་ཡིན། །མེད་པར་བྱས་ན་ཡེ་ནས་མེད། །ཡོད་པར་བཟུང་ན་ང་ཙམ་ཡོད། །ཅེས་ཟེར་ཞིང་ཡུལ་མེད་དུ་ཡལ་སོང་། །ཉམས་སྣང་སྒྱུ་མའི་ལྟད་མོ་མང་མཐོང་བས། །ཆོས་ཀུན་སྒྱུ་མ་ལྟ་བུར་རྟོགས་པ་ཡི། །ལྟ་བའི་བོགས་ཐོན་ན་ཚོད་ཆུང་ན་ཡང་། །རྟོགས་པའི་ལུས་སྟོབས་རབ་ཏུ་རྒྱས་པར་གྱུར། །སེམས་ཅན་ལས་ནུས་བསམ་གྱིས་མི་ཁྱབ་ཅིང་། །རྣལ་འབྱོར་ཉམས་ཀྱི་མཐོང་སྣང་ཚད་མེད་ཀྱང་། །ཀློང་ཆེན་གཞི་སྣང་ཕྱི་རུ་གསལ་བ་ལས། །གཞན་དུ་གྱུར་པའི་ཆོས་འགའ་ཡོད་མ་ཡིན། །ཡང་རང་ལོ་དྲུག་པ་བྱི་བའི་ལོ་ཁྱིམ་གྱི་ཧོར་ཟླ་དྲུག་པའི་ཚེས་གཅིག་གི་ནངས་པར་མལ་ནས་གཉིད་སད་པའི་མོད་ལ་མདུན་གྱི་ནམ་མཁར་ལྕགས་ཀྱི་སྡིག་པ་ནག་པོ་མགོ་དགུ་ཤིག་ཤིག་འགུལ་བ་ཞིག་མཐོང་བའི་མོད་བདག་བྲེད་ཅིང་མ་བཟོད་པར་མགོ་བསྟུམ་ནས་ཡུན་ཅིག་ངུ་རུ་ཡོད་པའི་ཚེ།ཨ་ཧོ་ཞེས་འབོད་དུ་བྱུང་མགོ་ཕྱེས་ནས་བལྟས་པས་དེའི་སྟེང་དུ་མི་ཞིག་འདུག་སྟེ།མི་དེས་བདག་ལ་འདི་སྐད་ཟེར་བར་སྣང་།ཧོ།ང་ནི་སྨྱོ་ཁ་སྡིག་ཞོན་བྱ་བ་ཡིན། །ཁྱོད་ལ་ཕྲིན་གཅིག་སྨྲ་རུ་འོང་བ་ལགས། །པདྨ་དྲག་པོའི་ཞལ་ནས།ཁྱོད་ཀྱིས་མཚན་མོ་གཉིད་དུ་འགྲོ་ཁར་རང་ལུས་ལྕགས་ཀྱི་སྡིག་པ་མེ་འབར་བ་ཞིག་ཏུ་སྒོམས་ཤིག།ལོ་གསུམ་གྱི་བར་དུ་འདི་མ་བརྗེད།རྟག་ཏུ་དུད་འགྲོ་རུ་བསྒོམ་མི་རུང་ཡང་གནས་སྐབས་འདི་རུ་རྒྱལ་འགོང་གི་གནོད་པ་ལས་རྒྱལ་བའི་ཕྱིར་ཡིན།སྡིག་པ་ནི་འདི་ཀའོ། །འདི་ལ་ལྟོས་ཤིག།འདི་ལྟ་བུ་ཞིག་ཡིད་ཀྱི་ཡུལ་དུ་བཀྲ་ལམ་མེར་བབ་འདུག་པ་ཞིག་གལ་ཆེ།ལེགས་པར་ལྟོས།ཞེས་ཟེར་ནས་ཡལ་སོང་།ཡང་ལོ་ཁྱིམ་དེའི་ཧོར་ཟླ་བདུན་པའི་ནུབ་མོ་མགོ་བསྟུམ་ནས་བསྡད་པས་གཉིད་མ་བྱུང་བའི་སྐབས་ཤིག་ན་འོད་ཀྱི་སྣང་བ་ནམ་ལངས་པ་ལྟ་བུ་ཞིག་བྱུང་།དེའི་ངང་ནས་སྐར་མདའ་རྒྱུག་པ་ལྟར་ཁྲ་ཤར་རེ་བ་དང་།གློག་འཁྱུགས་པ་ལྟ་བུའི་དམར་གྱི་ལེ་བའི་ཀློང་དུ་ལྷ་མོ་ཁྲོ་གཉེར་ཅན་ཡིན་སྐད་པའི་བུད་མེད་ཁྲོ་གཏུམ་སྔོ་སངས་འཇིགས་སུ་རུང་བ་ཞིག་གིས་སྡང་མིག་བསྒྲད་ཅིང་བྱུང་ནས་འདི་སྐད་ཟེར།ཀྱཻ་ཧོ།རྗེ་བཙུན་འཕགས་མ་ང་ལ་གསོལ་བ་ཐོབ། །ཁྱོད་ལ་ལྷ་འདྲེ་མང་པོས་རྒོལ་དུ་མཆིས། །ནངས་པར་མ་བརྗེད་འཕགས་མ་ཡིད་ལ་གྱིས། །ཕྱག་འཚལ་སྐྱབས་སུ་མཆིའོ་མ་བརྗེད་རེམ། །དེ་ལ་གསོལ་བ་ཇི་ལྟར་འདེབས་པའི་ཚེ། །རྗེ་བཙུན་འཕགས་མ་སྒྲོལ་མ་ཁྱོད་མཁྱེན་ནོ། །འཇིགས་དང་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །དེ་སྐད་ཐོབ་ཅེས་ཟེར་ནས་རང་ཡལ་ལོ། །སླར་ཡང་གཉིད་དུ་སོང་བས་བདེ་སྟོང་གི་ཉམས་ཤིག་ཤར་ཏེ་ནུབ་གཅིག་གི་ཡུན་ལ་སྐད་ཅིག་ཙམ་གྱི་སྣང་བ་ལས་མ་མངོན།ལོ་ཁྱིམ་དེའི་ཧོར་ཟླ་བཅུ་པའི་ཚེས་ཉེར་ལྔའི་ནུབ་གསེར་གྱི་ངོས་རིང་ལ་ཁ་ཞེས་བྱ་བ་དེར་སླེབ་སྣང་ཤར།གནས་དེ་རུ་མཁའ་འགྲོ་སྟོང་གི་ཚོགས་འདུས་བྱེད་པའི་ཚོགས་དཔོན་རྡོ་རྗེ་ཕག་མོ་ཡིན་ཟེར་བ་མི་མགོ་རློན་པའི་ཁྲི་ལ་འགྱིང་བ་ཞིག་གིས་བདག་ལ་འདི་སྐད་ཟེར།ཀྱེ་ཧོ།སྐལ་པ་བཟང་པོའི་སྐྱེས་བུ་དམ་པ་ཁྱོད། །ཡི་དམ་རྡོ་རྗེ་གྲོ་ལོད་ལ་བརྟེན་ནས། །བསྐྱེད་རིམ་གནད་ལྡན་བསྙེན་པ་ཚད་དུ་སྐྱོལ། །འཇམ་དཔལ་སྨྲ་བའི་སེང་གེ་ལ་བརྟེན་ཏེ། །བསྐྱེད་རིམ་གནད་ཀྱི་བསྙེན་པ་འབྲུ་འབུམ་སྒྲོངས། །ཨོ་རྒྱན་ཆེན་པོ་སྤྱི་གཙུག་རྒྱན་དུ་ཟུངས། །ཚིག་བདུན་གསོལ་འདེབས་འབུམ་ཕྲག་བརྗོད་པ་དང་། །བསམ་ལྷུན་ཤྭ་ལོ་ཀ་ཞིག་གྲངས་མང་འདོན། །འཇམ་དཔལ་མཚན་བརྗོད་ཁྲི་ཚར་བརྗོད་བྱས་ན། །ཚེ་ལོ་ཉེར་གཉིས་དུས་སུ་དགོངས་གཏེར་བརྡོལ། །ཉེར་བཞིའི་དུས་སུ་ས་གཏེར་སྐོར་གསུམ་འབྱིན། །བཞི་བཅུ་ཕན་ཆད་འགྲོ་དོན་དཔག་མེད་འབྱུང་། །ལར་ནི་སྨོན་ལམ་ལོག་པའི་བདུད་རིགས་ཀྱིས། །གཤེ་སྐུར་འདེབས་ཤིང་དགྲ་རུ་ལང་བ་སོགས། །བསམ་སྦྱོར་ངན་པའི་ལ་ཡོག་འདོར་བར་བྱེད། །དེ་ཚེ་དགའ་སྡུག་རེ་དོགས་ཉེར་ལེན་གྱི། །ཞེན་པ་ཆོད་ལ་རང་ས་བཟུང་བ་གནད། །གནད་དེས་འགལ་རྐྱེན་ཐམས་ཅད་གྲོགས་སུ་འགྱུར། །ཞེས་ཟེར་མ་ཐག་རྨི་ལམ་བཞིན་དུ་ཡལ།ལོ་ཁྱིམ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུའི་ནུབ་མོ་རྨི་ལམ་གྱི་སྣང་ཆ་ལ།ཤར་ཕྱོགས་ཀྱི་ནམ་མཁར་འོད་དཀར་པོ་བཅོ་ལྔའི་དུང་ཟླའི་ཁ་དོག་ལྟ་བུ་སྤྲིན་དཀར་པོའི་རྣམ་པར་འཁྲིགས་པའི་ཀློང་དུ་ཁྲོམ་མང་འཚོགས་ནས་འདུ་ལོང་བྱེད་པ་དང་།སྒྲ་རིགས་མི་འདྲ་བ་སྣ་ཚོགས་འུར་བ་ཐོས་བྱུང་བ་དེ་བདག་དང་ཇེ་ཉེར་བྱུང་སྟེ་མཐར་གདོང་ཐད་དུ་སླེབས་བྱུང་།དེའི་ནང་དུ་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡིན་སྐད་པའི་གཞོན་ནུ་དཀར་གསལ་ལྟ་ན་སྡུག་པ་ཞིག་དཔའ་བོ་དང་མཁའ་འགྲོ་མ་འབུམ་གྱི་དབུས་ན་བཞུགས་བཞིན་བདག་ལ་དགྱེས་པའི་བཞིན་མདངས་བསྟན་ཏེ་འདི་སྐད་ཅེས་གདམས་སོ། །བུ་ཁྱོད་ང་ཉིད་ཡིད་ལ་སྒོམ་པར་གྱིས། །རེས་འགའ་གསོལ་འདེབས་ཚུལ་དུ་ཡིག་དྲུག་ཟློས། །རེས་འགའ་ཁྱོད་ལུས་ང་རུ་གསལ་བ་ཡི། །སྲོག་གི་སྙིང་པོའི་ཚུལ་དུ་ཡིག་དྲུག་བརྗོད། །ང་དང་འབྲལ་མེད་འགྲོགས་ཤིང་ལུང་སྟོན་ཏེ། །ཕྱི་ནང་བར་ཆད་ཐམས་ཅད་ངས་བཟློག་བྱེད། །ཅེས་ཟེར་མ་ཐག་རྨི་ལམ་གྱི་སྣང་བ་དེ་ལས་སད་དོ། །དུས་དེ་ནས་བཟུང་སྟེ་རྨི་ལམ་གྱི་སྣང་བར་བྱིས་པ་གོས་དཀར་ཅན་ཞིག་སྐབས་སྐབས་སུ་འགྲོགས་ཏེ།དེས་བདག་གི་སྐྱིད་སྡུག་ལེགས་ཉེས་དང་གཞན་གྱི་སྐྱིད་སྡུག་ལེགས་ཉེས་སོགས་ལུང་དུ་སྟོན་ཅིང་བརྩེ་གདུང་བྱེད་པར་གྱུར་ཏོ། །ཡང་རང་ལོ་བདུན་པ་གླང་གི་ལོ་ཁྱིམ་ལ་བབས་པའི་ལོ་གསར་དགའ་སྟོན་བྱེད་ཕྱིར་རི་མཐོ་བའི་སར་ཕྱིན་པས་ནམ་མཁའི་མཐོང་ནས་འཇའ་ཚོན་ཞིག་བྱུང་བ་བདག་གི་ཐད་དུ་ཟུག་པའི་ལམ་བརྒྱུད་དེ་རིག་འཛིན་ཀློང་ཆེན་རབ་འབྱམས་ཡིན་སྐད་པའི་དགེ་སློང་གི་ཆས་གོས་ཅན་གཞོན་ནུ་མཚན་དཔེས་སྤྲས་པ་ཞིག་གིས་བདག་ལ་ཚོགས་རྫས་ཀྱི་རིལ་བུ་གཉིས་སྟེར་བྱུང་བ་ཟོས་པའི་ཚེ་ན་རོ་མངར་བ།མྱོང་བའི་ཚེ་ན་ལུས་སེམས་བདེ་བས་མྱོས་པར་བྱེད་པ་ཞིག་བྱུང་།དེའི་ཚེ་བདག་གི་སེམས་ལ་གླུ་འདི་ཤར་ཞིང་བླངས།ཨཻ།གནས་སྐྱིད་པོ་བདེ་མོ་འདོད་ན། །སྟེང་དགའ་ལྡན་ལྷ་ཡི་ཡུལ་ས།དེ་བསམ་གཏན་བརྟན་པོའི་འབྲས་བུ། །བསྒོམ་ནུས་ན་མི་རིང་ཐག་ཉེ། །ཡུལ་མི་འགྱུར་བདེ་བའི་འབྱུང་གནས། །གནས་དག་པ་མཁའ་སྤྱོད་ཞིང་ཁམས། །དེ་བསྐྱེད་རིམ་ཟབ་མོའི་འབྲས་བུ། །བསྒོམ་ནུས་ན་མི་རིང་ཐག་ཉེ། །གནས་རང་སྣང་དོན་གྱི་འོག་མིན། །དེ་ཆོས་སྐུའི་རྒྱལ་ས་ངོ་མ། །རང་རིག་པ་རང་དབང་ཐོབ་པའི། །ཆོས་རྫོགས་པ་ཆེན་པོ་དེ་ཀ།ཐག་མི་རིང་ཨེ་མ་ངོ་མཚར། །ངའི་ཕ་གཅིག་ཀློང་ཆེན་རབ་འབྱམས། །དུས་དེ་རིང་མངོན་སུམ་མཇལ་ནས། །ཕོག་མྱོང་གྲོལ་རིལ་བུ་གནང་བྱུང་། །ངའི་ཤེས་རྒྱུད་བདེ་སྟོང་རོས་མྱོས། །ད་ཐར་པའི་ལམ་སྣ་ཟིན་བྱུང་། །ཚེ་སྔོན་མའི་ལས་ཀྱིས་འབྲེལ་བའི། །གྲོགས་སྐལ་ལྡན་ཕོ་མོའི་ཚོགས་རྣམས། །རྒྱུད་དཀར་པོའི་དགེ་ལ་དྲིལ་དང་། །དུས་མྱུར་དུ་ཐར་ལམ་ཟིན་འོང་། །ཞེས་གླུ་བླངས་པས་ཚོགས་འདུས་པ་དེ་ཐམས་ཅད་ཡི་རང་ཞིང་ངོ་མཚར་བར་གྱུར་རོ། །ལོ་ཁྱིམ་དེའི་དགུན་ཟླ་ར་བའི་ཚེས་བཅོ་ལྔའི་ཉིན་མོ་ཕུག་ཚ་ཞེས་བྱ་བའི་རི་བོ་དེའི་ངོས་སུ་ཕྱིན་ཏེ་བྲག་གཡའ་མ་འདྲེས་པའི་ངོས་ལ་འཇོར་གྱིས་བརྐོས་པས་ཕ་ཝང་ཆུང་ངུ་ཞིག་ལ་ཐུག་འདུག།ཡང་དབྱུག་པས་ཡང་ཡང་བཏེགས་ནས་ཕ་ཝང་ཕྱིར་འཕང་པས།དེར་རི་བོ་ཁོང་གསེང་གི་ནང་དུ་འཇའ་ཚོན་འོད་ལྔའི་དྲྭ་བ་འཁྲིགས་པའི་ཀློང་དུ་ཐིག་ལེ་ཁ་དོག་ལྔ་ལྡན་མཛེས་ཤིང་ཡིད་འཕྲོག་པའི་ཀློང་དུ་དགེ་སློང་གཟུགས་བྱད་མཛེས་ཤིང་ཆོས་གོས་ངུར་སྨྲིག་གསོལ་བ་ཕྱག་གཉིས་ཆོས་འཆད་དང་མཉམ་བཞག་མཛད་ཅིང་ཞབས་ཕྱེད་པའི་སྐྱིལ་མོ་ཀྲུང་གིས་བཞུགས་པ་ཞིག་གིས་ཞལ་འཛུམ་པ་མཛད་ནས།ངའི་སྡོད་གནས་ཀྱི་སྒོ་ཕྱེས་ནས་ཅི་བྱེད།ང་འདི་ན་མི་ལོ་སྟོང་ཕྲག་གསུམ་དུ་གནས་པ་ཡིན་ཏེ་འཇིག་རྟེན་མི་དང་འཕྲད་མ་མྱོང་།སྔོན་གྱི་ལས་སྨོན་གྱི་མཐུས་ཁྱོད་ཀྱིས་ང་མཐོང་བ་ཡིན།ང་མ་མཐོང་ཡང་ངའི་གནས་ཁང་འདི་ག་མཐོང་བ་ཙམ་གྱིས་ཟབ་མོ་སྟོང་པ་ཉིད་ཀྱི་དོན་རྟོགས་པར་གདོན་མི་ཟ་བ་ཡིན་པས་དགའ་བར་གྱིས་ཤིགང་ནི་མི་གནས་ཆོས་ཀྱི་དབྱིངས། །ཆོས་རྣམས་ཐམས་ཅད་ཕུང་པོ་ལྔ། །ཕུང་ལྔ་རྟེན་ཅིང་འབྲེལ་བའི་ཆོས། །ཐམས་ཅད་སྟོང་པ་ཉིད་དུ་བལྟ། །ཞེས་གསུངས་ཤིང་མི་སྣང་བར་ཡལ།དེ་རྗེས་རང་གི་ཕ་ཇོ་དང་ཁྱིམ་རོག་གི་མི་རྒྱལ་ཚེ་ཞེས་བྱ་བ་གཉིས་དེར་ང་རང་འབོད་དུ་བྱུང་བར་ཕུག་པ་མཐོང་བའི་མོད་ལ་བྲེད་ཅིང་དངངས་ནས།ཨ་ཁ་ཁ་རི་རབ་ཀྱི་ཁོག་པ་ཁ་ཕྱེས་པ་འདི་ནི་མི་བཟང་ངེས་པ་ཡིན་ཟེར་ནས་རྡོ་དང་ས་མང་པོས་ཕུག་པའི་ཁ་བཅད་ནས་བཞག་སོང་།དེ་ནས་ལོ་ཁྱིམ་བརྒྱད་ལ་བབས་པ་སྟག་གི་ལོ་དབྱར་ཟླ་འབྲིང་པོའི་ཚེས་བཅོ་ལྔའི་ནངས་པར་རང་གི་སྲིང་མོ་དང་ཁྱིམ་མཚེས་ཀྱི་བུ་མོ་ཆུང་བ་གཉིས་དང་འགྲོགས་ནས་གསེར་ཆུའི་རྒྱུད་དུ་མར་སོང་བས་ཆུ་བོ་ཆེར་འཁྲུགས་ཏེ་རྦ་རླབས་རབ་ཏུ་འཕྱོ་བའི་ཕར་ཕྱེད་ཚུར་ཕྱེད་ཀྱི་མཚམས་སུ་ཕ་ཝང་ཆེན་པོ་དཔངས་མཐོ་བ་ཞིག་མཐོང་བ་དེའི་སྟེང་དུ་འགྲོའོ་སྙམ་པ་ན་འཇའ་འོད་ཀྱི་ལམ་སྣམ་བུ་བཏིང་བ་ལྟ་བུ་ཞིག་མཐོང་ནས་དེའི་བརྒྱུད་དུ་སོང་ཚེ་ས་སྟེང་དུ་འགྲོ་བ་ལྟ་བུའི་སྣང་བ་ཤར་ཏེ་ཕྱིན་ནས་ཕ་ཝང་གི་སྟེང་དུ་བསྡད་པའི་སྐབས་ཨ་བོ་མཐར་ཕྱིན་ཅེས་བྱ་བ་དང་།སོག་པོ་གསེར་རེ་ཞེས་བྱ་བ་གཉིས་རྟ་ལ་ཞོན་ཏེ་ཆུ་ཟུར་ནས་ཡོང་བ་ན་ཨ་ཕ་བོ་ཞེས་ཟེར་ཞིང་དམོད་པ་བྱེད།གསེར་རེ་ན་རེ་འུ་ཅག་གཉིས་ཆུའི་ནང་དུ་ལྕེབས་ཏེ་ཕྱིན་ན་ཨེ་ཡོང་ཟེར།མཐར་ཕྱིན་ན་རེ།རང་སྲོག་འདོར་མི་ཐུབ་ངོ་མ་ཡིན།འདི་འདྲེས་ཁྲིད་ནས་སོང་བ་རེད།འདིའི་ཚུལ་ལ་བལྟས་ན་རེ་ཞིག་ཆུ་གྲིར་འཆི་ངེས་པ་རེད།ཁོ་རང་གི་ཁྱིམ་ཚང་ལ་འཕྲིན་སྐྱེལ་དུ་འགྲོ་ཟེར་ཞིང་སོང་།དེ་མ་ཐག་ཏུ་བདག་ཆུ་ལས་བརྒལ་ཏེ་ཆུ་བྱ་བཞིན་ཚུ་རི་ལ་སླེབས་ནས་རང་ཁྱིམ་དུ་སོང་ཚེ།སྔར་གྱི་མི་གཉིས་ན་རེ།འདི་འདྲེ་བགེགས་ཞིག་གིས་བརླམ་འདུག་པས་རིམ་གྲོ་ཆེན་པོ་བྱེད་པ་གལ་ཆེ།མོ་ཐོབ།རྩིས་ཀྱིས།ཞེས་ཟེར་ཞིང་ཐལ།དེ་ནས་ལོ་ཁྱིམ་དགུ་ལ་བབ་པ་ཡོས་བུའི་ལོ་དགུན་ཟླ་ར་བའི་ཚེས་བདུན་གྱི་ནུབ་མཁའ་འགྲོ་མ་རས་སྔོན་པོའི་ལྭ་བ་གྱོན་པ་ཞིག་ན་རེ།བུ་ཁྱོད་སང་ཕོད་འདི་ནས་ནུབ་བྱང་མཚམས་སུ་འགྲོ་དགོས་པ་འབྱུང་བས།ཨོ་རྒྱན་ཆེན་པོའི་དངོས་སྤྲུལ་བླ་མ་འཇམ་དབྱངས་ཞེས་བྱ་བ་སློབ་དཔོན་ནམ་མཁའི་སྙིང་པོའི་སྐྱེ་བརྒྱུད་དང་འཕྲད་པར་གྱུར་གྱི།དེ་ལས་ཡི་གེ་སློབ་ཐབས་ཀྱིས་དང་ཁྱོད་ཀྱི་བདེ་སྐྱིད་ཐམས་ཅད་རིམ་པ་བཞིན་དུ་གསལ་འོང་ངེས་པ་ཡིན།ཞེས་ཟེར་ཞིང་ཐོད་པ་མཛེས་ཤིང་ཡིད་དུ་འོང་བ་ཞིག་གཏད་ནས་བདུད་རྩི་བླུད་བྱུང་བ་ཧུབ་གཅིག་གིས་བཏུང་བས་ལུས་ཐམས་ཅད་བདེ་གྱི་ལེར་འགྲོ་བའི་ཉམས་ཞིག་ཤར།མཁའ་འགྲོ་མ་དེ་ཉི་མའི་ཟེར་ལ་ཞོན་ནས་དགུང་སྔོན་མཐོང་ལ་ཡལ་ཐལ།དེ་ནས་ལོ་ཁྱིམ་བཅུའི་ཐོག་ཏུ་བབས་པ་འབྲུག་གི་ལོ་དཔྱིད་ཟླ་ཐ་ཆུང་གི་ཚེས་ལྔའི་ནུབ་ང་ནི་དམ་ཅན་རྡོ་རྗེ་ལེགས་པ་ཞེས་བྱ་བ་ཡིན་ཟེར་བའི་དགེ་བཙུན་གྱི་ཆས་ཅན་མགོ་ལ་སྭག་ཞུ་གྱོན་པ་སེང་གེ་དཀར་མོ་ལ་ཞོན་པ་ཞིག་བདག་གི་ཐད་དུ་འོང་སྟེ།ཁྱོད་དང་སྔོན་ནས་ལས་ཀྱིས་འབྲེལ་བའི་བླ་མ་དེས་སྐྱེ་བོའི་ཤེས་རྒྱུད་བསྐུལ་ནས་བསུ་བར་དབྱར་འབྲིང་པོའི་ཚེས་བཅུ་བཞིའི་ཉིན་མོར་སླེབས་འོང་གི།ཁྱོད་དགའ་སྤྲོ་དང་བཅས་པས་དེར་འོང་ཐབས་རེམ་ཟེར་ནས་ཡལ་སོང་།ཡང་དབྱར་ཟླ་འབྲིང་པོའི་ཚེས་བདུན་གྱི་ནུབ་རྨི་ལམ་ཉམས་ཀྱི་སྣང་ངོར་མི་དམར་པོ་མེ་ལྕེའི་ལུས་ཅན་མེ་ཁྱུང་དམར་པོ་རླུང་གི་གཤོག་པ་ཅན་ལ་ཞོན་པ་ཞིག་བདག་གི་ཐད་ཀྱི་ནམ་མཁའ་ལ་འོང་ནས་འདི་སྐད་ཟེར།ཀྱཻ།སྔོན་སྨོན་ལས་འཕྲོ་བཟང་པོ་དུས་འཛོམ་པའི་སྐྱེས་བུ་ཁྱོད་དང་ངེད་གཉིས་ཁྱེའུ་ཆུང་ལོ་ཙཱ་ནས་བཟུང་ད་ལྟའི་བར་དུ་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་བས་ཚེ་རབས་ལས་ཀྱི་སྲུང་མ་ཡིན།འདི་ནས་ཚེས་བཅུ་བཞིའི་ཉིན་མོ་ཞང་པོ་མི་འགྱུར་ཞེས་བྱ་བ་ཁྱོད་འབོད་དུ་འོང་གི་དེ་རུ་བཞུད་ཅིག།ཅེས་ཟེར་ཞིང་མི་སྣང་བར་གྱུར་ཏོ། །དེ་ནས་ཚེས་བཅུ་བཞིའི་ཉིན་ཞང་པོ་སླེབས་པས་ཟླ་བ་ཕྱི་མའི་ཚེས་བཅོ་ལྔའི་ཉིན་ཞང་པོའི་རྗེས་སུ་འགྲོ་དགོས་པའི་རྨི་ལམ་ཡོད་ཚུལ་བདག་གི་ཕ་མ་ལ་སྨྲས་པས།མའི་ངག་ནས་འདིས་བོར་སྟོར་ལ་སོགས་པའི་ཐག་མ་ཆོད་པ་རྨི་ལམ་ནས་བཤད་པ་ཐམས་ཅད་རྫུན་མ་མྱོང་བས་བཏང་དགོས་པ་ཨེ་ཡིན་ཟེར་བ་ལ།ཕས་ཀྱང་དེ་བདེན་ཀྱང་འདི་ཤིན་ཏུ་རྒོད་དྲག་པས་གྲི་རུ་ཨེ་འགྲོ་སྙམ་ནས་བློས་མི་ཐོངས་པར་འདུག།གལ་སྲིད་མི་འགྲོ་ཐབས་མེད་ཡིན་ན་ཡི་གེ་མཁས་པར་གྱུར་པ་ཞིག་ནི་ཅིས་ཀྱང་སློབ་དགོས་ཟེར།དེར་ཞང་པོ་ན་རེ།ཡི་གེ་བསླབ་ཀྱང་མ་བསླབ་ཀྱང་ངེད་ཀྱི་ཁྱིམ་གཞིའི་བདག་པོ་ཞིག་ཨེ་ཡོང་སྙམ་པ་ཡིན།ཞེས་ཟེར་ཞིང་ཁས་མི་ལེན་པར་འདུག།དེ་ནས་སང་གི་ཉི་མར་ཞང་པོས་ཁྲིད་དེ་སོང་བས་ཞང་པོའི་ཁྱིམ་དུ་བསྡད་ནས་དེར་ཕྱུགས་རྫི་སོགས་ལས་ཀ་ལ་འབད་དགོས་པ་བྱུང་བས།ཁྲོ་དང་རྫ་མ་ཡོབ་ཆེན་གཞོང་པ་ལ་སོགས་ཀ་ཆ་ཐམས་ཅད་སྨྱུག་མདས་ཁྲོལ་མར་ཕུག་པ་དང་བཅག་གྲུམ་ཤ་སྟག་བྱས་པས།ཨ་ཕྱི་དང་ཨ་ནེ་གཉིས་ཀྱིས་བུ་འདི་ཐེའུ་རང་གིས་བརླམ་པ་ཡིན་འདུག་པས་ཡི་གེ་ཞིག་བསླབ་ན་བནྡྷེ་རེ་ཨེ་འོང་།དེ་མ་བྱུང་བར་མི་སྐྱ་བྱས་ཚེ་མི་ཕུང་བདག་བརླག་བྱེད་ངེས་རེད་ཟེར་བ་ལ།ཞང་པོས་ཀྱང་ད་ནི་དེ་བྱེད་དགོས་ཟེར་ནས་ལོ་ཁྱིམ་བཅུ་གཅིག་པ་སྦྲུལ་གྱི་ལོ་དགུན་ཟླ་ར་བའི་ཚེས་གཅིག་གི་ཉིན་བླ་མ་འཇམ་དབྱངས་ཀྱི་མདུན་སར་ཁྲིད་ནས་སོང་།དེའི་ཚེ་བླ་མས་ཐུགས་དགྱེས་པའི་བཞིན་མདངས་བསྟན་ནས་བདག་གི་མགོ་ལ་ཕྱག་བྱིལ་མཛད་ཅིང་ཀ་ར་དང་བུ་རམ་གནང་སྟེ།མདངས་ངས་རྨི་ལམ་བཟང་པོ་རྨིས་ཤིང་དེ་རིང་ཡང་དགའ་བདེའི་ཉམས་ཤིག་ཤར་བས་བནྡྷེ་བཟང་པོ་ཁྱད་འཕགས་ཤིག་ཨེ་འོང་སྙམ།སོ་སོའི་སྐྱེ་བོ་ལ་ཟག་མེད་ཀྱི་མངོན་ཤེས་ནི་མེད།ཉམས་རྨི་ལམ་ཙམ་ལ་མཆོག་འཛིན་བྱེད་ཀྱིན་འདུག་པས་དེ་ཚོ་བདེན་ན་བདག་གི་རྨི་ལམ་ཡང་ལོས་བདེན།ཞེས་གསུངས་ནས་ཀ་སྨད་སུམ་ཅུ་པ་ལན་གསུམ་དུ་བསླབ་ནས་སྨོན་ལམ་ཀྱང་གསུམ་འདེབས་པར་མཛད་དོ། །དེ་ནས་བཟུང་སྟེ་བླ་མ་དམ་པ་དེས་རྗེས་སུ་བཟུང་ཞིང་ཡི་གེ་བསླབ་པ་ཡིན།ལོ་ཁྱིམ་བཅུ་གཉིས་པ་རྟ་ལོ་ཧོར་ཟླ་བདུན་པའི་ཚེས་དགུའི་ནུབ་བུད་མེད་གཞོན་ནུ་མ་ཟ་འོག་སྔོན་པོའི་སྟོད་གཡོགས་དང་།དམར་པོའི་སྨད་དཀྲིས་བྱས་པ་ལ་དར་སེར་པོའི་སྐེད་དཀྲིས་བྱས་པ་ཅན་ཞིག་བྱུང་ནས།ཁྱོད་དང་ང་གཉིས་བསྡེབ་ནས་བྱང་ཕྱོགས་སིནྡྷའི་གྲོང་ཁྱེར་དུ་འགྲོ་ཟེར་ལག་པའི་མཛུབ་མོ་ནས་བཟུང་སྟེ་ཁྲིད་སོང་བས་མི་མིན་མཁའ་འགྲོའི་གྲོང་ཁྱེར་དུ་སླེབས་པ་ན།དེར་མཁའ་འགྲོ་དང་མཁའ་འགྲོ་མའི་སྡེ་ཚོགས་ཐམས་ཅད་ཁྲོམ་ཚོགས་པ་ལྟ་བུར་འདུས་པའི་དབུས་སུ་འཇའ་ཚོན་འོད་ཀྱི་གུར་ཁང་རྡོ་རྗེ་ཕྲ་མོའི་ཕྲེང་བས་བསྐོར་བའི་ཀློང་དུ་ཨོ་རྒྱན་ཆེན་པོའི་སྐུ་བྲིས་སྐུ་ལྟ་བུའི་ཆས་རྒྱན་རྫོགས་པ་ཞིག་གིས་མཁའ་འགྲོ་མའི་ཚོགས་ལ་ངེས་གསང་ཐེག་པ་ཆེན་པོའི་ཆོས་འཆད་ནས་འདུག་གོ།དེའི་མདུན་དུ་གུས་པས་ཕྱག་འཚལ་ཏེ་ཞབས་ལ་བཏུད་པའི་མོད་ལ་ཞལ་འཛུམ་པ་མཛད་དེ་ཕྱག་གཡས་པ་བདག་གི་མགོ་ཐོག་ཏུ་བཞག་ནས།བུ་ཁྱོད་ཀྱི་རྒྱུད་ལ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་ད་ལྟ་ཉིད་དུ་འཕོ་བར་གྱུར་ཅིག།ཁྱོད་ཀྱི་རྒྱུད་སྨིན་ཅིང་གྲོལ་ནས་འབྲེལ་ཚད་རྣམ་པར་གྲོལ་བའི་ས་ལ་འདྲེན་ནུས་པར་ཤོག་ཅིག།ཅེས་གསུངས་ཤིང་ཁྱོད་ངའི་མདུན་སར་སྡོད་ལ་ངས་བཤད་པའི་ཚིག་འདི་ཉོན་ཅིག་གསུངས་པ་བཞིན་བདག་མདུན་དུ་འདུག་ཅིང་ཉན་པས།སློབ་དཔོན་ཆེན་པོས་འདི་སྐད་དོ། །ཁྱོད་ཀྱི་བླ་མ་འཇམ་དབྱངས་ཞེས་བྱ་བ་འདི་བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་གྱི་སྤྲུལ་པ་ཁྱོད་དང་ཚེ་རབས་ལྔ་རུ་འབྲེལ་བའི་བླ་མ་ཡིན་ཏེ།དེའི་བཀའ་བཞིན་ཉོན་ལ་ཡི་གེ་ལ་སྦྱངས་པ་ཐོན་ངེས་ཞིག་གྱིས་དང་།ཁྱོད་ཀྱི་ཚེ་མཇུག་ཏུ་དགོན་པ་འདི་ལ་ཕན་ཐོགས་པ་མུན་པའི་གླིང་དུ་ཉི་མ་ཤར་བ་ལྟ་བུ་ཞིག་བྱུང་སྟེ་འོད་གསལ་རྫོགས་པ་ཆེན་པོའི་བསྟན་འཛིན་སྤྲུལ་པའི་སྐུ་སྣ་ཚོགས་རང་གྲོལ་ཅེས་པ་ལང་གྲོ་དཀོན་མཆོག་འབྱུང་གནས་དངོས་སུ་འབྱོན་པར་འགྱུར་བ་ཡིན།ངའི་ཕྲིན་ལས་ཀྱི་མངའ་བདག་རྨ་བན་རིན་ཆེན་མཆོག་གི་དངོས་སྤྲུལ་སྐྱེས་བུ་ཨ་རྣམ་ཞེས་བྱ་བས་བསྟན་པ་ལ་སོ་ནམ་བྱེད་ཅིང་།མཐར་ཁོང་གིས་སྔོན་དུས་མྱང་མི་སྣ་བོ་ཆེ་བསྒྲལ་བ་སྨོན་ལམ་ལོག་པའི་སྟོབས་ཀྱིས་སྙི་ལུང་གི་རྒྱལ་འགོང་ཞིག་ཏུ་སྐྱེས་པ་དེས་བར་ཆད་བརྩམ་སྟེ་སྐུ་ཚེ་བསྟུངས་ནས་འགྲོ་དོན་མི་འབྱུང་ལ།དེའི་འབངས་འཁོར་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེ་བོ་མང་པོ་ཁྱོད་ཀྱི་གདུལ་བྱར་གྱུར་ནས་བསྟན་པའི་སྲོལ་འཛིན་པ་འབྱུང་།ཁྱོད་ལ་དེ་སྔོན་འཇིགས་སྐྲག་གི་སྣང་བ་འདྲ་ཨེ་བྱུང་གསུངས།དེ་ལ་བདག་གིས་འདི་སྐད་ཞུས།ང་ལོ་གྲངས་བདུན་གྱི་དུས་སུ་དགུན་ར་བའི་ཚེས་བཅོ་བརྒྱད་ཀྱི་དགོང་མོ་སྲིང་མོ་ཆེ་བ་དང་འགྲོགས་ནས་བེའུ་ཚོལ་དུ་ཕྱིན་པ་ན་རྡོ་ཕ་ཝང་ཞིག་གི་སྟེང་དུ་ཁྲག་ཤ་དང་རྣག་ཐིག་ཆེན་པོ་ཡོད་པ་མཐོང་བས།སྲིང་མོས་འདི་ཅི་ཡིན་ཨ་ཙེ་ཙེ་ཞེས་ཟེར་བ་ལ་ཤིན་ཏུ་འཇིགས་ཤིང་སྐྲག་ནས་ངེད་མིང་སྲིང་གཉིས་བྲོས་ཏེ་རང་ཁྱིམ་དུ་ཕྱིན།དེའི་ལོ་རྒྱུས་ཕ་མ་ལ་བཤད་པས་ཕ་མས་ལྷ་འདྲེའི་ཆོ་འཕྲུལ་རེད་ཟེར་བས།བདག་ཤིན་ཏུ་སྐྲག་བཞིན་ཉལ་བའི་ཚེ་མིག་བཙུམ་མ་ཐག་ཏུ་སྟེང་ཕྱོགས་ནས་ཁྲག་གི་རྦ་ཀློང་ཆུ་ཀླུང་དྲག་པོ་ལྟ་བུར་འབབས་པའི་སྒྲ་གནམ་ས་འགས་པ་ཙམ་དང་།ཕྱོགས་མཚམས་ཁོར་ཡུག་ཐམས་ཅད་ནག་ལ་སྟོང་ཧད་དེ་བར་སྣང་བས་བྲེད་ནས་ཉལ་མ་སྤོབས་པར་ཡར་ལངས་ཏེ་ངུ་ཤོམ་དྲག་པོ་བྱེད་དགོས་པ་བྱུང་ཞིང་།དེ་ནས་བཟུང་སྟེ་ད་ལ་ཐུག་གི་བར་མིག་བཙུམ་མ་ཐག་ཏུ་དེ་ལྟར་སྣང་།ཁྱད་པར་ལོ་བཅུ་དང་བཅུ་གཅིག་ལོན་ནས་བཟུང་སྟེ་ད་ལྟའི་བར་སྟེང་ན་གནམ་མེད་ཅིང་འོག་ན་ས་མེད་པའི་སྟོང་སང་ངེ་བའི་ཀློང་དུ་ཁྲག་གི་རྦ་ཀློང་ཆེན་པོ་དེ་འོད་ཕུང་དམར་པོ་འཇའ་ཚོན་ལྟ་བུར་གྱུར་ཏེ།དེ་ལས་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་ཡུལ་ཡངས་པ་ཆེན་པོའི་སྣོད་བཅུད་ཀྱི་སྣང་བ་སྣང་ལ་རང་བཞིན་མེད་པ་ཆུའི་ཟླ་གཟུགས་ལྟ་བུར་སྣང་བའི་རྐྱེན་ལ་བརྟེན་ནས་སྣོད་བཅུད་ཐམས་ཅད་རང་སྣང་བདེན་མེད་རྨི་ལམ་ལྟ་བུར་གོ་བ་བྱུང་ལགས།ཞེས་ཞུས་པས།སློབ་དཔོན་ཆེན་པོའི་ཞལ་ནས།བུ་ཁྱོད་ལ་མཁའ་འགྲོ་མ་གིརྟི་དམར་མོས་འཁོར་འདས་རང་སྣང་དུ་སྟོན་པའི་གདམས་པ་མངོན་གྱུར་དུ་བསྟན་པ་ཡིན་པས་ངང་ཤེས་ཏེ་གདིང་ཐོབ་པར་གྱིས་ཤིག།ཅེས་གསུངས་ཤིང་མི་སྣང་བར་ཡལ་ལོ། །དེ་ལྟར་ཐོག་མར་རྐྱེན་དེས་འཇིགས་སྐྲག་བྱུང་བའི་ནུབ་མོ་དེར་ཕ་མ་གཉིས་ཀྱིས་བུ་འདི་འདྲེས་བརླམ་པ་ཡིན་འདྲ་བས་སང་ཉིན་བླ་མ་གདན་དྲངས་ཏེ་དབང་བཀའ་རྗེས་གནང་ཞིག་ཞུ་དགོས་ཟེར་ནས་བདག་གི་མགོ་པང་དུ་བླངས་ཏེ་ནམ་མ་ལངས་བར་དུ་བསྡད་ཀྱང་འཇིགས་སྐྲག་ལ་ནི་ཕན་པ་མ་འབྱུང་།ཕྱིར་ཉིན་ཇི་ལྟར་ཟེར་བ་བཞིན་བླ་མ་མཚན་བཟང་ཞེས་བྱ་བ་གདན་དྲངས་ནས་གཅོད་དང་དབང་ཁྲུས་ཞུས།ལུང་བསྟན་ཡང་ཞུས་པས།བླ་མའི་ཞལ་ནས།བུ་ཆུང་འདི་འདྲེ་བགེགས་ཀྱིས་བརླམ་པ་ནི་མ་ཡིན་ཏེ།མདང་སུམ་མཁའ་འགྲོ་མ་ཞིག་གིས་བདག་ལ་སང་གི་བུ་ཆུང་དེ་འདྲེ་གདོན་གྱིས་བརླམ་པ་མ་ཡིན།སྔོན་གྱི་ལས་འཕྲོ་སད་ནས་རྟོགས་པ་ཀློང་དུ་གྱུར་པའི་ལྟས་ཡིན་ངེས་པས།སྲུང་ཟློག་དང་རིམ་གྲོ་མི་དགོས་ཐག་ཆོད་རེད་ཅེས་དབུགས་དབྱུང་བར་མཛད་དོ། །ཡང་ལོ་ཁྱིམ་བཅུ་གསུམ་ལ་བབས་པ་ཧོར་ཟླ་དགུ་པའི་ཚེས་བཅོ་ལྔའི་ནུབ་སྣང་བ་ཐམས་ཅད་ཆོས་ཉིད་སྤྲོས་མཐའ་དང་བྲལ་བའི་དབྱིངས་སུ་ཞིག་སོང་།རེ་ཞིག་གི་ཚེ་སྟོང་ཉིད་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་མཁའ་ལ་འཇའ་ཚོན་ཤར་བ་བཞིན་མེ་དཔུང་ཆེན་པོ་ཕྱོགས་མཚམས་ཁོར་ཡུག་ཀུན་ཏུ་འབར་བའི་ཀློང་དུ་ཁྲོ་བོ་ནག་པོ་བེར་ནག་བགོས་ཤིང་གྲི་ཐོད་བསྣམས་ནས་ཙནྡན་གྱི་བིང་ཆེན་སྐེད་དུ་བཙུགས་པ་འཇིགས་རྔམས་བལྟར་མི་བཟོད་པ་ཞིག་གིས་ན་རེ།བུ་ཁྱོད་མ་འཇིགས་ཤིག།མ་སྐྲག་ཅིག།ང་ནི་སྟེང་ལྷ་ཁམས་ནས་འོང་བ་ཡིན།ཕོ་རྒྱུད་དབང་དུ་སྡུད་པའི་ཐབས་མཆོག་ཁྲོ་བོ།མོ་རྒྱུད་དབང་དུ་བྱེད་པའི་ཤེས་རབ་ཁྲོ་མོའང་ཡིན།ཁྱོད་རང་གི་བླ་མ་འདི་ཀའི་བཀའ་སྲུང་གི་མཆོག་ཆེན་པོ་ང་ཡིན།བླ་མ་འདིའི་གདུང་བརྒྱུད་ལ་བར་དུ་གཅོད་པའི་རྒྱལ་འགོང་མ་གི་ཨེ་རིག།གནས་འདི་ནས་གཞན་དུ་མ་འཕོས་ན་མི་བརྒྱུད་ཀྱི་མཐའ་ནི་ཕྲ་མོར་འགྱུར་ཞིང་ལོངས་སྤྱོད་ཀྱི་དཔལ་རྨི་ལམ་དང་མཚུངས་པ་ཞིག་འབྱུང་ངེས་ཡིན་པས་དེ་ཚུལ་མ་བརྗེད་པར་ཡིད་ལ་ཟུངས་ཏེ་སྨྲོས་ཤིག།ས་གནས་ཕུང་བཤིག་གི་ཤུལ་ཡིན་པ་དང་།རྒྱབ་རི་རྒྱུན་ཆད་པ་དང་།ཆུ་ཀླུང་ཀླུ་བདུད་ཀྱི་ཞགས་ཁུག་ཏུ་འདུག་པས་ལེགས་ཉེས་སྤྲིན་བར་གྱི་ཉི་ཞུར་ལྟ་བུར་རེས་མོས་སུ་འོང་བ་ཡིན།གནས་གཞན་དུ་འཕོ་བ་གལ་ཆེ་བས་དེ་ལུགས་སེམས་ལ་ཞོག།ད་ལོ་ཁྱོད་ཀྱི་ཞང་པོ་འདིའི་ཚེ་ལ་བར་དུ་གཅོད་པའི་རྒྱལ་འགོང་གདུག་པ་ཅན་ཁ་དར་བ་སུས་ཀྱང་བཟློག་མེད་ཡིན།འོན་ཀྱང་ཁྱོད་ཀྱིས་ཉི་མ་སང་ཉིན་ནས་གནོད་སྦྱིན་ཤན་པ་དམར་ནག་གི་དབང་ལུང་ཞུས་ལ་གསོལ་མཆོད་ལ་འབད་པར་བྱས་ན་རྒྱལ་འགོང་གིས་མི་ཚུག་གོ།ཞེས་ཟེར་ཞིང་མི་སྣང་བར་ཡལ་ལོ། །དེ་བཞིན་བླ་མ་ལ་ཞུས་པས།བླ་མའི་ཞལ་ནས་དེ་ངའི་སྲུང་མའི་གཙོ་བོ་མ་ནིང་ནག་པོ་ཡིན་པ་འདྲ་སྟེ།གཞན་ལ་བཤད་ན་བྱིས་པའི་རྨི་ལམ་ལ་བདེན་པ་མེད་ཟེར་ནས་ཀུན་གྱིས་འཕྱ་བགད་བྱེད་པ་ལས་འོས་མེད་མོད།ཁྱོད་རང་ལ་ངས་གནོད་སྦྱིན་ཤན་པའི་དབང་ལུང་སྦྱིན་གྱི་གསུངས་ནས་དབང་ལུང་གནང་སྟེ་བཀའ་གཏད་སྨོན་ལམ་མཛད་དོ། །ལོ་ཁྱིམ་བཅུ་བཞི་ལ་བབས་པ་ཧོར་ཟླ་དང་པོའི་ཚེས་བཅུའི་ནུབ་མཁའ་འགྲོ་མ་སྔོ་སངས་གཡུའི་ཕྲེང་བས་ལུས་རབ་ཏུ་བརྒྱན་པ་ཞིག་གིས་འདི་སྐད་ཟེར།མ་གི་རྒྱལ་འགོང་གདུག་པ་ཅན་དེས་ཁྱོད་ཀྱི་ཞང་པོ་དང་བཙུན་པ་ཕྱུག་སྔོན་གཉིས་ཀྱི་བླ་ཁྱེར་ཐལ་བས་སྟོན་ཟླ་ར་བའི་ནང་དུ་ཤི་འགྲོ་སྟེ་བཟློག་པའི་ཐབས་ནི་ཕུར་བའི་བསྙེན་སྒྲུབ་ལ་གཟབ་ན་ཕན་ཅེས་ཟེར།ནངས་པར་དེ་ལྟར་སྨྲས་པས་ཁྱོད་ཀྱིས་ཅི་ཡང་མི་ཤེས་ཟེར་ནས་མགོ་ལ་ཐལ་མོས་བརྒྱབ་ནས་སོང་།སྟོན་ཟླ་ར་བ་ལ་གཉན་རིམས་མཆེད་དེ་ཞང་པོ་ཡང་མགུལ་སྐྲང་ནས་ཤི་སོང་།དགུན་ཟླ་ར་བའི་ཚེས་གསུམ་གྱི་ནུབ་རྨི་ལམ་ན་བུད་མེད་རྒན་པ་ཞིག་དང་བནྡྷེ་གཉིས་བསྡེབས་ནས་ཁྱོད་འགྲོ་རན།འུ་ཅག་ཡུལ་མ་ཀི་ན་ཤིན་ཏུ་སྐྱིད་པའི་གནས་ཞིག་ཡོད་པས་དེར་འགྲོ་ཟེར་བ་བྱུང་བའི་མོད་ལ་ངས་འགྲོ་གྲབ་བྱས་པའི་ཚེ།མི་དམར་པོ་ཁྱུང་དམར་ལ་ཞོན་པ་ཞིག་བྱུང་ནས་བུ་ཁྱོད་འགྲོ་མི་རུང་།སྲོག་གཅོད་ཀྱི་ལག་ཏུ་ཤོར་ཟིན་ཏེ།ཁྱོད་ཀྱིས་དམིགས་པ་འདི་བཞིན་དུ་མཛོད་ཅིག།འདི་ལྟར་སེམས་ཤིག།ཡིད་ལ་གྱིས་ཤིག།ཧཱུྃ།རང་གི་ལུས་ངག་ཡིད་གསུམ་ནི། །སྟོང་པར་གྱུར་ཏེ་སྟོང་དབྱིངས་ལས། །བླ་མ་ཡི་དམ་གཉིས་མེད་པའི། །ངོ་བོ་གུ་རུ་དྲག་པོ་ནི། །དམར་ནག་ཞལ་གཅིག་ཕྱག་བཞི་པ། །ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས། །སྨ་ར་སྨིན་མར་མེ་སྟག་འཕྲོ། །ཁམ་ནག་དབུ་སྐྲ་གྱེན་དུ་བརྫེས། །དང་པོའི་ཕྱག་གཉིས་རྡོ་རྗེ་དང་། །ཁ་ཊྭཱྃ་རྩེ་གསུམ་ནམ་མཁར་ཕྱར། །ཐ་གཉིས་ཕུར་པ་ལྕགས་སྡིག་བསྣམས། །སྐུ་སྨད་ལྕགས་སྲེག་ཕུར་བུའི་དབལ། །རྒྱལ་བསེན་གདུག་པའི་སྙིང་གར་གདབ། །བསྐལ་པའི་མེ་དཔུང་ལྟ་བུའི་ཀློང་། །ཧཱུྃ་སྒྲ་འབྲུག་སྟོང་ལྡིར་བཞིན་སྒྲོགས། །ཁྲོ་ཆུང་ལྕགས་སྡིག་ཚྭ་ཚྭ་ཡིས། །རྒྱལ་བསེན་གདུག་པ་ཀུན་གཞོམ་གྱུར། །ཨོཾ་ཨཱཿཧཱུྃ་ཨརྩིག་ནིརྩིག་ན་མོ་བྷ་ག་ཝ་ཏེ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཅེས་ཟློས་ཤིག་ཟེར།དེ་བཞིན་གསལ་ནས་སྔགས་བཟླས་པས་རྒྱལ་བསེན་གཉིས་ཀ་བརྒྱལ་ནས་སར་འགྱེལ།ཡུན་ཅིག་ནས་བརྒྱལ་སངས་མ་ཐག་ཐག་རིང་པོ་ཞིག་ཏུ་བྲོས་ནས་ཡལ་སོང་།དེ་ནས་མི་དམར་ནག་དེས་འདི་སྐད་ཟེར།བསྐལ་པ་སྔོན་ནས་བུ་ཁྱོད་དང་སྲུང་མ་ང་གཉིས་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་བས་ང་ལ་བློ་སྙིང་རྩེ་གཅིག་གཏོད་དང་བར་ཆད་ཐམས་ཅད་གཞོམ་པར་བྱེད་དོ། །ཞེས་ཟེར་བས་གཉིད་སད།ཡང་ལོ་ཁྱིམ་དེའི་སྟོན་ཟླ་འབྲིང་པོའི་ཚེས་བཅུའི་ནུབ་མི་དམར་འཇིགས་སུ་རུང་བ་བཙན་རྟ་དམར་པོ་བཅིབས་པ་ཞིག་གིས་ན་རེ།སྤྲུལ་སྐུ་འཇིགས་དགའ་ལ་ངས་འདི་སྐད་ཟེར་གྱིན་ཤོད།ཁྱོད་ཀྱིས་སྔོན་གནོད་སྦྱིན་ཤན་པས་བཤད་པའི་ལྷ་དེ་འདྲ་སྒོམས་ལ་སྔགས་དེ་ཟློས་ཤིག།སྙི་སྨད་རྒྱལ་འགོང་འདིས་ཁྱོད་ལ་སྐབས་ལྟ་གླགས་ཚོལ་བྱེད་པར་ཉིན་མཚན་ཀུན་ཏུ་ཁྱི་འཁྱམས་ལྟ་བུར་ཉུལ་འདུག་པས་ཐུགས་དམ་ལ་གཟབ་གལ་ཆེ།དེ་ལྟར་ངས་ཟེར་བ་སྨྲོས་ཤིག།དགོན་པ་འདིར་གནས་པ་རྣམས་ཀྱིས་ཀྱང་ཕུར་པའི་ཟླ་སྒྲུབ་དམ་རྒྱ་ཅན་རེ་མ་ཆག་ན་ལེགས་འདྲ་ཡང་བསྒྲུབ་མི་དཀོན་པས་བཤད་དོན་ཆུང་།བུ་ཁྱོད་རིག་འཛིན་བདུད་འདུལ་རྡོ་རྗེ་དངོས་ཡིན་ཡང་ད་དུང་སྨྲས་པ་ལ་དགོས་པ་མེད་ཅེས་ཟེར་ཞིང་མི་སྣང་བར་ཡལ།དེ་ནས་ཞག་གསུམ་གྱི་ཉིན་སྤྲུལ་སྐུ་འཇིགས་དགའ་ལ་དེ་སྐད་སྨྲས་པས་འཇིགས་དགའ་ན་རེ།དེ་རྨི་ལམ་རྟགས་ཅན་ཞིག་ཡིན་ངེས་པས།ད་ང་རང་གིས་གནམ་ཆོས་ལས་བྱུང་བའི་གུར་དྲག་ཕུར་མཇུག་ཅན་ཉིད་དེ་རིང་ནས་ངེས་པར་བསྒྲུབ་རྒྱུ་ཡིན་ཟེར་ནས་ཟླ་བ་གཅིག་ལ་དམ་རྒྱ་བྱས་ནས་སྒྲུབ་པ་ལ་ཞུགས་སོང་།ལོ་ཁྱིམ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་ལྔའི་ནུབ་སྙི་སྟོད་སེ་ར་དགོན་པའི་གཡོན་ཕྱོགས་ཀྱི་ཆུ་ཆེན་པོའི་ཕ་རིའི་བྲག་ཕུག་གི་སྒོ་ཐད་དུ་མཚེར་ས་སྦོས་པའི་ནུབ་བྱིས་པ་སྐད་གསེང་བ་ཞིག་གིས་ངའི་མིང་ནས་ལན་གསུམ་བོས་བྱུང་བ་ལ།སྐད་ལན་མ་བྱས་པར་ཉལ་བས་གཉིད་དུ་སོང་།ཡང་ནམ་ཕྱེད་ཙམ་ན་འབོད་དུ་བྱུང་བ་ལའང་ལན་མ་བཏབ།ཡང་ནམ་གྱི་སྨད་དུ་འབོད་བྱུང་བའི་ཚེ་གནོད་སྦྱིན་ཤན་པ་དམར་ནག་གིས་ངར་སྐད་ཀྱིས་ཀྵ་སྒྲ་འབྲུག་ལྟར་སྒྲོགས་ཤིང་ནམ་མཁའི་ཁམས་སུ་བྱོན་ནས་འདི་སྐད་ཟེར།ཁྱོད་ཀྱིས་ཤིང་མདའ་ཤིང་གཞུ་ཟུངས་ལ་འབོད་པའི་སར་སོང་ཞིག་ཟེར།བདག་གིས་མདའ་གཞུ་བཟུང་ནས་འབོད་པའི་སར་སོང་བས་རྟ་སྒ་ཞིག་གི་ཡོབ་ཆེན་གྱི་ཐོག་ཏུ་བྱིས་པ་གཅེར་བུ་ཞིག་གིས་མིག་ཁྲ་ཧྲིག་གེ་བདག་ལ་བལྟས་འདུག་པ་ལ་མདའ་བརྒྱབ་པས་ངུ་ཚམ་མེ་སོང་བ་བདག་གི་ཨ་ཕྱིས་ཀྱང་ཐོས།ནངས་པར་སྐྱེར་མདས་ཡོབ་ཆེན་ཐལ་མར་ཕུག་འདུག་པ་ལ་ཨ་ཕྱི་ན་རེ།ལྕགས་ཤིང་གིས་ཕུག་པ་འདི་ཡང་ན་གྲུབ་རྟགས་ཞིག་ཨེ་ཡིན།ཡང་ན་ལྷ་འདྲེ་ཞིག་གི་ཆོ་འཕྲུལ་ཞིག་ཡིན་ནམ་ཟེར་ཞིང་།བླ་མ་ལ་དྲིས་པས།བླ་མའི་ཞལ་ནས་བུ་འདི་སྐྱེ་བ་བཟང་པོ་ཞིག་ཡིན་པ་འདྲ་བས་གྲུབ་རྟགས་ཡིན་སྲིད་ཟེར།དེའི་ཕྱི་ནུབ་བུད་མེད་ཤིན་ཏུ་མི་སྲུན་པ་ལྟར་མི་བཟོད་པ་ཞིག་བྱུང་ནས་ན་རེ།ཁྱེད་ཀྱིས་མདང་སུམ་ང་ཡི་བུ་བསད་པའི་ལན་དུ་ཁྱེད་ཀྱི་བློ་སྙིང་དམར་ཙ་རེ་ཁྱེར་རྒྱུ་ཡིན་ཟེར་ནས་ལྕགས་ཀྱི་སེན་མོ་མཐོ་གང་ཙམ་པ་ངའི་སྙིང་གར་གཟིར་བྱུང་བའི་ཚེ།ནམ་མཁའི་མཐོངས་ནས་གནོད་བྱིན་ཆེན་པོས་རལ་གྲི་མེ་འབར་བ་བུད་མེད་དེའི་ལུས་ལ་བརྒྱབ་པས་ལུས་སྨྱུག་མ་བཀས་པ་ལྟར་བཏང་ནས་མི་སྣང་བར་ཡལ་སོང་།ལོ་ཁྱིམ་བཅོ་ལྔ་ལ་བབས་པ་ཟླ་བ་གསུམ་པའི་ཚེས་བཅུའི་ནུབ་བུད་མེད་རྒན་པ་ཞིག་ན་རེ།ཁྱོད་ཀྱི་ཕ་ཇོ་དབྱར་ཟླ་འབྲིང་པོའི་ཚེས་གཉིས་ལ་སླེབ་རྒྱུ་ཡིན་པས་ཕ་ཡུལ་དུ་འགྲོ་རན་པ་རེད།རླུང་འཚུབས་མ་གཡོན་འཁོར་ཞིག་གི་ནང་ནས་དམ་སྲི་ཞིག་འབྱུང་བས་རྣམ་འཇོམས་ཀྱི་སྔགས་ཀྱིས་བཏབ་པའི་རྡོ་ཆར་ཕོབ་ལ་གླུ་ལེན་པའི་ངག་བཞིན་བསྒྲུབ་མི་རུང་ཟེར་ནས་ཡལ།དབྱར་ཟླ་ར་བའི་ཚེས་ལྔའི་ཉིན་ཕྱུག་རྫི་ལ་ཕྱིན་ཚེ་རླུང་ནག་འཚུབས་མ་གཡོན་དུ་འཁོར་བ་ཞིག་བདག་གི་གམ་དུ་བསྙེགས་ནས་བྱུང་བ་བྲོས་ཀྱང་རྗེས་སུ་སླེབས་བྱུང་བ་ན་རྡོ་མང་པོ་ལ་རྡོ་རྗེ་ཕྲ་མོ་ཐོགས་པ་མེད་པའི་གཟུངས་སྔགས་ཀྱིས་བཏབ་ནས་འཕང་བས་དེ་མ་ཐག་ཏུ་སྐྱེས་པ་དང་བུད་མེད་གང་ཡིན་ངོ་མི་ཤེས་པ་ཞིག་ཏུ་གྱུར་ནས་གླུ་འདི་ལེན།ཡེ་ཡེ་ཡེ།ཚུར་ཉོན་དང་བུ་ཆུང་ཀླད་མེད། །ང་ཁྱོད་ཀྱི་ལྷ་སྲུང་ངོ་མ། །ཁྱོད་ཡུལ་ཕྱོགས་གཞན་དུ་མ་འགྲོ། །འདིར་ཞང་པོའི་ཁྱིམ་བདག་གྱིས་ལ། །ལས་སོ་ནམ་བྱ་བར་འབོད་དང་། །སྡེ་མང་པོའི་དཔོན་དུ་འགྱུར་ཡོང་། །བཟླ་མི་རུང་དྲག་སྔགས་རྩུབ་མོ། །རང་སྲོག་གི་གཤེད་དུ་འབབ་སྲིད། །བསྒོམ་མི་རུང་ཁྲོ་བོ་ཁྲོ་མོ། །མཐར་འདྲེ་བདུད་དངོས་སུ་འགྱུར་སྲིད། །ང་བསམ་བཟང་ཁ་ལ་ཉན་ན། །ཁྱོད་ཆོས་པ་མི་འོང་ཐག་ཆོད། །སྲིད་འཁོར་བའི་ལས་ལ་འབད་ན། །ཁྱོད་བདེ་སྐྱིད་གཉིས་ཀ་འཛོམ་འོང་། །དེ་སེམས་ལ་ཞོག་ཅིག་བུ་ལོ། །སུའི་ཁ་ལ་མ་ཉན་རེམ་རེམ། །ཞེས་ཟེར་ཞིང་ཡལ་སོང་ངོ་། །དབྱར་ཟླ་འབྲིང་པོའི་ནང་དུ་ཕ་སླེབས་ནས་དེ་དང་ལྷན་ཅིག་ཕ་ཡུལ་དུ་སོང་བའི་ལམ་དུ་ནུབ་གཅིག་གི་རྨི་ལམ་ན།མི་ནག་པོ་བེར་ནག་གྱོན་པ་རྟག་ནག་རྟིང་དཀར་ལ་ཆིབས་པ་ཞིག་ན་རེ།ཁྱོད་ཀྱི་ཕ་ཡུལ་ན་ཡུལ་འདྲེ་རྒྱལ་གཤེད་གདུག་པ་ཅན་གཞན་གྱིས་མི་ཐུབ་པ་ཞིག་ཡོད་པས།དེའི་གཉེན་པོར་སྟེང་ཕྱོགས་འོག་མིན་གྱི་གནས་ནས་དཔལ་ཆེན་རྡོ་རྗེ་གཞོན་ནུ་འཁོར་དང་བཅས་པ་མེ་དཔུང་འབར་བའི་རྣམ་པར་བྱུང་ནས་ཁྱོད་རང་ལ་ཐིམ་པར་སྒོམས་ཤིག།སླར་ཡང་ཁྱོད་རང་གི་སྙིང་ག་ནས་འོད་ཕུང་འཇའ་ཚོན་སྤྲིན་ཕུང་ལྟ་བུ་དཔག་ཏུ་མེད་པ་འཕྲོས་པས་གུ་རུ་ཞི་དྲག་གི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་འཇའ་སྤྲིན་འཐིབ་པའི་རྣམ་པར་བྱུང་ནས་རང་ལ་ཐིམ་པས་རང་ལུས་འོད་ཀྱི་ཕུང་པོར་གྱུར་ནས།བླ་མ་དང་ཡི་དམ་གཉིས་སུ་མེད་པའི་ངོ་བོ་ལྷ་མཆོག་རྡོ་རྗེ་གྲོ་ལོད་སྐུ་མདོག་དམར་སྨུག་ཞལ་གཅིག་ཕྱག་གཉིས་གཡས་གསེར་གྱི་རྡོ་རྗེ་ཕྱར་ཞིང་གཡོན་པས་ལྕགས་ཕུར་ས་ལ་གཟིར་བ།སྐུ་ལ་ཟ་བེར་དང་ཐང་ཤམ་དང་ཆོས་གོས་དམར་སེར་གསོལ་བ།མི་མགོ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ།སྤྱན་གསུམ་སྡང་མིག་བགྲད་ཅིང་མཆེ་བ་མན་དུ་གཙིགས་པ།དབུ་སྐྲ་གཡས་སུ་འཁྱིལ་ཞིང་སྨ་ར་དང་སྨིན་མ་དམར་སེར་ལས་མེའི་ཚྭ་ཚྭ་འཕྲོ་བ།ཉི་མ་དང་ཟླ་བས་སྙན་རྒྱན་བྱས་ཤིང་རྒྱ་སྟག་དམར་ཁྲའི་སྟེང་དུ་ཞབས་གཉིས་གྱད་ཀྱི་འདོར་ཐབས་སུ་བགྲད་པ།ཡེ་ཤེས་མེ་དཔུང་འབར་བའི་ཀློང་དུ་འགྱིང་ཞིང་ལྕགས་སྡིག་དང་བྱ་ཁྱུང་གི་ཚྭ་ཚྭ་འཕྲོ་བ།དེའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་གཅེར་བུ་གོས་རྒྱན་མེད་པ་པད་ཉིའི་གདན་ལ་འགྱིང་ཞིང་ཤིན་ཏུ་ཁྲོས་པའི་ངང་ཚུལ་དང་ལྡན་པའི་ཐུགས་ཀར་གསེར་གྱི་རྡོ་རྗེ་རྩེ་ལྔ་པ་འགྲེང་སྟབས་སུ་གནས་པའི་ལྟེ་བ་ཁོང་གསེང་གི་ནང་དུ་ཧཱུྃ་ཡིག་དམར་ནག་གི་མཐར་སྔགས་ཀྱི་ཕྲེང་པས་བསྐོར་བའི་འོད་ཟེར་གྱིས་ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཐམས་ཅད་བསྒོམ་པ་དང་འདྲ་བའི་ལྷ་དེའི་རྣམ་པ་རྒྱ་མཚོ་ལ་ཁ་ཆར་བབས་པ་ལྟར་སིབ་སིབ་ཐིམ་པར་སྒོམས་ཤིགཧཱུྃ།ཤེས་རབ་སྟོང་ཉིད་ཡུམ་གྱི་མཁར། །ཐབས་མཆོག་གཞན་གྱིས་མི་ཐུབ་པ། །ཡེ་ཤེས་སྒྱུ་མའི་སྐུ་རུ་ཤར། །ཐུགས་གསང་གཞི་ཡི་ཧེ་རུ་ཀའི། །ཡང་གསང་རྡོ་རྗེ་ཐབས་ཤེས་སྦུབས། །ཧཱུྃ་ལ་སྔགས་ཀྱི་ཕྲེང་བས་བསྐོར། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ།ཞེས་ཟེར་ཞིང་མི་སྣང་བར་ཡལ་ལོ། །དེ་ནས་བཟུང་སྟེ་ཚེ་འདིར་བསྒོམ་བཟླས་ཀྱི་གནད་དེ་ལ་བརྟེན་པས་བར་ཆད་ཀྱི་གེགས་རྐྱེན་ལས་གྲོལ་བ་ཡིན།ཡང་ལོ་ཁྱིམ་དེའི་དགུན་ར་བའི་ཚེས་བཅོ་བརྒྱད་ཀྱི་ནུབ་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱི་ཞལ་མཐོང་ཚེ་ཕྱག་བདག་གི་མགོ་ཐོག་ཏུ་བཞག་ནས་བུ་ཁྱོད་ཤེས་རབ་ཀྱི་རྩ་སྒོ་ཕྱེ་བའི་ཐབས་སུ་འཇམ་དཔལ་སྨྲ་བའི་སེང་གེའི་སྒོམ་བཟླས་དང་འཇམ་དཔལ་མཚན་བརྗོད་ལ་འབད་པ་ཐོན་ན་ཤེས་རབ་ཡེ་ཤེས་ཀྱི་རྩ་སྒོ་ཕྱེ་ནས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་བརྡོལ་བར་ངེས་པས་དེ་ལུགས་མ་བརྗེད་པར་སེམས་ལ་ཞོག་ཅིག།ཅེས་ཟེར་བའི་ལན་དུ་བདག་གིས་འདི་སྐད་སྨྲས།ཀྱཻ།མ་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་ཁྱོད་ཀྱི་གསུང་བཞིན་དུ་བདག་གིས་ངེས་པར་བསྒྲུབ་ལགས་སོ་ཞུས་པས་མི་སྣང་བར་ཡལ་ལོ། །དེ་ནས་ལོ་གྲངས་བཅུ་དྲུག་པ་ཁྱི་ལོ་དབྱར་ཟླ་ཐ་ཆུང་གི་ཚེས་བཅུའི་ནུབ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་སྐད་པའི་བུ་མོ་གཟུགས་བྱད་མཛེས་ཤིང་རྒྱན་སྣ་ཚོགས་ཀྱིས་ལེགས་པར་བརྒྱན་པ་ཞིག་ན་རེ།ཀྱཻ་ཧོ།ང་ནི་ཡེ་ཤེས་མཁའ་འགྲོ་སྟེ། །མི་མོའི་གཟུགས་སུ་སྟོན་པ་ནི། །ཁྱོད་ཀྱི་མིག་ལ་ངོམས་ཕྱིར་རོ། །ཡུལ་འདིའི་འདྲེན་སྟོན་འཇིགས་མེད་པ། །པདྨ་འབྱུང་གནས་ཕྲིན་ལས་གར། །དེ་ལ་བསྟེན་ནས་ལོ་ཁྱིམ་འདིར། །སྔོན་འགྲོའི་ཆོ་ག་ཉམས་སུ་ལོངས། །དངོས་གྲུབ་པྲ་ལྟས་ལེགས་པར་འབྱུང་། །སྔོན་ནས་ལས་འབྲེལ་བླ་མ་ལགས། །མ་བརྗེད་སེམས་ལ་ཞོག་ཅིག་བུ། །ཞེས་གསུངས་ཤིང་མི་སྣང་བར་ཡལ།ལོ་ཁྱིམ་དེའི་དགུན་ཟླ་འབྲིང་པོའི་ཚེས་གཅིག་ལ་བླ་མའི་དྲུང་དུ་བཅར་ནས་གྲོགས་བཅོ་ལྔ་དང་ལྷན་ཅིག་ཏུ་སྔོན་འགྲོའི་ཟླ་ཆོས་ལ་ཞུགས་ཚེ།ཚེས་བཅོ་ལྔའི་ནུབ་བླ་མའི་མདུན་སར་སླེབས་པའི་སྣང་བ་ཤར་བ་ན་བླ་མའི་མདུན་ཐད་ཀྱི་ནམ་མཁའ་ཁྲུ་བཞི་ཙམ་འཕགས་པའི་སར་མི་སེར་པོ་དར་སྣ་ཚོགས་ཀྱིས་བརྒྱན་པ་སེང་གེ་དཀར་མོའི་སྟེང་དུ་རྒྱལ་པོ་རོལ་པའི་སྟབས་ཀྱིས་འགྱིང་བ།གཡས་རྒྱལ་མཚན་དང་གཡོན་པས་ནེའུ་ལེ་བསྣམས་པ།འོད་དང་འོད་ཟེར་འབར་བའི་ཞབས་ཀྱི་མཐེབ་རྩེ་ནས་འོ་མའི་རྒྱུན་ངང་ན་ར་ར་ཟངས་མོ་ཆེའི་སྣོད་དུ་བབས་པ་ལས།བླ་མའི་ཞལ་ནས་འོ་མ་དེ་ཉིད་འཐུང་ཞེས་གསུངས་པ་བཞིན་འོ་མ་དེ་མང་དུ་འཐུང་བས་ལུས་སེམས་ཐམས་ཅད་བདེ་དགའ་ཡ་ལེ་བའི་ཉམས་ཤར།དེའི་ཚེ་བླ་མའི་ཞལ་ནས་ཐུན་མོང་གི་དངོས་གྲུབ་ཐོབ་ཟིན་པ་ཡིན།ཞེས་གསུངས་ནས་བླ་མ་དང་ལྷ་གཉིས་དབྱིངས་སུ་ཡལ་ལོ། །གྲུབ་པའི་བྱིན་ལྡན་རིག་པ་འཛིན་རྣམས་དང་། །ཡེ་ཤེས་ལྷ་དང་བསྟན་སྲུང་རྒྱ་མཚོ་ཡིས། །སྐུ་དང་གསུང་གི་སྣང་བས་དབུགས་དབྱུང་ཞིང་། །ཐུགས་ཀྱི་བྱིན་རླབས་སྣ་ཚོགས་བརྡ་ཐབས་ལས། །འབྱམས་ཀླས་དག་པའི་སྣང་བ་འཆར་བའི་གཞི། །ཡེ་རིག་གདོད་མའི་སངས་རྒྱས་རང་ཞལ་དེ། །མ་བཙལ་རང་ལ་གནས་པའི་ཚུལ་དུ་མཇལ། །དག་མཉམ་དབྱིངས་སུ་གནོད་བྱེད་མིང་མེད་ཀྱང་། །མ་དག་འཆར་སྒོ་འགགས་མེད་རྟེན་འབྱུང་གིས། །བར་ཆད་མཚན་མའི་རྫུན་རིས་མང་བྱུང་བ། །ངང་མདངས་གཉེན་པོར་ཤར་བའི་ལྷ་ཚོགས་ཀྱིས། །ཕམ་བྱས་སྒྱུ་མའི་རྩེ་འཇོ་ཅིར་ཡང་མཐོང་། །རྨི་ལམ་ན་ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་མ་དག་དང་དཔའ་བོའི་ཚོགས་ཀྱིས་སྔོན་འགྲོའི་ཆོས་བཤད་པ་ལ་བརྟེན་ནས་ཐོགས་པ་མེད་པར་འཆད་ཤེས་པ་བྱུང་།ལོ་ཁྱིམ་ཕྱི་མ་ཕག་གི་ལོ་རང་ལོ་བཅུ་བདུན་ལ་བབས་པའི་དབྱར་ར་བའི་ཚེས་བདུན་ལ།ད་ནི་སྒོམ་ཞེས་བྱ་བ་ཞིག་མཐོང་ཚོར་གྱི་རྣམ་པར་འབྱུང་དུ་རེ་ནས་རྒྱབ་བྲག་ལ་གཏད་ཅིང་ལུས་དྲང་པོར་བསྲང་ནས་གཡོ་འགུལ་དང་བྲལ་བར་བསྡད་པའི་ཚེ།ཞག་བདུན་གྱི་ཐ་མ་གཉིད་དུ་སོང་བའི་རྨི་ལམ་ན་བྱིས་པ་གཅེར་བུ་མཐོ་གང་བ་ཞིག་གིས་རྩྭ་འཇག་མ་དང་མེ་ཏོག་གི་སྟེང་དུ་མཆོང་རྒྱུག་བྱེད་ཅིང་མཐར་མིག་འབྲུ་ཚུགས་སུ་བདག་ལ་བལྟས་ནས།ལུས་ནི་གྲོང་ཁྱིམ་སྟོང་པ་ལྟ་བུ་ལ། །ངག་ནི་སེམས་ཀྱིས་བྱས་པ་བརྒྱུད་ལས་ཏེ། །སེམས་ནི་སྣ་ཚོགས་བྱེད་པའི་ཀུན་བྱེད་དོ། །ཞེས་ཟེར་བའི་ལན་དུ་བུ་མོ་ཆུང་ངུ་ཞིག་བྱུང་ནས།ཨ་རེ་ཙ།ལུས་ནི་ཤོག་སྦུབས་སྟོང་པ་ལྟ་བུ་ལ། །ངག་ནི་སྦུ་གུར་རླུང་རྒྱུ་ལྟ་བུ་སྟེ། །སེམས་ནི་སྣ་ཚོགས་བྱེད་པའི་མཁན་པོའོ། །དེ་གསུམ་ནང་ནས་གཙོ་བོ་ངོས་འཛིན་ལས། །སྒོམ་ཞེས་མཐོང་ཚོར་འབྱུང་འགྱུར་བསྒུག་པ་མཚར། །ཞེས་ཟེར་ཞིང་ལྷག་ལྷག་དགོད་པའི་སྒྲས་གཉིད་སད་ཚེ་བརྟག་པས་ལུས་སེམས་ཀྱིས་བཟོས།ལུས་སྣང་བས་ངག་གིས་སྨྲ་བ་བརྗོད་པའི་སྣང་བ་ཤར།ལུས་མེད་པ་ལ་ལུས་སུ་སྣང་བ་ཙམ་བྱུང་བའང་སེམས།ངག་མེད་པ་ལ་སྨྲ་བརྗོད་ཀྱི་སྣང་བ་ཤར་བའང་སེམས།དོན་ལ་སེམས་ལས་མེད་པར་ཐག་ཆོད་པས་བྱིས་པས་བཤད་པ་གསུམ་དུ་སོང་བ་དེ་ཇི་ལྟར་ཡིན་བསམ་ཞིང་།ཡང་དམར་ཤར་ཞེས་བྱ་བའི་བྲག་ལ་རྒྱབ་གཏད་ནས་སེམས་ཤིང་བུ་ལ་གཏད་པའི་མོད་ལ་རྒྱབ་ཀྱི་བྲག་ངོས་ནས་བྱེའུ་དམར་པོ་ཞིག་གིས་སྐད་སྙན་པའི་ངག་གིས་འདི་སྐད་ཟེར།ང་བྱིས་པའི་རྫུན་ཚིག་མ་ཡིན་ཏེ། །དུས་དེང་སང་སློབ་དཔོན་འགའ་ཞིག་གིས། །སྒོ་མེད་པའི་སྒོ་གསུམ་སྣང་ཙམ་ལ། །དོན་མི་ཤེས་གསུམ་དུ་བཏགས་པ་འཆད། །ངས་དེ་ཕྱིར་དེ་དང་མཐུན་པར་བཤད། །ཁྱོད་སྒོ་གསུམ་དབྱེར་མེད་སྣང་ཙམ་དུ། །ཐག་ཆོད་པའི་རྟོགས་པ་ཨ་ལ་ལ། །འོ་དེ་ཡིན་རྡོ་རྗེ་གསུམ་གྱི་ངང་། །དབྱེར་མེད་དུ་རྫོགས་པ་ཁྱོད་རེ་བདེན། །ད་སྒོ་གསུམ་སེམས་སུ་རྟོགས་ནའང་། །སེམས་ཞེས་བྱའི་ཀུན་བྱེད་མཁན་པོ་དེ། །གཟུགས་དབྱིབས་དང་ཁ་དོག་ཇི་ལྟར་འདུག།ཚུལ་ཤེས་ན་དཔྱོད་ལྡན་ཁྱོད་ལ་ཟེར། །ཞེས་ཟེར་ཞིང་འཕུར་སོང་།དེ་ནས་ཡང་བྲག་དེ་ལ་རྒྱབ་གཏད་ནས་བསྡད་པས་རེ་ཞིག་གི་ཚེ་ནམ་མཁའ་སྟོང་པའི་དབྱིངས་ནས་སྒྲ་འདི་སྐད་ཅེས་གྲགས་སོ། །སེམས་སྟོང་པ་ཉིད་དོ། །སྟོང་པ་ཉིད་ལ་གཟུགས་དང་ཁ་དོག་མེད།སྒྲ་མེད།དྲི་མེད།རོ་མེད།རེག་བྱ་མེད།ཆོས་མེད་དོ། །ཞེས་པ་ལ་བློས་གཞིག་ཅིག།ཅེས་ཟེར་བ་ལ་བློས་གཞིག་ཅིང་བརྟག་དཔྱད་བཏང་བས་ཡུལ་མེད་སྟོང་ཁྱབ་ཀྱི་ངོ་བོར་མཐོང་ཞིང་ཤེས་སོ། །འོན་ཀྱང་སྒོམ་ཚུལ་ཇི་ལྟར་ཡིན་མ་ངེས་པས་སེམས་གཏད་སོ་མེད་པར་ཡོད་པའི་སྐབས་ཞིག་ན།ལོ་དེའི་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུའི་ནུབ་སྔར་གྱི་ཁྲག་གི་ཆུ་ཀླུང་ཆེན་པོ་དེ་འོད་མཐིང་ནག་ཆུ་ཀླུང་དྲག་པོ་ལྟ་བུར་བདག་གི་སེམས་ནམ་མཁར་གྱུར་བའི་ཀློང་ནས་འབབས་པ་ལ་སྣང་བ་ཐམས་ཅད་ཐིམ་འགྲོ་བའི་ཉམས་ཤིག་ཤར།དེ་ནས་རེ་ཞིག་གི་ཚེ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡིན་སྐད་པའི་གཞོན་ནུ་སྔོན་པོ་གོས་སྔོན་གྱོན་པ་ཞིག་གིས།ཁྱོད་སྣང་ཉམས་འདི་ལ་ངོ་མཚར་རམ་གསུངས་པའི་ལན་དུ་ངས་འདི་ལྟར་ཞུས།སྣང་ཉམས་འདི་ཐོག་མར་ཁྲག་ཏུ་སྣང་བས་འཇིགས་སྐྲག་ཤར།བར་དུ་མུན་པ་ནག་པོའི་སྣང་ནས་སེམས་ཨ་ཐང་ཆད།མཐའ་མ་འཇའ་རུ་སྣང་།ད་ལྟ་འོད་མཐིང་ཆུ་ཀླུང་འབབས་པ་ལྟ་བུར་སྣང་བ་འདིའི་ངང་ཚུལ་ལ་བརྟག་ན།དཔེར་ན་ནམ་མཁའ་ལས་འཇའ་ཚོན་སྣང་བ་དང་།ཆུ་ལས་གཟུགས་བརྙན་སྣང་བ་ལྟར།སྣང་བ་ཐམས་ཅད་ནམ་མཁའ་ལས་གཞན་དུ་མེད་པར་འདུག་སྙམ་མོད་ཀྱི།ནམ་མཁའ་ནི་སྟོང་ཧད་སྐྱོན་ཡོན་མེད་པ་ཞིག་ཡིན་འདུག་པས་ཇི་ལྟར་ཡིན།སེམས་ཞེས་བྱ་བ་འདི་དཔེར་ན་མེ་མེད་ན་མེ་སྟག་མི་འབྱུང་བ་དང་།ཆུ་མེད་ན་ཆུ་སྒྲ་དང་གཟའ་སྐར་གྱི་གཟུགས་བརྙན་མི་སྣང་བ་ལྟར།སེམས་ལ་གཞི་ཞིག་མེད་ན་སྣང་བ་དང་རྣམ་པར་རྟོག་པ་འཆར་དོན་མེད།སེམས་འདི་ལུས་ལ་ཡོད་ན་ནི་ཕྱིའི་སྣང་བ་འཆར་དོན་མེད་ཅིང་།རྨི་ལམ་གྱི་སྣང་བ་ས་རྡོ་རི་བྲག་སྲ་འཐས་སུའང་ཅི་ལ་སྣང་།ནངས་པར་ཡུལ་མེད་དུ་ཡལ་བ་ལ་བརྟག་ན་སེམས་ཀྱི་ཀློང་དུ་སེམས་ཉིད་སྣང་བ་རེད་སྙམ་གྱི་ཞེས་ཞུས་པས།ལྟ་བ་ནི་ཧ་ལམ་ཞིག་རྟོགས་འདུག་མོད་ཀྱི།ཉམས་ལེན་སྒོམ་པ་ཤོད་དང་གསུངས་པ་ལ།བདག་གི་སྒོམ་མི་ཤེས་པས་ཁྱོད་ཀྱིས་ང་ལ་སྒོམ་པ་ཤོད་དང་སྨྲས་པས།འོ་རིགས་ཀྱི་བུ་སྒོམ་པ་ལ་སློབ་དཔོན་རེ་རེ་བཞིན་ཁྲིད་མཐའ་རེ་ཡོད།ལ་ལས་ནི་རྣམ་རྟོག་འདི་བཀག་དགོས་ཟེར་ནས་སློབ།ལ་ལས་ནི་རྣམ་རྟོག་འདི་ལ་བལྟས་ནས་རིག་དགོས་ཟེར།ལ་ལས་རྣམ་རྟོག་འཚོ་སྐྱོང་བྱེད་ནས་ངན་པ་བཅོས་དགོས་ཟེར།ལ་ལས་སེམས་དང་ནམ་མཁའ་བསྲེ་དགོས་ཞེས་འཆད་དོ། །སེམས་རང་བཞིན་པ་ལྟར་མ་བཞག་པའི་སྐྱོན་གྱིས་བདེ་སྡུག་ན་ཚ་འབྱུང་བ་ལ་ཡ་མཚན་དུ་བརྗོད།ལ་ལས་ནི་སྟོང་པའོ་ཞེས་ཡིད་ཤེས་ཀྱི་འཛིན་པ་ཕྲ་མོ་ཡོད་དགོས་ཟེར་བའང་ཡོད་དེ།དེ་དག་ལ་མིང་ཇི་ལྟར་བཏགས་ཀྱང་ཡང་དག་པའི་ལམ་ནི་མིན་ངེས་སོ། །ད་ཡང་དག་པའི་ལམ་དུ་འཇུག་པར་འདོད་ན་ཡར་དག་པའི་ཞིང་དང་མར་མ་དག་པ་འཁོར་བའི་སྣོད་བཅུད་ཐམས་ཅད་ཆོས་ཉིད་ནམ་མཁའ་ཉིད་ལས་མི་གཞན་པར་ནམ་མཁར་རོ་གཅིག་པའི་ངང་ཤེས་པ་ནི་ནམ་མཁའ་མངོན་དུ་གྱུར་པ་ཡིན་པས་དེའི་ངང་དུ་ཞོག་ལ་མ་ཡེངས་ཤིག།མ་ཡེངས་ཞེས་བྱ་བ་ནི་གཏད་མེད་དང་འཛིན་མེད།བསྒོམ་མེད་དང་བལྟར་མེད།འཚོ་མེད་དང་སྐྱོང་མེད་ཞིག་ཡིན།སྨྲ་བརྗོད་དང་བྲལ་བ་ཞིག་ཡིན།སྔར་ཇི་ལྟ་བུར་རང་གར་རྒྱ་ཡན་པ་ཞིག་ཡིན་གསུངས།དེ་ལ་བདག་གིས་རྣམ་རྟོག་འདི་ཇི་ལྟར་བྱེད་ཅེས་དྲིས་པས།གཞོན་ནུ་ན་རེ།རྣམ་རྟོག་ནི་དགག་སྒྲུབ་གང་ཡང་མི་རུང་།གོ་ཚོར་མྱོང་ཞེན་མེད་པར་རང་གར་ཡན་པ་ཡིན་པས་ཤེས་པར་གྱིས་ཤིག་ཅེས་གསུངས་པ་ལ།བདག་གིས་ནམ་མཁའ་མིག་གིས་མཐོང་བ་ཡིན་ནམ་སྨྲས་པས།མ་བཅོས་རང་བབས་སུ་མཐོང་བ་དེ་ཡིན་གསུངས།བདག་གིས་འདི་ལྟར་ནམ་མཁའ་མིག་གིས་མཐོང་བས་མ་ལགས་ཏེ།སེམས་ཀྱིས་སེམས་མ་མཐོང་ན་ནམ་མཁའ་མངོན་དུ་གྱུར་པས་ཅི་ལ་ཕན་ཞུས་པས།སེམས་ཀྱིས་སེམས་ལ་བལྟ་བ་ནི་བལྟ་མཁན་བལྟ་ས་གཉིས་སུ་ཡོད་པས་ཤེས་པས་རྣམ་རྟོག་ལ་བལྟ་བ་མི་རྒན་གྱིས་བྱིས་པའི་རྩེད་མོ་ལ་བལྟ་བ་དོན་མེད་པ་དང་མཚུངས་པ་ཡིན།འཁོར་འདས་ཐམས་ཅད་ནམ་མཁའ་ཉིད་ལས་མི་གཞན་པར་ནམ་མཁའ་ཉིད་དུ་རོ་གཅིག་པའི་ངང་ཚུལ་ཤེས་ཕན་ཆད་ནམ་མཁའ་མིག་གིས་མ་བོར་ཙམ་གྱིས་ཆོག་པའི་དོན་ནི་ཡེ་གནས་ཀྱི་ཤེས་པ་དེ་མིག་ཤེས་སུ་སྣང་ཞིང་མིག་དེ་ཤེས་པ་དེ་ལས་ངོ་བོ་གཞན་དུ་མེད་པའི་ཚུལ།ཤི་བའི་རོ་ལ་གཟུགས་སྣང་བའི་མིག་མེད།རྨི་ལམ་དུ་མིག་མེད་པ་ལས་གཟུགས་སྣང་མངོན་དུ་བྱེད།བར་དོ་བ་ལ་ཡང་མིག་མེད་དེ་གཟུགས་སྣང་མངོན་དུ་བྱེད་པ་དེས་ཤེས།ཡེ་གནས་ཀྱི་ཤེས་པ་ཡིན།སེམས་ཅན་ཐམས་ཅད་ཀྱིས་གཞི་མངོན་དུ་མ་གྱུར་པས་འཁྲུལ་པ་ཡིན་པ་ལས།དེ་ལས་གཞན་པའི་རྣམ་རྟོག་མ་མཐོང་བས་འཁྲུལ་པ་མ་ཡིན་པའི་ཚུལ།སེམས་ཅན་ཐམས་ཅད་རྣམ་པར་རྟོག་པ་མངོན་ཞེན་ལ་བརྟེན་ནས་འཁྲུལ་པའི་ཚུལ་ལ་ལྟོས་ཤིག།དེས་ན་རྣམ་པར་རྟོག་པ་ནི་བསྒྱུར་བྱ་ཡིན།འཁོར་འདས་ཀྱི་ཆོས་ཐམས་ཅད་ནམ་མཁའི་རང་བཞིན་ལས་མ་འདས་པར་ངེས་ཤེས་གཏིང་ནས་འདྲོངས་པ་ཞིག་བྱུང་ཕན་ཆད་ནམ་མཁའ་རྣམ་པར་དག་པ་ཞེས་བྱ་བ་ཡིན་པས་དུས་གསུམ་དུ་ངང་མངོན་དུ་གྱུར་པ་ལས་འདས་མི་རུང་སྟེ།འདི་ལ་གོམས་འདྲིས་ཀྱི་གནད་ཐེང་ན་མཐར་ཆོས་ཉིད་སྤྲོས་མཐའ་བྲལ་པའི་དབྱིངས་མངོན་དུ་འགྱུར་བ་ནི་དཔེར་ན་ནམ་ལངས་ཚེ་མུན་པ་མེད་པ་ལྟ་བུར་སྒོམ་སྒྲུབ་འབད་རྩོལ་དང་བྲལ་བ་ཞིག་གི་ཐོག་ཏུ་ཕེབས་པར་འགྱུར་ངེས་སོ། །ཞེས་གསུངས་ཤིང་མི་སྣང་བར་ཡུལ་ལོ། །དུས་དེ་ནས་བཟུང་སྟེ་བདག་གིས་ནམ་མཁའ་མིག་གིས་མ་བོར་ཙམ་ལ་ལམ་བྱས་ནས་རྩེ་གཅིག་ཏུ་ཉམས་སུ་བླངས་ནས་ཆོས་ཉིད་ཕྱོགས་མཐའ་དང་བྲལ་བའི་དབྱིངས་ཐོག་ཏུ་ཕེབས་ནས་རྟོགས་པ་ཀློང་བརྡོལ་བ་ཡིན།འཁོར་འདས་གང་ལས་ཆོས་ཀུན་ཡོངས་སྣང་ཞིང་། །སྤྲོས་པའི་ཆོས་སོ་ཅོག་དང་རྣམ་བྲལ་བ། །གདོད་མའི་གཞི་དབྱིངས་ནམ་མཁའི་ངོ་བོ་ཉིད། །ནམ་མཁའ་ཉིད་ལས་གཞན་གྱི་དཔེས་མི་མཚོན། །བདེ་བར་གཤེགས་པའི་ཤེར་ཕྱོགས་མདོ་ལས་ཀྱང་། །ཤེས་རབ་ཕ་རོལ་ཕྱིན་ལ་རྣལ་འབྱོར་དུ། །བྱེད་ན་ནམ་མཁའ་རྣལ་འབྱོར་བྱེད་དོ་ཞེས། །གསུངས་པའི་དོན་གྱི་མཐར་ཐུག་དགོངས་པས་རིག།ཇི་ལྟར་ཕྱི་རོལ་ཇི་བཞིན་ནང་དེ་བཞིན། །ཕྱི་ནང་གང་ཡིན་ནང་གི་རང་གདངས་ཏེ། །ནང་གདངས་གང་ཡིན་ཕྱི་རོལ་ལྟ་བུར་མངོན། །ཐ་དད་ཆོས་སུ་མིང་བརྡས་སྒྲོ་རུ་བཏགས། །སྨྲ་བསམ་བརྗོད་མེད་བརྗོད་པས་ཚུལ་བྱས་ཤིང་། །མཚོན་མེད་དོན་དེ་མཚོན་པས་ཡོངས་མཚོན་པ། །དུས་གསུམ་རྒྱལ་རྣམས་ཐབས་ལ་མཁས་ཚུལ་ཏེ། །དོན་དམ་དབྱིངས་ལ་དཀྲི་བའི་འཇུག་སྒོ་ལགས། །ཡེ་རིག་ཡུལ་འཛིན་ཤེས་པར་འཕོས་པ་ལ། །རིག་རྩལ་ཤེས་རབ་ཆེན་པོས་རྒྱས་ཐེབ་ན། །མིག་དབྱིངས་ཀ་ཏི་ཤེལ་གྱི་གསང་ལམ་ནས། །ཕྱི་ནང་དབྱེར་མེད་སྟོང་པའི་དེ་ཉིད་རིག།ཐེག་མཆོག་རྒྱལ་པོའི་གཏམ་གྱི་སེང་གེའི་སྒྲས། །བློ་དམན་རི་དྭགས་ཚོགས་རྣམས་སྐྲག་བྱེད་དེ། །ཤིན་ཏུ་ཟབ་པར་གྱུར་པའི་ཆོས་ཚུལ་ལ། །ཕལ་གྱིས་བརྒྱུད་མར་རྒོལ་བ་ཆོས་ཉིད་ཡིན། །ནང་གི་དམ་པ་ཡེ་གནས་ཆོས་སྐུ་དེ། །རང་གི་ཡེ་ཤེས་མིག་གིས་མཐོང་བ་ལས། །གཞན་པའི་དོན་གྱི་ཐབས་ཚུལ་འགའ་མཆིས་ན། །ཟབ་ཞི་སྤྲོས་བྲལ་རྟོགས་དཀར་གསུངས་པ་ཅི། །དེ་ནས་ལོ་ཁྱིམ་བཅོ་བརྒྱད་ལ་བབས་པའི་དབྱར་ཟླ་འབྲིང་པོའི་ཚེས་བཅུའི་ཉིན་མོ་དགུང་ཐུན་གྱི་མཚམས་སུ་ཟོ་ལག་བཟུང་སྟེ་ཆུ་ལེན་དུ་ཕྱིན་པ་ན་ནམ་མཁའ་ནས་གཏོར་མ་ཞིག་ཟོ་ལག་གི་ནང་དུ་ལྷུང་བྱུང་བས་ནམ་མཁར་གྱེན་དུ་བལྟས་པས་བྱ་རོག་ཞིག་འཕུར་འདུག་པ་མཐོང་བས་དེས་འཕང་བར་ཤེས་ཤིང་དངོས་གྲུབ་ཀྱི་པྲ་ལྟས་སུ་གོ་ནས་གནས་གསུམ་དུ་གཏུག་སྟེ་ཟོས།དོ་ནུབ་མཁའ་འགྲོ་མ་གསལ་ཁྱབ་དབང་མོ་ཡིན་ཟེར་བའི་བུ་མོ་ཞིག་ན་རེ་ཁར་སང་གི་གཏོར་མ་དེ་ནི་བལ་ཡུལ་ཤིང་ཀུན་གྱི་ཚལ་ནས་བལ་པོ་སུ་ཁ་ཤྲཱི་ཞེས་བྱ་བའི་སྒྲུབ་གཏོར་མགོན་པོ་བྱ་རོག་གདོང་ཅན་ལ་མཁའ་འགྲོ་རྡོ་རྗེ་ཕག་མོས་བསྐུར་བ་ཡིན་ཏེ་ཐུན་མོང་གི་དངོས་གྲུབ་ངེས་པར་ཐོབ་ཟིན་པ་ཡིན་པས་ཁྱོད་དགའ་བར་གྱིས་ཤིག་ཅེས་ཟེར་ཞིང་མི་སྣང་བར་ཡལ།ལོ་ཁྱིམ་དེའི་དགུན་ཟླ་ར་བའི་ཚེས་བཅུའི་ཉིན་ཕྱུགས་རྫི་ལ་ཕྱིན་པའི་ལམ་ཁ་ཞིག་ཏུ་རྡོའི་རིལ་བུ་ཡུངས་འབྲུ་ཙམ་དགུ་རྡོ་ཕ་ཝང་ཞིག་གི་ཐོག་ཏུ་སྔོ་ཧྲིལ་ལེ་འདུག་པ་མཐོང་པའི་མོད་ལ།ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧོཿཞེས་པས་གནས་ལྔར་གཏུག་སྟེ་རོལ་པར་བྱས།དོ་ནུབ་མཁའ་འགྲོ་ནམ་མཁའི་དབྱིངས་ཕྱུག་མ་ཡིན་ཟེར་བ་ཞིག་གིས་འདི་སྐད་ཟེར།ཡེ་ཡེ།ཨ་མའི་བུ་ཆུང་ཉོན་ཅིག།ཐེག་པའི་རྣམ་གྲངས་དུ་མ། །དོན་ཀུན་འདུས་པའི་ཀློང་མཛོད། །དེ་དག་རྫོགས་པ་ཆེན་པོ། །ཐིག་ལེ་དགུ་རུ་སྣང་བ། །ཁྱོད་ལ་ཨ་མས་གནང་ཡོད། །དངོས་གྲུབ་ཡིན་པར་ཤེས་པའི། །བུ་ཆུང་ཤེས་རབ་ཅན་ཁྱོད། །བླ་མེད་མཆོག་གི་དངོས་གྲུབ། །ངེས་པར་ཐོབ་པ་ཡིན་ནོ། །ད་ནི་སྒོམ་པ་ཟབ་མོ། །གནད་དུ་བསྣུན་པར་ནུས་ན། །དགོངས་པ་ཀློང་དུ་བརྡལ་བའི། །དགོངས་གཏེར་སྐོར་གསུམ་རྡོལ་ནས། །འགྲོ་དོན་རྒྱ་ཆེར་འགྲུབ་འོང་། །ཞེས་ཟེར་ཞིང་མི་སྣང་བར་ཡལ་ལོ། །ཡང་ལོ་ཁྱིམ་དེའི་དགུན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔའི་ཉིན་སྦྱིན་བདག་མགོན་བསྟན་ཞེས་བྱ་བའི་ཀློག་འདོན་དུ་ཡོད་པའི་སྐབས་ཤིག་བུད་མེད་རྒན་མོ་ཞིག་གིས་ཁྱོད་ལ་ཟས་འདི་སྦྱིན་གྱི་ལྷག་མེ་དུ་རོལ་ཅིག་ཟེར་ནས་གྲོ་མ་སྤར་གང་སྟེར་བྱུང་བ་བདག་གིས་ཟ་གྲབ་བྱེད་དུ་ཡོད་པའི་སྐབས་སུ།མི་དམར་རྟ་དམར་ལ་ཞོན་པ་ཞིག་གིས་མདུང་དར་གྱིས་བདག་གི་ལག་སྐེ་རུ་བརྒྱབ་ནས་ཐར་གྱིས་གཏོར་བ་ལ་བདག་ཞེ་སྡང་སྐྱེས་ཏེ་ཁྱོད་ཀྱིས་ཅི་ཡིན་ཞེས་ང་རོའི་སྐད་ཀྱིས་སྨྲས་པས།ཁོ་ན་རེ།མོ་འདྲེས་ནད་ཀྱི་ས་བོན་འདེབས་པ་ཡིན་པས་ཟ་ཨེ་སྲིད་ཟེར།བདག་གིས་ཁྱོད་སུ་ཡིན་བྱས་པས།ང་ནི་བཙན་རྒྱལ་སྲོག་ལེན་དམར་པོ་ཡིན།ཁྱོད་ཀྱི་བར་ཆད་སེལ་བའི་ལས་བྱེད་ཡིན་ཟེར།ངས་ཁྱོད་མཆོད་ན་ཇི་ལྟར་འདོན་སྨྲས་པས།ང་དམ་མ་བསྒྲགས་པར་བོས་ན་འོང་བའི་སྐབས་མེད།དེའི་ཕྱིར་འདི་ལྟར་དམ་སྒྲོགས་ལ་བོས། །ཧྲཱིཿཞེས་སྲོག་ནས་ཟུངས་ལ།དད་པ་དང་ནི་དམ་ཚིག་གཉན་པོ་ཡིས། །གནོད་སྦྱིན་བཙན་རྒྱལ་འཁོར་བཅས་འདིར་གཤེགས་ཤིག།གསོལ་ལོ་མཆོད་དོ་ཐུགས་དམ་གཉན་པོ་བསྐང་། །ཅི་འདོད་བསམ་བཞིན་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་བརྗོད་ན་ང་གནས་ནས་སླེབས་འོང་ཞེས་ཟེར་ཞིང་ཉི་མ་ནུབ་ཕྱོགས་སུ་དམར་ཤར་གྱིས་བཞུད་སོང་ངོ་། །དེ་ནས་ལོ་ཁྱིམ་བཅུ་དགུ་ལ་བབས་པའི་ཚེ་བྲག་ལུང་ཞེས་བྱ་བའི་བྲག་ཕུག་ནང་དུ་སོང་བས་དེའི་ནང་ནས།བུད་མེད་ན་སོ་རྒན་སོང་ཞིག་གིས་ཁྱོད་གར་འགྲོ་ཅི་ཡིན་ཟེར་བར།ང་འདི་རུ་ཐུན་ཞིག་བཟུང་ནས་འདུག་འདོད་པ་ཡིན།ཁྱོད་སུ་ཡིན་དྲིས་པས།བུད་མེད་ན་རེ།ང་ནི་གནས་འདིའི་བདག་མོ་བཙན་སྲོག་རྔམ་ཅན་གྱི་བུད་མེད་ཡིན།ཁྱོད་འདི་རུ་སྡོད་ན་ངས་གསོད་ངེས་པ་ཡིན།ཞེས་ཟེར་ཞིང་རྒྱབ་ཏུ་མཛུབ་ཚུགས་བྱས་ཏེ་ཕ་ཀི་ནི་ཁྱོད་འཆི་ལྟས་རེད་ཟེར།བདག་གིས་ཕྱིར་བལྟས་བྱས་པས་སྲེ་མོང་ཞིག་གིས་སྦྲུལ་རོ་ཞིག་དྲུད་ནས་འགྲོ་འདུག་པས་བསམ་པ་ལ་ང་ཤི་ཡང་གསོད་མཁན་ནི་བུད་མེད་འདི་ཡིན་ངེས་པས་འདི་གསོད་དགོས་སྙམ་དུ་ལག་པ་ལ་བརྙབས་པས་ཡལ་སོང་།དེ་ནས་བདག་དེར་བསྡད་ཅིང་མདོ་བཟློག་ལན་གསུམ་བྱས་ཚེ་བྲག་གི་ནང་ནས་བྲག་ཆ་ལྟར་སྒྲ་འདི་གྲགས་བྱུང་།དེ་རུ་མ་འདུག་དང་ལྟས་ངན་བསྟན་པ་རྩེད་མོ་མིན་རེ་ཀན་ཟེར།ལོ་ཁྱིམ་དེའི་དགུན་ཟླ་འབྲིང་པོའི་ནང་དུ་འཇམ་དཔལ་སྨྲ་བའི་སེང་གེའི་བསྒོམ་བཟླས་ལ་ཞུགས་ཚེ་ཟླ་བ་གཅིག་ཙམ་སོང་བའི་མཐར་རིལ་བུ་རྣམས་འཕེལ་ཞིང་འཕུར་བྱུང་།དེ་ནུབ་འཇམ་དཔལ་གྱི་ཞལ་མཐོང་ནས་འདི་སྐད་ཅེས།བུ་ཁྱོད་ཀྱི་ཅི་འདོད་པ་ངས་སྦྱིན་གྱི་གསུངས་པ་ལ།ངས་ཡི་གེ་མཁས་པ་ཞིག་འདོད་ཀྱི་ཞུས་པས།ཡི་གེ་ནི་མི་སྐྱ་འགས་ཀྱང་ཤེས་སྲིད་དེ་ཅི་བྱེད་གསུངས།འོ་ན་ཤེས་རབ་ཞིག་འདོད་ཞུས་པས།ཀྱཻ།རིགས་ཀྱི་བུ་ཁྱོད་ཚུར་གསོན་དང་། །ཀློག་འདོན་མཁས་ཙམ་ཤེས་རབ་མིན། །འདི་བསླབ་ཤེས་པ་ཐུན་མོང་ཡིན། །ཤེས་རབ་བྱ་བ་དེ་མ་ཡིན། །ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་། །མངོན་གྱུར་སྟོང་ཉིད་དོན་རྟོགས་ན། །ཤེས་རབ་དོན་གྱི་དམ་པ་ཡིན། །ང་ཉིད་མི་གཡོའི་ངང་དུ་གནས། །ཁྱབ་བརྡལ་ཆེན་པོར་སྤྲོས་དང་བྲལ། །ང་ཉིད་གསལ་ཁྱབ་ཆེན་པོར་བརྡལ། །ཆོས་ཉིད་ནམ་མཁའི་ཁོར་ཡུག་ལ། །ཤེས་རབ་ཆེན་པོའི་ཉི་མ་ཡིན། །ལམ་འབྲས་ཆོས་རྣམས་ཐམས་ཅད་ཀུན། །ཟད་མེད་ཀློང་ནས་བརྡོལ་པའི་ཚེ། །ང་ཉིད་སྙིང་ལ་ཞུགས་པ་ཡིན། །འཁོར་འདས་ཆོས་རྣམས་ཐམས་ཅད་ཀུན། །རྨི་ལམ་སྒྱུ་མ་ལྟར་མཐོང་ཚེ། །ང་ཡི་དགོངས་བརྒྱུད་འཕོས་པ་ཡིན། །སེམས་སྣང་ནམ་མཁའི་རོལ་པ་རུ། །ཕྱམ་བརྡལ་ཉིད་དུ་རྟོགས་པའི་ཚེ། །ང་ཡི་དགོངས་པ་འཕོས་པ་ཡིན། །ཤེས་རབ་ཆེན་པོའི་སྤྱན་ཡངས་པས། །ནམ་མཁའ་མངོན་དུ་གྱུར་པའི་ཚེ། །ང་དང་གཉིས་སུ་མེད་པ་ཡིན། །ཤེས་རབ་ཆེན་པོ་ཁྱོད་ལ་ཐོབ། །ཡེ་ཤེས་མིག་ཀྱང་ཁྱོད་ཀྱིས་ཐོབ། །ད་ནི་ང་དང་ཁྱོད་གཉིས་པོ། །གཉིས་སུ་མེད་པའི་ངང་དུ་ཨ། །ཞེས་གསུངས་ཤིང་སྒྲུབ་ཐབས་སྔགས་དང་བཅས་པ་གནང་ནས་སྙིང་གར་ཐིམ་པས་ཆོས་ཉིད་ཀྱི་ངང་དུ་ཡུན་ཅིག་འབྱམས་ཀླས་སོ། །ལོ་ཁྱིམ་ཉི་ཤུ་ལ་བབས་པའི་དཔྱིད་ཟླ་འབྲིང་པོའི་ཚེས་བརྒྱད་ཀྱི་ནུབ་རྨི་ལམ་ན་ཡུལ་ཡངས་པ་ཆེན་པོ་མེ་ཏོག་སྣ་ཚོགས་རྒྱས་པའི་ཚལ་ཞིག་ཏུ་རིན་པོ་ཆེ་དུང་ལས་གྲུབ་པའི་མཆོད་རྟེན་ལ་མཁའ་འགྲོ་མ་མང་པོས་བཀུར་སྟི་བྱེད་ཀྱིན་འདུག་པའི་གམ་དུ་སླེབས།དེའི་ཚེ་བུམ་སྒོའི་ནང་དུ་བཅོམ་ལྡན་འདས་མགོན་པོ་མི་བསྐྱོད་པ་ཡིན་ཟེར་བའི་བླ་མ་ཆོས་གོས་རྣམ་གསུམ་ཀླུབས་ཤིང་ཕྱག་གཉིས་ས་གནོན་དང་མཉམ་བཞག་མཛད་པ་ཞིག་ཞལ་ནས་ཅིའང་མི་གསུང་བར་བཞུགས་པ་ལ།སྐུ་ལས་སྒྲ་བྲག་ཆ་ལྟ་བུར་རང་བྱུང་དུ་གྲགས་པ་ནི།ཨ་ཨེ།འདུས་བྱས་ཆོས་རྣམས་ཐམས་ཅད་ཀུན། །སྒྱུ་མ་སྒྱུ་མའི་རྫུན་རིས་མང་། །སྒྱུ་མས་སྒྱུ་མཁན་བསླུས་པའི་དཔེ། །སྨིག་རྒྱུ་རྒྱུ་རྐྱེན་ཚོགས་པའི་འཕྲུལ། །རི་དྭགས་ཆུ་རུ་རློམས་པའི་དཔེ། །རྨི་ལམ་སྣང་བ་སྣ་ཚོགས་པ། །རྨི་མཁན་དངོས་ཞེན་འཁྲུལ་པའི་དཔེ། །གཟུགས་བརྙན་མཐོང་བ་མངོན་སུམ་ཡང་། །འཆར་ཡུལ་ལས་ནི་གཞན་མ་གྲུབ། །དྲི་ཟའི་གྲོང་ཁྱེར་ཆེན་པོ་ཡང་། །རང་སྣང་ལས་ནི་གཞན་མ་གྲུབ། །བྲག་ཆ་སྣང་བར་གྱུར་བ་ཡང་། །ཀི་སྒྲ་གཅིག་ལས་གཞན་མ་ཡིན། །ཆུ་ལས་ཆུ་ཟླ་སྣང་ན་ཡང་། །ཆུ་ཉིད་ལས་ནི་ཟླ་བ་མིན། །ནམ་མཁར་འཇའ་ཚོན་སྣང་བ་ཡང་། །ནམ་མཁའ་ཉིད་ལས་གཞན་མ་གྲུབ། །མིག་ལ་རབ་རིབ་སྣང་བ་དེ། །མིག་རྐྱེན་ལས་ནི་གཞན་མ་ཡིན། །མེ་ལས་མེ་འོད་སྣང་བ་ཡང་། །མེ་ཉིད་ལས་ནི་གཞན་མ་ཡིན། །ང་ལས་ཕ་རོལ་སྣང་བ་ཡང་། །བདག་ཉིད་ལས་ནི་གཞན་མ་ཡིན། །གཞི་ལས་གཞི་སྣང་མཆེད་པ་ཀུན། །གཞི་ཉིད་ལས་ནི་གཞན་མ་ཡིན། །སེམས་ལ་སྣང་བའི་ཆོས་སོ་ཅོག།སེམས་ལས་དངོས་པོ་གཞན་མ་ཡིན། །ནམ་མཁའ་ནམ་མཁར་འཛིན་པས་འཆིང་། །གཞི་ཞེས་གཞན་དུ་འཛིན་པས་འཆིང་། །རྣམ་རྟོག་སེམས་ཀྱི་ཆོ་འཕྲུལ་ལ། །མངོན་ཞེན་དགྲ་རུ་འཛིན་པས་འཆིང་། །རྣམ་རྟོག་གནས་གྱུར་ཡེ་ཤེས་ལ། །འཚོ་སྐྱོང་བཅོས་དང་འགོགས་པས་འཆིང་། །ཨ་ནི་ནམ་མཁའ་རྣམ་དག་དབྱིངས། །ཨ་ནི་སྐྱེ་དང་འགགས་པ་མེད། །ཆོས་དབྱིངས་ཡེ་ཤེས་སྙིང་པོ་ལ། །བརྗོད་པ་ཙམ་ནས་ཁྱབ་ཅིང་བརྡལ། །བརྗོད་གཞི་ཀུན་ཏུ་ཨ་རང་བྱུང་། །ཁྱོད་དང་ང་གཉིས་གཉིས་སུ་མེད། །བཟང་ངན་རེ་དོགས་སྤང་བླང་མེད། །ཡོད་དང་མེད་པའི་ཐ་སྙད་མེད། །ཐོབ་ཤོར་མེད་དོ་ཆོས་སྐུའི་དབྱིངས། །དོན་འདི་རྟོགས་ན་རྣལ་འབྱོར་ཡིན། །ཞེས་གསུངས་ཤིང་བདག་ལ་ཐིམ་པའི་སྣང་བ་བྱུང་ངོ་། །རང་སྣང་སྟོན་པ་རྒྱལ་བ་མི་བསྐྱོད་པས། །ངག་གི་རྩོལ་བས་འདུ་བྱེད་ཀྱིས་མིན་པར། །གསལ་སྟོང་སྐུ་ལས་གྲགས་སྟོང་འགགས་མེད་སྒྲས། །སྣ་ཚོགས་དཔེ་ཡིས་ཀུན་རྫོབ་རྟེན་འབྱུང་ཚུལ། །སྐྱེ་མེད་ཡི་གེས་གནས་ལུགས་དོན་བསྟན་པས། །སྣང་སྟོང་གཉིས་མེད་བཅིང་དང་གྲོལ་མེད་པའི། །ནང་དབྱིངས་གཞི་དང་གཞི་སྣང་གྲོལ་འཁྲུལ་ཚུལ། །ཇི་བཞིན་རྟོགས་ནས་རྟག་ཆད་གཡང་ལས་གྲོལ། །སྐུ་གསུང་ཐུགས་དང་སྒོ་གསུམ་དབྱེར་མེད་གྱུར། །ཧོར་ཟླ་བཅུ་གཉིས་པའི་ཚེས་ལྔའི་ནུབ་རྨི་ལམ་ན་བུད་མེད་དམར་མོ་ཞིག་གིས་སང་ཉིན་མཐོང་བ་མངོན་སུམ་པ་ཞིག་འབྱུང་རྒྱུ་ཡིན།ཁྲོ་དང་ཐབ་ཆ་ལ་བཅག་གྲུམ་ཆེན་པོ་བྱེད་འོང་ཟེར་ནས་ཡལ་སོང་།སང་ཉིན་སྦྱིན་བདག་མགོན་བསྟན་གྱི་སྲིང་མོ་སྐྱ་རིས་མ་སླེབས་བྱུང་བ་དང་མཉམ་དུ་བྱིས་པ་ཐལ་སྐྱ་ཞིག་བྱུང་ནས་ལྷག་ལྷག་དགོད་ཅིང་སྒྱེད་པུ་གསུམ་གྱི་ཐོག་ཏུ་འཆམས་སྟབས་བྱེད་པ་མཐོང་བས།བདག་གིས་སྦྱིན་བདག་མགོན་བསྟན་ལ་ཁྱོད་ཀྱི་ཐབ་ཆ་ལ་གཟབ་པར་རེམ་ཞིག།ཐེའུ་རང་ཞིག་གིས་སྒྱེད་ཐོག་ན་རྩེ་བགད་བྱེད་འདུག་གི་སྨྲས་པས་གཟབ་པར་བྱེད་ངེས་སོ་ཟེར།དེ་ནས་ཁལ་བཀལ་ཏེ་དེ་ཐོག་ཏུ་ཁྲོ་ཆེ་ཆུང་གསུམ་གཅིག་གི་ནང་དུ་གཅིག་བཅུག་སྟེ་བཅིང་ཐག་ལེན་དུ་ཕྱིན་པ་ན་གཡག་གིས་གློ་མཆོང་ཞིག་བྱས་ནས་ཁྲོ་གསུམ་པོ་རྡོ་ལ་བརྒྱབ་ནས་གཏོར་ཐལ།དེ་ནས་རང་ལོ་ཉེར་གཅིག་ལ་བབས་པའི་ཧོར་ཟླ་དང་པོའི་ཚེས་བཅུ་གསུམ་གྱི་ནུབ་མཁའ་འགྲོ་མ་སྔོན་མོ་དར་དཀར་གྱི་ཨང་རག་གསོལ་བ་རིན་པོ་ཆེའི་ཕྲེང་བ་མང་པོའི་རྒྱན་གྱིས་བརྒྱན་པ་ཞིག་བདག་གི་མདུན་དུ་སླེབས་མ་ཐག་མཁའ་ལ་ཉི་མ་ཤར་བ་བཞིན་དུ་སྣང་བ་གསལ་ཞིང་ཁྱོན་ཡངས་པའི་ཡུལ་མེ་ཏོག་སེར་པོས་ས་གཞི་གང་བའི་འོད་ནམ་མཁའ་ལ་འཕགས་པའི་སར་བུད་མེད་རྒན་གཞོན་གྱི་ཚོགས་མང་པོས་གླུ་འདི་ལྟར་གྱེར་འདུག།ཡེ་ཡེ།ངེད་མི་མིན་མཁའ་འགྲོའི་གླིང་ན། །ཁྱོ་མེད་ཞེ་རེ་རྨོངས་ཀྱི། །སྲིད་པའི་སྡིག་གྲོགས་མི་མཁོ། །ཟག་མེད་བདེ་བ་སྟེར་བའི། །ཐབས་མཆོག་བདེ་ཆེན་རྒྱལ་པོ། །རྙེད་རྒྱུ་ཨེ་ཡོད་སྙམ་ཀྱང་། །རེ་བའི་རྡོས་ཐག་ཆད་ཐལ། །ཐབས་མཆོག་བདེ་ཆེན་དབང་པོར། །བདེ་སྟོང་སྙོམས་པར་ཞུགས་ན། །གཅེས་པའི་བུ་ཞིག་རྙེད་བསམ། །འཁོར་བའི་དཔྱང་རྡོའི་བུ་ཚ། །ཀུན་ལ་ཡོད་ཀྱང་དགོས་མེད། །ཤེས་རབ་རིག་པའི་བུ་མཆོག།སུ་ལ་མེད་པས་ཨེ་རྙེད། །རྙེད་ན་ནམ་མཁའ་མཛོད་ཀྱི། །དགའ་སྟོན་ཆེན་པོ་ལོས་བྱེད། །ཅེས་ཡིད་འཕྲོག་པ་ཙམ་དུ་སྙན་པའི་གླུ་རིང་ལེན་ཅིང་།ཡང་མཁའ་འགྲོ་མ་ཞིག་གི་ངག་ནས་འདི་སྐད་གླུ་རིང་ལེན་འདུག་གོ།ཡེ་ཡེ།དགའ་དགའ་མཁའ་འགྲོའི་གྲོང་ཁྱེར། །སྐྱིད་སྐྱིད་མཁའ་སྤྱོད་གླིང་ཡིན། །མེད་མེད་གཞན་ན་མེད་དང་། །ཡོད་ཡོད་རང་ལ་རྫོགས་ཡོད། །གོ་གོ་གཏིང་ནས་གོ་དགོས། །ཤེས་ཤེས་དོན་གྱིས་ཤེས་དགོས། །རྟོགས་རྟོགས་ངང་གིས་རྟོགས་དགོས། །རིག་རིག་མངོན་དུ་གྱུར་དགོས། །གྲོལ་གྲོལ་རང་སར་གྲོལ་དགོས། །མི་མིན་མཁའ་འགྲོའི་གླུ་འདི། །མ་འོངས་དུས་སུ་བརྡ་ཡིན། །མ་བརྗེད་རབ་ཏུ་མ་བརྗེད། །ཁྱབ་ཁྱབ་ཀུན་ཏུ་ཁྱབ་པ། །བརྡལ་བརྡལ་ཀུན་ཏུ་བརྡལ་བ། །དག་དག་ཀ་དག་མཁའ་ལས། །གྲོལ་གྲོལ་ཡེ་གྲོལ་མ་ང་། །གྲུབ་གྲུབ་ལྷུན་གྲུབ་སྒྱུ་མ། །རང་རང་གཟུགས་བརྙན་ངོ་མ། །དོན་དོན་ཁྱོད་ཀྱི་དོན་དུ། །བཤད་བཤད་ཚིག་གིས་བཤད་ཡོད། །ད་ནི་ཚིག་འདི་ཉོན་དང་། །དེང་དུས་དཔག་བསམ་ལྗོན་ཤིང་། །ཡལ་ག་ལོ་འདབ་ཕྲ་ཞིང་། །འབྲས་བུ་མེ་ཏོག་མ་སྨིན། །ཤིང་གཞན་ཞིག་དང་ནོར་བས། །སུ་ལ་མཁོ་དགོས་མེད་ཀྱང་། །ཤིང་ལ་སྐྱེ་འགགས་མི་འབྱུང་། །རྩལ་ལྡན་སེང་གེ་དཀར་མོ། །ཤར་གྱི་ཕྱོགས་སུ་མཆོང་ཚེ། །བསྡོངས་ཟླ་སེང་ཆུང་ཟུང་དང་། །འཕྲད་ནས་རང་སྐད་འདོན་པ། །སྙན་པའི་དབྱངས་སུ་མངོན་ནས། །སྡེར་ཆགས་ཁྱུ་ཚོགས་འགུགས་སྲིད། །རབ་མཐོ་གངས་དཀར་རྩེ་རུ། །མ་བགྲོད་ངང་གིས་སླེབས་འོང་། །སྡེར་བཞི་གངས་ལ་བགྲད་ཅིང་། །སྤྱན་མིག་སྟེང་དུ་གཟིགས་པའི། །རྩལ་ཆེན་གྲོགས་བཟང་གཉིས་འཛོམ། །བྱ་བྲལ་བྲག་སྐྱིབ་འཛིན་ཅིང་། །ཕྲུ་གུ་གཟན་གྱིས་སྐྱོངས་ཏེ། །ནམ་མཁར་དལ་གྱིས་འགྲོ་བའི། །ཐང་དཀར་བཅུ་ཕྲག་གཉིས་འབྱུང་། །རྒྱ་སྟག་ནགས་ཚལ་འཛིན་ཅིང་། །དཔའ་བའི་རྔམས་སྟབས་མིག་གིས། །ཡངས་པའི་ཡུལ་ལ་བལྟ་ཞིང་། །རོ་བརྒྱའི་ཟས་བཅུད་སྤྱོད་པའི། །རྩལ་ཆེན་བཅུ་ཕྲག་གསུམ་ཡོད། །གསུང་སྙན་ཁུ་བྱུག་སྔོན་མོ། །སྤང་ལྗོངས་གཟན་ཚོལ་བྱེད་ཅིང་། །ལྗོན་ཤིང་རྩེ་རུ་ཕྱིན་ཏེ། །གསུང་སྙན་སྒྲོགས་པ་བཞི་འབྱུང་། །ནོར་བུ་ལག་ཏུ་ཐོགས་ནས། །རྒྱ་མཚོའི་གཏིང་ནས་རྩལ་རྫོགས། །ནམ་མཁའི་ཁམས་སུ་སླེབས་ཏེ། །ས་གསུམ་སྐད་ཀྱིས་འགེངས་པའི། །གཡུ་འབྲུག་སྔོན་མོ་བདུན་བྱུང་། །དུག་ལ་ཁ་ཟས་བྱེད་ཅིང་། །མདངས་ལྔ་འོད་དུ་འབར་བའི། །རྨ་བྱ་མཛེས་ལྡན་བཅུ་དྲུག།ལུས་མེད་མཁའ་འགྲོའི་མཛའ་ཡིན། །སྲིད་པའི་འདམ་རྫབ་ཁྲོད་ནས། །ནོར་བུ་རིན་ཆེན་རྙེད་དེ། །བཀུར་སྟི་ཆེན་པོ་བྱེད་འབྲས། །དབུལ་ཕོངས་འབྱོར་རྒུད་སེལ་བའི། །ཕྱུག་པོ་ནོར་ལྡན་བརྒྱ་ཡོད། །གསེར་གྱི་རྡོ་རྗེ་རྩེ་དགུ། །ད་དུས་འཕྱར་བའི་དུས་མིན། །ལྷོ་ཕྱོགས་བདུད་ཀྱི་ཕོ་ཉས། །བདུད་ཀྱི་དཔུང་ཚོགས་བསགས་ཏེ། །ཡུལ་མང་མི་བདེའི་ལ་ཡོག།ལས་ཀ་དམག་འཁྲུག་གཡུལ་འགྱེད། །འཚུབས་མ་བཞིན་དུ་ལངས་ཚེ། །དུས་ལ་བབ་ལྟས་ངེས་པ། །ཁར་སང་ཁྱོད་ཀྱིས་བྲིས་པའི། །ཡི་གེ་གཞན་ལ་མ་སྟོན། །ཝ་དང་སྤྲེའུའི་ཁྲོད་དུ། །མི་ཡིས་ཀི་སྒྲ་མ་སྒྲོགས། །ཀུན་གྱི་སྙིང་ལ་ཕོག་ནས། །རིང་པའི་ཡུལ་དུ་བྲོས་འགྲོ།དེ་ལྟར་སེམས་ལ་ཞོག་དང་། །རིམ་གྱིས་མཐོ་སར་སླེབས་ཡོང་། །ལུས་མེད་མཁའ་འགྲོའི་གླིང་འདི། །ཡུལ་མེད་ཟང་ཐལ་ཆེན་པོར། །མི་གནས་མི་འགགས་སྤྲོས་བྲལ། །རྨི་ལམ་བཞིན་དུ་སད་འགྲོ། །ཞེས་ཟེར་ཞིང་སྒྱུ་མའི་འཁྲུལ་འཁོར་ལྟ་བུར་ཞིག་སོང་།ལོ་ཁྱིམ་དེའི་དབྱར་ཟླ་ཐ་ཆུང་གི་ཚེས་བཅུའི་ཉིན་གསེར་གྱི་བྲག་ལུང་ཐང་གི་ཆུ་འགྲམ་ན་མེ་ཏོག་རབ་ཏུ་རྒྱས་པའི་ཚལ་ཞིག་ཏུ་ཕྱིན་ནས་བསྡད་ཡོད་པའི་ཚེ་ཡིད་ལ་དགའ་བདེའི་ཉམས་བསམ་གྱིས་མི་ཁྱབ་པ་ཤར་བའི་སྐབས་དེར་སྦྲང་བུ་ཞིག་གིས་མེ་ཏོག་ལ་འཁོར་ཞིང་གླུ་འདི་ལེན་པའི་སྣང་བ་བྱུང་།བཾ་བཾ།སྤང་ལྗོངས་མེ་ཏོག་གི་ཚལ་དུ། །གསེར་གྱི་སྦྲང་ཆུང་ངའི་སྐྱིད་པ། །སྐྱིད་ཀྱང་ངེས་རྟག་རང་མི་འདུག།སྟོན་གྱི་རྒྱལ་མོ་ཁོ་སླེབས་ཡོང་། །རབ་རྒྱས་པད་ཚལ་ནི་ཡལ་འགྲོ། །སྤང་རྒྱན་སྔོན་མོ་ཁོ་སླེབས་ཀྱང་། །ནམ་ཕུག་ཐུབ་པར་ནི་མ་གནས། །འབུ་སྲིན་སྔ་མ་ནི་ཡལ་འགྲོ། །ཤ་སྦྲང་ནག་ཆུང་ཁོ་ལུས་ཀྱང་། །ནམ་ཕུག་ཐུབ་པ་ནི་མི་འདུག།སྔར་གྱི་མི་རྣམས་ནི་ཤི་སོང་། །དྭ་ཕྲུག་ཁ་དམར་ཁྱོད་ལུས་ཀྱང་། །ནམ་ཕུག་ཐུབ་པ་ནི་མི་འདུག།ཁྲི་སྡེའི་རྒྱལ་ས་ལ་འཁོད་ཀྱང་། །ཡུལ་གྱི་སྡུག་ཁུར་ཞིག་རེད་ན། །བླ་ཆེན་ཐོབ་ཐང་ཞིག་བྱུང་ཡང་། །འཁོར་བའི་ཁ་དཔོན་ཞིག་རེད་ན། །ཕྱུག་པོ་ནོར་ལྡན་ཞིག་བྱུང་ཡང་། །དཀའ་ཚེགས་བཟོད་མེད་ཞིག་རེད་ན། །གཙོ་བོ་ཁ་མཁས་ཞིག་བྱུང་ཡང་། །དལ་མེད་རྣམ་གཡེང་ཞིག་རེད་ན། །སྤྲང་པོ་ནོར་མེད་ཞིག་བྱུང་ཡང་། །བཀྲེས་སྐོམ་བཟོད་མེད་ཞིག་རེད་ན། །ཟླ་གྲོགས་བུད་མེད་ལ་བྱས་ན། །དགྲ་ཟླ་འཐབ་ཡ་ཞིག་རེད་ན། །གཅེས་སྤྲས་བུ་ཕྲུག་ལ་བྱས་ན། །ཇག་པ་ནོར་འཕྲོག་ཞིག་རེད་ན། །ཆོས་པ་བྱར་མེད་ཞིག་བྱུང་ན། །འདི་བདེ་ཕྱི་སྐྱིད་ཞིག་རེད་ན། །གསེར་སྦྲང་སེར་པོ་ངས་བལྟས་ན། །འདི་ལྟར་འཁོར་བ་ཡི་གྲོང་ཁྱེར། །མི་རྟག་རྨི་ལམ་དང་འདྲ་མཚུངས། །ང་ཡི་དགའ་གླུ་དང་རྨོངས་གླུ། །གྲོགས་པོ་ཁྱོད་ཉིད་ལ་གདམས་ཡོད། །ང་ནི་མཁའ་སྤྱོད་ལ་ཆས་འགྲོ། །ངའི་རྗེས་ཁྱོད་ཀྱིས་ཀྱང་སྙོགས་མཛོད། །ཅེས་ཟེར་ནས་རྒྱང་རིང་པོར་འཕུར་སོང་ངོ་། །ལོ་ཁྱིམ་དེའི་ཧོར་ཟླ་བདུན་པའི་ཚེས་བཅོ་བརྒྱད་ཀྱི་ནུབ་མཁའ་སྤྱོད་བདེ་བ་ཆེན་པོའི་ཞིང་ཁམས་ཡིན་པར་སྐད་པའི་ཡུལ་ཕྱོགས་ཉམས་དགའ་བའི་ཚལ་དུ་མི་དཀར་པོ་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པ་ཞིག་གིས་ཤ་བ་ཕོ་ཆེན་ལ་ཞོན་ཅིང་ཡུ་མོ་དར་གྱི་རྒྱན་ཆ་ཅན་ཞིག་རོལ་དུ་ཁྲིད་ནས་བུ་མོ་མཛེས་མ་རིན་པོ་ཆེས་བརྒྱན་པ་ཞིན་དང་བསྡེབས་ནས་དེར་སླེབས།དེ་ནས་བདག་ལ་འདི་སྐད་ཟེར་གྱི།འུ་ཅག་བསྡེབས་ནས་རྒྱ་ནག་རི་བོ་དེ་ཤན་གྱི་རྩེ་རུ་ལྟད་མོ་ལ་ཨེ་འགྲོ་ཟེར་བ་ལ།བདག་གིས་འགྲོ་བྱས་ནས་ཕྱིན་པ་ན།རི་བོ་གཅིག་ལ་རྩེ་མོ་ལྔ་ཡོད་པའི་དབུས་ཀྱི་རི་བོ་ཤིན་ཏུ་མཐོ་བའི་རྩེར་སླེབས་ཚེ་མི་དཀར་དེས་ན་རེ།ཁྱོད་ཀྱིས་སྟེང་དུ་ལྟོས་དང་ཟེར་བ་བཞིན་བལྟས་པས་སྟེང་ཕྱོགས་ཐམས་ཅད་མེ་སྟག་དམར་པོའི་ཆར་པ་འབབས་པ་ལྟར་འདུག།ཤར་དུ་ལྟོས་དང་ཟེར་པ་བཞིན་བལྟས་པས་མི་ལྤགས་ཀྱི་གུར་ལ་རྒྱུ་མའི་ཆོན་ཐག་ཅན་གྱི་གྲོང་ཁྱེར་ས་གཞི་ཐམས་ཅད་ཁྲག་གིས་དམར་གྱི་ལེ་ཡོད་པ་ཞིག་མཐོང་།ལྷོ་རུ་ལྟོས་ཟེར་བ་བཞིན་བལྟས་པས་རི་དཀར་པོ་དུང་གི་མདོག་ཅན་གྱི་རྩ་བ་མཚོ་འོ་མ་ལྟ་བུས་བསྐོར་བའི་འགྲམ་ན་ངང་པ་ལ་སོགས་ཆུ་བྱ་སྣ་ཚོགས་རྩེ་ཞིང་མེ་ཏོག་དཀར་པོའི་ཚལ་རྒྱས་པ་རྩེ་མོ་འཇའི་ཁ་དོག་བཞིན་འོད་ལྔའི་ན་བུན་གྱིས་གཡོགས་པ་ཞིག་སྣང་།ནུབ་ཏུ་ལྟོས་དང་ཟེར་བ་བཞིན་བལྟས་པས་རྒྱ་བོད་མིའི་གྲོང་ཁྱེར་སྣ་ཚོགས་པ་སྣང་།བྱང་དུ་ལྟོས་དང་ཟེར་བ་བཞིན་བལྟས་པས་གཅན་གཟན་དང་དུག་སྦྲུལ་གྱི་ཚོགས་ལ་མི་སྐྲ་དང་སྨིན་མ་དམར་སེར་སྔོ་ལྗང་དཀར་བ་མང་པོས་ཤ་ཟས་སུ་སྦྱིན་ཅིང་ཁྲག་སྐོམ་དུ་བླུད་འདུག་པ་མཐོང་ངོ་། །ཡང་ལག་ཏུ་དུང་དཀར་ཞིག་གཏད་ནས་ཕྱོགས་བཞིར་ཁ་ལྟོས་ལ་བུས་ཤིག་ཅེས་ཟེར་བ་བཞིན་བདག་གིས་དུང་བུས་པས།ཤར་དུ་རླུང་གི་འཚུབས་མ་ལངས་ནས་སྒྲ་མ་འབྱིན།ལྷོར་ཁ་བས་དུང་གང་ནས་སྒྲ་མ་འབྱིན།ནུབ་ཏུ་སྒྲ་ཆེན་པོ་གྲགས་ནས་གང་སོང་། །བྱང་དུ་སྒྲ་གྲགས་ཀྱང་བྲག་རི་མཐོན་པོས་སྒྲ་ཡི་ལམ་བཅད་ནས་བྲག་ཆ་རུ་སོང་བས་བདག་གིས་གཞོན་ནུ་ལ་འདིའི་དོན་གང་ཡིན། །ཁྱེད་གཉིས་སུ་ཡིན་ཅེས་དྲིས་པས། །མི་ཕོ་མོ་དེ་གཉིས་ཀས་དབྱངས་གཅིག་གིས་འདི་སྐད་ཟེར།ཀྱཻ།ཉོན་དང་གཞོན་ནུ་རིག་པ་ཅན། །ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ང་ལྷ་ཕྲུག་དུང་གི་ཟུར་ཕུད་ཡིན། །སྲིང་མོ་མི་མིན་ཟུ་ལེ་ཡིན། །སྟེང་ན་མེ་སྟག་འཕྲོ་བ་འདི། །མཁའ་འགྲོས་རྡུལ་སྤྲུགས་བྱེད་པ་རེད། །སྲིད་པའི་བག་རྡུལ་སྤྲུགས་པར་གདའ། །ཞལ་རས་རི་རབ་ལ་གཟིགས་ནས། །དུས་ངན་རྒྱབ་ཏུ་བོར་བ་རེད། །ཤར་གྱི་མི་སྡུག་གྲོང་ཁྱེར་འདི། །ཀླ་ཀློ་སྡིག་པའི་གྲོང་ཁྱེར་རེད། །ལུང་པ་མེ་ལ་བསྲེགས་པ་ནི། །ཐར་པའི་ཞིང་ས་བསྲེགས་པ་རེད། །ལྷོ་ཕྱོགས་དུང་རི་དཀར་པོ་ནི། །རི་བོ་ཏ་ལ་བྱ་བ་རེད། །རི་རྩར་བྱ་ཚོགས་འཚོགས་པ་ནི། །དཔའ་བོ་དཔའ་མོ་འདུ་བ་རེད། །མེ་ཏོག་པད་ཚལ་རྒྱས་པ་ནི། །ཚུལ་ཁྲིམས་གཙང་མའི་འཁྲུངས་ས་ཡིན། །རི་འགོ་སྤྲིན་གྱིས་གཡོགས་པ་ནི། །སྒྲིབ་པ་ཅན་གྱིས་མཐོང་མིན་རྟགས། །ནུབ་ཏུ་མི་ཡི་གྲོང་ཁྱེར་འདི། །ཁྱོད་དང་མཐུན་པའི་གདུལ་བྱ་ཡིན། །མུན་ནག་ཁྲོད་དུ་གོས་སྔོན་ཅན། །རྒྱ་ཡུལ་མུན་པའི་གྲོང་ཁྱེར་རེད། །བྱང་གི་མི་རིགས་མི་འདྲ་བ། །བདུད་སྡེ་ཧ་ལའི་གྲོང་ཁྱེར་ཡིན། །མི་སྲུན་ཤ་ཟན་སྲོག་ཆགས་ལ། །ཤ་ཁྲག་ཟས་སྐོམ་སྦྱིན་པ་ནི། །མི་སྲུན་ལྷ་འདྲེས་བློ་བསྒྱུར་ནས། །མི་བློ་དབང་དུ་བསྒྱུར་བ་རེད། །ཤར་གྱི་དུང་སྐད་རླུང་གིས་བཀག།ཆོས་སྒྲ་བདུད་ཀྱིས་བཀག་པ་ཡིན། །ལྷོ་ཡི་དུང་སྒྲ་ཁ་བས་བཅད། །སྒྲིབ་གཉིས་བྲལ་བ་ཉུང་བའི་རྐྱེན། །ཐར་བ་ཐོབ་པ་དཀོན་པའི་བརྡ། །ནུབ་ཏུ་དུང་སྐད་འབྱིན་པ་ནི། །ཁྱོད་ཀྱིས་སྙན་གྲགས་རྒྱས་པའི་རྟགས། །ས་ཁུག་རེ་ལ་ཉི་འོད་རེ། །སྣང་བ་ཁྱོད་ཀྱི་གདུལ་བྱ་སྟེ། །བྱང་དུ་དུང་སྐད་ཅུང་གྲགས་པ། །རེ་ཞིག་ཀླ་ཀློའི་ཁ་གནོན་རྟགས། །ཁྱོད་ཀྱིས་གླུ་དེ་གོ་འམ་བུ། །བདག་གིས་གོ་གོ་ལེགས་སོ་སྨྲས། །ངེད་མིང་སྲིང་ནམ་མཁའི་དབྱིངས་སུ་འགྲོ།མི་ཁྱོད་ཀྱང་སྲིད་པའི་ཡུལ་དུ་སོང་། །ཁྱོད་བདེ་ཆེན་པདྨ་བཀོད་ཞིང་དུ། །ངེད་མིང་སྲིང་བསུ་བར་སླེབས་ངེས་ཡིན། །ཞེས་ཟེར་བའི་སྒྲས་གཉིད་སད་དོ། །དེ་ནས་ལོ་གྲངས་ཉེར་གཉིས་ལ་བབས་པ་ཧོར་ཟླ་བདུན་པའི་ནང་དུ་སྦྱིན་བདག་མགོན་བསྟན་ཚང་གི་རྒན་མོ་ཞིག་ནད་ཀྱིས་བཏབ་པའི་རིམ་གྲོར་སྨན་བླ་ཞིག་བཏོན་པ་དེའི་གྲལ་ལ་བདག་ཕྱིན་ཏེ་ཡོད་པའི་སྐབས་ཚེས་བཅོ་ལྔའི་ནུབ་མཁའ་འགྲོ་མ་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པ་ཞིག་གིས་རིན་པོ་ཆེ་བཻ་ཌཱུཪྻ་ལས་གྲུབ་པའི་མེ་ལོང་ཞིག་གི་སྟེང་དུ་ཡུངས་དཀར་འབྲུ་བཅུ་གསུམ་བླུགས་ཏེ་བདག་ལ་སྟེར་ཞིང་འདི་སྐད་ཟེར།ཀྱཻ།བུ་ཁྱོད་ང་ལ་ཉོན་དང་། །མ་འོངས་ལོ་གྲངས་བཅོ་ལྔའི། །དུས་ཚིགས་ཉིད་ལ་བབས་པ། །ནས་བཟུང་སློབ་མ་རིམ་བཞིན། །སྟོང་ཕྲག་མང་པོ་འཚོགས་ནས། །གཏན་བདེའི་ས་ལ་བགྲོད་དེ། །ཁྱད་པར་བུ་སློབ་མཆོག་གྱུར། །ངེས་མེད་རི་ཁྲོད་འགྲིམ་ཞིང་། །རལ་པའི་ལྕང་ལོ་འཆང་སྟེ། །རྣལ་འབྱོར་ཆས་སུ་ཞུགས་པ། །འཇའ་ལུས་སྒྱུ་མ་འགྲུབ་པའི། །སྒྱུ་མའི་རྣལ་འབྱོར་བཅུ་གསུམ། །དཔའ་བོ་ཁྱོད་ཀྱི་གྲོགས་ཡིན། །རྟེན་འབྲེལ་བརྡ་ཡི་ཡུངས་དཀར། །མཁའ་འགྲོའི་རིག་སྔགས་བཏབ་པ། །མི་འབྲལ་རྟེན་དུ་ཟུངས་ཤིག།ཅེས་དང་།རིགས་ཀྱི་བུ་ཡུངས་དཀར་འདི་རུམ་དུ་ཆོངས་དང་མ་འོངས་པའི་དུས་ན་ཁྱོད་ལ་ཚེ་གཅིག་རྡོ་རྗེ་འཆང་གི་གོ་འཕང་དུ་གཤེགས་པའི་སློབ་མ་རལ་པའི་ཐོར་ཚུགས་ཅན་བཅུ་གསུམ་འབྱུང་ངེས་ཡིན།མེ་ལོང་འདི་སྙིང་ལ་ཆོངས་དང་ཁྱོད་རང་རྟོགས་པ་ནམ་མཁའ་དང་མཉམ་པར་འགྱུར་བ་ཡིན།ཞེས་ཟེར་ཞིང་བདག་གི་སྙིང་གར་ཐིམ་པས་བདེ་བ་དང་སྟོང་པའི་ཉམས་ཤིག་ཤར།དེའི་ནང་པར་བླ་མ་ཀླུ་ཕྱུག་ལ་དེ་ཚུལ་ཞུས་པ་དང་བན་རྒན་བློ་ལྡན་ཟེར་བ་ཞིག་ཡོད་པ་དེ་ན་རེ།ཁྱོད་ལ་དེ་འདྲའི་སློབ་མ་ཞིག་འབྱུང་རྒྱུ་ཡོད་ན་མ་ཀིའི་ཁྱི་རྒན་འདི་ལའང་སློབ་མ་ཞིག་ཅིས་མི་འབྱུང་ཟེར་བ་ལ།བླ་མས་དེ་འདྲ་ཟེར་མི་རུང་རྨི་ལྟས་ཤིན་ཏུ་བཟང་ལུགས་ལ་ཚོད་མི་ཟིན་གསུངས་པ་ན།བན་རྒན་གྱིས་འོ་ཧོ་ཧོ་ཟེར་ཞིང་ཞེ་ཁྲེལ་གཏོང་འདུག་གོ།ཧོར་ཟླ་བཅུ་པའི་ཚེས་དགུའི་ནུབ་བུད་མེད་དམར་མོ་གཟུགས་བྱད་ཤིན་ཏུ་མཛེས་པ་ཞིག་བདག་གི་ཐད་དུ་ལྷགས་ནས་འདི་སྐད་ཟེར།ཨེ་ཨཻ།ཤར་ནས་བྱུང་བའི་མགྲོན་པོ། །ཟུང་ཞིག་འདི་རུ་ལྷགས་ཚེ། །མཚན་ལྡན་བླ་མའི་བཀའ་བཞིན། །ཤར་གྱི་ཕྱོགས་སུ་སླེབས་ན། །སྔོན་ནས་འདྲིས་པའི་མཛའ་གྲོགས། །འབྲེལ་མེད་འབངས་སུ་འཁོར་ནས། །མཐུན་རྐྱེན་ལེགས་པའི་དཔལ་ཡོན། །ཚེས་གཅིག་ཟླ་བ་ཇི་བཞིན། །གོང་ནས་གོང་དུ་འཕེལ་འོང་། །ཐོབ་ནོར་ཟས་དང་ལོངས་སྤྱོད། །དང་པོ་དཀོན་དཀོན་འདྲ་ཡང་། །མཐའ་མ་ཕོངས་མེད་འདྲ་སྣང་། །སྒྲུབ་དང་བསྐྱེད་རིམ་གནད་རྣམས། །ཉི་མ་སྤྲིན་ལས་ཐོན་བཞིན། །སེམས་ཉིད་ཀློང་ལས་བརྡོལ་ཚེ། །ཕྱོགས་མེད་འགྲོ་དོན་འབྱུང་ངེས། །ཉི་ཟླ་སྐར་ཆེན་ལྟ་བུའི། །བུ་མཆོག་འགའ་རེ་འབྱུང་ནས། །བསྟན་པའི་མདངས་ཆེན་གསལ་འོང་། །སེམས་བསྐྱེད་བློ་དཔངས་མ་ཞན། །སྔོན་ཚེ་བསོད་ནམས་བསགས་པའི། །འབྲས་བུ་དུས་སུ་སྨིན་ནས། །ལོངས་སྤྱོད་མངའ་ཐང་འཕེལ་འོང་། །ཉམ་ཆུང་དབང་ཆེར་གྱུར་ཚེ། །རང་ཚོད་ཟིན་པ་གལ་ཆེ། །མི་ཕྱུག་ལོངས་སྤྱོད་རྒྱས་ཚེ། །ཆོག་ཤེས་བསྟེན་པ་གལ་ཆེ། །བུ་སློབ་སྐལ་ལྡན་འཚོགས་ཚེ། །གདམས་ངག་སྟོན་པ་གལ་ཆེ། །མི་མིན་མཁའ་འགྲོའི་ཡུལ་ན། །བརྡ་དང་གླུ་རུ་གྱེར་ལས། །མི་གཏམ་ལབ་པ་མི་སྲིད། །ཁྱོད་ཉིད་ཤིན་ཏུ་བླུན་པས། །མི་ཡི་ཚིག་གིས་བརྡ་བཀྲོལ། །མ་བརྗེད་སེམས་ལ་ཞོག་དང་། །དོ་གལ་ཆེན་པོ་ཡོད་དོ། །ཞེས་དང་།སང་ཕོད་ཧོར་ཟླ་དྲུག་པའི་ནང་དུ་གྲོགས་བཟང་པོ་ཞིག་འབྱུང་། །དེ་ཚེ་དེ་དང་ལྷན་ཅིག་ཤར་མགོ་ལོག་གི་ཡུལ་དུ་སོང་དང་གདུལ་བྱ་བཟང་པོ་ཞིག་དེ་ན་ཡོད་ཅེས་ཟེར་བ་ལ།ཨ་ནེ་ང་དེར་སོང་ན་གདུལ་བྱར་ཇ་ཁོར་ཇི་ཙམ་ལོན་སྨྲས་པས།གདུལ་བྱ་ནི་དེ་མ་ཡིན་ཏེ་བུ་སློབ་སྙིང་དང་འདྲ་བ་མང་པོ་འབྱུང་ཞིང་འགྲོ་དོན་རྒྱ་ཆེར་འགྲུབ་བོ་སྨྲས་པ་ཡིན།ཞེས་ཟེར་ཞིང་མི་སྣང་བར་ཡལ།དེ་ནས་རང་ལོ་ཉེར་གསུམ་ལ་བབས་པའི་དབྱར་ཟླ་ཐ་ཆུང་གི་ནང་དུ།རྒིས་ལི་དབང་ལི་ཞེས་བྱ་བ་དང་དེའི་ཚ་བོ་བློ་དར་གཉིས་མགོ་ལོག་ནས་གསེར་ཐལ་ཕྱོགས་སུ་ཚོང་བྱེད་དུ་བྱུང་བ་ལ་བླ་མ་གསང་སྔགས་སྒྲུབ་མཆོག་གིས་བཅོལ་གདམས་ལེགས་པར་བྱས།དེ་གཉིས་དང་འགྲོགས་ནས་ཤར་མགོ་ལོག་ཕྱོགས་སུ་སོང་བས་སྨར་གྱི་གཞི་བདག་སྟག་གཡག་གི་འཕྲང་ཁར་སླེབས།དེར་བག་མ་ཡར་འགྲོ་ཞིག་དང་འཕྲད་པས་དེའི་སྐྱེལ་མི་རྣམས་དང་བཅས་པ་རྟ་ལས་བབས་ཏེ་ཆང་ཕོར་པ་དོ་རེ་བླུད་བྱུང་།བདག་གི་བསམ་པ་ལ་གཞི་བདག་འདི་གའི་ཚལ་དུ་བཏུང་བ་འདི་འདྲ་བྱུང་བ་ནི་རྟེན་འབྲེལ་ཤིན་ཏུ་ལེགས་བསམ་ཞིང་དགའ་བ་སྐྱེས།དེ་ནུབ་མཁའ་འགྲོ་མ་ཟུ་ལེ་སྨན་ཡིན་ཟེར་བའི་བུ་མོ་ཞིག་གིས་ན་རེ།ཨ་ཧོ།དེ་རིང་བརྡ་དེ་ཨེ་གོ།བུ་མོ་གོས་རྒྱན་མཛེས་པ། །ཡར་བྱུང་མར་འགྲོ་འཕྲད་པ། །མཚན་ལྡན་རིག་མར་འཕྲད་ལྟས། །མཚན་ལྡན་རིག་མ་མེད་ན། །ཤེས་རབ་རྩ་ཁ་མི་འབྱེད། །དེ་མ་ཕྱེ་བའི་སྐྱོན་གྱིས། །དགོངས་པའི་ཀློང་མཛོད་མི་བརྡོལ། །དེ་ཡིས་ཡིག་རིས་མང་ཡང་། །རྒྱུད་དང་མི་མཐུན་སྐྱོན་འབྱུང་། །བདུད་རྩི་ཆང་འདྲེན་བྱུང་བ། །མ་དག་སྙིགས་མའི་སྣང་བ། །དྭངས་མ་ཉིད་དུ་འཕོ་བའི། །ལྟས་དང་རྟེན་འབྲེལ་ལེགས་བྱུང་། །ཟོ་དོར་སྟག་གཡག་བྱ་བ། །གཟའ་དང་གནོད་སྦྱིན་ཟུང་གིས། །བསྟན་པ་བསྲུང་བའི་ལྟས་ཡིན། །ཡུལ་གྱི་དམེ་གྲིབ་ཕོག་པས། །ཟླ་གཅིག་ཁམས་དུབ་འབྱུང་ཡང་། །རིམ་བཞིན་ཁྲི་གདུགས་ཉི་ཟླ། །སྤྲིན་ལས་ཐོན་བཞིན་ཡལ་འགྲོ།ཞེས་དང་། །དེ་རིང་གཞི་བདག་གིས་ཆང་འདྲེན་བཏང་བ་དེ་རྟེན་འབྲེལ་གྱི་ཐོག་མ་ཡིན་པས་ཤིན་ཏུ་ལེགས།ད་ནི་ཁྱོད་མགོ་ནག་མི་ལས་མངོན་པར་མཐོ་པའི་སྣ་ཁ་ཟིན་པ་ཡིན་ཅེས་ཟེར་ཞིང་མི་སྣང་བར་ཡལ་སོང་།སྦྱིན་བདག་དབང་ལི་ལ་ཚ་བོ་ངག་དབང་རྒྱ་མཚོ་ཞེས་བྱ་བའི་བན་ཆུང་ཞིག་ཡོད་པ་དེ་ལ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཐབས་ཤིག་བསྟན་ནས་ལུང་བྱིན།དེ་ནས་སྐྱ་ཚེ་དོན་ཞེས་བྱ་བས་ཀློག་འདོན་ལ་འབོད་དུ་བྱུང་བས་དེར་སོང་ནས་ཟླ་བ་གཅིག་འདས་རྗེས་མཁའ་འགྲོ་གིང་ཆུང་མ་ཡིན་ཟེར་བའི་བུད་མེད་ཞིག་བདག་གི་ཐད་དུ་ལྷགས་ནས།ཀྱཻ།ཨ་མའི་བུ་ཆུང་ཉོན་དང་། །གནས་ཚང་འདི་རུ་མ་འདུག།དཀོར་བདག་རྒྱལ་པོ་བེ་ནག།ཡུན་དུ་གཤེད་ལ་འབབ་ཡོང་། །སྦྱིན་བདག་བློ་རྒྱ་ཆུང་བས། །ཀློག་ཡོན་ཆུང་ལ་ལྟོས་དང་། །སྦྱིན་བདག་རྒིས་ལི་ཚང་ནི། །རེ་ཞིག་སྨོན་ལམ་སྟོབས་ཀྱིས། །འབྲེལ་བའི་གནས་ཚང་ཡིན་ཏེ། །ཤུད་བུ་དཔལ་གྱི་སེང་གེའི། །སྤྲུལ་པ་ངག་དབང་རྒྱ་མཚོ། །འབྲལ་མེད་གྲོགས་སུ་བསྟེན་མཛོད། །སྨར་མདོ་བཀྲ་ཤིས་འཁྱིལ་དེར། །སྔོན་གྱི་ལྷག་པའི་ལྷ་མཆོག།དཔལ་ཆེན་རྡོ་རྗེ་གྲོ་ལོད། །ཡི་དམ་མཆོག་ཏུ་ཟུངས་ཤིག།རྣལ་འབྱོར་དབང་ཕྱུག་མཆོག་འབྱུང་། །དེ་ལས་དབང་དང་ལུང་ནོད། །ཡང་ཅིག་དེ་ལས་མི་རིང་། །བསྙེན་ཚད་ལན་ལྔ་སོང་བའི། །རྣལ་འབྱོར་རྒན་པོ་ཞིག་དང་། །འཕྲད་ཚེ་སླར་ཡང་གོང་བཞིན། །དབང་ལུང་ཡོངས་རྫོགས་ཞུས་ལ། །རྟག་ཏུ་ཉམས་སུ་ལོངས་ཤིག།སླར་ཡང་ལོ་གྲངས་འགའ་རྗེས། །རྗེ་བཙུན་སྒྲོལ་བའི་མགོན་པོའི། །སྐུ་ཕྲེང་བདུན་གྱི་ཐ་མ། །སྤྲུལ་པའི་སྐུ་མཆོག་དམ་པ། །དང་འཕྲད་དེ་ཉིད་ལས་ཀྱང་། །དབང་ལུང་ཡོངས་རྫོགས་ལེན་མཛོད། །ཟླ་བ་བཅུ་པའི་ནང་དུ། །དམ་རྒྱས་ཟླ་སྒྲུབ་རེམ་མཛོད། །དངོས་གྲུབ་ཕྲན་བུ་ཐོབ་ཅིང་། །ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོས། །བྷནྡྷ་བདུད་རྩི་སྟོབ་པ། །མཆོག་གི་དངོས་གྲུབ་ལྟས་ལགས། །ཨེ་གོ་མ་བརྗེད་ཟུངས་ཤིག།ཅེས་དང་།འདི་རུ་མ་འདུག་པར་སོང་། །སྦྱིན་བདག་འདི་ཚང་གིས་ཁྱོད་ལ་ལུག་ལྤགས་ཞིག་དང་མར་རྒྱ་གསུམ་བཞི་ཙམ་ལས་འབུལ་བ་ནི་མི་སྟེར་ངེས་པར་རེད་ཟེར་ཞིང་མི་སྣང་བར་ཡལ་ལོ། །དེ་ནས་རང་ལོ་ཉེར་བཞི་ལ་བབས་པའི་དཔྱིད་ཟླ་ར་བའི་ཚེས་བཅུའི་ནུབ་འཕགས་མཆོག་ཐུགས་རྗེ་ཆེན་པོའི་ཞལ་མཇལ་ནས་ཞི་འདུས་དགོངས་པ་རང་གྲོལ་ཡིན་ཅེས་པའི་སྒྲུབ་ཐབས་དབང་ལུང་ཡོངས་སུ་རྫོགས་པ་གནང་སྟེ།བུ་ཁྱོད་ཀྱིས་འདི་ཡི་གེར་ཕབ་ནུས་ན་འགྲོ་དོན་འགའ་འབྱུང་སྲིད་པས་དེ་དོན་སེམས་ལ་ཞོག་ཅེས་གསུངས་ཤིང་ཡལ།དེ་རྗེས་ཡི་གེར་འབྲི་བར་བརྩམ་ཚེ་བརྡ་འགགས་ནས་ཕབ་མ་ནུས།ཡང་ལོ་དེའི་དབྱར་ཟླ་ར་བའི་ཚེས་ཉེར་ལྔའི་ནུབ་རྒྱ་གར་གྱི་རིག་འཛིན་ཧཱུྃ་ཆེན་ཀཱ་རའི་ཞལ་མཇལ་བའི་ཚེ།ཕྱག་མཐིལ་ལས་བརྡ་ཡིག་འདི་ཀ་བསྟན་ཏེ།༠༠༠༠༠བརྡ་ཡིག༨༧འདི་ཡི་གེར་ཕབ་ན་བསྟན་དགྲ་འདུལ་བའི་རྡོ་རྗེའི་ཐོག་མདའ་དང་འདྲ་པས་ན།བུ་ཁྱོད་ལ་གནོད་སྦྱིན་ཤན་པ་དམར་ནག་གི་རྒྱུད་འདི་མཁོ་སྟེ་སྦྱིན་ནོ་གསུངས་ཤིང་།ཤན་པ་དམར་ལེན་ཞེས་པའི་རྒྱུད་ཀྱི་དབང་ལུང་ཡོངས་རྫོགས་གནང་ནས་མི་སྣང་བར་གྱུར་ཏོ། །དེ་ཡང་ཡི་གེར་ཕབ་པ་ལ་བརྩོན་པའི་ཚེ་ཧོར་ཁོག་ཕྱོགས་ནས་མགོ་ལོག་ཏུ་འོངས་པའི་རས་དཔོན་ཞེས་པའི་བླ་ཆུང་ཞིག་ཡོད་པ་དེས་འདིའི་གཏེར་ཆོས་ཐམས་ཅད་ཆོས་ལོག་ངེས་པར་རེད་ཟེར་བས་རྟེན་འབྲེལ་འཆུག་པར་གྱུར།བདག་གིས་ཀྱང་དེ་ལ་ལོག་སྨོན་བཏབ་ཅིང་ཡི་གེ་མེ་ལ་བསྲེག།ཡང་ལོ་ཁྱིམ་དེའི་དགུན་ཟླ་ར་བའི་ཚེས་བཅོ་ལྔ་ལ་བབས་པའི་དུས་ན་གྲོགས་ངག་དབང་རྒྱ་མཚོ་དང་ལྷན་ཅིག་ཏུ་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་པ་ལ་ཞུགས་ཚེ།དགུན་ཟླ་འབྲིང་པོའི་ཚེས་བཅུའི་ཉིན་མཁའ་འགྲོ་མ་དཀར་མོ་ཞིག་བདག་གི་ཐད་དུ་ལྷགས་ནས་འདི་སྐད་ཟེར།ཨེ་མ།དཔའ་བོ་ཁྱོད་ཀྱི་མཐུན་གྲོགས་སུ། །གངས་སེང་ལྟ་བུ་ངག་གི་དབང་། །རྒྱ་སྟག་ལྟ་བུ་བཀྲ་ཤིས་པ། །རྡོ་རྗེའི་ལྷུམས་ཞུགས་དཔལ་ལྡན་པ། །ལེགས་ན་འགྲོ་མགོན་ཀི་ལི་པ། །ཉེས་ན་འཁོར་བའི་གཏིང་རྡོ་སྟེ། །འདི་དག་རིམ་པ་བཞིན་དུ་ནི།སྨོན་ལམ་སྟོབས་ལས་ཁྱོད་འཁོར་དུ། །འབྱུང་སྟེ་བསྟན་ལ་ཕན་ཆེར་འདོག།འདི་ནས་མི་ལོ་བཅོ་ལྔ་ཚུན། །རྗེ་འབངས་སྤྲུལ་པ་ཤ་སྟག་ལས། །ཕལ་གྱི་སེམས་ཅན་འབྱུང་མི་སྲིད། །འདི་དག་མ་བརྗེད་ཡིད་ལ་ཟུངས། །ཤར་ཕྱོགས་སྲིན་མོ་སྲོག་བདུད་མ། །བདུད་པོ་ལྷར་བརྫུ་བིཪྻ་པ། །ཡང་ཅིག་ཐོས་ཆུང་ཤྲཱི་པ། །ལྷོ་རུ་དཀོར་བསྡུ་དྷརྨ་པ། །ནུབ་ཏུ་ཤེས་ཞིབ་རིག་པའི་མིང་། །གཞན་ཡང་ཁྱོད་ལ་གཤེ་སྐུར་པའི། །སྨོན་ལམ་ལོག་པ་བཅུ་བདུན་འབྱུང་། །དེ་ལ་བཟང་ངན་ཚིག་མ་བརྗོད། །གྱོད་དང་ཁ་མཆུའི་ལ་ཡོག་འདེབས། །དཀོར་ལ་བརྐུ་བའི་བདུད་སྤྲུལ་ནི། །ཉེར་བརྒྱད་འབྱུང་སྟེ་བཀའི་སྲུང་མ། །དཔུང་དུ་ཁུར་དང་ཉེས་ཕུང་མེད། །མ་བརྗེད་སེམས་ལ་ཞོག་དང་བུ། །ཐོག་མཐའ་བར་གསུམ་ཀུན་ཏུ་དགེ།ཞེས་དང་།བུ་ཁྱོད་ཀྱི་སློབ་བུར་ཧོར་གྱི་བནྡྷེ་ཕུན་ཚོགས་བཀྲ་ཤིས་ཞེས་བྱ་བ་ཞིག་འདིར་འབྱུང་ཚེ་དེ་ཉིད་འབྲལ་མེད་དུ་ཡི་གེ་པར་བསྟེན་དང་འགྲོ་དོན་རྒྱ་ཆེན་པོ་འབྱུང་འོང་།ཞེས་ཟེར་ཞིང་མི་སྣང་བར་ཡལ་ལོ། །དེའི་དགུན་ཟླ་ཐ་ཆུང་གི་ནང་དུ་ཧོར་གྱི་བནྡྷེ་དེ་ཉིད་བདག་གི་སར་བྱུང་བས་ཉེ་གྲོགས་སུ་བསྟེན་ཏེ་ཡི་གེ་པ་རུ་བསྐོས།དེ་ནས་རང་ལོ་ཉེར་ལྔ་རུ་བབས་པ་ན་ཧོར་སྐོར་གྱི་ནང་དུ་གདུལ་བྱར་སོང་པའི་དུས་སུ་སྦྱིན་བདག་འགའ་ལ་སྒྲུབ་པ་རེ་བཏོན་སྐབས་དཀྱིལ་འཁོར་གྱི་ནང་དུ་དཔའ་བོ་དང་མཁའ་འགྲོ་མ་མང་པོ་འདུ་བ་མཐོང་ཞིང་།ནད་པ་མང་པོ་ལ་ཕན་ཐོགས་པ་བྱུང་།ལོ་དེའི་དབྱར་ཟླ་ར་བའི་ཚེས་བཅུར་ཚོགས་སྐོང་བརྒྱ་ཕྲག་བཏང་བའི་ནུབ་མཁའ་འགྲོ་མ་དམར་མོ་རས་དཀར་གྱི་ཨང་རག་གྱོན་པ་ཞིག་གིས་ན་རེ།སྔོན་ཚེ་བསྐལ་པ་མང་པོའི་གོང་རོལ་ནས།བསོད་ནམས་ཚོགས་དང་སྨོན་ལམ་སྟོབས་འཛོམ་པའི། །སྐྱེས་བུ་ཁྱོད་ཉིད་ཕ་གཅིག་པད་འབྱུང་གི། །ཕྲིན་ལས་དབང་བསྒྱུར་ཟབ་གཏེར་བདག་པོ་ལགས། །སྨར་སྟོད་བྲག་དམར་སྒམ་ཆུང་འདྲ་བ་དེར། །བཻ་རོའི་རྦ་མཁར་གཏེར་དུ་སྦས་པ་ཡི། །མིང་ཟུར་ཆགས་པའི་རྦ་ཐེ་ཞེས་གྲགས་པ། །དེ་རུ་སྐུ་གསུང་ཐུགས་ཀྱི་རྟེན་རྣམས་དང་། །ཁ་བྱང་ཡང་བྱང་གཉིས་ཀྱི་བཞུགས་བྱང་ཡོད། །དུས་ལ་བབ་པོ་ཕ་ནོར་མྱུར་དུ་ལོངས། །ཞེས་ཟེར་བའི་ལན་དུ་འདི་སྐད་སྨྲས།ཀྱཻ།ཨ་ལྕམ་རྒྱལ་མོ་བཞིན་ལེགས་མ། །གཏད་ཁུང་མེད་པའི་སྤྲང་པོ་ང་། །ཕྱི་ན་ཐོས་པའི་ཤེས་རབ་མེད། །ནང་ན་སྒོམ་པའི་ཡོན་ཏན་མེད། །ནོར་དང་ལོངས་སྤྱོད་འབྱོར་པ་མེད། །གོང་ན་སྐྱབས་ཀྱི་རྟེན་སོ་མེད། །འོག་ན་བརྟེན་པའི་ཡར་འདེགས་མེད། །བར་ན་ཉེ་བ་རྩ་ལག་མེད། །ཕྲག་དོག་སྨ་ཕབ་བྱེད་པ་ལས། །བཀུར་བསྟོད་བྱེད་པའི་ཕན་གྲོགས་མེད། །ཉམ་ཐག་སྟོབས་མེད་སྤྲང་པོ་ལ། །གཏེར་གྱི་སྐལ་པ་ཡོད་པ་དང་། །ཡོད་ཀྱང་འགྲོ་དོན་འབྱུང་སྙམ་མེད། །རང་རེ་ཕྱི་མར་མི་འཇིགས་པའི། །བན་སྤྲང་བཟང་པོ་ཨེ་འོང་སྙམ། །སྨོན་དོན་འགྲུབ་པར་བླ་མ་མཁྱེན། །ཅེས་སྨྲས་པའི་ལན་དུ་མོ་ན་རེ།ཀྱཻ།བུ་ཁྱོད་སེམས་དཔངས་མ་ཞན་དང་། །བུ་སློབ་སྐར་ཚོགས་ལྟ་བུ་འབྱུང་། །དང་པོ་ཉམ་ཆུང་སྐྱབས་མེད་ཀྱང་། །མཐའ་མ་གཞན་ལས་ཁྱད་འཕགས་འབྱུང་། །ཀུན་གྱིས་བསྟོད་ཅིང་བཀུར་གནས་བྱེད། །རང་གི་ལས་འབྲེལ་གདུལ་བྱ་ལ། །ཕན་ཐོགས་ཐར་ལམ་ལ་འདྲོང་ངེས། །ང་ཡིས་བསྒོས་པ་ཇི་བཞིན་མཛོད། །ཁྱོད་ཀྱི་སྐྱིད་མགོ་ཚུགས་པ་ཡིན། །ལོངས་སྤྱོད་ཡར་ངོའི་ཟླ་ལྟར་འཕེལ། །འདོད་དོན་ལྷ་དང་སྲུང་མས་བསྒྲུབ། །གྲོགས་ནི་མ་དང་མཁའ་འགྲོས་བྱེད། །སེམས་ལ་ཞོག་ཅིག་སྐལ་ལྡན་བུ། །ཞེས་ཟེར་ཞིང་།དེ་ལྟར་སྨར་གྱི་རྦ་གཏེར་ཞེས་བྱ་བའི་བྲག་སྒམ་འདྲ་བ་ན་ས་ར་ཧའི་ཕྱག་ཕྲེང་དང་།བྱེ་མ་ཨ་ཀྲོང་ལས་གྲུབ་པའི་སྒྲོལ་མའི་འདག་སྐུ་གཏེར་གྱི་ཁ་བྱང་དང་བཅས་པ་ཡོད་པས་མི་འགྱང་མྱུར་དུ་དེར་སོང་ཞིག་ཅེས་ལུང་བསྟན་པ་བཞིན་དབྱར་ཟླ་ཐ་ཆུང་གི་ཚེས་བཅུའི་ཉིན་རྦ་གཏེར་བྲག་གི་ཚལ་དུ་ཕྱིན་པས་སླེབས་པ་དང་བྲག་མཐོ་སྐོར་ཙམ་ཞིག་ཆད་ནས་བྱུང་།དེའི་ཤུལ་དུ་བལྟས་པས་སྒྲོལ་མའི་འདག་སྐུ་དང་ལ་ཆའི་སྒྲོམ་བུ་ཕྲེང་བ་རྙིང་པ་ཡིད་དུ་མི་འོང་བ་ཞིག་བཅས་སོལ་ཕུང་ནང་ན་འདུག་པ་བཏོན་ཅིང་།སྒྲོམ་དེའི་ནང་ན་ཤོག་དྲིལ་ཞིག་འདུག་པའི་ངོས་ལ་བལྟས་པས་དངུལ་རྒོད་ཞེས་བྱ་བའི་བྲག་བྱ་ཁྱུང་འདྲ་བའི་མགུལ་ན་ཁ་བྱང་ཡོད་ཅེས་བྲིས་པ་མཐོང་ཞིང་གནས་དེར་སོང་བས་སླེབས་མ་ཐག་ཏུ་ཉི་མ་སྤྲིན་ཆར་འདྲེས་པའི་ངང་ནས་འཇའ་ཚོན་འོད་ཀྱི་དྲྭ་བ་འཁྲིགས་པའི་དབུས་སུ་མི་ནག་པོ་སེང་གེའི་མགོ་ཅན་རྟ་ནག་རྟིང་དཀར་ལ་ཞོན་པ་ལག་ན་མདུང་དར་ཐོགས་པ་ཞིག་གིས་བྲག་ངོས་སུ་མདུང་དར་གྱིས་བརྡེག་པའི་མོད་ལ་བྲག་སྲུབ་གས་པའི་ནང་ན་ཤོག་དྲིལ་ཞིག་འདུག།དེར་བལྟས་པས་དེའི་ངོས་སུ་ས་མོ་ལུག་གི་ལོ་དགུན་འབྲིང་པོའི་ཚེས་བཅུའི་ཉིན་གསེར་སྨད་རྡོ་རྗེ་བྲག་ནས་གཏེར་འབྱིན་པའི་དུས་དང་གཏེར་ཚབ་སྲུང་མ་ལ་གཏང་རག་གི་གཏོར་མ་དང་དཔའ་བོ་མཁའ་འགྲོ་ལ་ཚོགས་མཆོད་འབུལ་དགོས་ཚུལ་རྣམས་འདུག་པས།དེ་ནང་བཞིན་དགུན་ཟླ་ར་བའི་ནང་དུ་ཕ་ཡུལ་ལ་སླེབས་པར་བྱས།དགུན་འབྲིང་པོའི་ཚེས་དགུའི་ཉིན་གྲོགས་བདེ་ཆེན་ཞེས་བྱ་བ་ཁྲིད་དེ་བླ་མ་མཚན་བཟང་གི་མདུན་དུ་སོང་ནས་ང་རང་ལ་གཏེར་ཚབ་ཏུ་གཞུག་རྒྱུའི་བུམ་གཏེར་བཟང་པོ་ཞིག་གནང་བའི་བཀའ་དྲིན་ཞུ་ཞུས་པས།བླ་མས་ཀྱང་གཏེར་བུམ་གྱི་རྫས་ཚུལ་བཞིན་དུ་བསྡུས་ཏེ་ཆུ་དར་སྔོན་པོ་ཞིག་གིས་དྲིལ་ནས་གནང་བྱུང་།དེའི་ཕྱི་ཉིན་ཚེས་བཅུའི་ནང་མོ་གཏེར་ལེན་དུ་ཕྱིན་པ་ན་གསེར་སྨད་རྔ་ལ་སྟག་རྩེའི་རི་ངོགས་མཐོང་ཚེ་བྲག་རི་ནགས་ཚལ་ཐམས་ཅད་འཇའ་ཚོན་གྱིས་གཡོགས་ཏེ་ས་རྡོ་ཤིང་གི་རང་བཞིན་མི་སྣང་བ་ཙམ་དུ་གྱུར་ཅིང་དགའ་སྤྲོ་ཚད་མེད་པ་སྐྱེས་བཞིན་སོང་བས་ཤྭ་བྲག་རྡོ་རྗེ་ཞེས་བྱ་བའི་འདབས་སུ་སླེབས་པ་དང་།གླ་བ་ཞིག་རྙིས་བཟུང་འདུག་པ་ལས་བཏོན་ཏེ་བཏང་བ་ན།བདེ་ཆེན་ན་རེ།འདི་རྟེན་འབྲེལ་ཅི་འདྲ་ཡིན།ཅིའི་ལྟས་ལགས་ཟེར་བ་ལ།རྟེན་འབྲེལ་ཤིན་ཏུ་ལེགས་ཏེ་མ་འོངས་པའི་དུས་སུ་གདུལ་བྱ་སྐལ་བ་དང་ལྡན་པ་རྣམས་རི་དྭགས་རྒྱ་ལས་གྲོལ་བ་ལྟར་འཁོར་བ་དང་ངན་སོང་གི་གནས་ལས་འདྲོངས་པའི་ལྟས་ལགས་པས།ངའི་གཏེར་ཆོས་ཀྱིས་འགྲོ་དོན་རྒྱ་ཆེན་པོ་འབྱུང་ངེས་ཡིན་ནོ་ཞེས་སྨྲས།དེ་ནས་ཚོགས་སྐོང་བརྒྱ་ཕྲག་དང་མཆོད་གསོལ་ཅི་མང་བཏོན་རྗེས་གྲོགས་ཉིད་བྲག་གི་རྩ་བར་འདུག་ཏུ་བཅུག་ནས་ཁྱོད་ཀྱིས་ཚིག་བདུན་གསོལ་འདེབས་རྒྱུན་མ་བཅད་པར་ཐོན་ཅིག་ཅེས་བསྒོས་ཏེ།བདག་ཉིད་རིག་པ་དབྱིངས་སུ་གཏད་པའི་མོད་ལ།བྲག་ཁང་པའི་སྒོ་ལྟ་བུ་ཞིག་གི་ནང་ནས་གཟུགས་མི་མཐོང་ཡང་མོ་སྐད་ཕྲ་ཞིང་གསེང་བ་ཞིག་གིས།ཨེ་ཨེ་མ།སླེབས་སླེབས་མགྲོན་པོ་སླེབས་བྱུང་། །སྦྱིན་སྦྱིན་ཁྱོད་ལ་སྦྱིན་དང་། །ཤ་དགོ་སྒང་རྒྱུད་བགྲོད་བཞིན། །གང་དང་ཐུག་འཕྲད་མེད་པར། །འགྲོ་བའི་ཐབས་ལ་མཁས་ན། །རྟེན་འབྲེལ་མཆོག་ཏུ་ལེགས་འོང་། །ལ་ནས་ལུང་དུ་བབས་ཚེ། །ཁ་ཤོའི་མི་དང་འཕྲད་ན། །ཁ་མཆུ་འབྱུང་བའི་ལྟས་ཡིན། །ལྟ་བ་མི་ཤེས་གཏེར་སྟོན། །རྟེན་འབྲེལ་འགྲིག་དུས་དཀོན་སྲིད། །གསེང་སྨད་རྡོ་རྗེའི་བྲག་ལ། །གཏེར་ཁ་མང་དུ་ཡོད་ཀྱང་། །ཁྱོད་ལ་རིག་མ་མ་འབྱོར། །སྐྱོན་དེས་ཕྱེད་ལས་མི་སྦྱིན། །ཕྱེད་ཁ་ཙམ་འདི་ཁྱེར་ལ། །གཏེར་ཚབ་བཟང་པོ་སྦོས་ཤིག།ཅེས་ཟེར་ཞིང་སྒྲ་དེ་མི་སྣང་བར་གྱུར།བདེ་ཆེན་ན་རེ།མོ་སྐད་ཞིག་སི་ལི་ལི་གྲགས་སྣང་ཤར་བ་དེ་ཅི་ཡིན་ཟེར།བདག་གིས་ང་ལ་གླུ་ལེན་གྱིན་འདུག་སྨྲས་ཏེ། །རིམ་བཞིན་བྲག་གི་ཐེམ་པ་ལ་འཛེག་ནས་ཕྱིན་པ་ན་བདེ་ཞིང་འཇམ་པའི་སྣང་བས་མཐོ་དམན་གཞུ་འདོམས་ལྔ་ཙམ་གྱི་སར་སླེབས་པའི་ཚེ། །བྲག་སྲུབ་ཟླ་གམ་པ་ཞིག་འདུག་པ་ལ་གཟོང་གིས་བརྒྱབ་ནས་སྒོ་ཕྱེས། །དེའི་ནང་དུ་སོལ་བ་མང་དུ་སྤུངས་པའི་དཀྱིལ་ན་ཤུག་པ་དང་གྲོ་གའི་ཤུན་པའི་ནང་དུ་སྒྲོམ་བུ་མང་པོ་ཡོད་པ་མཐོང་ཡང་ལན་གསུམ་ལྷག་ལེན་མི་རུང་བའི་ཚུལ་ཁ་བྱང་ནས་བཤད་པ་ལྟར་ལན་གསུམ་དུ་བླངས་པས་སྒྲོམ་བུ་བདུན་ཕྲག་ཙམ་ལག་ཏུ་བྱུང་།སྐུ་གསུང་ཐུགས་རྟེན་མང་དུ་མཐོང་ཡང་ཆོས་བདག་དང་རིག་མ་རྣམས་མ་འཛོམ་པའི་དབང་གིས་མ་ལེན། །དེ་རྗེས་གཏེར་ཚབ་བཞག་ཅིང་སྔར་ཇི་ལྟ་བ་བཞིན་སྦས་རྒྱ་བྱས་ཏེ།བྲག་གི་རྩ་བར་མར་སླེབས་པ་ན་ཕྱིར་བལྟས་བྱས་པས་ཐེམ་སྐས་རྣམས་ཀྱང་མི་སྣང་བར་གྱུར་ཏོ།དེར་གྲོགས་བདེ་ཆེན་གྱིས་ཁོ་བོའི་མགོ་ཐོག་ཏུ་གཏེར་རྫས་རྣམས་ཞོག་ལ་སྨོན་ལམ་ཐོབ་ཅེས་ཟེར་བ་ལ་སྨོན་ལམ་བཏབ་ཅིང་།དེ་ནས་ཕྱིར་ལོག་སྟེ་འོང་བའི་ལམ་ཁ་རུ་མི་ཁ་ཤོ་ཞིག་འགྲོ་བ་དང་འཕྲད་བྱུང་བ་ན།བདེ་ཆེན་གྱིས་འདི་རྟེན་འབྲེལ་ཅི་འདྲ་ཟེར་བ་ལ།རང་ཅག་གཉིས་མྱུར་དུ་ཞལ་ལྕེ་ཞིག་ལ་ཐུག་པའི་ལྟས་ཡིན་འདྲ་སྨྲས།དེ་ནུབ་མཁའ་འགྲོ་མ་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཞིག་བདག་གི་ཐད་དུ་བྱུང་བ་ལ།ཁྱོད་སུ་ཡིན་དྲིས་པས་མོ་ན་རེ།ང་ནི་བསིལ་བའི་ཚལ་གྱི་མཁའ་འགྲོ་ཀུན་རྒྱུ་མ་ཞེས་བྱ་བ་ཡིན།ཁྱོད་ཀྱིས་ཅི་བསམ་འདུག་ཟེར་བ་ལ།ཁར་སང་མི་ཁ་ཤོ་ཞིག་དང་འཕྲད་པ་དེ་ཅི་ཡིན་བསམ་འདུག་སྨྲས་པས།མོ་ན་རེ། །ཡཱཻ།མགྱོགས་པའི་རྟ་ལ་ཞོན་པ་དེ། །བདེ་ཆེན་མྱུར་ལམ་བགྲོད་པའི་ལྟས། །རྒྱབ་ཏུ་སྨན་ཁུག་ཁུར་བ་ནི། །འཁོར་བའི་གཅོང་ནད་སེལ་བའི་རྟགས། །སྨོན་ལམ་གྱིས་འབྲེལ་སྐལ་ལྡན་ཀུན། །གྲོལ་བའི་ལྟས་སུ་མིང་དེ་འཛིན། །གཞོན་ནུའི་གྲོགས་དང་འགྲོགས་པ་ནི། །རིག་པའི་གྲོགས་དང་འཕྲད་པའི་རྟགས། །ཡ་ཁ་ཤོ་རུ་ཡོད་པ་ནི། །ཁ་མཆུའི་ལ་ཡོག་འབྱུང་བའི་ལྟས། །རྟེན་འབྲེལ་མི་ངན་རྟེན་འབྲེལ་བཟང་། །བཟང་ལ་སྐྱོན་ཕྲན་དྲི་མ་ཙམ། །རྣམ་རྟོག་ངན་པའི་སེལ་ཞུགས་པ། །ལྟ་བ་དམན་པའི་ལྟས་མིན་ནམ། །འཁོར་འདས་སྟོང་ཉིད་ཆེན་པོ་ལ། །སྣང་བ་སྒྱུ་མའི་འཕྲུལ་སྣང་ཤར། །དེ་དོན་ཤེས་ན་ཅི་ལ་གནོད། །དེ་ལྟར་ཤེས་པ་གནད་དུ་ཟུངས། །ཞེས་ཟེར་ཞིང་མི་སྣང་བར་ཡལ་སོང་། །སྐབས་དེར་ཨ་བོ་ཆུང་ཡོས་མི་སྡེ་སྐྱ་སེར་ཀུན་ནས་དགུན་ལུག་ཟླའི་ནང་དུ་རི་ཐང་ཐམས་ཅད་འཇའ་ཡིས་གང་ལུགས་ལ་བལྟས་ན་ངེད་ཀྱི་གཞི་བདག་ལ་ཤིན་ཏུ་མ་ལེགས་པ་ཞིག་བྱས་ཡོད་ངེས་ཡིན་འདུག་པས་ཁྱོད་ཀྱིས་གཏེར་ནས་གང་བཏོན་ཐམས་ཅད་ངེད་ལ་མ་སྤྲད་ན་དམག་གི་ལས་ཀ་ཞིག་མི་བྱེད་རེ་ཟེར་བ་བྱུང་ཚེ།ཨོ་རྒྱན་ཆེན་པོས།ལས་འཕྲོ་ང་ཡི་གཏེར་དང་འཕྲད་པའི་ཚེ༔ རྒྱ་བོད་ལྷ་འདྲེ་མ་རུངས་ཐམས་ཅད་འཚོགས༔ ལེགས་པ་ལྟར་བསྟན་ཉེས་པ་སྣ་ཚོགས་གཏོང་༔ ཀི་སྒྲ་དི་རིར་ཧབ་ཤ་བྱེད་པ་འབྱུང་༔ གསུངས་པ་ལྟར་ལོས་ཡིན།ཁྱོད་རང་ཚོས་དམག་དྲོང་ལ་ཤོག་དང་གཟོ་ཐབས་ལེགས་པོ་ཡོད་ཅེས་སྨྲས་ནས་རང་ས་བཟུང་བཞིན་བསྡད་པས་དམག་ཀྱང་མ་བྱུང་ལ་གྱོད་ཁ་རང་ཡལ་དུ་སོང་། །དེ་རྗེས་ཤར་མགོ་ལོག་གི་ཡུལ་དུ་ཕར་ཕྱིན་པ་དང་ཆོས་བདག་ཕུན་ཚོགས་བཀྲ་ཤིས་དང་།ངག་དབང་རྒྱ་མཚོ་གཉིས་ཀྱིས་ད་ནི་གཏེར་ཆོས་རྣམས་གཏན་ལ་འབེབས་དགོས་ཟེར་བ་ལ།ད་དུང་མི་ལོ་དྲུག་གི་བར་དུ་བཀའ་རྒྱ་བྱེད་དགོས་སྨྲས་ཏེ་ཤོག་སེར་རེ་ཞིག་མ་ཕབ་པར་བཞག་གོ།དེ་ནས་རང་ལོ་ཉེར་དྲུག་ལ་བབས་སྐབས་བུ་ཆུང་རྟ་ཤུལ་གྱི་ནང་དུ་རྙེད་ཚོལ་ལ་ཕྱིན་ཚེ་མཁའ་འགྲོའི་ལུང་བསྟན་མང་དུ་བྱུང་བ་ཐམས་ཅད་ཐོག་ཏུ་མི་ཁེལ་བ་གཅིག་ཀྱང་མ་བྱུང་།བར་སྐབས་ཤིག་ཏུ།སེ་ཕུང་ནག་པོ་ཞེས་བྱ་བ། །ཨོ་རྒྱན་ཆེན་པོས་མ་ཐུལ་བའི། །ལས་ངན་བདུད་རྗེ་ནག་པོ་འབྱུང་། །ཧོར་སྡེ་མངའ་འོག་བསྡུས་ནས་སུ། །ལ་ལུང་མང་པོ་མངའ་དབང་བྱེད།བདུད་ཀྱི་བློ་ཡིད་སློང་བྱེད་པའི། །བར་སྣང་གློག་མ་སྤྲིན་ཞེས་པ། །སྨོན་ལམ་ལོག་པའི་སྐྱེས་བུ་ཡོད། །རྨ་རྡོ་གསེར་ལ་རྒོལ་སེམས་དུས། །སྟོད་ནས་ཁ་སྐྱ་མདའ་ལ་འབབས། །སྨད་ནས་མཚོ་སྔོན་གྱེན་དུ་འཕྱུར། །བདུད་བྲག་ནག་པོ་རྨང་ནས་བསྒྱེལ། །སྟོད་སྨད་གཉིས་ལ་འགྲིམ་སྒོ་འབྱེད། །ཅེས་མཁའ་འགྲོ་མ་ཀུན་ཏུ་སྣང་བྱེད་མས་སྨྲས་ཤིང་སོང་། །རང་ལོ་ཉེར་བདུན་ལ་བབས་པ་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ནུབ་མཁའ་འགྲོ་མ་སེར་མོ་མིག་ཟླུམ་ཞིང་མདོག་རྨ་བྱའི་སྒྲོ་ཐིག་ལྟ་བུ་གཡས་ན་རྦ་མཁར་དང་གཡོན་ན་བསེ་ཕོར་འཛིན་པ་ཞིག་བདག་གི་ཐད་དུ་བྱུང་ནས།བུ་ཁྱོད་དང་ང་གཉིས་བསྡེབས་ནས་ལྷོ་ཕྱོགས་འདུ་བ་ཅན་གྱི་སྐྱེད་ཚལ་དུ་ཨེ་འགྲོ་ཟེར་བ་ལ།བདག་གིས་འགྲོ་འགྲོ་སྨྲས་ནས་ཕྱིན་པའི་མོད། །ས་གཞི་ཐམས་ཅད་འོད་དང་འཇའ་རིས་ཀྱིས་གང་ཞིང་ཁྱབ་པ།ནམ་མཁའ་ལའང་འཇའ་དང་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ།བར་སྣང་ནས་མེ་ཏོག་སྣ་ཚོགས་ཀྱི་ཆར་པ་སིལ་མར་འབབས་པའི་སྐྱེད་མོས་ཚལ་ཆེན་པོ་ཞིག་ན་རིན་པོ་ཆེའི་ཁྲི་དཔངས་མཐོ་བ་རེའི་སྟེང་དུ་བསྐལ་པ་བཟང་པོའི་སངས་རྒྱས་སྟོང་ཡིན་པར་སྐད་པའི་སྟོན་པ་སྤྲུལ་སྐུའི་ཆ་ལུགས་ཅན་རིགས་ལྔ་རང་རྟགས་ཀྱི་ཕྱག་རྒྱ་མཛད་པ་འཇའ་ཚོན་འོད་ལྔའི་ཀློང་ན་བཞུགས་པ་ཤ་སྟག་དང་མཇལ་བའི་ཚེ་དེ་དག་གི་དབྱངས་གཅིག་གིས་འདི་སྐད་གསུངས།བུ་ཁྱོད་ཀྱིས་ལུང་འདི་ཉོན་ཅིག་གསུངས་ནས་ཕྱག་གཡོན་པ་རྣམས་ཀྱིས་པུསྟི་རེ་ཐོགས་པའི་ལུང་རྣམས་འུར་སྒྲ་དང་བཅས་ཏེ་གསུངས་ནས།བདག་ཅག་གི་བཀའ་རྣམས་མ་ལུས་པ་རྫོགས་པ་ཡིན་ནོ། །ཁྱོད་ཀྱིས་ཡིད་ཆེས་པར་མཛོད་ལ་འདི་དག་གི་སྙིང་པོ་བཅུད་དུ་དྲིལ་བའི་མན་ངག་རྣམས་གདུལ་བྱའི་དོན་དུ་ཡི་གེར་ཐོབ་ཅིག་ད་ནི་ཆོས་ཉིད་ནམ་མཁའ་མཛོད་ཀྱི་དགོངས་པ་ཀློང་ནས་བརྡོལ་བར་འགྱུར་རོ། །ཞེས་གསུངས་ནས་རྟེན་དང་བརྟེན་པ་ཐམས་ཅད་བདག་ལ་ཐིམ་ནས་མི་སྣང་བར་གྱུར་ཏོ། །དུས་དེ་ནས་བཟུང་སྟེ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱ་མཚོའི་ནང་གི་གཟའ་སྐར་ལྟ་བུར་བདག་གི་སྣང་བ་ཆེན་པོའི་དབྱིངས་སུ་འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ་པའི་ངང་མངོན་དུ་གྱུར་པ་དང་།སེམས་ཀྱི་འདུན་པ་གང་ལ་གཏད་པ་ཙམ་གྱིས་གང་ལ་གང་དགོས་པའི་ཆོས་ཚིག་རྣམས་སྤར་གྱིས་བཏབ་པ་བཞིན་རང་བརྡོལ་བ་བྱུང་ངོ་། །ལོ་ཁྱིམ་དེའི་དབྱར་འབྲིང་པོའི་ཚེས་བཅུ་བདུན་གྱི་ནུབ་རྨི་ལམ་དུ་བུད་མེད་དམར་མོ་ལྭ་བ་སྔོན་པོ་གྱོན་པ་ཞིག་བདག་གི་ཐད་དུ་བྱུང་ནས།བུ་ཁྱོད་འགྲོ་ཟེར་བ་དང་ཆབ་གཅིག་ཕྱིན་པས་ཤིན་ཏུ་ཉམས་དགའ་ཞིང་ཡིད་གདུང་བའི་གནས་ཞིག་ཏུ་སླེབས།དེ་ན་འཕགས་པ་ཀླུ་སྒྲུབ་ཡིན་སྐད་པའི་དགེ་སློང་གཟུགས་བྱད་རབ་ཏུ་མཛེས་པ་ཞིག་ལ་དགེ་སློང་སྟོང་དང་སུམ་བརྒྱས་བསྐོར་བ་ཀུན་གྱིས་ཕྱག་ན་ཡི་གེ་པུསྟི་རེ་ཐོགས་ཏེ་འདི་སྐད་གསུངས།ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ། །གནས་འདི་རྒྱ་གར་རྡོ་རྗེ་གདན། །བདག་ཅག་རྒྱལ་བའི་སྲས་མཆོག་སྟེ། །ཁྱོད་ནི་རྒྱལ་བའི་རྒྱལ་ཚབ་ཡིན། །ཚེ་རབས་ཐོག་མ་མེད་དུས་ནས། །འདོད་ཡོན་ལྔ་ཡི་ཆོས་སོ་ཆོག།བདག་ཏུ་མ་བཟུང་གཅིག་ཀྱང་མེད། །དེ་དག་བློ་ཡིས་བླངས་ནས་སུ། །ཆོས་ཀྱི་ཡོན་དུ་ཕུལ་མཛོད་དང་། །སེམས་ཀྱི་ལོངས་སྤྱོད་མི་ཟད་གཏེར། །འདི་ནི་བླ་མེད་མཎྜལ་མཆོག།ཅེས་གསུངས་པས།བདག་གིས་མཎྜལ་འབུལ་ཚིག་གང་ལགས་ཞུས་པའི་ལན་དུ་ཤླཽ་ཀ་འདི་གསུངས་སོ། །ཨོཾ་ཨཱཿཧཱུྃ།ཚེ་རབས་དུ་མར་སྣང་བའི་ཆོས་སོ་ཅོག།རིན་ཆེན་རིན་ཐང་བྲལ་བའི་ལུས་སེམས་དང་། །ལྷ་ཀླུ་མི་ཡི་ལོངས་སྤྱོད་བཀོད་པ་འདི། །ཚོགས་གཉིས་རྫོགས་ཕྱིར་དཀོན་མཆོག་གསུམ་ལ་འབུལ། །ཏྲཾ་གུ་རུ་རཏྣ་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ།ཞེས་གསུངས་བཞིན་བདག་གིས་དེ་སྐད་ཕུལ།སླར་ཡང་དེ་དག་གི་ཞལ་ནས་ཁྱོད་ཀྱིས་ཉོན་ཅིག་གསུངས་ཤིང་གླེགས་བམ་དེ་རྣམས་ཀྱི་ལུང་མགྲིན་གཅིག་ཏུ་གསུངས་མཐར་གཙོ་བོ་ཉིད་ཀྱི་ཞལ་ནས་ཚིགས་སུ་བཅད་པ་འདི་སྐད་དོ། །ལུང་རྣམས་མ་ལུས་ཡོངས་སུ་རྫོགས་པ་ཡིན། །མདོར་ན་བཀའ་དང་བསྟན་བཅོས་གྲངས་མང་ཡང་། །རྣམ་མཁྱེན་ཤེས་རབ་ཕ་རོལ་ཕྱིན་ལ་འདུས། །མངོན་བྱང་ཕྱིར་དུ་བསྐྱེད་དང་རྫོགས་པ་གཉིས། །ཐབས་ཀྱི་མཇུག་སྒོ་དུ་མའི་ཚུལ་དུ་བསྟན། །དཔེར་ན་ཡངས་པའི་གྲོང་ཁྱེར་ཆེན་པོ་ཡི། །ཕྱོགས་མཚམས་ལམ་རྣམས་གང་ནས་ཕྱིན་གྱུར་ཀྱང་། །གྲོང་ཁྱེར་ཆེན་པོ་དེ་རུ་སླེབས་པ་བཞིན། །ཆོས་ཀུན་ཆོས་ཉིད་གཅིག་ཏུ་མདོར་འདུས་ཕྱིར། །ཆོས་ཉིད་མི་ཟད་ནམ་མཁའ་མཛོད་དུ་གྲགས། །དེ་ཕྱིར་འགྲོ་ཀུན་རྣམ་པར་གྲོལ་བའི་ཆོས། །རྫོགས་པ་ཆེན་པོ་འབྲས་བུ་བླ་ན་མེད། །མ་ཧཱ་ཡོ་གའི་མྱུར་ལམ་ཐབས་ཟབ་མོ། །ཕྱོགས་ཀྱི་ཆུ་མིག་ཆུ་ཕྲན་གྲངས་མང་བ། །རྒྱ་མཚོ་ཆེན་པོར་རོ་གཅིག་འདྲེས་པ་ལྟར། །ཆོས་རྣམས་མ་ལུས་བདེན་པ་གཉིས་སུ་འདུས། །བདེན་གཉིས་དབྱེར་མེད་རྫོགས་པ་ཆེན་པོར་འདུ། །དེ་དོན་ཤེས་ན་ཆོས་ཉིད་བདེན་པ་མཐོང་། །གནད་དེས་འབྲེལ་ཚད་རིག་འཛིན་ས་རུ་སྐྱེལ། །དོན་དེ་གཞན་ལ་སྟོན་དང་འགྲོ་བའི་དོན། །རླབས་ཆེན་གཞན་ན་མེད་དོ་ཤེས་པར་མཛོད། །ཅེས་གསུངས་མ་ཐག་རྨི་ལམ་དབྱིངས་སུ་སད་པ་བཞིན་དུ་ཡལ་སོང་། །འདི་ནས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་བརྡོལ་ཞིང་བསྐྱེད་རྫོགས་ལམ་གྱི་རིམ་པ་ཇི་ལྟ་བ་བཞིན་ཁོང་དུ་ཆུབ་པར་གྱུར་ཏོ། །དེ་ནས་རང་ལོ་ཉེར་བརྒྱད་ཁྱིའི་ལོ་ཁྱིམ་ལ་བབས་ཚེ་མཁའ་འགྲོ་མ་མེ་རི་འཛིན་བྱེད་ཡིན་ཟེར་བ་ཞིག་ན་རེ། །ཁྱོད་འབྲོས་ཕུག་མཁའ་འགྲོའི་འདུ་ཁང་དུ་སྒྲུབ་པ་ལ་ཞུགས་ན་ཚེ་མཇུག་ཏུ་ལོངས་སྤྱོད་དང་མངའ་ཐང་རྒྱས་པར་འགྱུར།ཞེས་ཟེར་ཞིང་ཡང་འདི་ལྟར།ཨ་ཧོ།ཉོན་དང་སྐལ་བཟང་སྐྱེས་བུ། །འབྲོས་ཕུག་མཁའ་འགྲོའི་འདུ་གླིང་། །རྡོ་རྗེ་མཁའ་འགྲོའི་འདུ་ས། །ཞི་བའི་ཕྲིན་ལས་གྲུབ་པའི། །གནས་བཟང་སྐྱིད་པའི་འབྱུང་གནས། །དེ་རུ་སྒྲུབ་པ་བྱས་ན། །ཉམས་རྟོགས་ཡོན་ཏན་འཁྲུངས་ཡོང་། །ཐབས་ཤེས་ཟུང་དུ་འབྲེལ་བའི། །རིག་འཛིན་སྔགས་པའི་སྒྲུབ་གནས། །བཙུན་མོ་ཁྲི་ལ་འགྱིང་བ། །ཕྱོགས་ནས་འབངས་ཀྱིས་བསྐོར་འདྲ། །གྲྭ་འཁོར་འདུ་བའི་རྟེན་འབྲེལ། །དུར་ཁྲོད་ལྷ་མོ་པུཎྱེ། །རེ་ཞིག་ཕྱག་རྒྱར་བསྟེན་ན། །གཅན་གཟན་ཀུན་གྱི་ཁྱུ་མཆོག།གངས་སེང་དཀར་མོ་ལྟ་བུའི། །བུ་མཆོག་དམ་པ་འབྱུང་སྲིད། །དེ་བཞིན་སེངྒེའི་གྲོགས་པོ། །རྒྱ་སྟག་ཁྲ་བོ་ལྟ་བུའི། །བུ་གཅིག་ཡོས་བུས་ཁུར་ཡོང་། །བྲག་བཙུན་སྲིད་པའི་མ་མོ། །ལས་ཀྱི་ཕྱག་རྒྱར་བསྟེན་ན། །ཤར་གྱི་ཉི་མ་གཞོན་ནུ། །ལྷ་མཚམས་གཟི་བརྗིད་ཆེན་པོ། །པ་ཝ་སངས་ལྟར་དཀར་བའི། །བུ་འབྱུང་བསྟན་པ་འཛིན་ཡོང་། །ནོར་རྒྱུན་བུ་མོར་འགྲོགས་ན། །གསེར་གྱི་མཆོད་རྟེན་སེར་པོ། །དུང་གི་ཟླ་རྒྱས་དཀར་པོ། །གནམ་ལྕགས་རྡོ་རྗེ་འབར་བས། །བསྟན་པའི་སྲོག་ཤིང་འཛིན་ཅིང་། །ཡིད་བཞིན་ནོར་བུ་ལྟ་བུར། །ཕྱོགས་ཀྱི་མགྲོན་པོ་ངོམས་པའི། །རོ་བརྒྱའི་ཟས་མཆོག་སྟེར་སྲིད། །གཞན་ཡང་གནམ་འཕང་གཅོད་པའི། །མཁའ་ལྡིང་ག་རུ་ཆེན་པོས། །ཁྱོད་ཀྱི་བསྟན་ལ་གདུང་བཞིན། །ངེས་མེད་རི་སུལ་བགྲོད་དེ། །ཕྱོགས་མེད་འགྲོ་དོན་འབྱུང་ཡོང་།མ་ངའི་བརྡ་ཚིག་དེ་ཀ།མ་བརྗེད་སེམས་ལ་ཞོག་དང་། །ཆོས་སྲིད་མངའ་ཐང་རྒྱས་འོང་། །ཞེས་ཟེར་ཞིང་མི་སྣང་བར་ཡལ་སོང་། །དེ་ལྟར་ལུང་བསྟན་པ་བཞིན་དཔྱིད་ཟླ་ར་བའི་ནང་དུ་དེར་ཕྱིན་ནས་ཟླ་བ་གཅིག་ཙམ་ལ་སྒྲུབ་པ་བྱས་ཚེ་དགེ་ལེགས་ཡ་མཚན་གྱི་ལྟས་བཟང་མང་དུ་བྱུང་བ་ནི།ཞག་བདུན་གྱི་ནུབ་མོ་བརྟན་མ་ཏིང་ལོ་སྨན་གྱིས་གླུ་འདི་ལེན་གྱི།ཀྱཻ་ཧོ།ང་ནི་སྲིད་པའི་ཨ་ཕྱི། །བྱང་གི་ཏིང་རུའི་ས་འཛིན། །ཏིང་ལོ་སྨན་ཅེས་གྲགས་ཏེ། །སྔོན་ཚེ་འབྲོག་མིའི་སྐྱེས་བུ། །ཁྱེའུ་ཆུང་ལོ་ཙཱ་ཁྱོད་ཡིན། །ཡ་གིའི་བྲག་སྲུབ་རྐོས་དང་། །སེར་བའི་འཇིགས་པ་བཟློག་པའི། །སཱཙྪ་ནག་པོའི་ཆོ་ག།རྫས་སྦྱོར་ཟབ་མོ་ཞིག་ཡོད། །སང་ཕོད་གནས་འདིར་སླེབས་ཚེ། །ཁྱོད་ལ་མཚམས་རྒྱག་ཞིག་འབྱུང་། །དབྱར་དུས་དཀར་སློང་དང་ནི། །དགུན་དུས་འབྲུ་སློང་མ་གཏོགས། །དཀོར་ལ་རྟག་ཏུ་མ་འབྱམས། །དེང་དུས་བསྐལ་པའི་ཐ་མར། །མི་སྲུན་སྐྱེ་བོའི་ཚོགས་ཀྱིས། །མཐོ་རློམ་གཏེར་སྟོན་ལ་བརྫུས། །ཚེ་གཅིག་དཀོར་ལ་འབྱམས་ཏེ། །ཟླ་གསུམ་མཚམས་སྒྲུབ་མི་བྱེད། །དེ་འདྲའི་སྤྱོད་ངན་སྤོངས་ལ། །ཨོ་རྒྱན་ཆེན་པོའི་རྒྱལ་ཚབ། །འགྲོ་བའི་དོན་ལ་ཆས་པའི། །གཏེར་ཆེན་གོང་མ་རྣམས་ཀྱིས། །སྙིང་པོའི་སྒྲུབ་ལ་བརྩོན་ཏེ། །དཀོར་བསྡུ་རྙེད་ཚོལ་སྤངས་ནས། །འཆད་དང་ཡིག་རིས་ལྷུར་ལེན། །སྐུ་ཚེའི་སྨད་ཆར་སླེབས་ཚེ། །མངའ་ཐང་རྩོལ་མེད་འཕེལ་ཞིང་། །བུ་སློབ་སྐལ་ལྡན་ཕོ་མོའི། །འདུ་བ་ཕུན་སུམ་ཚོགས་བཞིན། །ཁྱོད་ཀྱང་དེ་ལྟར་རིམ་བཞིན། །ལག་ལེན་ཐོབ་དང་དེ་བཞིན། །འདི་ཕྱིའི་དོན་ཆེན་འགྲུབ་ངེས། །ཞེས་ཟེར་ནས་ཡལ།ཡང་བདུན་ཞག་གསུམ་པའི་ནུབ་འཇའ་སྤྲིན་འོད་གུར་འཁྲིགས་པའི་ཀློང་ནས་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་མདུན་གྱི་ནམ་མཁར་བྱོན་ཏེ།རིགས་ཀྱི་བུ་ཁྱོད་ཀྱི་ཚོགས་དང་སྐོང་བ་ལ་འབད་པ་གལ་ཆེ་ཞིང་། །བཀའ་སྲུང་གཉན་པོ་ལ་གཏོར་མ་མང་དུ་གཏོང་བ་དང་།ལོ་བཞིན་ཟླ་སྒྲུབ་དམ་རྒྱ་ཅན་ཆག་མེད་དུ་བྱ་བ་དེ་གསུམ་གནད་དུ་ཟུངས་ཤིག།དངོས་གྲུབ་དམ་པ་འདི་ཉིད་ལྷག་མེད་དུ་རོལ་ཞིག།ཅེས་གསུངས་ནས་བདུད་རྩི་ཐོད་པ་གང་གནང་བྱུང་བ་བདག་གིས་ལྷག་མེད་དུ་རོལ་པས་བདེ་བའི་ཉམས་བསམ་གྱིས་མི་ཁྱབ་པ་འབར་བྱུང་བའི་མོད་ལ་འདི་སྐད་ཞུས།དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་རྫོགས་པའི་ངོ་བོར་གྱུར་པ་མཆོག་རིན་ཆེན་ཁྱོད་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ངས་སྤྱོད་ཚུལ་ཇི་ལྟར་བྱེད་ལགས་ཞུས་པས།ཀྱཻ།སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་སྤྱོད་པ་སྔར་བཞིན་དུ་མི་གང་ལའང་ངོ་སྲུང་མེད་པར་སྨྱོན་པ་ལྟ་བུའི་སྤྱོད་པ་སྐྱོངས་ལ་ཀུན་གྱིས་བསྙེན་བཀུར་བྱེད་པའི་དུས་སུ་ཀུན་ལ་སྙོམས་པའི་ཞི་དུལ་ཚུལ་མཐུན་སྒྲུབས་ཤིང་གདམས་པ་སྟོན། །འགྲོ་དོན་ཅི་ནུས་གྱིས་ཤིག།ཅེས་གསུངས་མཐར་དབྱིངས་སུ་ཡལ་སོང་།དེ་ནས་སྒྲུབ་པ་ཆེན་པོའི་དངོས་གྲུབ་ལེན་པ་ལ་ཐུག་པའི་ནུབ་རིག་འཛིན་བདུད་འདུལ་རྡོ་རྗེས་ལི་སྡེར་ཞིག་གི་ནང་དུ་ཆང་བླུགས་པ་ལ་ཨཱ་ལི་ཀཱ་ལི་གཟུགས་བརྙན་ཤར་བ་ལྟར་བཀྲ་ལམ་མེར་ཡོད་པ་འཇའ་ཚོན་སྣ་ལྔའི་རླངས་པ་ཕྱུར་བ་ཞིག་བདག་ལ་སྟེར་ནས།ང་སྤྲུལ་ང་དང་གཉིས་སུ་མེད་པའི་བུ་ཁྱོད་ལ་མཁའ་འགྲོ་མ་རྡོ་རྗེ་ཕག་མོས་བསྐུར་བ་ཡིན་པས་གནས་གསུམ་དུ་གཏུགས་ཤིག།ཅེས་གསུངས་ཤིང་བདག་ལ་ཐིམ་པ་དང་བདུད་རྩི་དེ་ཡང་བཏུང་བས་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེས་སོ། །དབྱར་ཟླ་ར་པའི་ཚེས་བཅུའི་ནུབ་མཁའ་འགྲོ་མ་སྔོན་མོ་དར་དཀར་གྱི་ལྭ་བ་གཡང་ལུགས་སུ་གྱོན་པ་ཞིག་གིས།བུ་ཁྱོད་དག་པ་འདོད་འབྱུང་ཞེས་བྱ་བའི་གནས་སུ་ལྟད་མོ་ལ་འགྲོ་ཟེར་བ་བྱུང་བས་དེ་དང་འགྲོགས་ནས་ཕྱིན་པས།གནས་ཤིན་ཏུ་ཉམས་དགའ་བའི་སྐྱེད་ཚལ་འདོད་རྒུའི་ལོངས་སྤྱོད་ཐམས་ཅད་ན་བུན་འཐིབ་པ་བཞིན་དུ་རང་བྱུང་དུ་འཕྱོ་བའི་དབུས་སུ།ཡེ་ཤེས་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་དཀར་སེར་དམར་ལྗང་མཐིང་གའི་ཁ་དོག་ཉི་མ་དང་ཉི་འོད་ལྟར་འབར་བ།དེའི་དབུས་སུ་རིན་པོ་ཆེའི་ཁྲི་པདྨ་དང་ཟླ་བ་ཉི་མའི་གདན་ལ་རིག་འཛིན་གྱི་རྒྱལ་པོ་ཧཱུྃ་ཆེན་ཀཱ་ར་ཞེས་བྱ་བ་སྐུ་མདོག་དཀར་ལ་དམར་བའི་མདངས་ཆགས་པ་སྐུ་བྱད་བལྟ་བས་ཆོག་མི་ཤེས་པ་ཞིག་གིས་ན་རེ། །སྔར་གྱི་འབྲོས་ཕུག་དེ་རྡོ་རྗེ་མཁའ་འགྲོའི་འདུ་གནས་ཉམས་རྟོགས་ཡོན་ཏན་ཤུགས་ཀྱིས་འཁྲུངས་པའི་གནས་ཡིན་པས།རེ་ཞིག་ཁྱོད་ཀྱི་སྡོད་གནས་དེ་རུ་གྱིས་ལ་སྙིང་པོའི་སྒྲུབ་པ་ལ་འབུངས་ཤིག།ལོ་གཅིག་འདས་པའི་རྗེས་སུ་གསེར་གྱི་འཛི་ཆེན་ཤེས་ཤར་དུ་སོང་ལ་ཟླ་སྒྲུབ་གཉིས་ལ་བརྟེན་ནས་ཚོགས་སྐོང་སྟོང་ཕྲག་གཉིས་ཙམ་བཏང་ན་བསོད་ནམས་ཀྱི་འབྲས་བུ་ཆར་གྱིས་བསྐྱེད་པའི་མྱུ་གུ་ལྟར་འཕེལ་ཞིང་སྨིན་པར་གྱུར།གནས་མཆོག་འབྲོས་ཕུག་མཁའ་འགྲོའི་འདུ་གླིང་དུ་སླེབས་པའི་དུས་སུ་ལས་ལྡན་གྱི་སློབ་བུ་འགའ་ཞིག་འབྱུང་བས་དེ་དག་ལ་རང་རང་གི་རྒྱུད་ཚོད་དང་བསྟུན་པའི་གདམས་པ་སྟོན་དང་ཐར་པ་ཆེན་པོའི་གྲོང་ཁྱེར་དུ་འདྲོང་ངེས་པ་ཡིན།ཞེས་གསུངས་པའི་ལན་དུ།བླ་མ་ལགས།ངས་གདམས་ངག་སྣ་གཅིག་ཀྱང་འཆད་མི་ཤེས་པའི་ཚུལ་ནི་འདི་ལྟ་སྟེ།ང་བྱིས་པ་སྐྱབས་མེད་མགོན་མེད། །སྟེང་ན་སྐྱབས་མགོན་མི་མེད། །འོག་ན་བརྟེན་པའི་མི་མེད། །ཟུར་ན་སྐྱོར་མི་གཅིག་མེད། །རང་སྣང་སྟོན་པའི་བཀའ་བཞིན། །གཞན་ལ་འཆད་སྒྲོགས་བྱས་ཀྱང་། །ཀུན་གྱིས་གཤེ་སྐུར་གནས་ལས། །དང་ལེན་བྱེད་པ་མི་འོང་། །ཟབ་གཏེར་འབྱིན་སྐལ་ལྡན་ཡང་། །དུས་ངན་སྙིགས་མའི་མཐའ་འདིར། །གདུལ་བྱའི་ཞིང་ས་མི་སྣང་། །རྫུན་མེད་བདེན་པར་སྨྲས་ཀྱང་། །ཀུན་གྱིས་རྫུན་དུ་གྱེར་འོང་། །དད་ཅིང་དང་དུ་ལེན་པའི། །བུ་སློབ་འབྱུང་སྙམ་མེད་ལགས། །ཕ་གཅིག་ཐམས་ཅད་མཁྱེན་པ། །བདག་རྒྱུད་ཡོངས་སུ་སྨིན་པར།ད་ལྟ་ཉིད་དུ་བྱིན་རློབས། །ཉམ་ཆུང་སྤྲང་པོ་བདག་ལ། །མི་འཇིགས་དབུགས་ཆེན་འབྱིན་པར། །ད་ལྟ་ཉིད་དུ་བྱིན་རློབས། །ཞེས་ཞུས་པས།སྒྲུབ་པ་ལྷུར་ལེན་བྱེད་པའི། །ལས་དང་སྐལ་པ་མེད་ན། །སངས་རྒྱས་དངོས་སུ་འབྱོན་ཡང་། །རྒྱུད་ལ་ཕན་ཐོགས་མེད་ཚུལ། །རྒྱལ་བ་ཤཱཀྱའི་དབང་པོ། །འཇིག་རྟེན་ཁམས་སུ་བྱོན་ཀྱང་། །འགྲོ་ཁམས་དོང་སྤྲུགས་མ་ནུས། །ཁྱོད་ནི་སྨོན་ལམ་མཐུ་ཡིས། །འགྲོ་བའི་དོན་ལ་ཆས་ཕྱིར། །སྔོན་ནས་ལས་ཀྱིས་འབྲེལ་བའི། །སྐལ་ལྡན་བུ་སློབ་འགའ་ཞིག།རང་རང་ལས་དབང་བཙན་པས། །གདུལ་བྱའི་ལྷག་མར་འདུག་པ། །དེ་རྣམས་འདྲེན་པའི་དུས་བབ།ཕྱི་རོལ་ཀླ་ཀློ་མཐའ་མིས། །མི་ལོ་བརྒྱ་ཕྲག་ཙམ་ལས། །ཆོས་ཀྱི་སྒྲ་ཙམ་མེད་བྱེད། །མུན་པའི་བསྐལ་པར་ཐུག་པས། །རྒྱ་ཆེ་གྲངས་མང་ཕབ་ཀྱང་། །ངལ་བའི་རྒྱུ་ལས་མེད་པས། །གདམས་པའི་ཡང་བཅུད་ཐམས་ཅད། །ཡི་གེར་ཕོབ་ལ་སྤེལ་དང་། །སྐལ་ལྡན་དག་ལ་ཕན་སྲིད། །སེམས་ཀྱི་དཔངས་རྒྱ་བསྐྱེད་དང་། །འདི་ཕྱིའི་དོན་ཆེན་འགྲུབ་འོང་། །ཞེས་དང་།ངའི་དགོངས་རྒྱུད་འཕོ་བ་དང་གདམས་ངག་ཆུ་ཀླུང་བཞིན་དུ་བརྡོལ་འོང་གསུངས་པས་རྨི་ལམ་དབྱིངས་སུ་སད།དེ་ནས་སྔར་བཞིན་ཧོར་སྐོར་གྱི་རུ་ནང་དུ་སོང་སྟེ་རང་གི་དག་སྣང་སྐོར་ལས་བྱུང་བའི་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་པ་མང་དུ་བྱས།དབྱར་འབྲིང་པོའི་ནང་དུ་ཨ་གནམ་དབང་ཆེན་ཞེས་བྱ་བ་བྱུང་ནས་འདི་སྐད་ཟེར།དུས་ཕྱིས་གཏེར་སྟོན་དང་གྲུབ་ཐོབ་ཡིན་པར་སྐད་པ་ཤིན་ཏུ་མང་བས་སུ་ལའང་ཡིད་ཆེས་བློ་ཐུབ་མེད་ཀྱང་འཇའ་བ་ཨ་ལགས་ནས་ཁྱོད་ཀྱིས་རྒིས་ལིའི་གཏེར་སྟོན་དེ་ལ་སྒྲུབ་པ་ཞིག་འདོན་དུ་ཆུག་དང་དེ་ཨོ་རྒྱན་པདྨའི་སྤྲུལ་པ་ཞིག་མིན་ཚེ་ངས་ཁྱོད་བསླུས་པ་ཡིན་གསུངས་པས་དེ་ལ་ཉན་ནས་ང་རང་ཁྱོད་འབོད་དུ་འོང་བ་ཡིན་ཟེར་བ་བྱུང་བས།བདག་ཀྱང་དེར་ཕྱིན་ནས་རང་གི་གཏེར་བྱོན་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་པ་ཞིག་བྱས། །དེ་ཡང་འཇའ་བ་ཨ་ལགས་ཟེར་བ་ནི་འཇའ་བ་སྤྲུལ་པའི་སྐུ་རིན་པོ་ཆེ་མདོ་སྔགས་རྒྱ་མཚོ་ཞེས་མཁས་པའི་དབང་པོ་དེ་ཡིན་ནོ། །དེ་ནས་དབྱར་ཟླ་ཐ་ཆུང་གི་ནང་རྒིས་ལིའི་ཁྱིམ་དུ་ཕྱིན།སྐེ་བླ་ཆོས་འཕགས་ཞེས་པ་དེར་བྱུང་ནས།ཁྱོད་གཏེར་སྟོན་འཁྲུལ་མེད་ཡིན་ན་ངས་ཁྱོད་ཀྱི་ཆོས་བདག་བྱེད་ཀྱི།ཁོ་བོ་ལ་རྟ་མགྲིན་གྱི་སྒྲུབ་ཐབས་ཞིག་འབྲི་དགོས་ཟེར་བ་ལ།བདག་གིས་ཟབ་ཆོས་དགོངས་པ་ཀློང་བརྡོལ་གྱི་སྐོར་ལས་བྱུང་བའི་རྟ་མགྲིན་གྱི་སྒྲུབ་ཐབས་ཞིག་གཏན་ལ་ཕབ་སྟེ་དབང་ལུང་བཏོན་ནས་གཏད་ཀྱང་ཁོས་ཐེ་ཚོམ་སྐྱེས་ཏེ།དེ་སྐབས་ཀཿཐོག་ཕྱག་ཚ་སྤྲུལ་སྐུ་མགོ་ལོག་ཏུ་གྲྭ་ས་ཆོས་རྒྱུན་གྱི་ཕྱིར་དང་འབུལ་སྡུད་དུ་ཕེབས་ནས་བཞུགས་ཡོད་པ་དེའི་དབུ་སྔས་ཀྱི་ཞབས་སུ་བཅུག་ནས་དོ་ནུབ་གཏེར་ཆོས་གསར་པ་ཞིག་ཉིད་ཀྱི་གཟིམ་སྔས་སུ་བཞག་ཡོད་པས་དེ་ཅི་འདྲ་ཞིག་ཡིན་བཟང་ངན་གཉིས་ཀའི་ཐག་ཆོད་ངེས་ཞིག་ནང་སྔ་གསུང་རྒྱུའི་བཀའ་དྲིན་ཞུ་བྱས་ནས།ནང་པར་མདང་སུམ་ཞུ་རྒྱུའི་བརྟག་བབས་དེ་ཅི་འདྲ་ལགས་ཞུས་པས།བླ་མའི་ཞལ་ནས།མདང་རྨི་ལམ་ལ་ཞིང་ས་བཟང་པོ་ཞིག་གི་ནང་དུ་འབྲས་དྲུག་རྒྱ་ཆེན་པོ་སྨིན་པ་ལ་ད་དུང་ཅུང་ཟད་བརྔ་མ་རན་ཡང་བརྔ་བ་རྨིས་པས།གཏེར་ཆོས་སྤེལ་སྔ་བ་དང་།ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་མ་ཕུལ་ན་མཁའ་འགྲོ་མ་རྣམས་མི་དགྱེས།དེ་མ་མཉེས་ན་བརྡ་ལ་ལྷག་ཆད་མང་པོ་འབྱུང་ངམ་སྙམ་གྱི་གཏེར་སྟོན་ཡང་དག་པ་ཞིག་ཡིན་པ་འདྲ་གསུངས།དེ་ནས་ཡང་སྐྱིད་ལུང་ཐུགས་མཆོག་རྡོ་རྗེ་ལ་གཏེར་ཆོས་འདི་བཟང་ངན་ཅི་ཡིན་ཐག་ཆོད་པ་ཞིག་གསུང་དགོས་ཞུས་པས།དེས་ཀྱང་གཏེར་སྟོན་རྣམ་དག་ཡིན་མིན་མཐའ་ལ་བརྟག་ན་གསལ་བར་འགྱུར་ཏེ།ཉི་མ་སྤྲིན་ལས་གྲོལ་བ་བཞིན་དུ་ཇེ་གསལ་ཇེ་མཐོ་རུ་སོང་ན་ལེགས།དེ་མིན་རྫུན་གྱི་མཇུག་མ་མར་འགྲིབ་ཏུ་འགྲོ་བ་ལས་འོས་མེད་པ་ཡིན་གསུངས།ཡང་སྐབས་ཤིག་ན་བདག་གིས་ལུས་སྦྱིན་ཞིག་ཕབ་ཡོད་པ་དེ་གཞན་ཞིག་གིས་རས་དབོན་ལ་བསྟན་པས།དེ་ན་རེ།སེམས་འགྱུ་བའི་རང་གདངས་མཁའ་འགྲོ་མ།ཟེར་བ་དེ་ཚོ་འདྲེ་མོ་འདྲ་ཡིན་ན་མ་གཏོགས་འགྱུ་བའི་གདངས་ན་ཡེ་ཤེས་མཁའ་འགྲོ་ཞིག་ཡོད་མི་སྲིད་དེ་ཧ་ཧ་ཚིག་གཅིག་པུ་འདིས་ཐག་ཆོད་ཐལ་ཟེར།དེ་རྗེས་རས་དབོན་གྱིས་ཀཿཐོག་སྤྲུལ་སྐུ་དེ་ལ།སྤྲུལ་སྐུ་ལགས་ཉིད་ཀྱིས་རྒིས་ལིའི་གཏེར་སྟོན་འདི་གཏེར་སྟོན་རྣམ་དག་ཅིག་རེད་གསུངས་པ་བདེན་ནམ་ཞུས་པ་ན།བདག་རྨི་ལྟས་ཤིན་ཏུ་ལེགས་པ་ཞིག་བྱུང་གསུངས་པས།ཁོ་ན་རེ།སེམས་འགྱུ་བའི་རང་གདངས་མཁའ་འགྲོ་མ་ཟེར་ལུགས་ལ་བལྟས་ན་ཡང་ཕྱོགས་ཙམ་ཤེས་འདུག་ཟེར་བར།སྤྲུལ་སྐུའི་ཞལ་ནས།དེ་ལ་སྐྱོན་ཞིག་འབྱུང་ན་རྡོ་གྲུབ་ཆེན་གྱིས་ཀྱང་།ཡིད་ཤེས་གྲོལ་འཁྲུལ་རླུང་འགྱུའི་སྒྱུ་འཕྲུལ་གར། །ཞེས་གསུངས་པ་དེའང་དེ་དང་མཚུངས་ཏེ་དེ་ཡང་མི་རིགས་པ་ཞིག་ཡིན་ནམ་གསུངས་པ་དང་།ཁོས་དེ་འདྲ་ཞིག་གསུངས་ཡོད་དམ་ཟེར་ཞིང་མགོ་འཕང་སྨད་ནས་ཚོགས་པ་མང་པོའི་ཁྲོད་དུ་ཅི་ཡང་མི་ཟེར་བར་འདུག།དེ་ཚུལ་བདག་གིས་ཐོས་པ་ན་བདེན་བརྗོད་བྱས་ནས་དམོད་པ་བོར་ཞིང་ཡི་གེ་མེ་ལ་བསྲེགས་པས།ཁོ་ལ་ཡང་དེ་ནས་བཟུང་སྟེ་རིམ་གྱིས་གྱོད་དང་ཁ་མཆུ་སོགས་མི་འདོད་པ་མང་དུ་བྱུང་ཞིང་ཇི་ཞིག་ན་དམག་གིས་བརླག་ནས་རྒྱུ་རྫས་ཀྱང་གཏོར།ལུས་ལ་མཚོན་གྱིས་སྨས།མཐར་ཁྱིམ་འཁོར་གཏིང་ལོག་ཏུ་སོང་འདུག་གོ།དེ་ནས་སྟོན་ཟླ་ཐ་ཆུང་གི་ནང་དུ་གཅོད་སྨྱོན་གྲགས་པ་ཞེས་བྱ་བས་རྔ་དང་ཌཱ་མ་རུ་དང་མི་རྐང་གི་གླིང་བུ་དང་།ཀློང་ཆེན་སྙིང་ཐིག་གི་པུསྟི་ཟུང་བཅས་ཕུལ་ནས།མཁའ་འགྲོའི་གསང་མཛོད་ཞིག་ཡི་གེར་ཕོབ་དང་ང་རང་གི་ཉམས་ལེན་བྱེད་ཟེར་བ་བྱུང་།དེ་ནུབ་མཁའ་འགྲོ་མ་རྔ་སྒྲའི་རྒྱལ་མོ་ཡིན་སྐད་པའི་བུད་མེད་སྔོ་སངས་ཞིག་བདག་གི་ཐད་དུ་སྣང་བ་ལ།གཅོད་སྨྱོན་གྲགས་པ་འདི་བཟང་ངན་ཇི་འདྲ་ཡིན་དྲིས་པས།ཧེ་ཧེ།སྦས་པའི་རྣལ་འབྱོར་དམ་པ་དེ། །ས་ཆེན་ཀུན་དགའ་རྒྱལ་མཚན་དང་། །ཀོང་སྨྱོན་སྦས་པའི་རྣལ་འབྱོར་པ། །སྒྲིབ་པའི་ལྷག་མ་སྐྱོང་བའི་ཕྱིར། །དེང་དུས་འདི་འདྲའི་ལུས་བཟུང་སྟེ། །མི་ཁྱོད་གཏེར་དང་འཕྲད་པ་ཡི། །རྟེན་འབྲེལ་སྙིང་ཐིག་ཟབ་མོ་དང་། །སྙན་གྲགས་ལྟས་སུ་རྔ་དྲིལ་བུ། །གཅོད་ཀྱི་ལྟས་སུ་ཌཱ་མ་རུ། །མིང་ལ་གྲགས་པ་གྲགས་པའི་ལྟས། །ལྟས་བཟང་ལགས་ཏེ་འདི་འདྲ་དཀོན། །ཞེས་ཟེར།དེའི་ཕྱིར་ནུབ་རིག་འཛིན་འཇིགས་མེད་གླིང་པ་དང་ཀློང་ཆེན་རབ་འབྱམས།པདྨ་འབྱུང་གནས་གསུམ་ཞལ་འཛོམ་པའི་སྐུ་བརྙན་ལྷན་ཅིག་ཏུ་འདུག་པ་དང་མཇལ་ཚེ་དེ་གསུམ་ཀས་གླེགས་བམ་གཉིས་པོ་བདག་གི་མགོ་ཐོག་ཏུ་བཞག་སྟེ།བརྗོད་བྱ་ཚིག་གི་དབང་ལུང་།བརྗོད་མེད་དོན་གྱི་དབང་ལུང་།ཉེ་བརྒྱུད་ཆིག་རྫོགས་ཀྱི་དབང་ལུང་རྣམས་ཁྱོད་ལ་སྦྱིན་ནོ། །ཐོབ་པར་ཤོག་ཅིག།རྫོགས་པར་གྱུར་ཅིག།ཅེས་གསུངས་ཤིང་སྐུ་དེ་རྣམས་ཤིག་ཤིག་ཏུ་མགུལ་བར་སྣང་།དེར་བདག་གིས་དེ་འདྲའི་ས་སྐུ་ངོ་མཚར་ཅན་དེ་དག་ངོ་མཚར་རོ་སྨྲས་པ་ན།མི་རྒན་ཞིག་ན་རེ།མིག་མ་དག་པ་དེ་ཧ་ཧ།ཡེ་ཤེས་སྒྱུ་མའི་སྐུ་ཡང་ས་སྐུ་རུ་མཐོང་བ་འདི་ཅི་འདྲ་འདྲ།ཞེས་ཟེར་བ་དང་ཆབ་གཅིག་གཉིད་སད་སོང་།དེ་ནས་དེ་ལ་མཁའ་འགྲོའི་གསང་མཛོད་ཡི་གེར་ཕབ་ཚེ་ཡིད་ཆེས་ཤིང་ངོ་མཚར་བའི་ལྟས་བཟང་པོ་འཇའ་འོད་ཀྱི་གུར་ཁང་འཁྲིགས་པ་དང་དུས་མཉམ་དུ་བྱ་རྒྱལ་རྒོད་ཀྱི་ཐུལ་ཕྲན་བབས།དྲི་བཟང་གི་ན་བུན་ཐུལ།རོལ་མོའི་རང་སྒྲ་གྲགས་པ་བྱུང་།ཡང་དགུན་ཟླ་ར་བའི་ཚེས་བཅུའི་ཉིན་རྒྱལ་བ་ཚུལ་ཁྲིམས་ཞེས་བྱ་བས་ཀ་པཱ་ལ་མཚན་ཉིད་དང་ལྡན་པ་ཕུལ་ནས་བདུད་གཅོད་ཀྱི་གདམས་པ་ཉུང་བསྡུས་ཤིག་ཞུ་ཟེར་བ་ལ་དེ་ཕབ་ནས་ལུང་བྱིན།རང་ལོ་ཉེར་དགུའི་ལོ་ཁྱིམ་དགུན་ཟླ་འབྲིང་པོའི་ཚེས་གཅིག་ལ་འབྲོས་ཕུག་ཏུ་ཕྱིན་ཏེ་ཚེས་བཅུའི་ཉིན་ནས་བཟུང་རང་གི་སློབ་བུ་གཉིས་དང་ལྷན་ཅིག་ཏུ་ཀློང་ཆེན་སྙིང་ཐིག་གི་རླུང་དང་གཏུམ་མོ་འཁྲུལ་འཁོར་རྣམས་ལོ་གཅིག་ཏུ་ཉམས་ལེན་བྱས་པས་དྲོད་རྟགས་བུམ་ཅན་རིལ་པ་ཞབས་ཚག་ཅན་མཐོང་བའི་ཡུལ་དུ་གྱུར་པ་དང་།དགུན་གྱི་དུས་སུའང་ལུས་ལ་མེ་དྲོད་འབར་ཞིང་རས་རྐྱང་ཐུབ་པ་ཙམ་དུ་བྱུང་།གཞན་ཡང་དུ་བ་ལྟ་བུའི་སྣང་ཉམས་དང་།སྨིག་རྒྱུ་ལྟ་བུའི་སྣང་ཉམས་དང་།རྒྱུ་སྐར་ལྟ་བུའི་སྣང་ཉམས་དང་།སྣང་བའི་འོད་གསལ་དང་།དཔེའི་འོད་གསལ་བསམ་གྱིས་མི་ཁྱབ་པ་ལ་བརྟེན་ནས་རིག་པའི་ཡེ་ཤེས་སྐྱོན་བྲལ་ཕྱིན་ཅི་མ་ལོག་པ་རྒྱུད་ལ་སྐྱེས་སོ། །དགུན་འབྲིང་པོའི་ཚེས་བཅོ་ལྔའི་ཉིན་ཕ་ཡུལ་དུ་ཕྱིན་ཏེ་ཟླ་བ་ཕྱི་མའི་ཚེས་གཅིག་ལ་བདུད་འདུལ་རྡོ་རྗེའི་གཏེར་བྱོན་རྡོ་རྗེ་གྲོ་ལོད་ཀྱི་སྒྲུབ་ཐབས་ལ་བརྟེན་ནས་སྒྲུབ་གྲོགས་མཁྱེན་རབ་དང་།ཀརྨ་དཀོན་མཆོག།བླ་མ་བརྟན།རིག་མཆོག་ཅེས་བྱ་བ་རྣམས་དང་ལྷན་ཅིག་ཏུ་ཟླ་བ་གཉིས་ཀྱི་བར་དུ་སྒྲུབ་པ་བྱས་སྐབས།བནྡྷེ་མཁྱེན་རབ་དེ་ཉིད་རྒྱལ་འགོང་གདུག་པ་ཅན་ཞིག་གི་ནད་ཀྱིས་བཏབ་འདུག་པ་ལ་རྒྱལ་བསེན་དམ་ལ་བཏགས་པས་ནད་ལས་གྲོལ་བའི་ཚུལ་ནི།སྒྲུབ་པ་ལ་ཞུགས་ནས་ཞག་བདུན་གྱི་རྨི་ལམ་ན་བུད་མེད་གསུམ་སྒོ་དྲུང་དུ་སླེབས་བྱུང་བར་བདག་གིས་མེ་ཡི་ཏིང་ངེ་འཛིན་བསྒོམས་པས་ཨ་ཚ་ཚ་ཞེས་སྐད་ཆེར་བཏོན་ནས་བྲོས་སོང་།དེ་ནས་ཞག་ཉེར་གཅིག་གི་ནུབ་བྱི་ལ་དམར་པོ་ཞིག་སྒྲུབ་ཁང་དུ་བྱུང་བ་ལ་དབྱུག་པས་བསྣུན་པས་དེ་རྒྱལ་པོའི་ཆོ་འཕྲུལ་ཡིན་སྟབས་བདག་གི་ལག་གཡས་ཁར་བཅུག་ཅིང་སྤར་མོས་བཏབ་འདུག་པར་བྲེད་ཅིང་དངངས་ཏེ་རྡོ་རྗེ་གྲོ་ལོད་ཀྱི་བསྐྱེད་རིམ་དྲན་པར་བྱས་ནས་ལག་པ་གཡོན་པས་ཁོའི་རྐེ་ཙིར་གྱིས་བསྡམས་ཤིང་དམ་དུ་བཙིར་བའི་མོད་ལ་བནྡྷེ་གོས་ཧྲུལ་གྱོན་པ་ཞིག་ཏུ་གྱུར་ཏེ་ན་རེ།ཨ་ཧ་བོ་ངའི་རྐེ་མ་སྡོམས་དང་ཡག་པོ་བཤད་རྒྱུ་ཡོད་ཟེར་བ་ལ།སྐད་ཆའི་དགོས་པ་མེད་ཁས་ལོངས་ཞེས་སྨྲས་པས།ཁོ་ན་རེ་ཁས་ཅི་ལེན་དགོས་ཤོད་ཟེར་ཕྱིན་ཆད་གནོད་པ་མི་བྱེད་པའི་ཁས་ལོངས་སྨྲས་པ་དང་།ཁྱོད་དང་ཁྱོད་ཀྱི་འཁོར་ལ་གནོད་པ་བྱེད་རེ་ན་ར་ཀན།བནྡྷེ་མཁྱེན་རབ་འདི་ལ་ཚིག་གསུམ་བཤད་དུ་མ་བཅུག་བར་དུ་མི་གཏོང་སྟེ་དེ་ནས་མི་གཏོང་རེ་ན་ར་ཀན་ཞེས་ཁས་བླངས།དེ་ནས་མགོ་ལ་ལག་པ་བཞག་ཁ་རུ་དམ་ཆུ་བླུད་དེ།དམ་ལ་བཞག་ནས་བཏང་།མཐར་སྒྲུབ་པ་ཐེམས་ནས་ཞག་གསུམ་གྱི་ཉིན་རྒྱལ་པོ་བནྡྷེ་དེའི་ཁོག་ཏུ་ཞུགས་ནས་ཚུལ་དེ་དག་ཞིབ་ཏུ་སྨྲ་ཞིང་གཞན་ཡང་གཏམ་མང་པོ་ཞིག་བཤད་ནས་གནོད་པ་ཐམས་ཅད་ཡུལ་མེད་དུ་ཡལ་སོང་།མཐར་ཡི་དམ་ལ་ཚོགས་སྐོང་སྟོང་ཕྲག་གཉིས་གྲངས་སུ་ལོངས་པར་བྱས་ནས་དངོས་གྲུབ་ལེན་ཁ་དེར་འཇའ་ཚོན་དཀར་པོ་ཞིག་གནས་ཁང་གི་སྟེང་དུ་ཟུག་སྟེ་མེ་ཏོག་གི་རྣམ་པའི་ཁ་བ་སིལ་མར་བབས་པ་སོགས་ལྟས་བཟང་ཤིན་ཏུ་དགེ་བ་བྱུང་།དེ་ནས་རང་ལོ་སུམ་ཅུ་ལ་བབས་ཚེ་སླར་ཡང་འབྲོས་ཕུག་ཏུ་ཕར་ཕྱིན་ནས་བསྡད་པའི་སྐབས།དབྱར་ཟླ་ར་བའི་ཚེས་བཅོ་བརྒྱད་ཀྱི་ནུབ་མཁའ་འགྲོ་མ་ལུས་ཀྱི་གཡས་ཕྱོགས་སྔོ་སང་ངེར་ཡོད་པ།གཡོན་ཕྱོགས་དམར་བ།བར་སེར་ཤར་རེ་བ་གསེར་སྐུད་སེར་པོ་དང་ཟངས་སྐུད་དམར་པོ་དང་ལྕགས་སྐུད་ནག་པོ་གསུམ་གྱི་སྐེ་རགས་བཅིངས་པ།དར་ཚོན་སྣ་ལྔའི་ཤམ་ཐབས་གྱོན་པ་ཞིག་བདག་གི་ཐད་དུ་བྱུང་ནས་འདི་སྐད་ཅེས།བུ་ཁྱོད་ལ་གྲུབ་པའི་རྟགས་དང་མཚན་མ་ཡོད་དམ་མེད།ཡོད་ན་ང་ལ་སྨྲོས་ཤིག་ཟེར།དེ་ལ་བདག་གིས།ཁྱོད་སུ་ཡིན་ང་ལ་ཨོ་རྒྱན་ཆེན་པོས་གྲུབ་རྟགས་དང་རྫུ་འཕྲུལ་སུ་ལའང་བཤད་མི་རུང་།རེ་ཞིག་སྦས་པའི་རྣལ་འབྱོར་པ་ཞིག་བྱུང་ན་སྒྲུབ་པ་ལ་བར་ཆད་མེད་ཅིང་ཆོས་བརྒྱད་ཀྱི་དབང་དུ་མི་འགྲོ་བའི་གནད་ཡོད་ཅེས་གསུངས་པས་བཤད་མི་ཉན་སྨྲས་པས།མོ་ན་རེ།ང་ནི་བཀའ་རྫོགས་པ་ཆེན་པོའི་རྒྱུད་སྡེ་འབུམ་ཕྲག་དྲུག་ཅུ་རྩ་བཞིའི་གསང་མཛོད་ཀྱི་བདག་མོ་ཀློང་ཡངས་སྨན་ཅེས་བྱ་བ་དེ་ཡིན།མི་ལ་ངོམས་མ་སྔ་ན་ང་མི་མིན་མཁའ་འགྲོ་ལ་བཤད་པས་ནི་སྐྱོན་མེད་པས་སྨྲོས་དང་ཟེར་བ་ལ།བདག་གིས་ཀྱང་དེ་བདེན་སྙམ་དུ་འདི་སྐད་སྨྲས།ཨ་ཀྱང་ལགས་སོ། །ང་རང་ལོ་བཅུ་དྲུག་ལ་བབས་དུས་སྦྱིན་བདག་མགོན་བསྟན་ཚང་ལ་ཀློག་འདོན་དུ་ཕྱིན་པ་དང་།དེ་ན་རེ།སྔར་ངེད་ཀྱི་དབྱར་ས་སེ་རའི་གཤོག་ལྟེབས་ཡིན་པ་ལ།ལོ་གཅིག་ལ་ངེད་ཆུ་མིག་གི་མར་ངོས་སུ་བསྡད།དོན་གྲུབ་ཚང་མར་ངོས་སུ་བསྡད་པས་ཆུ་མིག་དེ་ཉིད་སྐམ་སོང་།དེ་ནས་བཟུང་ལོ་ལྔ་ཚུན་ཆད་ལ་ཆུ་མི་འདུག་སྟབས་དེར་བསྡད་ཐབས་མ་བྱུང་བས་གྱོང་ཆེ་ཡང་བྱ་ཐབས་བྲལ།ད་རེས་ཁྱོད་བན་རྒན་གཞན་དང་མི་འདྲ་བའི་མངོན་ཤེས་ཅན་ཞིག་འདུག་པས་འདི་རུ་ཆུ་བརྡོལ་ཐབས་ཞིག་བྱུང་ན་གྲུབ་རྟགས་ངེས་པར་ཡིན་ཟེར་བ་ལ།བདག་གིས་འདོད་དོན་ཨེ་འགྲུབ་རྨི་ལམ་བརྟགས་དགོས་བསམ་ནས་ཆུ་མིག་དེ་ཡིད་ལ་དྲན་བཞིན་གཉིད་དུ་སོང་བའི་རྨི་ལམ་ན།ཁང་རལ་ཞིག་གི་ནང་དུ་སྦྲུལ་ནག་པོ་སྐེད་པ་མན་ཆད་སྐམ་ནས་ཉམ་ཐག་པ་ཞིག་ཉ་དང་སྦལ་པ་རྐང་ལག་སྐམ་པ་ཕྱི་དབུགས་དང་བྲལ་ཞིང་ནང་དབུགས་མ་ཆད་ཙམ་མང་པོས་བསྐོར་ནས་ཡོད་པའི་སར་སླེབས་འདུག་པས།བདག་གིས་ཉམ་ཐག་པའི་སེམས་ཅན་འདི་རྣམས་སྙིང་རེ་རྗེ་འདི་ཅིས་ལན་པ་ཡིན་སྙམ་པས།སྦྲུལ་དེ་ན་རེ།ང་ནི་ཀླུའི་བུ་མོ་ནོར་འཛིན་མ་ཞེས་བྱ་བ་ཡིན།སྔོན་དུས་བདག་གི་གནས་ཁང་གསེར་མཁར་གཡུའི་ཁ་བད་ཅན་ཞིག་ཡིན་ཏེ།བདག་ཀྱང་སྟོབས་རྩལ་ལོངས་སྤྱོད་ཀྱི་དཔལ་དང་ལྡན་པ་ཞིག་ཡིན་ཀྱང་།ཆུ་མིག་འདིའི་ནང་དུ་བུད་མེད་མང་པོས་རྐང་ལག་བཀྲུས་པའི་ཁུ་བ་སོང་བས་བདག་གི་སྟོབས་རྩལ་ཐམས་ཅད་ཉམས།ལོངས་སྤྱོད་ཀྱང་དབུལ་མཁར་ཁྱིམ་ཞིག་ནས་ཉི་ཚན་དང་བྱེ་ཚན་གྱི་འཇིགས་པས་ཤིན་ཏུ་སྡུག་བསྔལ་ཞིང་ཉམ་ཐག་པ་ཡིན།གྲུབ་པ་ཐོབ་པའི་གང་ཟག་ཞིག་གིས་ཆུ་སྦྱིན་བཏང་ན་ཕན་ལོས་ཐོགས་ཀྱང་ངའི་སྡུག་བསྔལ་མཐོང་བའི་སྐྱེས་བུ་མི་ཡོང་བས་ད་ཅི་བྱེད་ཟེར།བདག་གིས་ཚུལ་དེ་སྦྱིན་བདག་དེ་ལ་བཤད་པས་ཁོས་ཀྱང་ཁྱེད་མ་འཆུག་དང་ཕན་ཐོགས་ངེས་རེད་ཟེར་འདུག་པས།བདག་ཆུ་མིག་ཡོད་སར་ཕྱིན་ནས་ཆུ་སྦྱིན་མང་དུ་བཏང་ཞིང་འཕགས་པ་ཐུགས་རྗེ་ཆེན་པོ་མདུན་གྱི་ནམ་མཁར་བསྒོམ་ནས་དེའི་སྐུ་ལས་བདུད་རྩིའི་ཆུ་རྒྱུན་བབས་པས་ཀླུ་རྣམས་ན་བ་སོས།ཤི་བ་གསོན།མཁར་ཁྱིམ་དང་ལོངས་སྤྱོད་སྔར་བས་ཀྱང་དགུ་འགྱུར་གྱིས་ལྷག་པ་ཞིག་ཏུ་གྱུར་པར་བསམ་ཞིང་ཆུ་སྦྱིན་འབུམ་ཕྲག་གྲངས་སུ་ལོངས་ཁར་བུ་མོ་མཛེས་མ་ཞིག་མངོན་སུམ་དུ་བྱུང་ནས་ངེད་ལ་ཕྱག་འཚལ་ཏེ་ཁྱོད་བདག་ཅག་ལ་དྲིན་ཆེན་གྱི་གྲུབ་ཐོབ་དམ་པ་ཡིན།ངེད་ཅག་ལ་ཉེས་པ་བྱེད་པའི་བུད་མེད་རྣམས་ལ་གནོད་ལན་ཐོངས་ངེས་ཞིག་མི་བྱེད་རེ་ཟེར་བ་ལ།ངས་དེ་དག་མ་གསོད་མ་མནར་ཞིག་སྨྲས་པས།བུ་མོ་དེས་ངེད་ཤི་བ་ཐམས་ཅད་གསོན།ན་བ་སོས།ལོངས་སྤྱོད་ཀྱི་དཔལ་ཀྱང་སྔར་བས་ལྷག་པར་འཕེལ།མཁར་ཁྱིམ་ཡང་ཤིན་ཏུ་བཟང་པོར་གྱུར་གྱི།ཁྱོད་ལ་དྲིན་ལན་དུ་ཀླུའི་ཕྱུགས་ཕུལ་ན་འབུ་སྲིན་དང་།ནོར་བྱིན་ཀྱང་རྡོ་དང་ཤིང་ལ་སོགས་པར་འགྱུར་བས།གསེར་གྱི་བྲག་ལུང་ནང་དུ་ཀླུ་མོ་གསེར་མདངས་མ་ལ་དུག་སྦྲུལ་གྱི་སྒོ་ང་ཞིག་ཡོད་དེ་ཕུལ་བ་ཡིན།ཉར་ཚག་དམ་དུ་བྱོས་ལ་གཙང་སྦྲ་ལེགས་པར་བྱས་ན་ལོངས་སྤྱོད་ཕུན་སུམ་ཚོགས་པས་ཕྱུག་པར་འགྱུར།ཉིད་ཀྱི་བཀའ་དང་འགལ་བར་མི་བགྱིད།མི་སྲོག་དང་མི་ལ་མི་འབེབས།ཞེས་ཟེར་གྱིན་ནམ་མཁར་སོང་བའི་མོད་ལ་སྤྲིན་ནག་པོ་དུམ་ཞིག་ཆད་པ་དེ་ཉིད་ཇེ་ཆེར་སོང་བའི་ཚུལ་སྦྱིན་བདག་ལ་སྨྲས་པ་དང་།དེ་ན་རེ་ཁྱོད་ཀྱིས་འབུམ་ཞལ་ཕྱེ་ཞིག་མ་བྱས་ན་ཕོག་ཐུག་བཏང་ས་ངེད་ལོས་ཡིན་ཟེར་བ་བཞིན་ངས་ཀྱང་དེ་ལྟར་བྱས་མོད།ཡུན་ཅིག་གི་ཚེ་སེར་རླུང་དྲག་པོ་བབས་པ་དང་ཆབ་གཅིག་ཐོག་ཕབ་པས་འབྲི་མ་བུ་ལྔ་བསད།ཆུ་ཤུལ་ཆེན་པོ་བརྡོལ་བྱུང་།དེ་གྲུབ་རྟགས་ཡིན་ནམ།ཡང་སྦྱིན་བདག་དེ་ཚང་གི་མཛོ་མོ་ཞིག་ཤི་འདུག་པ་ལ་ངས་བདེན་པ་བརྡར་ནས་ཀླུ་མོ་དེ་ལ་དམ་བསྒྲགས་པས་ཡར་ལངས་ཏེ་སོང་བ་དང་།ཡང་མགོན་བསྟན་ཚང་གི་ཁྱིམ་ནང་ཏེ་ལོ་ཞིག་ལྷག་ལྷག་དགོད་འདུག་པས་རྟ་དང་གནག་ལུག་ཐམས་ཅད་འདྲོག་སོང་ཚེ་ངས་བདེན་པ་བརྡར་ཞིང་དམ་བསྒྲགས་པའི་མོད་ལ་གཟུགས་མི་མཐོང་ཞིང་སྐད་ཚོར་བ་ཞིག་གིས་དེ་ལྟར་མ་ཟེར་ཅིག།རྟ་ཕྱུགས་ཉེར་གཅིག་བླངས་ཀྱང་ལྔ་ཙམ་མ་གཏོགས་ཁྱོད་ཀྱི་ངོ་སྐལ་དུ་སྟེར་ཟེར་བ་བཟའ་མི་ཀུན་གྱིས་ཐོས་པ་དེ་ཚོ་གྲུབ་རྟགས་ཡིན་ནམ།སྔར་ལོ་ཀཿཐོག་ཕྱག་ཚ་སྤྲུལ་སྐུའི་མདུན་ནས་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་ཆོས་སྐོར་གྱི་དབང་ལུང་རྣམས་ཞུས་སྐབས་ཉིན་གཅིག་ཚོགས་གྲལ་ལ་ཡོད་པའི་ཚེ།བུ་མོ་ཞིག་གིས་འདིར་མ་འདུག་པར་སོང་ཞིག་ཟེར་བ་ལ།བདག་ཁྲོས་པའི་ཚུལ་གྱིས་དེ་མ་ཐག་ཏུ་ཧོར་ཚང་གི་བླ་མ་ཞིག་རྒྱལ་པོར་གྱུར་པའི་རྒྱལ་ཁང་དུ་སྡོད་གནས་བཅས་ཡོད་པ་དེར་སོང་བ་ན་ལྡེ་མིག་གྲོགས་པོའི་ལག་ཏུ་ཡོད་སྟབས་སྒོ་ཕྱེ་མ་ཁོམ་པར་སྒོ་དྲུང་ནས་ཕར་བསམ་མནོ་མ་བཏང་བར་རྒྱུག་པས་ཁང་པ་ཟང་ཐལ་དུ་ཕུག་ནས་ནང་དུ་ཕྱིན་པ་དེ་ཚོ་གྲུབ་རྟགས་ཡིན་ནམ།ཁང་པའི་ནང་དུ་སླེབས་མ་ཐག་རྒྱལ་པོ་དེའི་ཆོ་འཕྲུལ་བན་རྒན་ཞིག་གིས་བདག་གི་རྒྱབ་ལོགས་ནས་རྐང་ལག་བཞིས་བསྡམས་ནས་ཁྱོད་ལ་ད་སྟོབས་ཅི་འདྲ་ཡོད།ང་རང་གི་སྟོབས་འདི་ཡིན་ཁྱོད་ངས་ཐུབ་པ་ཡིན་ཟེར་བས།བདག་བྲེད་སྔངས་སྐྱེས་པའི་མོད་ལ་རང་ལུས་གུ་རུ་དྲག་པོ་གཏུམ་དྲག་དམར་ནག་ཞིག་ཏུ་བསྒོམ་ཞིང་མེ་དཔུང་འབར་བའི་དམིགས་པ་གསལ་བས།ཁོས་ཨ་ཚ་ཚ་ཟེར་ནས་ས་ཐོག་ཏུ་ལྷུང་བ་ན་རྐང་པ་གཡས་ནས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་ཏེ་ས་ལ་བརྡབ་པས་ཁོ་རི་བོང་གི་རིལ་མ་ཞིག་ཏུ་གྱུར་པ་ཁུག་མའི་ནང་དུ་བཅུག་སྟེ་ཁ་བསྡམས་ཤིང་མལ་འོག་ཏུ་སྦས་ནས་བཞག།ཞག་ཉེར་གཅིག་འདས་པའི་རྗེས་སུ་བན་རྒན་དེས་ང་ཐོངས་དང་ཁྱོད་ཀྱི་འཁོར་འབངས་འདིར་གནོད་པ་བྱེད་རེ་དྲི་མེད་ཞིང་སྐྱོང་མགོན་པོ་དཔང་ཟེར་བ་ལ།བདག་གིས་དམ་ཉམས་མནའ་ཟའམ་སྨྲས་པ་ན།ཨ་ཁ་ཁ་གནོད་པ་བྱེད་རེ་ན་ར་ཀན།ཅེས་ཟེར་བས་ཁོ་བཏོན་ཏེ་བཏང་བ་ན་ཤིན་ཏུ་ཉམ་ཐག་པར་གྱུར་ཅིང་།ཁང་འོག་ཏུ་ཡོད་པའི་སྐྱ་ཀ་བླ་མ་མིང་སྲིང་དང་སྟག་མཚལ་བླ་མ་རྣམས་ལ་ནི་ཅི་ཐུབ་ཞིག་མི་བྱེད་རེ་ཟེར་ནས་འགྲོ་གྲབ་བྱེད་འདུག་ཚེ།བདག་གིས་ཁྱོད་གར་འགྲོ་དྲིས་པས་ཁོ་བོ་ལྷོ་བླ་ཨོ་རྒྱན་རྒྱ་མཚོའི་སར་འགྲོ་ཟེར་ནས་སོང་།ཞག་ཉེར་གཅིག་པོ་དེའི་རིང་ལ་བླ་མའི་བསྙུན་དྭངས་ནས་ཡོད་པ་ལ་དེའི་ནུབ་མོ་རྒྱལ་པོ་དེས་ང་ནི་ཞག་གྲངས་ཉེར་གཅིག་གི་བར་དུ་བན་རྒོད་མི་སྲུན་པ་ཞིག་གིས་བཙོན་དུ་བཟུང་ནས་བཀྲེས་སྐོམ་གྱིས་གདུང་སྟེ་སྡུག་བསྔལ་མྱོང་མྱོང་མཐར་ད་འདིར་སླེབས་པ་ཡིན་ཟེར་བ་རྨིས་ཤིང་།ཕྱིར་ཉིན་ནད་ཀྱང་ཇེ་ཐུར་སོང་ནས་གྲོང་སོང་བ་དེ་ཡང་གྲུབ་རྟགས་ཡིན་ནམ།དེ་ནས་སྐྱ་ཀའི་སྲིང་མོ་ཡང་དེའི་ཉིན་ཕྱི་མར་སྨྱོས་སོང་།བླ་མ་ལ་ཁྱོད་ཁྲོམ་འཚོགས་ནས་ཚོགས་འཁོར་འདོན་སྐབས་ལྐོག་ཏུ་བྲོས་ཏེ་རྒྱུག་ལ་ཟླ་བ་གཅིག་གི་བར་དུ་ཕུར་པའི་མཚམས་ལ་སྡོད་ཅེས་སྨྲས་ཀྱང་ངེད་ཀྱི་ངག་བཞིན་མ་བསྒྲུབ་པར་ཚོགས་གྱེས་པའི་རྗེས་སུ་སོང་བ་ན་ཟླ་བ་ཕྱི་མའི་ནང་དུ་ཤི་ཐལ།སྟག་མཚལ་བླ་མ་ལ་ཁྱོད་ཀྱི་ཟོས་ལྷག་འཐུང་ལྷག་ཐམས་ཅད་ཀྱིས་གསུར་ཆེན་ཞིག་ཐོང་ལ་ཧོར་བླ་འདྲའི་མིང་ནས་ལན་གསུམ་བོས་མཐར་མིས་མ་ཚོར་བར་ལྐོག་ཏུ་བྲོས་སོང་ན་སྐྱོན་མེད་མ་གཏོགས་དེ་ལྟར་མ་བྱས་ན་གྲི་རུ་འཆི་ངེས་རེད་སྨྲས་ཀྱང་།ཁོ་བོའི་ངག་བཞིན་མ་ཉན་པར་རང་ཁྱིམ་དུ་ཕྱིན་ཏེ་ཞག་གསུམ་བསྡད་རྗེས་གཡག་ཞིག་ཞོན་ནས་སྨར་མཐའ་མའི་ནང་དུ་སོང་བ་ན་གཡག་འདྲོགས་ནས་དེར་བསད་སོང་ཞེས་ཞུས་པས།མོ་ན་རེ།མངོན་ཤེས་དང་རྫུ་འཕྲུལ་དེ་ལས་ལྷག་པ་མི་དགོས་མོད།གཞན་ལ་གསང་རྒྱ་དམ་དུ་བྱས་ནས་སྦས་པའི་རྣལ་འབྱོར་པ་ཞིག་བྱུང་ན་ལེགས།བར་ཆད་མེད་ཅིང་ཆོས་ལ་གེགས་རྐྱེན་མི་འབྱུང་བའི་གནད་ཡོད།ད་ཁྱོད་ཀྱི་གསང་ཚིག་རྣམས་སྨྲས་ཟིན།ངས་ལུང་སྟོན་པ་ནི་འདི་ཡིན་ནོ། །ཧེ་ཧེ།མཁའ་སྤྱོད་ཨ་མའི་བུ་ཆུང་། །སྙིགས་མ་ལུས་ཀྱི་དྭངས་མ། །ཙིཏྟ་རིན་ཆེན་དབུས་ནས། །སྡོང་པོ་རྩ་མཆོག་དྭངས་མའི། །འབྲས་བུ་མཐོང་བྱེད་ཙཀྵུ། །ཕྱི་འབྱུང་དབྱིངས་ཀྱི་འོད་ལྔ། །ནང་འབྱུང་ཐིག་ལེ་ཟླུམ་འཁྱིལ། །མཆེད་གཞི་ཤེས་རབ་རང་བྱུང་། །སེམས་ཅན་ཡོངས་ལ་གནས་ཀྱང་། །མངོན་སུམ་མ་གྱུར་དབང་གིས། །སྲིད་པའི་འཁོར་ལོར་ཁ་འཁྱལ། །མ་དག་ལས་ཀྱི་བསྐལ་པ། །དག་དབྱིངས་དྭངས་མར་ཞིག་པའི། །འོད་གསལ་ཆོས་ཉིད་རོལ་པར། །ཞོག་དང་ས་ལམ་ཡོན་ཏན། །མ་བཙལ་ངང་གིས་འབྱུང་ཡོང་། །ཁྲེགས་ཆོད་ཆོས་ཉིད་བདེན་པ། །ཁྱོད་ཀྱིས་མངོན་སུམ་མཐོང་ཡོད། །མྱུར་ལམ་འཕོ་བ་ཆེན་པོའི། །གདམས་པ་ཉམས་སུ་ལོངས་དང་། །ང་ཉིད་དྭངས་མའི་འོད་གསལ། །དྭངས་མར་བརྫུས་ཏེ་མ་བུ། །དབྱེར་མེད་རོ་གཅིག་འདྲེས་འགྲོ། །ཞེས་ཟེར་ནས་བདག་གི་སྙིང་གར་ཐིམ་པས་མྱུར་ལམ་ཐོད་རྒལ་གྱི་གནད་ཇི་ལྟ་བ་བཞིན་དུ་ངོ་འཕྲོད་པར་གྱུར་ཏོ། །མི་མིན་ཡེ་ཤེས་ལུས་ཅན་མཁའ་འགྲོ་མས། །དགོས་པའི་དབང་ངམ་ཇི་ལྟར་ཡིན་ཀྱང་རུང་། །ཕལ་བ་བཞིན་དུ་ནན་གྱིས་འདྲི་བའི་དོན། །ཇི་ལྟ་བ་བཞིན་མ་གབ་གསལ་བར་སྨྲས། །དེས་ཀྱང་སྙན་པའི་གསུང་གིས་དབུགས་དབྱུང་བཅས། །རང་བྱུང་གཉུག་མའི་རྩ་ཐིག་ངོ་སྤྲོད་ཅིང་། །ཟབ་མོའི་གདམས་ངག་གནང་སྟེ་ཕྱི་ནང་གི། །བརྡ་དོན་འོད་གསལ་ཡེ་ནས་དབྱེར་མེད་པ། །མཚོན་ཕྱིར་བདག་དང་རོ་གཅིག་ཐིམ་པའི་མོད། །མྱུར་ལམ་གསང་གནད་ཚུལ་བཞིན་རྟོགས་པར་གྱུར། །དུས་དེ་ནས་བཟུང་སྟེ་འོད་གསལ་ཐོད་རྒལ་གྱི་ལམ་ལ་བརྟེན་ནས་ཁང་པའི་གསེང་དཀར་ལ་བལྟས་ཏེ་སེམས་ཏིང་ངེ་འཛིན་ལ་རྩེ་གཅིག་མཉམ་པར་བཞག་པའི་དུས་སུ་ཡུལ་ཡངས་པ་ཆེན་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པ་མཐོང་ནས་སངས་རྒྱས་ཡེ་ཤེས་ཉི་མ་ཞེས་བྱ་བས་འཁོར་བྱེ་བ་བརྒྱད་ལ་ཆོས་སྟོན་པ་དང་།སངས་རྒྱས་མི་འགྱུར་ཞེས་བྱ་བས་གདུལ་བྱ་ཐེར་འབུམ་ལ་ཆོས་སྟོན་པ་སོགས་མཐོང་སྣང་བསམ་གྱིས་མི་ཁྱབ་པ་བྱུང་ངོ་། །དེ་ནས་རང་ལོ་སུམ་ཅུ་སོ་གཅིག་ལ་བབས་པའི་དུས་སུ། །ཉིན་གཅིག་མདུན་ཐད་ཀྱི་ནམ་མཁར་སངས་རྒྱས་གདོན་མི་ཟ་བའི་རྒྱལ་པོ་ཡིན་སྐད་པའི་ལོངས་སྤྱོད་རྫོགས་པའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ་ཞིག་སྣང་སྟེ།དེའི་སྐུའི་རྒྱན་ཕྲེང་དོ་ཤལ་གྱི་འབྲུ་རེ་རེའི་ནང་དུའང་སངས་རྒྱས་ཀྱི་ཞིང་ཁམས་རེ་རེ་སྣང་བ་དང་།ཡང་དེ་དག་གི་རྒྱན་རེ་རེའི་ནང་དུའང་སངས་རྒྱས་ཀྱི་ཞིང་ཁམས་གྲངས་མང་བ་མཐོང་སྟེ།དེ་ལྟར་རིམ་པ་བཞིན་དུ་སྣང་བའི་མོད་ལ་རིག་པ་བསམ་གྱིས་མི་ཁྱབ་པའི་འོད་གསལ་མངོན་དུ་གྱུར་ཏེ་ཞག་བདུན་གྱི་བར་དུ་འདི་སྣང་འགགས་པས་ཉེ་གནས་དང་རིག་མ་བུ་སློབ་ཐམས་ཅད་ཀྱིས་འཆི་ལྟས་ཨེ་ཡིན་སྙམ་ནས་ཡིད་མ་བདེ་བར་མྱ་ངན་བྱེད་དགོས་པ་བྱུང་།དེར་བྱིའུ་དམར་པོ་ཞིག་ལྷགས་ནས།བསྭོ་ལོ་ཀྱེ།ཁྱེའུ་ཆུང་བསམ་དུ་མེད་པ། །ང་ནི་འཕགས་པའི་ཡུལ་གྱི། །མཁའ་འགྲོ་དགའ་རབ་མཚོ་ཡིན། །ཚེ་འདིའི་སྣང་བ་ཐམས་ཅད། །སྒྱུ་མ་རྨི་ལམ་ལྟ་བུར། །བརྟན་གནས་མེད་ལ་ལྟོས་དང་། །རང་དོན་བྱེད་དགོས་ལོས་དྲན། །སྣ་ཚོགས་སྣང་བའི་ཆོས་ལ། །ཤེས་རབ་མིག་གིས་ལྟོས་དང་། །ཐམས་ཅད་ནམ་མཁའི་རང་བཞིན། །ཀུན་གྱི་སྣང་གཞི་ནམ་མཁའ། །མངོན་གྱུར་ཉིད་དུ་གོམས་པའི། །གདིང་ཆེན་ཐོབ་པའི་སྐྱེས་བུ། །རང་ཐོག་རང་སངས་རྒྱས་ལ། །མི་རིང་ཉེ་ལམ་ངེས་པ། །དེ་ཉིད་མངོན་གྱུར་ངང་དུ། །མ་བཙལ་རང་སར་ཞོག་དང་། །ཀུན་བཟང་རྒྱལ་ས་ཐོབ་འོང་། །ཞེས་ཟེར་ཞིང་འཕུར་སོང་། །ཡང་བྱིའུ་མདངས་དམར་ཞིག་གིས་ན་རེ། །ཨཻ།ཁྱེའུ་ཆུང་ནམ་མཁའི་ཡིད་ཅན། །མ་ཡེངས་ང་ལ་ཉོན་དང་། །འཁོར་བ་སྒྱུ་མའི་གྲོང་ཁྱེར། །སྙིང་པོ་མེད་ལ་ལྟོས་དང་། །སོ་སོའི་སྐྱེ་བོའི་སྡུག་བསྔལ། །དེ་ལ་ཟད་མཐའ་མ་མཐོང་། །འཁོར་འདས་སྣང་བའི་ཆོས་ཀུན། །ཆོས་ཉིད་ཆེན་པོར་རིག་པའི། །ཆོས་ཉིད་ནམ་མཁའི་རྣལ་འབྱོར། །ཀུན་ཏུ་བཟང་པོའི་ས་ལ། །མི་རིང་མྱུར་དུ་བགྲོད་པའི། །སྐྱེས་བུ་ཆེན་པོའི་སྐྱིད་པ། །བུ་ཁྱོད་འགྲོ་བའི་དོན་དུ། །ཨོ་རྒྱན་ཀུན་བཟང་པདྨས། །འདྲེན་སྟོན་ལས་ཀྱི་ཕོ་ཉར། །མངགས་ཕྱིར་གཞན་དོན་དང་ལོངས། །ཐོད་རྒལ་ལམ་མཆོག་ཟབ་མོ། །ད་ཙམ་དེ་གར་ཞོག་ལ། །བུ་སློབ་སྐྱོངས་ཤིག་ཨེ་གོ།ཞེས་ཟེར་བ་བདག་གིས་རྗེས་ཟློས་བྱས་པས་ཉེ་གནས་ཇོ་རྒན་མ་ཡེ་ཤེས་སྒྲོན་གྱིས་ད་རེས་བྱིའུ་སྐད་སྙན་པོ་ཞིག་ཡུན་རིང་དུ་གྲགས་རྒྱུ་དེ་འདྲ་ཚོར་མ་མྱོང་།མཚར་རེ་ཆེ་མི་ཞིག་གིས་ངག་བཀུག་ནས་གླུ་ལེན་པ་དང་འདྲ་ཟེར།དེ་ལྟར་ཆོས་ཉིད་མངོན་སུམ་གྱི་དུས་སུ་བུམ་དབང་གི་ནུས་པ་ལུས་ཀྱི་གདོས་པ་ལ་ཐེབས་པས་ལུས་རྡོ་རྗེའི་སྐུ་རུ་སྨིན་པ་དང་།གསང་དབང་གི་ནུས་པ་ངག་ལ་ཞུགས་པས་རྡོ་རྗེའི་གསུང་གི་རོལ་པར་སྨིན་ཅིང་།ཤེར་དབང་གི་ནུས་པ་སེམས་ལ་ཐེབས་པས་སེམས་ཤེས་རབ་ཡེ་ཤེས་སུ་སྨིན་ཏེ་ཆོས་ཉིད་ནམ་མཁའ་མཛོད་ཀྱི་ཀློང་བརྡོལ། །ཚིག་དབང་གི་ནུས་པ་སྣང་བ་ལ་ཐེབས་པས་སྣང་བ་ཐམས་ཅད་འཇའ་དང་ཐིག་ལེའི་རོལ་པར་གོ་འཕོས་པའི་རྟགས་རྣམས་མངོན་དུ་གྱུར་པ་ཡིན།འདི་དུས་རིག་འཛིན་དགའ་རབ་རྡོ་རྗེ་ཡིན་སྐད་པའི་གཅེར་བུ་དར་དཀར་པོའི་ཨང་རག་གྱོན་པ་ཞིག་ན་རེ།འཁོར་འདས་ཀྱི་སྣང་བ་ཐམས་ཅད། །སྒྱུ་མ་དང་རྨི་ལམ་ཇི་བཞིན། །གཞི་མེད་དང་རྩ་བྲལ་ཆེན་པོ། །རང་སྣང་འདི་རང་བཞིན་མེད་དེ། །རྒྱུ་རྐྱེན་ལ་རྟེན་འབྱུང་ངེས་པ། །རང་རིག་འདི་གཞི་མེད་རྩ་བྲལ།ཁྱབ་གདལ་དུ་ནམ་མཁའི་ཁོར་ཡུག།རང་གཞི་ནི་སྤྲོས་དང་བྲལ་བའི། །ཡུལ་མེད་དང་ཟང་ཐལ་ངེས་པ། །ཀ་དག་ནི་གདལ་ཁྱབ་ཆེན་པོ། །དྭངས་གསལ་དུ་རྙོག་མ་བྲལ་བའི། །རང་གདངས་ལས་ལྷུན་གྲུབ་རོལ་པ། །ཡེ་ཤེས་དང་ཡོན་ཏན་གཏེར་མཛོད། །ཞིང་ཁམས་དང་སྐུ་ཡི་རོལ་པ། །འབད་རྩོལ་གྱི་ལས་ཀར་མ་ལྟོས། །མངོན་གྱུར་དུ་རང་ས་ཟུངས་དང་། །རང་ཐོག་ཏུ་རང་སངས་རྒྱས་འོང་། །ཞེས་གསུངས་པའི་ལན་དུ།ཀྱཻ།དུས་གསུམ་རྒྱལ་བའི་སྤྱི་གཟུགས། །འགྲོ་བའི་བླ་མ་གསོན་དང་། །བདག་ནི་ལས་ངན་དབང་གིས། །སྙིགས་མའི་དུས་འདིར་སྐྱེས་ཏེ། །སྤྱིར་ནི་རིགས་དམན་མིན་ཀྱང་། །ཕ་མེས་མི་སྲུན་པ་ཚོས། །སྔགས་ནག་ནུས་ལྡན་བདག་ལ། །ཕོད་བཙུགས་དོ་བསྡོ་བྱས་པས། །བྱད་དང་གཏད་མནན་དལ་ཁ། །ཚོགས་ཤིང་དུས་ལ་བབས་པས། །བུ་བརྒྱུད་ཕྱི་རབས་རིང་ལ། །ཁས་ཉན་དབང་ཆུང་འབྱོར་ཉམས། །གསོ་བའི་ཐབས་ཞིག་ཡོད་ན། །རིག་འཛིན་མཁའ་འགྲོའི་སྙིང་ཐིག།སྙིང་གི་དཀྱིལ་དུ་འཕོས་ཚེ། །སྲོག་གི་གཏའ་རུ་ལོས་འཛིན། །ཚེ་འདིར་མངོན་འཚང་རྒྱ་བར། །བླ་མའི་བྱིན་གྱིས་རློབས་ལ། །ཁྱེད་དང་སྐལ་བ་མཉམ་པར། །ད་ལྟ་ཉིད་དུ་བྱིན་རློབས། །ཞེས་བརྗོད་པ་དང་།ནམ་མཁའི་དབྱིངས་སུ་འཇའ་ལྟར་ཡལ་སོང་།ཡང་རེ་ཞིག་གི་ཚེ་སློབ་དཔོན་ཧཱུྃ་ཆེན་ཀཱ་ར་ཡིན་སྐད་པའི་རྣལ་འབྱོར་པ་དམར་ནག་ཧེ་རུ་ཀའི་ཆས་སུ་ཞུགས་པ་ཞིག་འཇའ་འོད་ཐིག་ལེའི་ཀློང་དུ་སྣང་ནས།ཀྱཻ།ང་ངོ་ཁྱོད་ཀྱིས་ཨེ་ཤེས། །ང་ནི་རིག་འཛིན་རྒྱལ་པོ། །ཧཱུྃ་ཆེན་ཀཱ་ར་དེ་ཡིན། །བུ་ཁྱོད་ཉམས་སྣང་གོང་འཕེལ། །སྣང་བ་རྒྱན་དུ་ཤར་བའི། །ལྷ་དང་ཞིང་ཁམས་སྣང་བ། །མ་ངེས་སྣ་ཚོགས་སྣང་ཡང་། །སྒྱུ་མའི་ཉམས་ཀྱི་སྣང་བར། །ཁོ་ཐག་ཆད་པར་གྱིས་དང་། །གོལ་ཤོར་འཕྲང་ལས་གྲོལ་འོང་། །མི་ལོ་བདུན་ཕྲག་གཅིག་ཏུ། །བར་མེད་ཉམས་སུ་བླངས་ན། །འཇའ་ལུས་ཆེན་པོར་འཚང་རྒྱ། །ཕ་ཡི་ཐོབ་ནོར་ལོངས་ལ། །གཞན་དོན་དང་དུ་ལེན་མཛོད། །ཅེས་གསུངས་པའི་ལན་དུ།གསོན་དང་རིག་འཛིན་རྒྱལ་པོ། །སྨར་ཡུལ་མུན་པའི་ཁྲོད་ན། །འགྲོ་དོན་བྱེད་ཡུལ་མི་འདུག།བསམ་རྒྱུ་ཆོས་ལས་མེད་བཞིན། །རང་དོན་དང་དུ་བླང་ཡང་། །ལྟོ་གོས་སྲེད་ལེན་དབང་གིས། །རྙེད་ཚོལ་མི་བྱེད་ཀ་མེད། །སེམས་ཅན་ཀུན་གྱི་ཆོས་ཉིད། །མཐུན་རྐྱེན་འབད་མེད་འབྱུང་བར། །བླ་མས་བྱིན་གྱིས་རློབས་མཛོད། །ཅེས་ཞུས་པས་བླ་མའི་ཞལ་ནས། །ཀྱཻ།ཁྱེའུ་ཆུང་བསམ་དུ་མེད་པ། །པདྨའི་གཏེར་དང་འཕྲད་ཚེ། །ཤེས་རབ་གཟུངས་མ་ལོས་བརྟེན། །གཟུངས་མ་གྲོགས་སུ་བརྟེན་ན། །འཁོར་བའི་ཁ་འཛིན་འགྱུར་དོགས། །དེ་ཕྱིར་དེ་ཡི་ཚེ་ན། །ཚེ་གཅིག་དཀོར་ལ་མ་འབྱམས། །མི་ཚེའི་ལྷག་མར་ཐུག་ཚེ། །སྒྲུབ་པ་ལྷུར་ལེན་རེམ་མཛོད། །ཉམས་ལེན་ནུས་པ་མེད་པའི། །སྐྱེས་བུ་མང་དུ་འབྱུང་ནས། །འདོད་པ་ཁ་རུ་འདོན་ཚེ། །བསྟན་བཅོས་མང་པོ་ཞོག་ལ། །མངོན་སུམ་མངོན་དུ་གྱུར་པའི། །ཆོས་ཉིད་དབྱིངས་སུ་ཆམ་ཞོག།ཅེས་ཟེར་ཞིང་དབྱིངས་སུ་ཡལ་སོང་། །དེ་ནས་རང་ལོ་སུམ་ཅུ་སོ་གཉིས་ལ་བབས་པ་ཧོར་ཟླ་དང་པོའི་ཚེས་གཅིག་གི་ནུབ་རྨི་ལམ་ན་བྱིས་པ་ཤ་མདོག་དཀར་པོ་དར་དཀར་གྱི་ཨང་རག་གྱོན་པ་ཞིག་བདག་གི་ཐད་དུ་བྱུང་ནས།སྐྱེས་བུ་ཁྱོད་ཀྱིས་ཅི་འདོད་ཟེར་བའི་ལན་དུ་བདག་གིས་འདི་སྐད་ཅེས།འཇིག་རྟེན་འདི་ན་དཀོན་པའི་ཆོས་མཆོག་ཟབ་མོ་བདུད་ཀྱི་གཅོད་ཡུལ་རྫོགས་པ་ཆེན་པོ་དང་འབྲེལ་བ་ཞིག་འདོད་པས་དེ་ཁྱོད་ཀྱིས་ཤེས་སམ་སྨྲས་པས།ན་རེ།ངས་མི་ཤེས་ཀྱང་ཡུལ་དགའ་བའི་ཚལ་བྱ་བ་ན་བླ་མ་འཇམ་དབྱངས་ཞེས་པའི་སྟོན་པ་མཆོག་གིས་རང་རྩལ་སྒྱུ་མའི་འཁོར་ལ་གང་འདོད་པའི་ཆོས་སྟོན་ཏོ། །དེ་ནི་གདུལ་བྱའི་དོན་དུ་འཆད་ཉན་གྱི་ཚུལ་མཛད་པ་ཡིན་པས་དེར་ཨེ་འགྲོ་ཟེར་བ་ལ། །བདག་གིས་འགྲོ་སྨྲས་ནས་ཕྱིན་པས་ཡུལ་མང་པོ་ཞིག་གི་ཕ་རོལ་ཏུ་སོང་སྟེ་ཤིན་ཏུ་སྐྱིད་པའི་དགའ་ཚལ་ཞིག་ན་འཇའ་རིས་ཀྱི་དྲྭ་བ་མིག་མང་རིས་སུ་ཤར་བའི་ར་བ་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རིན་པོ་ཆེའི་ཁྲི་དཔངས་མཐོ་བའི་སྟེང་དུ་རང་གི་བླ་མ་དེ་ཉིད་སྔོན་མི་ཡུལ་དུ་བཞུགས་པའི་དུས་ཀྱི་སྐུའི་ཆ་བྱད་ལྟ་བུ་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་ནས་བཞུགས་སྣང་པའི་མདུན་སར་བདག་སླེབས་མ་ཐག་ཤིན་ཏུ་གུས་ཤིང་དད་པའི་ངང་ནས་ཕྱག་འཚལ་ཞིང་ཞབས་ལ་སྤྱི་བོས་གཏུག་སྟེ་སྨོན་ལམ་མང་པོ་བཏབ་ཅིང་མདུན་དུ་འཁོད་པའི་མོད། །བྱིས་པ་དེ་ན་རེ། །བླ་མ་ལགས་སྐྱེས་བུ་འདིས་བདུད་གཅོད་ཟབ་མོའི་གདམས་པ་འདོད་ཟེར་བས་དེ་ཚུལ་བཞིན་དུ་སྟོན་པར་ཞུ་ཟེར།བླ་མ་མཆོག་གིས་ཡུན་ཅིག་ཅིའང་མི་གསུངས་པར་སྤྱན་ནམ་མཁར་གཟིགས་ནས་བཞུགས་སོ། །རེ་ཞིག་གི་ཚེ་འདི་སྐད་དོ། །ཀྱཻ་ཧོ།རིགས་ཀྱི་བུ་གཅོད་ཅེས་བྱ་བ་ནི་བདག་འཛིན་གཞིག་པའི་མན་ངག་བདུད་བཞི་རང་མལ་དུ་གསོད་པའི་གདམས་པ།ཐོས་པ་ཐམས་ཅད་ཀྱི་མཆོག།སྒོམ་པ་ཀུན་གྱི་གེགས་སེལ།ཆོས་རྣམས་ཀུན་གྱི་ཡང་བཅུད།རྣལ་འབྱོར་ཡོངས་ཀྱི་ལམ་བཟང་།རྣམ་མཁྱེན་ཐོབ་པའི་མྱུར་ལམ་ཀུན་གྱི་མདོ་ཆིངས།རྐྱེན་ངན་ཐོག་བརྫིས་ཀྱིས་གཅོད་པའི་གདམས་པ། །ལྟས་ངན་གཡང་དུ་ལེན་པའི་མན་ངག།ན་ཚ་ལམ་དུ་སོང་བའི་ཟབ་ཆོས། །ལྷ་འདྲེ་གྲོགས་སུ་བྱེད་པའི་ཐབས་མཆོག།འཁོར་འདས་རང་སྣང་དུ་ཐག་གཅོད་པའི་ཐབས། །འཕོ་བ་ནམ་མཁའ་གོ་འབྱེད།བར་དོ་དབྱིངས་སུ་གཅོད་པའི་ཐོད་རྒལ།ཉག་གཅིག་རང་ཐོག་ཏུ་གྲོལ་བའི་ལམ་བཟང་ཡིན་ཏེ། །དེའི་དོན་ངས་བཤད་ཀྱི་ཉོན་ཅིག་གསུངས་ནས་རྒྱས་པར་བཀྲལ་ཏེ་གསུངས་མཐར།ངས་བཤད་པ་དེ་དག་ཡིད་ལ་བཟུང་ཞིང་གཞན་ལ་སྟོན་ཅིག་དང་སྐལ་བ་དང་ལྡན་པའི་སློབ་བུ་མང་པོ་ནམ་མཁའ་གོ་འབྱེད་སྟོབས་ཀྱིས་ཆོས་ཉིད་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་མྱ་ངན་ལས་འདའ་བར་འགྱུར་རོ། །ཞེས་གསུངས་ཤིང་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་རང་ལ་ཐིམ་པའི་སྣང་བ་འབྱུང་ངོ་། །དེ་ནས་དབྱར་ཟླ་འབྲིང་པོའི་ཚེས་བདུན་གྱི་ནུབ་མཁའ་འགྲོ་རྡོ་རྗེ་ལྕམ་མོ་ཞེས་བྱ་བ་ཡིན་སྐད་པའི་བུད་མེད་སྔོ་སང་ངེ་བ་གཅེར་བུ་གོས་དང་རྒྱན་མེད་པ་ཞིག་བྱུང་ནས་བུ་ཁྱོད་རྔ་ཡབ་ཟངས་མདོག་དཔལ་རི་མཇལ་དུ་ཨེ་འགྲོ་ཟེར་བ་ལ།བདག་གིས་འགྲོ་སྨྲས་པས།ལག་པ་གཡས་པའི་སོར་མོ་ནས་བཟུང་སྟེ་སོང་བས་རི་བོ་ཆེན་པོ་ཁ་དོག་ནག་ལ་རྩེ་མོ་དགུང་ལ་བསྙེགས་པ་ཞིག་གི་རྩེ་མོར་ཕྱིན་པའི་མོད་མཁའ་འགྲོ་མ་དེ་ན་རེ།བུ་ཁྱོད་ཀྱི་ལག་པ་གཉིས་བར་སྣང་གི་ཁམས་སུ་རྐྱོངས་ལ་ཕུང་པོ་ཤུགས་ཕྱུངས་ཏེ།སྟངས་སྟབས་ཀྱིས་དང་རྨི་ལམ་གྱི་ལུས་རང་བཞིན་མ་གྲུབ་པས་འཕུར་འགྲོ་བ་ལ་ཐོགས་པ་མེད་དོ། །ཞེས་ཟེར་བ་ལྟར་བདག་གིས་དེ་ལྟར་བྱས་ཏེ་བྱ་རྒྱལ་ནམ་མཁའ་ལ་ལྡིང་བ་ལྟར་འཕུར་ནས་ཕྱིན་པས་ཡུལ་གླིང་ཆེན་པོ་བརྒྱ་དང་དྲུག་ཅུ་རེ་ལྔ་བགྲོད་ཅིང་རྒྱ་མཚོ་བཅུ་བདུན་གྱི་ཕ་མཐར་སླེབས་ཚེ།མཁའ་འགྲོ་མ་ན་རེ།འདི་ནི་ལང་ཀ་ཤོད་ཅེས་བྱ་བ་སྲིན་པོ་མི་ཟན་གྱི་གླིང་ཡིན།རྒྱ་མཚོ་ཆེན་པོ་འདིའི་ཕ་མཐར་ལང་ཀའི་ཡུལ་བཅོ་བརྒྱད་ཡོད་དེ་མཐའི་རྒྱ་མཚོའི་ཁུག་པའམ་བར་མཚམས་ཡིན་ཟེར།བདག་གིས་ཟངས་མདོག་དཔལ་གྱི་རི་བོ་གང་དུ་མཆིས་ཞེས་དྲིས་པས།ད་ནི་ཐག་ཤིན་ཏུ་ཉེ་བར་ཡོད་ཟེར།སྲིན་པོའི་ཡུལ་གླིང་ཆེན་པོ་བཅོ་བརྒྱད་ཀྱི་ཕ་མཐར་བགྲོད་དགོས་པ་ཨེ་ཡིན་སྨྲས་པས།དེ་ལྟར་མ་ཡིན་ཏེ་ཟངས་མདོག་དཔལ་གྱི་རི་བོ་ཞེས་བྱ་བ་ནི་རྒྱ་མཚོ་ཆེན་པོའི་སྙིང་པོ་ཡིན་པས་མཐའ་རྒྱ་མཚོས་བསྐོར་ནས་ཡོད་དོ་ཟེར།དེ་ནས་ཅུང་ཟད་ཕྱིན་ཚེ་རི་བོ་ཆེན་པོ་རྩ་བ་སྔོ་ལ་སྐེད་པ་དཀར་བ་རྩེ་མོ་དམར་བ་ཞིག་མཐོང་བའི་མོད་བདག་གིས་ཕ་ཀིའི་རི་བོ་དེ་གང་ལགས་དྲིས་པས།ཕ་ཀིའི་རི་འདི་ཟངས་མདོག་དཔལ་གྱི་རི་བོ་ཞེས་བྱ་བ་རེད་ཟེར།དེ་ནས་རི་དེའི་ཉེ་འདབས་སུ་སླེབས་ཚེ་ཁོར་ཡུག་རྒྱ་མཚོ་ཆེན་པོས་བསྐོར་བའི་ཚུ་རི་ནས་བལྟས་པས་རི་བོ་དེའི་གཡས་ལོགས་ན་འཇའ་སྤྲིན་ཆེན་པོ་འཁྲིགས་པའི་ཀློང་ནས་སྐུ་ལུས་མི་མངོན་པར་མགྲིན་པ་ཡན་ཆད་ཐོན་པ་བརྒྱད་ཅུ་རྩ་བརྒྱད་དབུ་ལ་པཎ་ཞུ་གསོལ་བ་དང་ཐོར་ཚུགས་ཅན་སོགས་སྣ་ཚོགས་པ་ཞལ་འཛུམ་མཛད་པ་ཤ་སྟག་བརྩེ་བའི་ཉམས་ཀྱིས་བདག་ལ་གཟིགས་འདུག་པ་དེ་རྣམས་གང་ཡིན་མ་ཤེས་པས་མཁའ་འགྲོ་མ་དེ་ལ་ཕ་གིའི་མི་དེ་དག་གང་ལགས་དྲིས་པས།མཁའ་འགྲོ་མ་ན་རེ།གྲུབ་ཆེན་བརྒྱད་ཅུ་དང་རིག་འཛིན་ཆེན་པོ་བརྒྱད་ཀྱིས་ཞལ་གཟིགས་པ་ཡིན་ཟེར།དེར་བདག་གིས་ཕྱག་བྱས་ནས་གསོལ་བ་བཏབ་པས་སྤྲིན་གྱི་གསེབ་ནས་བླ་མ་སྙིང་པོའི་བུམ་ཞྭ་ཅན་ཞིག་བྱུང་ནས་ཕྱག་གཉིས་བདག་གི་མགོ་ཐོག་ཏུ་བཞག་སྟེ་འདི་སྐད་དོ། །ང་ནི་རིག་འཛིན་ཧཱུྃ་ཆེན་ཀཱ་ར་ཞེས་བྱ་བ་ཡིན།ཁྱོད་ནི་ངའི་ཕྲིན་ལས་ཀྱི་སྤྲུལ་པ་ཡིན།འགྱུར་བ་མེད་པ་སྐུ་བུམ་པའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག།འགག་པ་མེད་པ་གསུང་གསང་བའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག།འཁྲུལ་པ་མེད་པ་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག།མཚན་མ་ཚིག་དང་བྲལ་བ་ལྷུན་གྲུབ་བདེ་བ་ཆེན་པོའི་དབང་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག།ཉི་མ་དེ་རིང་ནས་བཟུང་སྟེ་ཁྱོད་དང་ང་གཉིས་ཐ་དད་མེད་པའི་དབང་དམ་པ་ཐོབ་པར་གྱུར་ཅིག།ཅེས་གསུངས་ནས་བདག་ལ་ཐིམ་པའི་སྣང་བ་བྱུང་།དེ་ནས་མཁའ་འགྲོ་མ་ཉི་འོད་འབར་མ་ཞེས་བྱ་བ་ཡིན་ཟེར་བའི་སྐུ་མདོག་དཀར་མོ་དར་དམར་པོའི་ཨང་རག་གྱོན་པ་གཡས་ཉི་ཟེར་བཟུང་ཞིང་གཡོན་པས་བརྡའི་མེ་ལོང་ཐོགས་པ་ཞིག་བདག་གི་ཐད་དུ་བྱུང་ནས་འདི་སྐད་ཅེས།སྐྱེས་བུ་དམ་པ་ཁྱོད་ཀྱིས་ལྟོས། །བརྡ་འདི་གོ་འམ་ལེགས་པར་དཔྱོད། །མ་འོངས་འབྱུང་འགྱུར་ལེགས་ཉེས་པྲ། །མི་ཤེས་པ་ན་ང་ཡིས་སྟོན། །ཞེས་ཟེར་བ་ན།བདག་གིས་མི་ཤེས་སྨྲས་པས།བརྡ་དེ་བཀྲོལ་ནས་ཚུལ་བཞིན་དུ་བཤད་བྱུང་།དེ་ནས་སྲིན་མོ་སྐྲ་དམར་ཞིང་མིག་ཟླུམ་པ་བཞིས་དར་གྱི་འདོ་ལེ་བཞི་ཁྲམ་དུ་བཟུང་ནས་ཁྱོད་འདིའི་སྟེང་དུ་སྡོད་ཟེར་བ་བཞིན་བདག་དར་གྱི་སྟེང་དུ་བསྡད་མ་ཐག་ཏུ་ནམ་མཁའི་ཁམས་ནས་ཕ་རི་ལ་སླེབས་པས།རི་བོ་དེའི་འདབས་རྒྱ་མཚོའི་ཕ་མཐའ་དེ་ན་བྲག་དམར་མདའ་མདུང་རལ་གྲི་ཁ་ཊྭཱྃ་ཏྲི་ཤུལ་འབར་བའི་རྣམ་པས་ཁོར་ཡུག་ཏུ་བསྐོར་བའི་བར་མཚམས་ཞིག་ཏུ་གྲུ་འདོར་བའི་ལམ་ལ་ལྕགས་ཀྱི་ཐེམ་སྐས་བཙུག་པ་ཞིག་སྣང་།རིའི་རྩ་བ་ཐང་ཆེན་པོས་བསྐོར་བའི་དཀྱིལ་དུ་དངུལ་གྱི་མཁར་དང་།དེ་བཞིན་དུ་གསེར་ལས་བྱས་པ་དང་།ཟངས་ལས་བྱས་པ་དང་།ལྕགས་ལས་བྱས་པའི་མཁར་རྣམས་ལ་ལ་ནི་ཉིས་ཐོག།ལ་ལ་ནི་གསུམ་ཐོག།ལ་ལ་ནི་བཞི་ཐོག།ལ་ལ་ནི་དགུ་ཐོག་གི་བར་བསམ་གྱིས་མི་ཁྱབ་པས་རི་དེ་ཡོངས་སུ་འཁོར་བ།དེར་རིག་འཛིན་དྲང་སྲོང་གི་ཚོགས་བསམ་གྱིས་མི་ཁྱབ་པ་བཞུགས་པའི་དབུས་ན་མི་མགོ་སྐམ་རློན་བརྩིག་པའི་མཁར་དགུ་ཐོག་གི་སྟེང་ཁང་དུ་སྲིན་རྒྱལ་རཀྴ་ཐོད་ཕྲེང་ཞེས་བྱ་བ་ཁྲོ་བོ་ནག་པོ་དབུ་དགུ་ཕྱག་བཅོ་བརྒྱད་ཡོད་པ།ཡུམ་སྲིན་མོ་དམར་མོ་འཇིགས་སུ་རུང་ཞིང་བལྟར་མི་བཟོད་པ་གཉིས་ལ།བློན་རཀྴ་ཀ་ལ་དང་།རཀྴ་རག་རོལ་དང་།རཀྴ་དབུགས་ལེན་དང་།རཀྴ་སྟོབས་ཆེན་དང་།རཀྴ་ཉིན་མོ་རྒྱུ་དང་།རཀྴ་མཚན་མོ་རྒྱུ་དང་།རཀྴ་སྲིན་མོའི་སྤྱི་ཁྱོ་དང་།རཀྴ་སྲིན་མོའི་གྲོང་རྒྱུ་དང་།ལངྐ་ཤོད་དབང་དང་།ལངྐ་ཤོད་འཛིན་དང་།མི་ཡུལ་རྒྱུ་དང་།མི་ཡུལ་དབང་བྱེད་དང་།མི་རྣམས་ཡོངས་བདུད་ཅེས་བྱ་བ་ལ་སོགས་པའི་སྲིན་པོའི་འཁོར་ཚོགས་སྟོང་གིས་བཀའ་ཉན་ཅིང་ལས་བསྒྲུབ་པ།དེ་དག་ཤར་ན་གནས་ཤིང་ཤར་གླིང་ལ་དབང་བསྒྱུར་བའོ། །ལྷོ་རུ་དུང་གི་མཁར་དར་དཀར་གྱི་དབྱིབས་སུ་འདུག་པའི་ནང་དུ་སྲིན་རྒྱལ་རྡོ་རྗེ་དྲག་རྩལ་ཞེས་བྱ་བ་ཁྲོ་བོ་དཀར་པོ་འཇིགས་སུ་རུང་བ་ལ་འཁོར་སྟོང་གིས་བསྐོར་ནས་ལྷོ་གླིང་ལ་མངའ་དབང་མཛད་པ།ནུབ་ཏུ་ལྕགས་མཁར་ནག་པོའི་ནང་དུ་སྲིན་རྒྱལ་རཀྴ་གདོང་དྲུག་ཞེས་བྱ་བ་ཁྲོ་བོ་སེར་ནག་འཇིགས་སུ་རུང་བ་ལ་འཁོར་སྟོང་ཕྲག་ལྔས་བསྐོར་ནས་ནུབ་གླིང་ལ་མངའ་དབང་མཛད་པ། །བྱང་དུ་རིན་པོ་ཆེ་བཻ་ཌཱུཪྻ་ལས་གྲུབ་པའི་མཁར་རྒྱ་ཆེ་ལ་དཔངས་མཐོ་བའི་ནང་དུ་སྲིན་རྒྱལ་དྲག་ཁྲོས་ཐོད་ཕྲེང་ཞེས་བྱ་བ་ཁྲོ་བོ་ལྗང་སྔོན་འཇིགས་སུ་རུང་བ་ལ་འཁོར་སྟོང་ཕྲག་བརྒྱད་ཀྱིས་བསྐོར་ནས་བྱང་གླིང་ལ་མངའ་དབང་མཛད་པ།དེ་དག་ཐམས་ཅད་ཀྱང་ཐུགས་ཞི་བ་ཆོས་ཀྱི་དབྱིངས་ལས་མ་གཡོས་བཞིན་དུ་སྐུ་རབ་འཇིགས་གཏུམ་ཞིང་རྔམས་པའི་ཆ་ལུགས་ཅན་ཤ་སྟག་གོ།བདག་གིས་མཁའ་འགྲོ་སྔོན་མོ་དེ་ལ་གནས་འདི་གང་ལགས་ཅེས་དྲིས་པས།དེ་ན་རེ།གནས་འདི་ས་སྤྱོད་སྤྲུལ་པའི་ཞིང་ཁམས་ཡིན་ཏེ།མི་དགེ་བཅུ་སྤངས་ནས་ཚོགས་དུ་མ་བསགས་ཤིང་སྨོན་ལམ་རྒྱ་ཆེན་པོ་བཏབ་པ་རྣམས་སྐྱེ་བའི་གནས་ཡིན།ཕྱོགས་མཚམས་སུ་རིན་པོ་ཆེ་ཤེལ་ལས་གྲུབ་པའི་ཁང་བཟང་ན་གསེར་གྱི་ཁྲི་དར་གྱིས་བཀབ་པ་འདི་རྣམས་གཟོད་སྐྱེས་བུ་མང་པོ་འབྱོན་པར་གྱུར་བ་རྣམས་ཀྱི་བཞུགས་གདན་ཡིན་ཟེར།དེ་ནས་རི་རྒྱལ་དེའི་རྩེ་མོ་ནས་དཔག་ཚད་གཅིག་འཕགས་པའི་སྟེང་གི་ནམ་མཁར་ཕྱིན་ཚེ་ས་གཞི་ཐམས་ཅད་འཇའ་རིས་ཀྱིས་གང་བ་ཟ་འོག་ཁ་ཕྱེས་པ་ལྟ་བུ་ལ།སྨན་སྣ་ཚོགས་པའི་སྤངས་རིར་དྲི་བཟང་གི་ན་བུན་འཐུལ་ཞིང་ཁ་དོག་སྣ་ཚོགས་པའི་མེ་ཏོག་གིས་ཡོངས་སུ་ཁེབས་པ།མནན་ན་ནེམ་ཞིང་བཏེགས་ན་འཕར་བ།སའི་ངོས་ལ་རྐང་པའི་མཐིལ་གྱིས་རེག་པས་ལུས་ངག་ཡིད་གསུམ་བདེ་བས་མྱོས་པར་བྱེད་པ།རྒྱ་ཁྱོན་ཚད་མེད་པའི་གནས་དེར་རིན་པོ་ཆེ་སྣ་ལྔ་ལས་གྲུབ་པའི་གཞལ་ཡས་ཁང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་ཀྱིས་བྲོ་གར་འཁྲབ་པ།མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་པའི་སྤྲིན་རྒྱ་མཚོ་རྒྱུན་མི་འཆད་པར་སྤྲོ་བའི་དབུས་སུ་རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ལྟ་བུའི་དབུས་ན་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་སྐུ་བྱད་བལྟ་བས་ཆོག་མི་ཤེས་པ།དེ་ཉིད་ཀྱི་གཡས་སུ་དགའ་རབ་རྡོ་རྗེ།གཡོན་དུ་བི་མ་ལ་མི་ཏྲ།མདུན་གྲལ་དུ་རྗེ་འབངས་ཉི་ཤུ་རྩ་ལྔ་ལ་སོགས་པ་རྒྱ་བོད་ཀྱི་རིག་འཛིན་གྲུབ་ཐོབ་བསམ་གྱིས་མི་ཁྱབ་པ་ཐམས་ཅད་གནས་དེ་ཉིད་དུ་བཞུགས་སོ།དེ་ནས་བར་ཁང་རིན་པོ་ཆེ་ཤེལ་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པའི་ནང་དུ་པདྨ་དང་ཉི་ཟླའི་གདན་ལ་པདྨ་འཇིག་རྟེན་གསུམ་མགོན་ཞེས་བྱ་བ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ་མཚན་དཔེས་མཛེས་ཤིང་བལྟ་བས་ཆོག་མི་ཤེས་པ་ཞིག་ལ་བྱང་ཆུབ་སེམས་དཔའི་འཁོར་ཚོགས་རྒྱ་མཚོ་ལྟ་བུས་བསྐོར་བ་ལ་ཆོས་སྟོན་ཏེ། །ཡང་སྟེང་ཁང་རིན་པོ་ཆེ་བཻ་ཌཱུརྱ་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་པའི་ནང་དུ་རིན་པོ་ཆེ་པདྨ་རཱ་གའི་ཁྲི་པདྨ་དང་ཟླ་བའི་གདན་ལ་པདྨ་དྲི་མེད་འོད་སྣང་ཞེས་བྱ་བ་སྐུ་མདོག་དམར་པོ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཞིག་གིས་རང་སྣང་རིག་པའི་འཁོར་ལ་བརྡས་ཆོས་སྟོན་ནས་བཞུགས་པ་སྟེ།སྐུ་གསུམ་གྱི་སྟོན་པ་དེ་དག་ལ་བདག་གིས་ཕྱག་འཚལ་ཞིང་བསྐོར་བ་བྱས་ནས་སྨོན་ལམ་རྒྱ་ཆེན་པོ་བཏབ་ཅིང་དབང་དང་གདམས་པས་རྒྱུད་སྨིན་པར་བྱས་སོ། །རི་བོ་དེའི་སྐེད་དུ་ཤིང་མ་བུ་ན་ཞེས་བྱ་བ་ལ་དྲིལ་བུ་གཡེར་ཁ་ལ་སོགས་པ་སྒྲ་སྙན་པའི་སིལ་སྙན་མང་པོ་མེ་ཏོག་དང་འབྲས་བུའི་ཚུལ་དུ་སྐྱེས་པ།གཞན་ཡང་ལྗོན་པའི་ཤིང་སྣ་ཚོགས་ལས་ཉེ་བར་སྤྱོད་པའི་མཆོད་པ་དཔག་ཏུ་མེད་པ་རྒྱུན་མི་འཆད་པར་འཕྲོ་བ་དང་།ཤར་ན་རི་བོ་གསལ་ལྡན་ཞེས་བྱ་བ་དཀར་ལ་གསལ་བ་མེ་ལོང་ལྟ་བུའི་དྭངས་ཤེལ་ལས་གཟུགས་ཀྱི་འདོད་ཡོན་ཏུ་མ་འཕྲོ་བ།རི་དེའི་རྩེ་རུ་ཨོ་རྒྱན་སྡུག་བསྔལ་ངེས་སེལ་ཞེས་བྱ་བ་ལ་འཁོར་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ།ལྷོ་ཕྱོགས་སུ་རི་བོ་འདོད་ལྡན་ཞེས་བྱ་བ་གསེར་ལས་གྲུབ་པ་ལས་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ན་བུན་ལྟར་སྤྲོ་བའི་རྩེ་རུ་ཨོ་རྒྱན་རིན་ཆེན་རྒྱལ་པོ་ཞེས་བྱ་བ་ལ་འཁོར་ཚོགས་བརྒྱད་ཁྲིས་བསྐོར་བ།ནུབ་ཏུ་ཟངས་རི་དམར་པོ་དགུང་ལ་སྙེགས་པའི་ངོས་ནས་དྲི་བཟང་སྣ་ཚོགས་པའི་ན་བུན་འཐུལ་བའི་རྩེ་རུ་པདྨ་བདེ་བའི་འབྱུང་གནས་ཞེས་བྱ་བ་ལ་འཁོར་དཔག་ཏུ་མེད་པས་བསྐོར་བ།བྱང་དུ་རི་བོ་འབིག་བྱེད་ཅེས་བྱ་བ་རིན་པོ་ཆེ་ལྕགས་ལས་གྲུབ་པ་ཟས་དང་གོས་ཀྱི་རིགས་སྣ་ཚོགས་ནམ་མཁའ་གང་བར་སྤྲོ་བའི་རྩེ་མོ་ན་ཨོ་རྒྱན་གཡུལ་ལས་རྣམ་པར་རྒྱལ་བ་ཞེས་བྱ་བ་ལ་འཁོར་ཚོགས་བྱེ་བ་འབུམ་གྱིས་བསྐོར་བ།རི་བོ་དེ་དག་ལས་འཕྲོས་པའི་འདོད་ཡོན་མཆོད་པའི་སྤྲིན་སྣ་ཚོགས་པས་དབུས་ཀྱི་ཟངས་མདོག་དཔལ་གྱི་རི་བོ་ལ་ཁྱབ་པའོ། །རྒྱ་མཚོའི་ཕྱི་རིམ་ཐང་ཆེན་པོས་བསྐོར་བའི་མཐའ་རྫ་རི་དང་ནགས་རི་མང་པོས་ཡོངས་སུ་བསྐོར་བའི་ཕྱི་རོལ་དུ་ཐང་དང་ལུང་པ་མང་པོ་ངམ་གྲོག་ཅན་གྱི་གནས་རྣམས་སུ་སྲིན་པོའི་གྲོང་ཁྱེར་བསམ་གྱིས་མི་ཁྱབ་པ་གནས་པ།སྲིན་པོ་སྲིན་མོ་དེ་དག་ཀྱང་སྲོག་ཆགས་ཀྱི་རིགས་མཐོང་བ་ཐམས་ཅད་མགྱོགས་པའི་ཤུགས་ཀྱིས་བཟུང་ནས་ཤ་གསོན་མར་ཟ་བ་འཕར་སྤྱང་ལྟ་བུ་གཞན་ཡང་རཀྴི་ལི་ལ་ཞེས་བྱ་བའི་ཤིང་འབྲས་དང་།བུ་ལང་ཁ་ཕ་ཞེས་བྱ་བའི་ས་བོན་ས་ལ་བཏབ་པའི་འབྲས་བུ་ལ་ཁ་ཟས་ཀྱི་མཆོག་ཏུ་ལོངས་སྤྱོད་པ་ཤ་སྟག་སྣང་ངོ་། །དེ་ལྟར་དག་པའི་སྣང་བ་བསམ་གྱིས་མི་ཁྱབ་པ་ཤར་ཚེ་བདག་གིས་ཨོ་རྒྱན་ཆེན་པོ་ཞབས་ལ་ཕྱག་འཚལ་ནས་མགོ་བོས་གཏུག་སྟེ།དཔལ་ཨོ་རྒྱན་ཆོས་ཀྱི་རྒྱལ་པོ་ཁྱེད་མཁྱེན་ནོ། །ཐུགས་རྗེས་བཟུང་དུ་གསོལ།དབང་བསྐུར་དུ་གསོལ།བྱིན་གྱིས་བརླབ་ཏུ་གསོལ།ལུང་བསྟན་དུ་གསོལ།ཞེས་ཞུས་པས།ཕྱག་གཉིས་བདག་གི་མགོ་ཐོག་ཏུ་བཞག་སྟེ།བུ་ཁྱོད་ལ་སྨིན་བྱེད་ཀྱི་དབང་མཆོག་དམ་པ་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག།དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་བྱིན་རླབས་དངོས་གྲུབ་དམ་པ་ཡོངས་སུ་རྫོགས་པ་ཐོབ་པར་གྱུར་ཅིག།སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པར་འཕོས་ཤིང་སྨིན་ཅིང་གྲོལ་ནས་ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབང་འབྱོར་ཏེ།འབྲེལ་ཚད་རྣམ་པར་གྲོལ་བའི་ས་ལམ་ལ་སྦྱོར་ནུས་པར་ཤོག་ཅིག།ད་ཁྱོད་འདིར་སྡོད་ལ་ལེགས་པར་ཉོན་ཅིག་དེང་སང་སྙིགས་མ་ལྔ་བདོ་བའི་དུས་ངན་ལ་ཐུག་པས་སྨོན་ལམ་ལས་ཀྱིས་འབྲེལ་བའི་སྐྱེས་བུ་རྣམས་ལ་གདམས་ངག་གི་ཡང་བཅུད་རྣམས་སྟོན་ལ་ཟབ་ཆོས་རྣམས་ཀྱི་དབང་ལུང་ཐམས་ཅད་རྫོགས་པར་གྱིས་ཤིག།གཞི་ཁྲེགས་ཆོད་ཀྱི་ལྟ་བའི་གཏིང་དཔོག་ཅིང་ལ་བཟླ་བ་དང་།ལམ་ཐོད་རྒལ་གྱི་གནད་དོན་དང་ལམ་རྟགས་ཀྱི་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པར་གྱིས་ཤིག།གེགས་སེལ་བདུད་གཅོད་ཟབ་མོ་ཐེག་པ་ཆེན་པོའི་ལམ་དང་འབྲེལ་བའི་སྒོ་ནས་སྟོན་ཅིག།དེ་ནི་རྐྱེན་ངན་ཐོག་བརྫིས་སུ་གཅོད་པའི་གདམས་པ།ལྟས་ངན་གཡང་དུ་ལེན་པའི་མན་ངག།ན་ཚ་ལམ་དུ་སློང་བའི་ཟབ་ཁྱད་ཡིན་ཏེ་འདིའི་གནད་དོན་ཚང་བར་ཤེས་པ་སྔོན་དུས་ཡོད་ཀྱང་དེང་དུས་ནི་མེད།དེང་སང་གསང་སྔགས་ཐེག་པ་ཆེན་པོའི་བསྟན་པ་ཉམས་དམའ་བ་ནི་སེམས་ཅན་ལས་དང་བསོད་ནམས་དམན་པའི་སྟོབས་ཀྱིས་སློབ་དཔོན་རྣམས་ཐེག་པ་འོག་མའི་ལམ་བློ་ཡིད་རྣམ་པར་རྟོག་པ་མྱོང་ཞེན་ཅན་ལ་དགའ་ཞིང་དེ་མཆོག་ཏུ་འཛིན་ནས་གཞན་ལའང་དེ་ལྟར་སྟོན་པ་ཤ་སྟག་ལས་མེད་ལ་གདུལ་བྱ་བསོད་ནམ་དམན་པ་རྣམས་དེ་དང་འཕྲད་པ་ཡིན།དེའི་ཕྱིར་ངས་ཁྱོད་ལ་ཚེ་གཅིག་མངོན་འཚང་རྒྱ་བའི་ལམ་བཟང་རྫོགས་པ་ཆེན་པོའི་གདམས་པ་ཟབ་མོ་འཆད་པར་བྱའོ། །ཞེས་གསང་ཆེན་གཟུང་འཛིན་རང་གྲོལ་གྱི་རྒྱུད་ཆེན་ལུང་ལྟར་གསུངས་པ་བདག་གི་རྒྱུད་ལ་སྤར་གྱིས་བཏབ་པ་བཞིན་གསལ་ཞིང་བརྟན་པར་གྱུར་པ་དང་།ཚེ་འདིར་མངོན་སངས་རྒྱས་པའི་ལམ་བཟང་མྱུར་ལམ་རྫོགས་པ་ཆེན་པོ་འདི་རང་གིས་ཉམས་སུ་ལོངས་ལ་གཞན་དག་ལ་ཡང་དག་པར་སྟོན་ཅིག།ཅེས་གསུངས་པ་ན།སླར་ཡང་འདི་སྐད་ཅེས་ཞུས་སོ། །རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི་སྤྱི་གཟུགས་འགྲོ་བ་ཡོངས་ཀྱི་སྐྱབས་མགོན་རིན་པོ་ཆེ་བདག་གི་ཚེ་འདི་ལ་བསྟན་དང་འགྲོ་བའི་ལེགས་ཉེས་ཇི་ལྟ་བུ་ལགས་བསྟན་དུ་གསོལ།ཞེས་ཞུས་པས།ཨོ་རྒྱན་ཆེན་པོའི་ཞལ་ནས།རིགས་ཀྱི་བུ་དེང་དུས་ངན་སྙིགས་མ་ལ་ཐུག་པ་དང་།སྨོན་ལོག་བདུད་ཀྱི་མགོ་འཕང་མཐོ་རུ་འཕགས་པའི་དབང་གིས་ལེགས་པ་ཉུང་ཞིང་ཉེས་པ་ཤིན་ཏུ་མང་བ་ཡིན།ཁྱོད་ཀྱི་ཚེ་སྟོད་འདིར་ཡུལ་ཉེས་ཆེན་པོ་ནི་མེད་དེ། །ཚེའི་སྨད་ཆ་ལ་བབས་པའི་ཚེ་མཐའ་མིའི་རྫས་སྔགས་ཀྱི་རྐྱེན་ལས་ནད་མཚོན་མུ་གེའི་དུ་རུ་ཀ་དར་ནས་སྐྱི་ཟིང་ཟིང་པ་འབྱུང་།འོན་ཀྱང་ཁྱོད་ཀྱི་ཚེ་འདི་མ་རྫོགས་ཀྱི་བར་དུ་མདོ་སྔགས་ཀྱི་བསྟན་པ་ལོག་ལམ་བདུད་ལ་མི་འཆོར་ངེས་པ་ཡིན།རེ་ཞིག་ནས་ཡུལ་འདིར་མདོ་སྔགས་ཀྱི་བསྟན་པ་མེ་སྟག་ཙམ་ཡང་མི་གནས་ཤིང་བདུད་བསྟན་མཆེད་དེ་བདེ་བའི་སྐབས་ཏིལ་འབྲུ་ཙམ་ཡང་མི་འབྱུང་།ཁྱོད་ཀྱི་ཚེ་སྨད་དུ་འདུ་བ་རྒྱས་ཤིང་བསྟན་པ་འཕེལ་རྒྱས་འདྲ་བ་འབྱུང་།བདག་གི་གདུལ་བྱའི་ལྷག་མ་ལས་ལྡན་གྱི་སྐྱེས་བུ་མང་པོ་ཚེ་འདིར་རྣམ་པར་གྲོལ་བའི་ས་ལ་སྦྱོར་བའི་ཕྱིར་ཕྲིན་ལས་ཀྱི་བྱེད་པོར་ཁྱོད་འཇིག་རྟེན་ཁམས་སུ་བཏང་བ་ཡིན།དེ་ཕྱིར་དེའི་ཚུལ་སོམས་ལ་གཞན་དོན་ཅི་ནུས་སུ་བསྒྲུབ་པ་ལ་སྐྱོ་ངལ་མེད་པར་མཛོད་ཅིག་ཅེས་གསུངས་སོ། །དེ་ནས་སྔར་གྱི་མཁའ་འགྲོ་མ་དེས་ད་འགྲོ་ཟེར་བ་ལ།བདག་གིས་འགྲོ་གྲབ་བྱས་པས།མོ་ན་རེ།ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ།རྨི་ལམ་སྣང་བའི་རྫུན་རིས་འདིར། །འགྲོ་སྡོད་གཉིས་ཀ་ཡོད་མ་ཡིན། །སྣང་བ་གནས་སུ་འགྱུར་བ་སྟེ།དབྱིངས་ལ་གཏོད་དང་དབྱིངས་སུ་སད། །གོའམ་ཞེས་ཟེར་ནས་བདག་ལ་ཐིམ། །དེ་ནས་བདག་གིས་རིག་པ་དབྱིངས་སུ་གཏད་པས་གཉིད་སད་དོ། །ལོ་ཁྱིམ་དེའི་སྟོན་ཟླ་ཐ་ཆུང་གི་ནུབ་མཁའ་འགྲོ་མ་སེར་མོ་གསེར་བཙོ་མ་ལྟ་བུའི་འོད་འབར་བ་ལྭ་བ་ལྗང་ཁྲ་གྱོན་པ་ཞིག་གིས།རི་བོ་གངས་མེད་རྣོ་རྩེ་ཞེས་པའི་རྩེ་རུ་ལྟད་མོ་ལ་ཨེ་འགྲོ་ཟེར་བ་ལ།བདག་གིས་འགྲོ་ཞེས་སྨྲས་པས་དེ་མ་ཐག་ཏུ་ལག་པ་གཡས་པའི་སོར་མོ་ནས་བཟུང་སྟེ་སྟེང་ཕྱོགས་ཀྱི་ནམ་མཁའ་ལ་དཔག་ཚད་བདུན་དུ་འཕགས་པའི་གནས་སུ་ཕྱིན་ཚེ་རི་བོ་ཆེན་པོ་རྒྱ་ཆེ་ལ་དཔངས་མཐོ་བ་ཚད་ཀྱིས་གཞལ་མི་ནུས་པ་ཞིག་གི་རྩེ་མོར་སླེབས་ཏེ་བལྟས་པས།ནུབ་བྱང་མཚམས་ན་མེ་འབར་ཞིང་འུར་སྒྲས་ས་གསུམ་གཡོ་ཞིང་འདར་བ་ཞིག་མཐོང་བ་དང་།བདག་གིས་མཁའ་འགྲོ་མ་དེ་ལ་འདི་གང་ཡིན་དྲིས་པས།དེ་ན་རེ།འདི་ཨོ་རྒྱན་རང་བྱུང་གི་དུར་ཁྲོད་ཅེས་བྱ་བ་ཡིན་ཟེར།དེར་ཨེ་འགྲོ་སྨྲས་པས།འགྲོ་ཟེར་ནས་ཕྱིན་པས་ས་གཞི་ཐམས་ཅད་རུས་པ་སྐམ་པོ་སྤུངས་པའི་རི་བོ་དགུང་ལ་སྙེགས་པས་ཡོངས་སུ་འཁོར་བའི་དབུས་སུ་མི་ལྤགས་རློན་པའི་ཐང་ཆེན་པོ་ཚད་དང་རྒྱ་དཔག་ཏུ་མེད་པ།གནས་དེའི་ཐོ་ཕྱི་ཉེ་འཁོར་ཀུན་ཏུ་རྩྭ་དང་ཤིང་ཐམས་ཅད་མདའ་མདུང་རལ་གྲིའི་ནགས་ཚལ་གྱི་རྣམ་པ།ཁྲག་རྣག་ཆུ་སེར་གྱི་ཆར་བ་བབས་པ།མེ་ལྕེ་དམར་ནག་གི་སྤྲིན་དཔུང་འཁྲིགས་པ།ས་གཞི་ཐམས་ཅད་དུ་མི་རོའི་གྲམ་ཁྲོད་བརྡལ་བ།ཁྲག་མཚོ་དམར་པོས་མཐའ་ནས་བསྐོར་བ།ཐུན་དང་མཚོན་ཆའི་ཚོགས་སྐྱིན་ཐང་ལྟར་དུ་འཚུབས་པ།སྒྲ་གྲགས་ཚད་ཐམས་ཅད་ཕཊ་ཕེཾ་བྷྱོ་ཟློག་གི་སྒྲ་འབྲུག་སྟོང་ལྡིར་བའི་ང་རོ་ལྟར་སྒྲོགས་པ།གཅན་གཟན་གདུག་པ་ཅན་སྣ་ཚོགས་ཀྱིས་ངར་སྐད་སྒྲོགས་ཤིང་རྒྱུག་མཆོང་བྱེད་པའི་གནས་རབ་ཏུ་འཇིགས་ཤིང་སྐྱི་གཡའ་བའི་དབུས་ཀྱི་ཐང་པོ་ཆེ་དེར་མི་མགོ་སྐམ་པོས་ཁ་བད་བྱས་ཤིང་།རྙིང་པས་རྩིག་པ་བྱས་པ།རློན་པས་རྨང་བཏིང་བའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ལྟེ་བར་མི་རོ་གསར་རྙིང་མང་པོ་བརྩིགས་པའི་ཁྲིའི་སྟེང་དུ་པདྨ་དང་ཉི་མའི་གདན་ལ།ཡེ་ཤེས་ཀྱི་མཁའ་འགྲོ་མ་རྡོ་རྗེ་ཕག་མོ་ཡིན་སྐད་པའི་མཁའ་འགྲོ་མཐིང་ནག་ཁྲོས་ཤིང་གཏུམ་པའི་སྤྱི་བོར་ཕག་ཞལ་ནག་པོ་གྱེན་དུ་ངུར་བས་དཔའ་བོ་དང་མཁའ་འགྲོ་མ་རྣམས་དབང་དུ་སྡུད་པ།ཕྱག་གཡས་པས་གྲི་གུག་ནམ་མཁའ་ལ་ཕྱར་ཞིང་གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས་པ།སྐུ་གཅེར་བུ་མི་མགོའི་ཕྲེང་བས་དོ་ཤལ་བྱས་པ་འཇིགས་ཤིང་བལྟར་མི་བཟོད་པ་ཞིག་གི་གཡས་སུ་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་སྐུ་མདོག་དམར་ནག་ཤིན་ཏུ་ཁྲོས་པའི་ཉམས་ཅན་གཡས་ལྕགས་ཀྱུ་དང་གཡོན་པས་བྷནྡྷ་བསྣམས་པ།གཡོན་དུ་བལ་མོ་ཤཱཀྱ་དྷེ་ཝ་ཁྲོ་མོ་ནག་མོ་ཐོད་དབྱུག་དང་ཐོད་ཁྲག་བསྣམས་པ།དེ་མཐར་རིགས་ལྔ་དབྱིངས་ཀྱི་ཌཱཀྐིི་ཁྲོ་མོ་མི་སྲུན་འཇིགས་པའི་ཆ་ལུགས་ཅན་ལ་མཁའ་འགྲོ་མ་བྱེ་བ་འབུམ་གྱིས་བསྐོར་བ།ལ་ལ་ནི་སྔོ་སང་།ལ་ལ་དཀར་པོ།ལ་ལ་སེར་མོ།ལ་ལ་དམར་མོ།ལ་ལ་ལྗང་མོ།ལ་ལ་མཐིང་ནག་ལ་སོགས་པ་ཁ་དོག་དང་ཆ་ལུགས་མ་ངེས་པ།སྤྲུལ་པ་སྣ་ཚོགས་ཀྱི་རོལ་གར་བསྒྱུར་བའོ། །དེར་བདག་གིས་མཁའ་འགྲོ་མ་རྣམས་ལ་གུས་པས་ཕྱག་འཚལ་ཏེ་ཐལ་མོ་སྦྱར་ནས་འདི་སྐད་ཅེས་ཞུས་སོ། །ཀྱཻ།སྔོན་ནས་ལས་འབྲེལ་ལྷག་པའི་ལྷ། །མཁའ་འགྲོའི་གཙོ་ལ་གུས་ཕྱག་འཚལ། །བདག་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། །ཡེ་ཤེས་མཁའ་འགྲོ་སྒྲུབ་ཐབས་ཀྱི། །བསྐྱེད་རྫོགས་ཟབ་མོ་བསྟན་དུ་གསོལ། །ཞེས་ཞུས་པའི་ལན་དུ།མཁའ་འགྲོའི་གཙོ་མོ་གསུམ་གྱིས་དགོངས་པ་གཅིག་དང་དབྱངས་གཅིག་གིས་འདི་སྐད་ཅེས་གསུངས་སོ། །ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ། །དེང་སང་འཇིག་རྟེན་བོད་ཡུལ་ན། །གཏེར་སྟོན་སྐད་པ་མང་ལགས་ཏེ། །མཐོ་ལ་རློམས་ཤིག་གཡོ་དང་སྒྱུས། །བསམ་སྤྱོད་བརྩམ་ཆོས་མང་ལ་ལྟོས། །འགྲོ་དོན་འབྱུང་བ་ཕར་ཞོག་དང་། །རང་མགོ་རང་གིས་བསྐོར་ལ་ལྟོས། །ལ་ལ་ལོག་པ་བདུད་ཀྱིས་བརླབ། །ལ་ལ་སེམས་འཛིན་ཉམས་ཀྱིས་བསླུ། །ལ་ལ་མཐོ་རློམ་ཆོ་ལེ་འདོམས། །གཏེར་ཆོས་ཕབ་པའི་དགོས་པ་མེད། །མཐའ་མི་དབུས་སུ་རྡིབ་པ་ཡིས། །ལོག་པའི་ཆོས་ཀྱི་སྤྲིན་དཔུང་གིས། །དམ་ཆོས་ཉི་ཞལ་བསྒྲིབ་ལ་ལྟོས། །ངལ་བ་དོན་མེད་སྤྱོད་པ་སྤོངས། །ཁྱོད་ཀྱང་གདུལ་བྱའི་ལྷག་སྡུད་ལས། །བསྟན་པ་ཡུན་དུ་གནས་པ་ལ། །བློ་ཐག་རིང་དུ་མ་བསྐྱེད་ཅིག།སྤྲེལ་དམར་ཐལ་མོ་རྡེབ་པ་ལས། །རཀྟ་དམར་པོའི་ཆར་པ་འབེབས། །མེ་ཁྱུང་གཤོག་པ་གཡབ་པ་ལས། །སྔོན་མོ་ལྕགས་ཀྱི་ཡོ་ལངས་གཡོ། །གསེར་ཁྱི་སེར་པོའི་ངར་སྐད་ཀྱིས། །ས་འོག་དབྱར་རྒྱུ་འདར་བ་དང་། །གསེར་ཕག་ས་སློག་བྱེད་པ་ལས། །དུག་སྦྲུལ་ནག་པོ་མལ་ནས་སློང་། །ཞེས་སོགས་མང་དུ་གསུངས་པའི་མཐར། །མཁའ་འགྲོ་འདུས་པ་གྲི་གུག་འབར་བའི་རྒྱུད་དང་། །བདུད་གཅོད་ཟང་ཐལ་སྒོ་འབྱེད་རྣམས་གསུངས་ནས། །བུ་ཁྱོད་ལ་ལས་ལྡན་གྱི་སློབ་བུ་མཆོག་བཅུ་དྲུག།ཕྲན་བརྒྱ་ཕྲག་དང་།ཐར་བའི་ས་བོན་ཐེབས་པ་སྟོང་དང་སུམ་ཅུ་རྩ་ལྔ་འབྱུང་།གཏེར་ཆོས་ཡུན་རིང་པོར་གནས་པའི་དུས་མ་ཡིན་པས་ལས་ལྡན་གྱི་སློབ་མ་རྣམས་ལ་སྟོན་ལ་ཉམས་སུ་ལོངས་ཞེས་བསྒོས་ཤིག།ད་ནི་ཀླ་ཀློའི་བསྟན་པ་མགྲོན་ཐབས་སུ་སླེབས་ནས་ཡུལ་ས་འཛིན་པའི་དུས་ལ་ཐུག་པས་བློ་ཐག་མ་རིང་ཞིག།གཏེར་ཆོས་དང་བསྟན་ཆོས་ཀྱི་ཆེད་དུ་དཀའ་ཚེགས་བྱ་བ་བྱིས་པའི་རྩེད་མོ་ཙམ་དུ་ཟད་དོ། །ཞེས་གསུངས་ཤིང་།ཀྱཻ།སེམས་མ་ཡེངས་རིག་པ་དབྱིངས་ལ་གཏོད། །དབྱིངས་ལྷུན་གྲུབ་བདེ་ཆེན་ཁང་བཟང་ན། །མ་མཁའ་འགྲོས་གར་བསྒྱུར་རོལ་པར་ལྟོས། །དཔལ་རིགས་ལྔ་དགྱེས་པའི་ཞལ་རས་བཞད། །མ་མཁའ་འགྲོའི་སུན་མ་གྲོགས་སུ་བསྡེབས། །གནས་སྲིད་ལས་དབེན་པའི་ས་ལ་སླེབས། །ཚུལ་དེ་ལྟར་མི་ལྡན་སྐལ་མེད་རྣམས། །བདུད་སྲིན་པོའི་གྲལ་དུ་ལྷུང་ནས་སུ། །ཡར་ཐར་བའི་ལམ་སྒོ་འགགས་ལ་ལྟོས། །དོན་དེ་ཕྱིར་གདོད་མའི་མགོན་པོའི་ཀློང་། །དུས་མི་འགྱང་མྱུང་དུ་སླེབས་པར་མཛོད། །ཕཊ་ཕཊ་ཕཊ། །ཅེས་སྒྲ་དྲག་པོས་གཉིད་སད་དོ། །དེ་ནས་རང་ལོ་སུམ་ཅུ་སོ་གསུམ་ལ་བབས་པ་ཧོར་ཟླ་གཉིས་པའི་ཚེས་བདུན་གྱི་ནུབ་རྨི་ལམ་ན་བནྡྷེ་འཇིགས་སུ་རུང་བ་བལྟར་མི་བཟོད་པ་ཞིག་གིས་གྲི་རྩེ་རྣོ་བ་ཞིག་བདག་གི་སྙིང་གར་བཙུགས་ནས་ཁྱོད་དོ་ནུབ་ངས་གསོད་པའི་དུས་ལ་བབས་པ་ཡིན་ཟེར་བ་ལ།བདག་གིས་འདི་སྐད་སྨྲས།ང་སོད་དང་ངས་ཁྱོད་ལ་སྙིང་རྗེ་བསྒོམ་ཞེས་སྨྲས་པས།ཁོ་ན་རེ།སྙིང་རྗེ་དུད་འགྲོའི་རྒྱུད་ན་ཡོད། །རང་གི་བུ་ལ་སྙིང་རྗེ་ཡོད། །བུ་ཡིས་མ་སྲོག་གཅོད་དུ་ཡོད། །ཁྱོད་ཀྱིས་ང་ལ་སྙིང་རྗེ་ཡང་། །སྙིང་ནི་ཕར་རྗེ་ཚུར་རྗེ་ཡིན། །བུ་མོ་འཇོ་རིས་འདིར་ཤོག་དང་། །སྙིང་རྗེ་མཁན་འདིའི་ཤ་ཁྲག་ཟ། །ཞེས་གླུ་རུ་གྱེར་བའི་མོད་ལ། །བུད་མེད་མིག་ཆེ་ཞིང་སྐྲ་དམར་བ་མཆེ་བ་ཤིན་ཏུ་རིང་བ་ཞིག་འབྱུང་ནས་ནུ་མ་བདག་གི་ཕྲག་ལ་བཀལ། །མཆེ་བ་ཀླད་ཁུང་དུ་བཙུགས་པས་བདག་ཤིན་ཏུ་བྲེད་ཅིང་དངངས་ནས་ཡོད་པའི་སྐབས་ཡུན་ཅིག་ན་རྨི་ལམ་དུ་ངོ་ཤེས་ཏེ་གླུ་འདི་སྐད་གྱེར།ཧེ་ཧེ།ཉོན་དང་བན་དྲེད་གདུག་པ་ཅན། །བུད་མེད་མི་སྲུན་སྡུག་རོག་ཁྲིད། །ཁྱོད་རྨི་ལམ་འཁྲུལ་པའི་རྫུན་རིས་ཏེ། །ང་སྟོང་གཟུགས་ནམ་མཁའི་ལུས་ཅན་ལ། །བསད་བྱ་གསོད་བྱེད་ག་ལ་ཡོད། །ང་དང་ཁྱོད་གཉིས་རོ་གཅིག་སྟེ། །བྱད་དང་མེ་ལོང་གཟུགས་བརྙན་བཞིན། །སྣང་ཡང་སྣང་བ་སྣང་མཁན་བྲལ། །ཐམས་ཅད་སྟོང་པའི་རང་བཞིན་ཏེ། །སྟོང་པས་སྟོང་པ་གསོད་དུ་མེད། །ང་ཉིད་སོད་དང་ཁྱོད་གཉིས་འཆི། །འཆི་བ་མེད་དེ་འཆི་སྣང་ཙམ། །འཇའ་ཚོན་ནམ་མཁའི་རི་མོ་སྟེ། །ནམ་མཁའ་ནམ་མཁའ་ཉིད་དུ་ཡལ། །ད་ཁྱོད་དང་ང་གཉིས་དབྱེར་མེད་པར། །དབྱིངས་སྤྲོས་བྲལ་ནམ་མཁའ་རྣམ་དག་ཏུ། །ངང་ཕྱམ་བརྡལ་ཆེན་པོར་ཨ་ཨ་ཕཊ། །ཅེས་བརྗོད་པས་ཡང་དེ་ན་རེ། །སྡུག་པོ་ཆེ་འདིས་སྒོམ་བཤད་པས་ང་སྙིང་གཟེར་གྱིན་འདུག།ད་འགྲོ་འགྲོ་ཟེར་ནས་ཡལ་སོང་། །ལོ་ཁྱིམ་དེའི་སྟོན་ཟླ་ར་བའི་ཚེས་ཉེར་གཅིག་གི་ཉིན་བྱིའུ་བདངས་དམར་ཞིག་གིས་ན་རེ།ཨ་ཧོ་བུ་ལོ་ཉོན་དང་། །སྐྱེས་མཆོག་དམ་པ་མང་པོ། །མི་མངོན་དབྱིངས་སུ་གཤེགས་སོང་། །སྙིགས་མའི་དྭ་ཕྲུག་ལུས་ཀྱང་། །ནམ་ཕུག་ཐུབ་པར་མི་འདུག།མེ་ཏོག་ཧ་ལོ་སྐམ་སོང་། །སྤངས་རྒྱན་སྔོན་མོ་ལུས་ཀྱང་། །དགུན་ཟླའི་གྲང་ངར་བཙན་པོས། །ནམ་ཕུག་ཐུབ་པར་མི་འདུག།མི་དབང་ས་སྐྱོང་རྒྱལ་པོ། །འདི་ནས་ཕ་རོལ་གཤེགས་སོང་། །རྒྱལ་ཕྲུག་དྭ་བུ་ལུས་ཀྱང་། །ནམ་ཕུག་ཐུབ་པར་མི་འདུག།མཁའ་ལྡིང་ཁྱུ་ཚོགས་གཤེགས་སོང་། །བྱིའུ་ཉམ་ཆུང་ལུས་ཀྱང་། །ནམ་ཕུག་ཐུབ་པར་མི་འདུག།གཅན་གཟན་ཆེ་རྒུ་གཤེགས་སོང་། །ཏེ་ལོ་ཀ་མ་ལུས་ཀྱང་། །ནམ་ཕུག་ཐུབ་པར་མི་འདུག།རྣལ་འབྱོར་མཆོག་རྣམས་གཤེགས་སོང་། །ཆོས་བརྒྱད་བླ་གཟུགས་ལུས་ཀྱང་། །ནམ་ཕུག་ཐུབ་པར་མི་འདུག།རྒྱལ་པོའི་མཛོད་རྣམས་ཟད་སོང་། །བྲན་ནོར་བསགས་པ་ལུས་ཀྱང་། །ནམ་ཕུག་ཐུབ་པར་མི་འདུག།རྩི་ཐོག་འབྲས་བུ་ཡལ་སོང་། །བྲ་བས་བསགས་པ་ལུས་ཀྱང་། །ནམ་ཕུག་ཐུབ་པ་མི་འདུག།དབྱར་རྩ་སྔོན་པོ་སྐམ་སོང་། །རྩ་རོ་སྐྱ་བོ་ལུས་ཀྱང་། །ནམ་ཕུག་ཐུབ་པར་མི་འདུག།འཁོར་བར་ཞེན་པའི་བླ་སྤྲུལ། །མང་ཆེས་རོ་བུན་སྤྱོད་ནས། །དོན་མེད་གསོག་འཇོག་མཁས་ཀྱང་། །ནམ་ཕུག་ཐུབ་པར་མི་འདུག།ཁེ་དྲག་སྡང་ཞེན་དཔོན་པོ། །ཁྲིམས་ཆད་དྲག་ཤུལ་བྱེད་ཀྱང་། །རྣམ་སྨིན་ཁུར་དང་འགྲོགས་ནས། །ནམ་ཕུག་ཐུབ་པར་མི་འདུག།གསོག་འཇོག་སྤྱོད་པས་འདའ་བའི། །ཕྱུག་པོ་ནོར་ལྡན་ལོངས་སྤྱོད། །རྨི་ལམ་སྒྱུ་མ་ཇི་བཞིན། །ནམ་ཕུག་ཐུབ་པར་མི་འདུག།མི་ལུས་གཙང་མ་ཐོབ་ཚེ། །ཁ་ལག་བྱ་བར་མ་རེ། །རང་སེམས་རང་ཐོག་གྲོལ་བའི། །གདམས་ངག་ཟབ་མོ་བརྟེན་མཛོད། །ཁ་ཡེངས་མིག་ཡེངས་སྤྱོད་པས། །གྲོལ་བ་ཐོབ་འདོད་མ་རེ། །མ་རྟོགས་ཁ་འབྱམས་ཐོས་པས། །ཕྱི་མར་ཕན་ཐོགས་མ་རེ། །མ་བསྒོམ་ཤེས་ཤེས་སྙམ་པས། །ཐར་པ་ཐོབ་འདོད་མ་རེ། །འོངས་འོངས་ཆོས་ཉིད་དབྱིངས་ལས། །འགྲོ་འགྲོ་དེ་རུ་ལྡིང་འགྲོ། །ཞེས་ཟེར་ཞིང་འཕུར་སོང་། །ཡང་ལོ་ཁྱིམ་དེའི་དགུན་འབྲིང་པོའི་ཚེས་བཅུའི་ཉིན་འོད་གསལ་ཐོད་རྒལ་གྱི་དབྱིངས་སུ་གནས་ཚེ་བྱིའུ་ཞིག་བདག་གི་ཐད་དུ་བབས་ནས་འདི་སྐད་ཟེར།ཀྱེ་ཀྱེ།བྱང་ཐང་ནེའུ་སེང་ཁྲོད་དེ། །སྲོག་ཆགས་ཀུན་གནས་མིན་ཀྱང་། །ཁ་དཀར་རྐྱང་བུའི་གནས་ལགས། །མ་བུའི་འཕེལ་ཁ་ཨེ་རིག།རྫ་རི་སྨུག་པོའི་ཁྲོད་འདི། །སྲོག་ཆགས་ཀུན་གནས་མིན་ཀྱང་། །བྲེ་བཙན་འབྲོང་མོའི་གནས་ལགས། །མ་བརྒྱ་བུ་བརྒྱ་ཨེ་རིག།བྲག་རི་མཐོ་ལ་བཙན་པ། །སྲོག་ཆགས་ཀུན་གནས་མིན་ཀྱང་། །བྱ་རྒྱལ་རྒོད་པོའི་གནས་ལགས། །ཐང་དཀར་མ་བུ་ཨེ་རིག།ངེས་མེད་དབེན་པའི་རི་ཁྲོད། །མི་རྣམས་ཀུན་གནས་མིན་ཀྱང་། །བྱ་བཏང་མཆོག་གི་གནས་ལགས། །འཁོར་སློབ་འདུ་བ་ཨེ་རིག།ནམ་མཁར་སྐར་ཚོགས་མང་ཡང་། །ཉི་ཟླ་གཉིས་པོ་དཀོན་འདུག།ས་གཞིར་མེ་ཏོག་མང་ཡང་། །ཨུ་དུམ་ཝ་ར་དཀོན་འདུག།ཤིང་དང་ནགས་ཚལ་མང་ཡང་། །དཔག་བསམ་ལྗོན་པ་དཀོན་འདུག།གཅན་གཟན་ཁྱུ་ཚོགས་མང་ཡང་། །སེང་ལྕམ་དཀར་མོ་དཀོན་འདུག།མི་ལུས་ཐོབ་པ་མང་ཡང་། །དོན་དང་ལྡན་པ་དཀོན་འདུག།བླ་མར་སྐད་པ་མང་ཡང་། །དོན་གྱི་བླ་མ་དཀོན་འདུག།བན་བཙུན་གཟུགས་བརྙན་མང་ཡང་། །ཚུལ་དང་ལྡན་པ་དཀོན་འདུག།ཁ་བཤད་མཁས་པ་མང་ཡང་། །རྒྱུད་ལ་སྦྱོར་བ་དཀོན་འདུག།སྒོམ་ཅན་སྐད་པ་མང་ཡང་། །སྟོང་ཉིད་རྟོགས་པ་དཀོན་འདུག།གྲུབ་ཐོབ་སྐད་པ་མང་ཡང་། །དོན་གྱི་གྲུབ་ཐོབ་དཀོན་འདུག།གཏེར་སྟོན་སྐད་པ་མང་ཡང་། །ཟོལ་མིན་གཏེར་སྟོན་དཀོན་འདུག།གཏེར་སྟོན་ཨེ་ཡིན་མི་ཤེས། །ལས་སྨོན་སྐལ་པ་བཟང་པོའི། །སྐྱེས་བུ་དམ་པ་ཉོན་དང་། །རང་སྣང་དྭངས་མའི་འོད་གསལ། །ཟབ་ལམ་འཕོ་བ་ཆེན་པོ། །རྩེ་གཅིག་ཉམས་སུ་ལོངས་དང་། །ཚེ་འདིར་གྲོལ་བ་འཐོབ་ངེས། །བུ་སློབ་མང་པོ་ཡོད་ཀྱང་། །རི་ཁྲོད་ཐུབ་པ་དཀོན་འོང་། །ཆོས་བདག་སྐད་པ་མང་ཡང་། །གདམས་པའི་ཡང་བཅུད་སྐོར་གསུམ།འཆད་སྤེལ་ནུས་པ་དཀོན་འོང་། །ཆོས་ཉན་ཆོས་ཞུ་མང་ཡང་། །ཉམས་ལེན་ནུས་པ་དཀོན་འོང་། །དེ་ལྟར་སེམས་སུ་ཞོག་ལ། །རང་ཐོག་བཙན་ས་ཟུངས་དང་། །གཞན་དོན་ཞོར་ལ་འབྱུང་སྲིད། །ཁྱབ་བདག་ཀུན་ཏུ་བཟང་པོའི། །རྒྱལ་ས་རང་གི་གཞི་ཡིན། །ཨེ་གོ་ཨེ་རིག་གྲོགས་པོ། །བྱང་ཐང་ཡངས་པ་ཨེ་རིག།ནམ་མཁའ་ཀློང་ཡངས་ཨེ་རིག།བྱི་འུ་དེ་རུ་ཆས་འགྲོ། །ཆོས་དབྱིངས་ཡངས་པའི་ཐང་ན། །ནམ་མཁའ་མཛོད་ལ་སྤྱོད་པའི། །བྱི་འུ་མ་བུའི་སྐྱིད་པ། །ཞེས་ཟེར་ནས་འཕུར་སོང་ངོ་། །དེ་ནས་ལོ་གྲངས་སུམ་ཅུ་སོ་བཞི་ལ་བབས་པའི་ཧོར་ཟླ་དང་པོའི་ཚེས་ཉེར་ལྔའི་ཉིན་མཁའ་འགྲོ་ཁྲོས་མ་ནག་མོའི་སྒྲུབ་སྐོར་ལ་བརྟེན་པའི་ཚོགས་ཀྱི་འཁོར་ལོ་བསྐོར་བའི་དུས་སུ་འཇའ་ཚོན་འོད་ཀྱི་དྲྭ་བ་འཁྲིགས།བྱ་རྒྱལ་རྒོད་ཀྱི་ཐུལ་ཕྲན་བབས།མི་མངོན་སྟོང་པའི་མཁའ་ལས་གླིང་བུ་དང་པི་ཝང་གི་སྒྲ་ཤིན་ཏུ་སྙན་པ་དེར་འདུས་པ་ཀུན་གྱིས་ཐོས་པ་བྱུང་།དེ་ནུབ་མཁའ་འགྲོ་མ་དཀར་སེར་དམར་ལྗང་བཞིས་དར་གྱི་འདོ་ལེའི་ཐོག་ཏུ་རྣལ་འབྱོར་པ་སྐུ་བསྒྲེས་པོ་དབུ་སྐྲ་རིང་ཞིང་དཀར་བ།ཟ་འོག་སྨུག་པོ་སྤྲིན་རིས་དང་འབྲུག་རིས་ཅན་གྱི་གོས་གྱོན་པ།སྐེད་དུ་གྲི་མཛེས་ཤིང་ཡིད་དུ་འོང་བ་བརྟེན་པ།དངུལ་དཀར་གྱི་གློ་ལུང་གི་རྒྱན་ཅན་ཤིན་ཏུ་གཟི་བརྗིད་འོད་ཕུང་འབར་བ་ཞིག་མཁའ་འགྲོ་མ་མཐིང་ནག་ཞིག་གི་ཕྱག་ནས་བཟུང་སྟེ་བདག་གི་ཐད་དུ་བྱུང་མ་ཐག་རྣལ་འབྱོར་པ་དེས་འདི་སྐད་ཟེར།ཚེ་རབས་དུ་མའི་སྦྱངས་སྟོབས་ཅན། །ཟབ་མོ་གཏེར་གྱི་སྒོ་འབྱེད་ཅིང་། །འབྲེལ་ཚད་ཐར་པར་འདྲོངས་ནུས་པའི། །སྐྱེས་བུ་ཁྱོད་ལ་ངས་ལུས་སློང་། །སྔོན་ཆད་ཤིང་ཕོ་བྱི་བའི་ལོར། །ངའི་བུ་ཕུན་ཚོགས་འབྱུང་བའི་གནས། །མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་མས། །ཤེལ་གྱི་མཆོད་རྟེན་དཀར་པོ་རུ། །འཕྲུལ་ནས་ཁྱོད་ལ་གཏད་པ་ནི། །གྲུབ་པ་ཐོབ་པའི་གདུང་བརྒྱུད་དུ། །མངལ་གྲིབ་སྐྱོན་གྱིས་མི་གོས་ཕྱིར། །ང་ཡིས་བསྒོས་པ་ཇི་བཞིན་དུ། །ཁྱོད་ཀྱི་སྲས་སུ་འཁྲུངས་པ་ཡིན། །ང་ཡང་ཁྱོད་ཀྱི་བུར་སྐྱེས་ཏེ། །གདུལ་བྱའི་ལྷག་མ་སྐྱོང་སྡུད་ཕྱིར། །མི་ཡི་ཡུལ་འདིར་སླེབས་དགོས་པས། །དེ་ཕྱིར་ཁྱོད་ཚལ་དེ་རིང་སླེབས། །ང་ནི་ཆོས་རྒྱལ་ཁྲི་སྲོང་ཡིན། །མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་སྟེ། །ཐེ་ཚོམ་ཆོད་དང་སྐྱེས་བུ་མཆོག།མཐར་ཐུག་ཕ་བུ་དབྱེར་མེད་དུ། །བདེ་ཆེན་ཞིང་གི་དཔལ་ཐོབ་འགྱུར། །ཞེས་ཟེར་ཞིང་གསེར་གྱི་རྡོ་རྗེ་ཞིག་རུམ་ནས་ཕྱུངས་ཤིང་ཕྱག་ན་ཞྭ་ཞིག་བསྣམས་འདུག་པ་གཉིས་ཀ་བདག་གི་གཟན་གྱི་ཞབས་སུ་བཅུག་བྱུང་བ་ལ།དེ་ལྟར་མ་བྱེད་ཁྱོད་ཀྱི་ཕྱག་མཚན་དང་དབུ་ཞྭ་ངའི་གོས་ཀྱི་ཞབས་སུ་མ་བཞག་སྨྲས་པས།དེ་ན་རེ།འུ་ཅག་གཉིས་གཅིག་ལས་གཉིས་སུ་མེད་དེ་སྐྱོན་མེད་ཟེར་ཞིང་བདག་ལ་ཐིམ་པའི་སྣང་བ་ཤར།དེ་ནས་ཧོར་ཟླ་བཞི་པའི་ཚེས་ལྔའི་ནུབ་ཡུལ་ཡངས་པའི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་སླེབས་འདུག་པ་དང་།ཡུལ་དེར་དཔའ་བོ་མཁའ་འགྲོ་མང་པོ་ཚོགས་ཀྱི་འདུ་བ་ཆེན་པོ་འཚོགས་ནས་རོལ་མོ་སྣ་ཚོགས་པའི་སྒྲ་སྒྲོགས་ཤིང་ངག་ནས་འདི་སྐད་དོ། །རིག་འཛིན་བླ་མ་འདུ་བར་གཤེགས། །ཡི་དམ་ཞི་ཁྲོ་འདུ་བར་གཤེགས། །མ་དང་མཁའ་འགྲོ་འདུ་བར་གཤེགས། །བཀའ་སྲུང་ཆོས་སྐྱོང་འདུ་བར་གཤེགས། །ཛཿཧཱུྃ་བཾ་ཧོཿས་མ་ཡ།ཧེ་ཡ་ཕེཾ་ཕེཾ།བླ་མ་རྒྱ་མཚོ་ཚོགས་ལ་རོལ། །ཡི་དམ་རྒྱ་མཚོ་ཚོགས་ལ་རོལ། །མ་དང་མཁའ་འགྲོ་ཚོགས་ལ་རོལ། །བཀའ་སྲུང་ཆོས་སྐྱོང་ཚོགས་ལ་རོལ། །ཞེས་ཟེར་ཞིང་ཚོགས་རྫས་ཀྱི་རྒྱུ་གང་ཡིན་ངོ་མི་ཤེས་ཤིང་ཁ་དོག་ཅི་ཡིན་མ་འཚལ་བའི་འོད་འབར་བ་དབྱིབས་ཕག་པའི་སྣ་འདྲ་བ་ཆུ་འགྲམ་གྱི་གྲམ་པ་ལྟར་དཔག་ཏུ་མེད་པས་ཡུལ་དེ་ཁྱབ་འདུག་གོ།དེ་ན་བུམ་པ་དང་རྡོ་རྗེ་ཕུར་པ་མེ་ལོང་སོགས་ཤིན་ཏུ་མང་པོ་བཤམས་འདུག་པ་ལ།བདག་གིས་འདི་དག་སུ་དང་གང་གི་རེད་ཅེས་དྲིས་པས།བུད་མེད་ནག་མོ་ཞིག་གིས་ན་རེ།འདི་རྣམས་ཁྱོད་ཀྱི་འབངས་ཡིན་ཟེར།བུད་མེད་སྔོན་མོ་ཞིག་གིས་བུ་སློབ་ཀྱི་བརྡ་རུ་གདའ།ཞེས་ཟེར་ཞིང་དབྱིངས་སུ་ཡལ་ལོ། །དེ་ནས་ཧོར་ཟླ་ལྔ་པའི་ཚེས་གསུམ་གྱི་ནུབ་རྨི་ལམ་གྱི་སྣང་ཆ་ལ་ནམ་མཁའི་ཁམས་ནས་དཔའ་བོ་དང་མཁའ་འགྲོ་མའི་ཚོགས་དཔག་ཏུ་མེད་པ་པདྨ་རཱ་གའི་ཁ་དོག་ལྟར་དམར་ཞིང་འོད་འབར་བ།དེ་དག་ཐམས་ཅད་ཀྱིས་རོལ་མོ་སྣ་ཚོགས་ཀྱི་སྒྲ་འུར་ཞིང་བྱུང་བས།བདག་གིས་བུ་མོ་ཞིག་ལ་འདི་རྣམས་སུ་རེད་དྲིས་པས།དེ་ན་རེ།ཤར་རེ་གོང་གསེར་མོ་ལྗོངས་ཀྱི་རྣལ་འབྱོར་པ་རང་གྲོལ་ཞེས་བྱ་བའི་བསུ་བ་ཡིན།དོ་ནུབ་འགྲོ་དགོས་ཟེར་བ་ལ།བདག་གིས་ཞིང་ཁམས་གང་ཡིན་དྲིས་པས།ཞིང་ཁམས་ཕ་ཀི་རེད་ཅེས་མཛུབ་སྟོན་བྱེད་པ་ལ་བདག་གིས་བལྟས་པ་ན།མེ་ཏོག་དམར་པོས་བརྒྱན་པའི་ས་གཞི་ལ་དཔག་བསམ་ཤིང་གི་ནགས་ཚལ་ལྷུན་སྟུག་པ་ཞིག་གི་ནང་ནས་འོད་ཕུང་དམར་པོ་ཉི་འོད་ལྟ་བུས་ཕྱོགས་མཚམས་ཀུན་ཏུ་ཁྱབ་པ་མཐོང་ཚེ་ཡིད་རབ་ཏུ་གདུང་ཞིང་འགོག་ཏུ་མེད་པའི་ཞེན་ཆགས་སྐྱེ་བའི་སྐྱེད་མོས་ཚལ་བཀྲ་ལམ་མེ་བ་མཐོང་།མཁའ་འགྲོ་མ་དེ་ལ་ཕ་ཀི་ཤིན་ཏུ་སྐྱིད་ཅིང་ཡིད་འཕྲོག་པའི་གནས་འདི་གང་ལགས་སྨྲས་པས།ཡུལ་ཕ་ཀི་བདེ་བ་ཅན་ཞེས་བྱ་བ་སྟེ།འོད་དེ་སངས་རྒྱས་འོད་མཐའ་ཡས་པའི་འོད་ཟེར་ཡིན་པས་སྨོན་ལམ་ཐོབ་དང་མ་འོངས་པ་ན་ཁྱོད་ཀྱང་དེར་འཕོ་བར་འགྱུར་རོ། །ཞེས་ཟེར་བ་བཞིན་བདག་གིས་ཀྱང་ཕྱག་འཚལ་ཞིང་སྨོན་ལམ་བཏབ་མཐར།བུ་མོ་ཀུན་ཤེས་མ།བདེ་བ་ཅན་ཞེས་བྱ་བ་ཞིག་ཡོད་ཟེར་བ་ཀུན་རྫོབ་ཙམ་དུ་རང་སྣང་བ་མ་གཏོགས་དོན་ལ་མེད་པར་ཐག་བཅད་ནས་ཡོད་དེ།ངེས་པར་རང་སྣང་མ་ཡིན་པའི་རང་རྒྱུད་པར་ཡོད་པ་དེ་ཡ་མཚན་ཞེས་སྨྲས་པས།མོ་ན་རེ།ཧ་ཧ་རང་སྣང་མ་གཏོགས་གཞན་རང་རྒྱུད་པ་ཞིག་སྔར་ཡང་མཐོང་མ་མྱོང་།ཕྱིས་ཀྱང་མཐོང་མི་སྲིད།ད་ལྟ་ཡང་རྨི་ལམ་གྱི་སྣང་བ་རང་སྣང་མིན་པར་སེམས་པ་འདི་མཚར་རེ་ཆེ།ཞེས་ཟེར་བས་བདག་གཉིད་ལས་སད།དེ་ནས་དགུན་ཟླ་ར་བའི་ཚེས་བཅོ་བརྒྱད་ཀྱི་ནུབ་མཁའ་འགྲོ་སེང་གེ་གདོང་པ་ཅན་གྱི་མདུན་སར་སླེབས་འདུག་པའི་མོད་ལ་མཁའ་འགྲོ་མས་གཡུའི་པད་ཕོར་དང་མུ་མེན་གྱི་སྒྲོམ་བུ་གཉིས་བཅས་བདག་ལ་གཏད་དེ།བུ་ཁྱོད་ཀྱིས་འདི་གསུམ་ཀ་ཁྱུར་མིད་དུ་ཟོ་ཞིག།ངའི་སྒོམ་བཟླས་རྣམས་སེམས་ལ་གསལ་ནས་འོང་།ཁྱོད་ལ་བར་ཆད་ཀྱི་རྐྱེན་མང་སྟེ་མཁའ་འགྲོའི་སྙིང་ཁྲག་གི་དྭངས་མའི་སྲོག་ཏིག་ནག་པོ་འབྲུ་བཅུ་བཞི་པ་ཟུངས་ཤིག།འདི་རྟག་ཏུ་བཟླས་ནས་བཟློག་པ་ལ་བརྩོན་ན་མི་མཐུན་པའི་ཕྱོགས་ངན་པ་ཐམས་ཅད་སེལ་བར་ངེས་སོ། །ཞེས་གསུངས།མཁའ་འགྲོ་རིགས་བཞིས་ཨ་རལླི་ཧེ་ཧ།ཞེས་སྐད་ཆེར་ཕྱུངས་ནས་བསྒྲགས་པའི་སྒྲས་གཉིད་སད་དོ། །དེ་ནས་ལོ་གྲངས་སུམ་ཅུ་སོ་ལྔ་ལ་བབས་པ་ཧོར་ཟླ་ལྔ་པའི་ཚེས་བཅོ་ལྔའི་ནུབ་རྨི་ལམ་ན་མཁའ་འགྲོ་གསེར་ཕྲེང་མ་ཡིན་སྐད་པའི་བུ་མོ་ཞིག་ན་རེ།མ་འོངས་འབྱུང་འགྱུར་ལ་བལྟ་ཨེ་འགྲོ་ཞེས་ཟེར་བ་དང་འགྲོགས་ནས་ཕྱིན་ཚེ་ཡུལ་ངོ་མི་ཤེས་པ་ཞིག་ཏུ་སླེབས་པས་རི་ཆེན་པོ་ཞིག་གི་ངོས་ན་མཆོད་རྟེན་རྐང་པ་བཞིས་བཏེགས་པའི་འོག་ན་རྡོའི་ར་བ་སྒམ་འདྲ་བ་ཞིག་གི་ནང་ན་ཏིང་བདུན་བརྒྱ་ཕྲག་ལྷག་ཙམ་ཞིག་ཡོད་འདུགམཁའ་འགྲོ་མ་ན་རེ།སྐྱེས་བུ་ཁྱོད་ཀྱིས་སྣོད་འདི་རྣམས་ཟུངས་ཤིག་ཟེར་བ་ལ་ངས་འདི་ལྟར་སྨྲས།ཆག་གས་མེད་པ་བརྒྱ་ལྷག་ཙམ་འདུག་ཀྱང་ཆག་གྲུམ་ཅན་མང་བས་དགོས་པ་མེད།མ་ཆག་པ་རྣམས་ལའང་བདག་པོ་ལོས་ཡོད།མ་བྱིན་པ་བླངས་པ་ལ་དགོས་པ་མེད་སྨྲས་པས།དེ་ན་རེ།བདག་པོ་ནི་མེད།ཆག་གྲུམ་ཅན་རྣམས་དམ་ཉམས་དང་སྣོད་མེད་རྣམས་ཡིན་ཀྱང་།ཆག་གྲུམ་མེད་པ་རྣམས་བུ་སློབ་སྣོད་ལྡན་གྱི་བརྡ་རུ་འདུག་པས་ཟུངས་དང་རྟེན་འབྲེལ་གྱི་དགོས་ཆེད་བཟང་པོ་ཞིག་ཡོད་པ་ཡིན་ཟེར་བ་བཞིན་ཆག་གྲུམ་མེད་པ་རྣམས་རུམ་དུ་བཅུག་ནས།ཕྱིར་ནུར་བྱས་ཏེ་བལྟས་པས་མཆོད་རྟེན་བདུན་འདུག།མཆོད་རྟེན་ནི་རྡོས་བརྩིགས་ཏེ་སས་གཡོགས་པ་དང་།ལ་ལ་ལྕི་བས་གཡོགས་པ་དག་ཏུ་འདུག།བདག་གིས་བུ་མོ་དེ་ལ་ཁྱོད་རྟེན་འབྲེལ་ལ་མཁས་པ་ཡིན་ན་ས་དང་ལྕི་བས་གཡོགས་པ་འདི་དག་ཅི་ཡིན་དྲིས་པས།འདི་དག་ནི་དགོན་སྡེ་དཀོར་ལ་འབག་པ་རྣམས་ཀྱི་བརྡ་རེད།ཏིང་བདུན་དེ་རྣམས་ཁྱེད་ཡབ་སྲས་ཀྱི་གདུལ་བྱ་ཡིན།ད་སོང་སོང་ཟེར་བས་བདག་འཕྲང་ལམ་དོག་ཅིང་རྩུབ་པ་ཞིག་ཏུ་ཞུགས་ནས་སོང་བའི་ལམ་ཁ་ན་མི་ཤ་མདོག་ནག་ལ་སྨ་ར་དམར་བ་འཇིགས་སུ་རུང་བ་ཞིག་གིས་བདག་གི་ལག་པ་གཡས་ནས་བཟུང་སྟེ་ཁར་བཅུག་པའི་མོད་ལ་བདག་དངངས་སྐྲག་བཟོད་མེད་སྐྱེས་མཐར།སླར་ཡང་གཅོད་ཀྱི་ཐོག་བརྫིས་དྲན་ནས་ད་ཟོ་ཞིག་ཁྱེར་ཞིག་ཅེས་སྨྲས་ཏེ་ཁུ་ཚུར་ཁར་བརྫངས་པས་ཁོ་ཡུལ་མེད་དུ་ཡལ་སོང་།དེར་བུད་མེད་དེས་ན་རེ།དཀོར་བདག་རྒྱལ་པོ་ནི་ཐོག་བརྫིས་ཀྱིས་ཐུལ་སོང་། །ད་ནི་བསྟན་དགོན་ལ་དབང་འབྱོར་བ་ཡིན།ཡང་ཕྱོགས་ཀྱི་ནམ་མཁའ་ལ་ལྟོས་དང་ཟེར།བལྟས་པས་སྤྲིན་ནག་པོ་ནས་སྐྱིན་ཐང་འབབ་ཅིང་འབྲུག་སྒྲ་དྲག་པོ་ལྡིར་བ་ཐོས།དེ་ཅི་ཡིན་དྲིས་པས་ཀླ་ཀློ་དབུས་སུ་རྡིབ་པའི་ལྟས་རེད་ཟེར།དེ་ནས་དཔག་ཚད་ཙམ་དུ་ཕྱིན་ཚེ་སྟག་ཁྲ་བོ་བལྟར་མི་བཟོད་པ་ཞིག་གིས་ཧོར་ཧོར་ཞེས་པའི་སྒྲ་ཆེན་པོ་བསྒྲགས་པས་གཉིད་ལས་སད་དོ། །ལོ་ཁྱིམ་དེའི་དགུན་ཟླ་ཐ་ཆུང་གི་ཚེས་བཅུ་དགུའི་ནུབ་ཀྱི་རྨི་ལམ་ན་མཁའ་འགྲོ་དཔལ་གྱི་དགྱེས་སྡེ་མོ་ཡིན་སྐད་པའི་བུད་མེད་ལྗང་མོ་གཡུའི་ཁ་དོག་ཅན་ཞིག་བདག་གི་དྲུང་དུ་བྱུང་ནས་འདི་སྐད་ཟེར།སྐྱེས་མཆོག་དམ་པ་ཁྱོད་ཉོན་དང་། །སང་གི་ཉི་མའི་ཕྱི་དྲོའི་དུས། །འདུལ་བ་འཛིན་པའི་སྐྱེས་བུ་ཞིག།རྒྱལ་འགོང་གདུག་པས་རྒྱུད་བསླུས་ཏེ། །སྨྱོ་ཞིང་རང་སྲོག་གཅོད་ལ་ཆས། །དེ་འདུལ་ཕྱིར་ན་བདུད་གཅོད་ཀྱི། །གདམས་པ་ཟབ་མོའི་གནད་མཆོག་གིས། །བརྡེག་བརྡུང་འཁྲུལ་པའི་འཁོར་ལོ་བཤིག།རྣམ་ཤེས་དབྱིངས་སུ་སྤར་བྱས་ཏེ། །ཤ་ཁྲག་སྟོན་འགྱེད་བྱེད་པ་ཡི། །གནད་དང་ལྡན་ན་དེ་ཐུལ་ཡང་། །སློང་ཚད་རང་ཐོག་མ་ཆོད་ན། །རང་ལ་འབབ་སྟེ་ཁེ་ཉེན་ཆེ། །སྔ་ལྟས་དོ་ནུབ་འཆར་ལ་ལྟོས། །སྙེམས་ཐག་ཆོད་ཅིག་སྐལ་ལྡན་བུ། །བཟང་ངན་ལྟས་མཚན་གང་བྱུང་ཡང་། །དེར་འཛིན་རེ་དོགས་ཞེན་པ་ཆོད། །ཟབ་དོན་གཅོད་ཀྱི་ཉམས་ལེན་གནད། །ཤེས་ནས་རྒྱུད་ལ་འདྲིས་པར་གྱིས། །ཞེས་ཟེར་ནས་ཡལ། །དེ་ནས་ཡུན་ཅིག་གི་ཚེ་བནྡྷེ་ན་ཡོལ་ཞིག་གི་ལག་པ་གཡོན་པས་བདག་གི་གོས་ཀྱི་གོང་བ་ནས་བཟུང་།གཡས་པས་གྲི་རྩེ་ཤིན་ཏུ་རྣོ་བ་ཞིག་སྙིང་གར་བཙུགས་ནས་ད་མི་སྲུན་སྡིག་དྲེད་ཁྱོད་གསོད་པར་མི་བྱེད་རེ་ན་ར་ཀན།ཟེར་བ་ལ་བདག་ཤིན་ཏུ་སྐྲག་ནས་སྐེད་གྲི་ཕྱུངས་ཏེ་ཁོའི་མགོ་ལ་བརྒྱབ་པས་མགོ་བོ་བཀས་ཏེ་འགྱེལ་སོང་བ་དང་ཆབ་གཅིག་ཏུ་བདག་གི་གྲི་ཡང་ཆག་སོང་།དེ་ནས་ཁོའི་གྲི་བླངས་ཏེ་ལུས་ཚལ་པར་གཏུབ་པས་ཁྲག་ཐིག་ཞིག་སྙིང་གར་ཡར་བ་དེ་ལ་བཙོག་སྣང་ཞིག་ཤར།དེའི་ཕྱིར་ཉིན་གླིང་ལྷ་མཆོག་ཞེས་བྱ་བས་ངེད་ཀྱི་མཐའ་བའི་དགེ་སློང་སྔོ་ལི་ཞེས་པ་སྨྱོ་རུ་ཡོད་དེ་ཁྱེད་མ་བྱོན་པའི་ཐབས་མེད་ཅེས་ཟེར་བ་ལ།རྨི་ལམ་ཤིན་ཏུ་ངན་པ་ཞིག་རྨིས་པས་ང་མི་འགྲོ་སྨྲས་པས།དེ་ན་རེ།ཁྱེད་མ་བྱོན་ཚེ་ང་བསད་པ་དང་འདྲ་སྟེ་ཉལ་ནས་འདུག་རྒྱུ་ཡིན་ཟེར་བ་བཟློག་མ་ནུས་པར་དེ་དང་མཉམ་དུ་ཕྱིན་ནས་སྨྱོན་པའི་རྩར་སླེབ་མ་ཐག་ཏུ་གཡང་གཞིས་དྲག་ཏུ་བརྡུང་བའི་མོད་ལ་གཡང་གཞི་སྐེད་ནས་ཆད་སོང་ཚེ་མདང་གི་རྨི་ལམ་དྲན་ནས་འཁུ་འཕྲིག་འགོག་མི་བཏུབ་པ་ཞིག་སྐྱེས།དེའི་ཕྱི་ཉིན་སྨྱོན་པ་ནད་ལས་གྲོལ་སོང་།བདག་གི་སྙིང་འཕར་ཞིང་གཉིད་མ་བྱུང་བས་དེ་ལ་གླུད་བསྔོ་ཚོགས་བསྐང་ཇི་ལྟར་བྱས་ཀྱང་ཕན་པ་མ་བྱུང་།དེ་ནས་ན་དགའ་ཤི་སྐྱིད་བསྒོམ་ཞིང་བྲག་འཇིགས་སུ་རུང་བ་ཆེས་གཉན་པ་ཞིག་གི་ཚལ་དུ་ཕྱིན་ནས་སྐེ་ལ་ཐག་པ་བཏགས་ཏེ་གཏད་བྱས་པས་ནད་ཡུལ་མེད་དུ་ཡལ་སོང་ངོ་། །དེ་ནས་ལོ་གྲངས་སུམ་ཅུ་སོ་དྲུག་ལ་བབས་པ་ཧོར་ཟླ་བདུན་པའི་ཚེས་དགུའི་ནུབ་རྨི་ལམ་ན་མི་ནག་པོ་བལྟར་མི་བཟོད་པ་ཞིག་བྱུང་ནས་བདག་གི་རུམ་དུ་ལག་པ་བརྒྱབ་སྟེ་ང་ནི་གུར་གྱི་མགོན་པོའི་བློན་ཆེན་ཡིན།ཁྱོད་ཀྱི་གློ་སྙིང་ལེན་དུ་བཏང་བ་ཡིན་ཟེར་བ་ལ།བདག་གིས་འཁོར་འདས་སྟོང་ཉིད་ཀྱི་རོལ་པར་འུབ་ཆུབ་པའི་ཏིང་ངེ་འཛིན་ལ་བཞུགས་པས།དེ་ན་རེ།ཁོ་མ་ཐུབ་ཀྱང་ཁོའི་སློབ་མ་ལ་ཡ་ཡ་ཞེས་ཟེར་ཞིང་ཨམ་གཙིགས་བསྡམས་ནས་ཁ་ཕྱིར་གྱུ་བའི་ཚེ།བདག་གི་སྐེད་གྲི་ཕྱུངས་ཏེ་ཁོའི་མགོ་ལ་བརྒྱབ་པས་ལུས་སྨྱུག་མ་བཀས་པ་ལྟར་གཡས་གཡོན་དུ་ལྷུང་སོང་།དེ་དུས་གླིང་ལྷ་པ་ཞེས་བྱ་བ་བླ་མ་རྩང་པའི་མཐུས་གལ་ལ་ཐོག་པ་བཟློག་ཕྱིར་གདུགས་དཀར་ཀློག་འདོན་དུ་ཕྱིན་ཡོད་པ་ཞིག་སྨྱོས་ནས་བདག་གི་གམ་དུ་སླེབས་པ་ཡང་གཅོད་ཀྱི་གདམས་པ་ལ་བརྟེན་ནས་ནད་ལས་གྲོལ།དེ་ནས་ཧོར་ཟླ་བཅུ་པའི་ནུབ་རྒྱལ་གདོན་འཇིགས་སུ་རུང་བ་བུད་མེད་ནག་མོ་བདུན་དང་འགྲོགས་པ་ཞིག་བྱུང་ནས་ངའི་རྐང་པ་གཡོན་ནས་དམ་པོར་བཟུང་སྟེ་ཤེད་བསྐྱེད་འདུག་པ་ལ།བདག་གིས་དེའི་སྐྲ་ལ་བཟུང་སྟེ་གྲི་ཕྱུངས་ནས་ཁྱོད་གསོད་པར་མི་བྱེད་རེ་སྨྲས་པས།ཁོ་ན་རེ།ང་མ་བསད་དང་ཁྱོད་ཀྱིས་ཅི་བསྒོ་བ་དེ་ངས་བསྒྲུབ་ཟེར་བ་ལ།བདག་གིས་སེམས་ཅན་ཐམས་ཅད་ལ་གནོད་པ་མི་བྱེད་པར་ཁས་ལོངས་ཤིག་སྨྲས་པས།ཁོས་དེ་ལྟར་མི་ནུས་ཏེ་བདག་ཅག་མུ་གེས་ཤི་བ་ལས་འོས་མེད་པས་གཞན་ཞིག་བསྒོ་དང་དེ་བསྒྲུབ་ཟེར།དེ་ལྟར་ན་ངའི་སློབ་བརྒྱུད་ལ་གནོད་པ་མི་བྱེད་པར་ཁས་ལོངས་བྱས་པས།ཁྱོད་ཀྱི་བུ་སློབ་ཏུ་གྱུར་པ་ལ་གནོད་པ་བྱེད་རེ་ན་ར་ཀན།ཅེས་ཟེར་ཏེ་ཁས་བླངས་ནས་སོང་།དེ་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་བཅུའི་ཉིན་ནོར་བདག་ཆེན་པོ་ཨ་པ་རའི་སྒྲུབ་པ་ལ་ཞུགས་ཚེ་ཟླ་བ་ཕྱི་མའི་ཚེས་ལྔའི་ནུབ་ནོར་བདག་ཆེན་པོས་ཞལ་གཟིགས་ནས་འདི་སྐད་ཟེར།ཁྱོད་ལ་ལོ་གྲངས་དགུ་ཚུན་ཆད་དུ་ནོར་སྟེར་རྒྱུ་མི་རྙེད་དེ།དེ་ཕན་ཆད་ཅི་འདོད་པ་ཐམས་ཅད་སྟེར་འོང་།སང་ཕོད་ཁྱོད་ཀྱི་སྲས་ཆེ་བ་དེ་བདག་པོ་ལ་ར་སྤྲོད་དང་བསྟན་པ་དང་འགྲོ་བ་ལ་ཕན་ཐོགས་པ་ཡོད།སྲས་འབྲིང་བ་དེ་སྟེར་ཀྱང་རུང་ལ་མ་སྟེར་ཀྱང་རུང་།སྲས་ཆུང་བ་དེ་སུ་ལའང་མ་སྟེར་དང་ཁྱོད་ཀྱིས་བསྟན་པ་ལ་ཕན་ཐོགས་ཆེན་པོ་འབྱུང་སྲིད།ད་དུང་ཡང་སྲས་དྲུག་གམ་ལྔ་འབྱུང་བས་བསྟན་པ་དང་སེམས་ཅན་ལ་ཕན་ཐོགས་པ་ནི་དབུལ་ཕོངས་རྒུད་པ་སེལ་བ་ལ་ཡིད་བཞིན་དབང་གི་རྒྱལ་པོ་ལྟ་བུ་ཤ་སྟག་ཡིན་ཏེ་སྨོན་ལམ་གྱི་སྟོབས་ལས་སྐྱེས་པ་ཡིན།ཁྱོད་ལ་བུ་སློབ་ནམ་མཁའི་སྐར་ཚོགས་ལྟ་བུ་འབྱུང་ལ་ཁྱད་པར་དུ་ཉི་ཟླ་སྐར་ཆེན་ལྟ་བུ་བཅུ་བདུན་འབྱུང་།བསྟན་པ་ལ་ཕན་ཆེར་ཐོགས།དེ་དག་ནི་ངེས་མེད་ཀྱི་རི་ཁྲོད་བསྟེན་ཞིང་སྙིང་པོའི་སྒྲུབ་པ་ལ་བརྩོན་པ་དང་།ལོ་རེ་བཞིན་འཆི་མེད་ཚེའི་སྒྲུབ་པ་ལ་འབད་པ་གལ་ཤིན་ཏུ་ཆེ།བདུད་གཅོད་ཟབ་མོའི་གདམས་པ་ལ་བརྟེན་ནས་ལུས་ཀྱི་གཅེས་འཛིན་བཏང་སྟེ་ཤ་ཁྲག་སྟོན་འགྱེད་བྱ་བ་ནི་བར་ཆད་ཐམས་ཅད་སེལ་བའི་གནད་མཆོག་ཡིན་ཏེ་མ་བརྗེད་སེམས་ལ་ཞོག་དང་ངས་བླ་སློབ་ཀུན་གྱི་མཐུན་རྐྱེན་ཅི་ནུས་སུ་བསྒྲུབ་འོང་།ཞེས་ཟེར་ཞིང་མི་སྣང་བར་ཡལ།ཧོར་ཟླ་བཅུ་གཉིས་པའི་ཚེས་གསུམ་གྱི་ནུབ་མཁའ་འགྲོ་མ་དབང་གི་རྒྱལ་མོ་ཡིན་ཟེར་བའི་བུད་མེད་དམར་མོ་ཞིག་གིས་ན་རེ།ཀྱཻ།སྐལ་པ་བཟང་པོའི་སྐྱེས་བུ་ཁྱོད། །གནས་འདི་རྡོ་རྗེ་མཁའ་འགྲོའི་གནས། །ཨོ་རྒྱན་དྷུ་མ་ཐ་ལ་དང་། །མཉམ་པའི་ས་སྤྱོད་འོག་མིན་ཏེ། །ཏིང་འཛིན་ཤུགས་ཀྱིས་སྐྱེ་བའི་གནས། །ད་ནི་ཁྱོད་ཉིད་གནས་འཕོ་ཚད།དངོས་གྲུབ་འགའ་རེ་ཐོབ་ནས་གདའ། །ཉ་མང་ཞེས་བྱའི་ལུང་ཕྲན་དུ། །ཡུན་ཅིག་སྡོད་ལ་མངོན་སྤྱོད་ཀྱི། །ལས་ལ་བརྩོན་ན་བསྟན་དགྲ་ཐུལ། །ཕུ་ལུང་གད་ཀྱི་ལ་ཐོག་ཏུ། །གནོད་སྦྱིན་ཆེན་པོའི་བླ་གནས་ཡོད། །དྲག་པོ་མཐུ་ཡི་གྲགས་པ་ཐོབ། །རེ་ཞིག་དེ་རུ་གནས་མཛོད་ཅིག།བུ་སློབ་བཟང་པོ་འགའ་ཞིག་འདུ། །རིང་པོར་མི་ཐོགས་དེར་བཞུད་ཅིག།ཅེས་ཟེར་ནས་ཡལ་ལོ། །དེ་ནས་རང་ལོ་སུམ་ཅུ་སོ་བདུན་ལྕགས་ལུག་གི་ལོ་ཧོར་ཟླ་དང་པོའི་ཚེས་གཅིག་གི་ཉིན་སྨར་གྱི་ཉ་མང་ལུང་པར་ཕྱིན་ནས་ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་པ་ལ་ཞུགས་ཏེ་ཟླ་བ་དང་པོའི་ཚེས་བཅོ་ལྔ་ནས་གཉིས་པའི་བཅོ་ལྔའི་བར་དུ་དམ་རྒྱས་བསྒྲུབ་ཚེ།བདག་ལ་མིག་འབྱིན་ལྕགས་ཀྱུ་རྣོན་པོའི་སྔགས་ཡིན་ཟེར་བའི་སྔགས་འབྲུ་ལྔ་པ་ཞིག་ལྷ་ཆེན་གྱིས་དངོས་སུ་གནང་བ་ཞག་བཅུ་རུ་ལག་ལེན་ལ་བཏབ་པས་བསྟན་དགྲ་དེའི་མིག་ལོང་བར་གྱུར་ནས་མཐུའི་གྲགས་པ་ཐོབ།དཔྱིད་ཐ་ཆུང་གི་ནང་ཕུག་ལུང་གད་ཐོག་ཏུ་ཁང་པ་ཞིག་རྒྱག་གྲབ་བྱེད་དུ་ཡོད་པའི་སྐབས།ཚེས་བཅུའི་ནུབ་མཁའ་འགྲོ་ཀུན་ཏུ་རྒྱུ་བ་རིགས་ལྡན་མ་ཡིན་ཟེར་བའི་བུད་མེད་རྒན་མོ་ཞིག་གིས་ན་རེ།སྐྱེས་བུ་མཆོག་ཁྱོད་ཚུར་ཉོན་དང་། །སྟོན་ཟླ་འབྲིང་པོའི་ཚེས་གསུམ་ཉིན། །ཁང་པ་བརྩིགས་པའི་གཟའ་སྐར་ལེགས། །དུས་སྐབས་དེ་རུ་མ་ཐུག་བར། །ཁང་པ་བརྩིགས་པའི་དུས་མ་ཡིན། །དེ་བར་འདི་རུ་སྡོད་ཅིག་དང་། །བཟང་ངན་རྐྱེན་སྣང་གང་ཡང་མེད། །ཅེས་ཟེར་བ་ལ་ངས་འདི་ལྟར་སྨྲས། །སྲིད་པའི་ཨ་ཕྱི་ཆེན་མོ་ལགས། །སྨར་གྱི་ཕུག་ལུང་ལ་ཐོག་ཏུ། །ང་ཡི་བསྟན་སྲིད་ཇི་ཙམ་གནས། །མ་མ་ཁྱོད་ཀྱིས་བསྟན་དུ་གསོལ། །ཞེས་སྨྲས་པའི་ལན་དུ།དྲན་མེད་ཉིང་འཁྲུལ་མཁན་པོ་ཞིག།བྱུང་ཚེ་རྟེན་འབྲེལ་བརྟག་དང་གསལ། །དེ་རིང་ང་ལ་བཤད་དུ་མེད། །ཁྱོད་ཀྱིས་ང་ཡི་ངག་བཞིན་ཉོན། །དགྲ་གྱོད་ཁ་བ་བབས་བཞིན་དུ། །འབྱུང་བ་སྔོན་གྱི་ལས་སུ་སོམས། །ཨོ་རྒྱན་ཆེན་པོའི་ཞལ་ན་རེ། །ང་ཡི་གཏེར་དང་འཕྲད་པའི་ཚེ། །རྒྱ་བོད་ལྷ་འདྲེས་ཕྲག་དོག་ནས། །ལེགས་ཉེས་གར་གྱི་རྣམ་འགྱུར་སྟོན། །ཀི་སྒྲ་འདོན་ཅིང་ཧབ་ཤ་བྱེད། །དེ་ཚེ་ང་ཡི་བུ་མཆོག་ལ། །ཡ་ང་བག་ཚ་མ་མཆིས་ན། །བདུད་ཀྱི་འཇུག་སྒོ་ག་ལ་ཡོད། །ཅེས་གསུངས་བཀའ་བཙན་དྲན་པར་གྱིས། །ཞེས་ཟེར་ཞིང་སྟོང་པར་ཡལ་ལོ། །དེ་ནས་སྟོན་ཟླ་ར་བའི་ཚེས་གསུམ་ལ་བབས་པའི་ཉིན་ལས་མི་མང་པོ་བསྡུས་ནས་ཁང་པའི་རྨང་བཏིང་བའི་ཚེ་མགོན་ཁང་གི་རྨང་བརྐོ་དུས་རིན་པོ་ཆེ་གསེར་གཡུ་དུང་གསུམ་ཟངས་དངུལ་ལྕགས་གསུམ་མཆོང་དང་རཱ་ག་མུ་མེན་བྱུ་རུ་ལ་སོགས་པའི་རིན་པོ་ཆེ་ངོ་ཤེས་པ་དང་མི་ཤེས་པ་གཞོང་ཆུང་གང་ཙམ་བརྡོལ་བྱུང་བ་བསོད་ནམས་དང་ལོངས་སྤྱོད་འཕེལ་བའི་རྟེན་འབྲེལ་དུ་གོ།གཉེར་ཁང་གི་རྨང་འོག་ནས་མི་རོ་ཆེ་ཆུང་གསུམ་གྱི་རུས་པ་དང་མུ་ཏིག་གི་ཕྲེང་བ་ཟངས་ཐག་ལ་བརྒྱུས་པ་རྣམས་བྱུང་བ་མགོན་ཁང་དུ་རྟེན་འབྲེལ་ལེགས་ཀྱང་ཁང་པའི་སྒབ་ཕྱོགས་སུ་ཁེལ་སྟབས་བཀོད་མི་བདེ་བས་མ་བྱས། །ཁང་པ་གྲུབ་ཟིན་པ་ན་བན་སྨྱོན་ཞིག་སླེབས་བྱུང་བ་དེ་ལ་རྟེན་འབྲེལ་བརྟག་ཕྱིར་ཁྱོད་སོང་ལ་སྨར་ཆུའི་ནང་ནས་རྡོ་མི་འདྲ་བའི་རྟགས་ཅན་ཞིག་ཁྱེར་ཤོག་སྨྲས་པས་དེ་སོང་ནས་དགོང་མོ་དེར་ཆུ་རྡོ་སྨུག་པོ་མིའི་རྣ་བ་འདྲ་བ་ཞིག་ཁྱེར་བྱུང་།བུ་སློབ་རྣམས་ཀྱིས་འདི་རྟེན་འབྲེལ་གང་ལགས་ཟེར་བ་ལ།བདག་གིས་གནས་འདི་རུ་ཡུན་རིང་པོར་སྡོད་རྒྱུ་མི་འོང་སྟེ།རྣ་བས་ཉན་ན་ཐོས་འདུག་པའི་ས་ཞིག་ཏུ་འགྲོ་དགོས་འབྱུང་བའི་ལྟས་ངེས་པར་རེད་ཅེས་སྨྲས།དེ་ནས་དགུན་ཟླ་ར་བའི་ཚེས་གསུམ་གྱི་ཉིན་མདུན་གྱི་ནམ་མཁར་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ཡིན་སྐད་པའི་བུ་མོ་སེར་མོ་ཞིག་ན་རེ།ཟླ་བ་འདིའི་ཚེས་བཅུ་ནས་བཅོ་ལྔའི་བར་དུ་ཚོགས་མཆོད་མང་པོ་ཞིག་གྱིས་དང་དགོན་པ་འདི་མི་རབས་གཉིས་ཙམ་བར་དུ་ཆོས་ཀྱི་དགོན་པར་འགྱུར་ཞིང་ཁྱོད་ཡུན་རིང་པོར་སྡོད་པའི་སྐལ་བ་མེད་ཀྱང་བྱས་པ་དོན་མེད་དུ་མི་འགྱུར་བའི་དགོས་པ་ཡོད་ཟེར་ནས་ཡལ་སོང་།དེས་ཟེར་བ་བཞིན་རིག་འཛིན་བདུད་འདུལ་རྡོ་རྗེའི་གཏེར་བྱོན་དམ་ཆོས་སྤྲུལ་སྐུའི་སྙིང་ཐིག་གི་རྡོ་རྗེ་གྲོ་ལོད་ཀྱི་ཚོགས་སྐོང་རྒྱ་ཆེན་པོ་བྱས།དགུན་ཟླ་འབྲིང་པོའི་ཚེས་བཅུའི་ནངས་པར་སློབ་བུ་དྷརྨ་པ་ཞེས་བྱ་བས་ང་ལ་མཁའ་འགྲོ་ཁྲོས་མ་ནག་མོའི་སྒྲུབ་ཐབས་ཞིག་ཕོབ་དང་ཉམས་ལེན་ལ་ཅི་ནུས་སུ་འབད་ངེས་ཟེར་བ་ལ།བདག་གིས་དེའི་མཚན་དང་དབུ་བརྩམས་ནས་ཡོད་པའི་སྐབས་ཡུན་ཅིག་བཞག་ནས་རྨི་ལམ་བརྟག་པས།དེ་ནུབ་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་མས་འདི་སྐད་ཅེས།ང་ནི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཞེས་བྱ་བ་ཡིན་ཏེ་ཁྱོད་ཀྱིས་ལས་ཅི་བྱེད་དུ་ཡོད་ཟེར།བདག་གིས་སློབ་བུ་འདིས་མཁའ་འགྲོ་ཁྲོས་མ་ནག་མོའི་སྒྲུབ་ཐབས་ཞིག་དགོས་ཞེས་ནན་དུ་བསྐུལ་འདུག་པས།དེ་འབེབས་གྲབ་བྱས་ནས་དབུ་བཙུགས་ཡོད་དེ་ལེགས་སམ་མ་ལེགས་ཞེས་ཞུས་པས།མཁའ་འགྲོ་མ་ན་རེ།ད་ལྟའི་ཁྱོད་ཀྱི་བུ་སློབ་འདི། །གཏེར་ཆེན་ཤེས་རབ་འོད་ཟེར་གྱི། །སློབ་མ་སེངྒེ་རྒྱ་མཚོ་ཡིན། །བླ་མའི་སྨོན་ལམ་མཐུ་ཡོད་ཀྱང་། །སྔོན་གྱི་ལས་ཀྱི་ལེན་པ་ཡིས། །ད་ལྟ་མི་རིགས་ངན་པར་སྐྱེས། །ལོག་པ་བདུད་ཀྱིས་བློ་བསྒྱུར་ན། །ཁྱོད་དང་འགལ་ཏེ་གཞན་འོག་འགྲོ། །ཁྱོད་ཀྱི་བསྟན་ལ་ཕན་མི་ཐོགས། །དེ་འདྲའི་བདུད་ཀྱིས་མ་བསླུས་ན། །བསྟན་འགྲོའི་མགོན་པོ་མཆོག་གྱུར་ནས། །ཁྱོད་ཀྱི་བསྟན་ལ་ཕན་ཆེར་ཐོགས། །བདུད་ཀྱི་དབང་དུ་མ་སོང་བར། །འོད་གསལ་ཐོད་རྒལ་ལ་སྤྱོད་ན། །འཇའ་ལུས་རྡོ་རྗེའི་སྐུ་འཐོབ་འགྱུར། །ཞེས་གསུངས་པའི་ལན་དུ་ངས་འདི་སྐད་སྨྲས།ཨ་མ་ཐུགས་རྗེ་ཅན་འདི་ང་དང་འགལ་ཏེ་སློབ་དཔོན་གཞན་བརྟེན་ན་འཇམ་ལུས་ཨེ་ཐོབ་ཅེས་དྲིས་པས།དེ་ན་རེ།སྔོན་བདུད་འདུལ་རྡོ་རྗེའི་དུས་སུ་དེའི་སློབ་བུ་པདྨ་འོད་ཟེར་ཞེས་བྱ་བ་ཡིན་ཏེ།བླ་མས་མ་འོངས་པའི་དུས་སུ་ངས་ལྕགས་མོ་བདུད་འཇོམས་གླིང་པའི་ལུས་བླངས་ནས་ཟབ་གཏེར་སྐོར་བཞི་ལ་དབང་བྱེད་པའི་དུས་སུ་ཁྱོད་ངའི་འབངས་སུ་གྱུར་ཟབ་ཆོས་ལ་སྤྱོད་ནས་འཇའ་ལུས་འཕོ་བ་ཆེན་པོར་སངས་རྒྱས་པར་གྱུར་ཅིག་ཅེས་པའི་སྨོན་ལམ་གྱི་སྟོབས་ཡོད་ཀྱང་།དེར་མ་བསྟེན་ན་འཆི་ཁ་ཐ་མལ་དུ་ལུས་ནས་ཐར་ལམ་ཡང་དེ་ཙམ་མོ། །བདུད་ཀྱི་ལམ་ལས་ལོག་ནས་ཁྲེགས་ཆོད་ཀྱི་ལྟ་བ་ལ་མཁས་པར་སྦྱངས་ནས་གཏན་ལ་ཕབ་སྟེ་མཐར་ལམ་ཐོད་རྒལ་ལ་བརྟེན་ན་གྲོལ་བ་ཐོབ་སྲིད་དེ།སློབ་དཔོན་གཞན་དབང་དུ་གྱུར་པ་དང་རང་ཉམས་ལ་འཇིགས་ནས་ཉམས་སུ་ལེན་པའི་དུས་མེད་པར་གྱུར་ན་ནི་བདུད་དང་མཁའ་འགྲོ་མས་བསླུས་པ་ཡིན་ནོ། །འོན་ཀྱང་ཟབ་ཆོས་ནི་ཡི་གེར་ཕབ་ན་ལེགས་ཏེ་ཁོས་ཉམས་སུ་མ་བླང་ཡང་ཆོས་བདག་སྐྱེས་བུ་སྣོད་དང་ལྡན་པ་མང་པོ་འདིའི་སྒོ་ནས་གྲོལ་བའི་སྐལ་བ་ཡོད་པས་དཀའ་ཚེགས་ལ་མ་འཛེམས་པར་མྱུར་དུ་ཕོབ་དང་ཀུན་ལ་ཁྱབ་པའི་རྟེན་འབྲེལ་གྱི་ལྟས་ཞིག་ཀྱང་འབྱུང་ཞིང་།དངོས་གྲུབ་ཀྱི་པྲ་ལྟས་སློབ་བུའི་མཆོག་ཞིག་ལ་འབྱུང་ངེས་ཡིན།ཞེས་གསུངས་ཤིང་མི་སྣང་བར་གྱུར་ཏོ། །ཟླ་བ་ཕྱི་མའི་ཚེས་བརྒྱད་ཀྱི་ནུབ་རྨི་ལམ་ན་ཡུལ་ཡངས་པ་ཆེན་པོ་བྱང་ཐང་ནེའུ་སེང་མེ་ཏོག་གིས་གང་བའི་སྐྱེད་མོས་ཚལ་ན་དར་མཐིང་ནག་གི་གུར་ཆེན་པོ་ཞིག་གི་ནང་རིན་པོ་ཆེའི་ཁྲིའི་སྟེང་དུ་དར་ཟབ་འབོལ་བརྩེགས་ཀྱི་གདན་ལ་ངའི་བླ་མ་འཇམ་དབྱངས་དེ་ཉིད་སྐུ་མངོན་སུམ་པ་ལྟ་བུར་བཞུགས་འདུག་པས།བདག་གིས་བླ་མ་མཇལ་བ་ཙམ་གྱིས་དད་གུས་དགའ་གདུང་ཚད་མེད་པ་སྐྱེས་ཤིང་མིག་ནས་མཆི་མ་བརྡོལ་བཞིན་དུ་འདི་སྐད་ཞུས།ཚེ་རབས་གཏན་གྱི་མགོན་པོ་ཁྱོད་དང་ད་སྔོན་ལོ་གྲངས་མང་པོར་མཇལ་སྟབས་མ་འགྲིགས།དེ་རིང་བདག་གིས་མཇལ་བ་འདི་སྐལ་བ་དང་ལྡན་པ་ལགས།ཁྱེད་བཞུགས་པའི་གནས་འདི་གང་ལགས་ཞུས་པས།བླ་མའི་ཞལ་ནས།བདག་གིས་སྔོན་ནུབ་ཕྱོགས་བདེ་བ་ཅན་དུ་སྨོན་ལམ་བཏབ་ནས་འདུན་པ་གཏད་པ་ཡིན་ཀྱང་།དེར་སྒོམ་བཟླས་ཀྱི་གནད་མ་ཐེངས་པས་དེའི་སྣང་བ་མ་མཆེད།རྡོ་རྗེ་སེམས་དཔའི་སྒོམ་བཟླས་ཀྱི་གནད་ཐེངས་པས་བར་དོ་དང་པོའི་སྐབས་སུ་ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་དྲན་ནས་སྣང་བ་དེ་མཆེད་ཅིང་གནས་པ་ཡིན།ཁྱོད་ལ་གཏེར་ཆོས་བབས་པ་ངོ་མཚར་ཆེ།དེ་བབས་ལུགས་ཇི་ལྟ་བུ་ལགས་ང་ལ་སྨྲོས་ཞེས་གསུངས།དེ་ལ་འདི་ལྟར་ཞུས།བླ་མ་ཐུགས་རྗེ་ཅན་ཁྱེད་ངེས་པ་ལྔ་ལྡན་གྱི་ཞིང་ཁམས་ལ་དབང་བསྒྱུར་བའི་བྱང་ཆུབ་སེམས་དཔའ་ཆེན་པོས་ངའི་ཡིན་ལུགས་ལོས་མཁྱེན་ནའང་དགོས་པ་ཆེན་པོའི་ཕྱིར་དེ་ལྟར་གསུངས་པ་ལགས་མོད།སྔོན་རང་ལོ་ཉེར་གསུམ་གྱི་དུས་ནུབ་གཅིག་གི་རྨི་ལམ་ན་མགོན་པོ་སྤྱན་རས་གཟིགས་ཡིན་སྐད་པའི་མི་དཀར་གསེར་གྱི་ཟུར་ཕུད་ཅན་ཞིག་གིས།བུ་ཁྱོད་ནི་ཚེ་རབས་མང་པོ་གོང་རོལ་ནས་ལས་དང་བསོད་ནམས་བཟང་པོའི་སྟོབས་དང་སྨོན་ལམ་རྣམ་པར་དག་པའི་མཐུས་ས་དང་ལམ་གྱི་ཡོན་ཏན་རྫོགས་པའི་སྐལ་ལྡན་ཡིན་ཏེ།ད་རེས་བསྟན་འགྲོ་ལ་ཕན་འགའ་ཙམ་ཐོགས་པའི་ལས་སྐལ་ཡོད།དེ་ཕྱིར་སྒྲོམ་བུ་འདི་ཟོ་ཞེས་གསུངས་ཤིང་ཤེལ་གྱི་སྒྲོམ་བུ་མཐེ་བོང་ཙམ་གྱི་ངོས་སུ་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟར་ཡི་གེ་ཨོཾཿཧཱུྃཿཏྲཱཾཿཧྲཱིཿཨཱཿཞེས་ཁ་དོག་སྣ་ལྔ་སྣང་བ་ཞིག་གནང་མ་ཐག་ཏུ་བདག་གིས་ཁྱུར་མིད་དུ་བཏང་བ་དང་།འཕགས་པའི་ཞལ་ནས་དེ་ཟབ་ཆོས་དགོངས་པ་ཀློང་རྡོལ་ཞེས་བྱ་བ་ཡིན་གསུངས་ནས་བདག་ལ་ཐིམ།དེ་ནས་རེ་ཞིག་གི་ཚེ་འཇམ་དཔལ་སྨྲ་བའི་སེངྒེའི་སྒོམ་བཟླས་ལ་ཞུགས་པའི་ཕྱི་དྲོའི་དུས་ཞིག་ཏུ་དྲི་བཟང་གིས་གནས་ཁང་གང་བ་བྱུང་།དེ་དུས་འཇམ་དཔལ་སྨྲ་བའི་སེངྒེའི་ཞལ་མངོན་སུམ་དུ་གཟིགས་ཤིང་ཕྱག་ནས་གསེར་གྱི་སྒྲོམ་བུ་བྱིའུའི་སྒོ་ང་ཙམ་ཞིག་བདག་ལ་གཏད་དེ་འདི་ཟོ་ཞིག་དང་གསུངས་པའི་མོད་ལ་བདག་གིས་ཁྱུར་མིད་དུ་ཟོས་པས།འདི་ནི་དག་སྣང་ཡེ་ཤེས་དྲྭ་བ་ཞེས་བྱ་བ་ཡིན་ནོ་ཞེས་གསུངས་ནས་བདག་ལ་ཐིམ་པའི་སྣང་བ་བྱུང་།ཡང་རེ་ཞིག་གི་ཚེ་དཔལ་ཆེན་ཕྱག་ན་རྡོ་རྗེ་ཡིན་སྐད་པའི་ཁྲོ་བོ་ཆེན་པོ་བལྟར་མི་བཟོད་པ་ཞིག་མཇལ་བའི་ཚེ་བདག་ཤིན་ཏུ་བྲེད་ཅིང་དངངས་ནས་ཡོད་པའི་སྐབས།གསང་བའི་བདག་པོའི་ཞལ་ནས།སྐྱེས་བུ་ཆེན་པོ་ཁྱོད་ང་ལ་མ་འཇིགས་མ་སྐྲག་མ་དངངས་པར་ཉོན་དང་།ང་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཐུ་སྟོབས་གཅིག་ཏུ་བསྡུས་པའི་ངོ་བོ་བཀའ་སྲུང་དྲེགས་པ་ཡོངས་ཀྱི་འབྱུང་གནས་དཔལ་ཆེན་ཕྱག་ན་རྡོ་རྗེ་ཞེས་བྱ་བ་ཡིན།ཁྱོད་ཀྱང་ངའི་ཐུགས་ཀྱི་སྤྲུལ་པ་ཡིན།འགྲོ་བའི་དོན་བྱེད་པའི་ཕོ་ཉར་བསྔགས་སོ། །ཞེས་གསུངས་ཤིང་གཡུའི་མཆོད་རྟེན་མཐེ་བོང་ཙམ་པ་ཞིག་གི་ནང་དུ་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོའི་རི་མོ་ཤར་བ་ཞིག་གནང་ནས་འདི་ཟོ་ཞིག་གསུངས།དེ་ལྟར་བདག་གིས་ཁར་བཅུག་པས་དངོས་མེད་དུ་གྱུར་ཀྱང་མིད་སྟངས་བྱས།དེ་ཆོས་ཉིད་ནམ་མཁའི་ཀློང་མཛོད་ཅེས་བྱ་བ་ཡིན་གསུངས་ནས་བདག་ལ་ཐིམ།དེ་ནས་བཟུང་སྟེ་དག་སྣང་སྐོར་གསུམ་པོ་བདག་གི་རྒྱུད་ལ་སྦར་གྱིས་བཏབ་པ་ལྟར་འཆར་བ་བྱུང་།གཞན་ཡང་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་ཞལ་མཇལ་ནས་མདོ་སྔགས་རྒྱུད་སྟེ་རྒྱ་མཚོའི་སྨིན་བྱེད་ཀྱི་དབང་གྲོལ་བྱེད་ཀྱི་གདམས་པ་རྒྱབ་བརྟེན་གྱི་ལུང་རྣམས་ཡོངས་སུ་རྫོགས་པ་གནང་།ཨ་མ་ཡེ་ཤེས་མཚོ་རྒྱལ་གྱི་ཞལ་མཇལ་ནས་འཁོར་འདས་སྟོང་ཉིད་ཆེན་པོར་ངོ་སྤྲད་ཅིང་རྟོགས་པ་སྐྱེས།བར་སྐབས་སུ་རིག་འཛིན་བླ་མའི་ཚོགས་དང་བདེ་གཤེགས་རྒྱལ་བ་སྲས་བཅས་མང་པོའི་ཞལ་མཇལ་ཞིང་གསུང་གི་བདུད་རྩི་ནོད་ནས་རྒྱུད་བྱིན་གྱིས་བརླབས།ཟབ་ཆོས་མཁའ་འགྲོའི་སྙིང་ཐིག་གི་ཁ་བྱང་ལོན་ཚུལ་ནི།སྨར་གྱི་རྦ་གཏེར་བྲག་དང་།བཙུན་མོ་དངུལ་རྒོད་བྲག་དང་།སྨར་གྱི་པོ་ཙོང་མཆོད་རྟེན་དང་།རྒྱས་བྲོའི་མཆོད་རྟེན་དང་།བཀྲ་ཤིས་སྒོ་མང་དང་།ལྕགས་རི་ཅན་རྣམས་ཀྱི་ནང་ནས་ཁ་བྱང་ཡང་བྱང་སོགས་རྡོ་དང་སྨྱུག་སྦུག་ས་དང་ལ་ཆ་ཤིང་རྣམས་ལས་བྱས་པའི་སྒྲོམ་བུ་དང་།སྒྲོམ་བུ་མེད་པའི་ཤོག་དྲིལ་དང་།སོལ་ཕུང་གི་ནང་ན་ཡོད་པ་རྣམས་རྙེད་པ་ཡིན།ཞེས་ཞུས་པས།བླ་མའི་ཞལ་ནས།ཟབ་ཆོས་དག་སྣང་སྐོར་གསུམ་དེ་འཕགས་པ་རིགས་གསུམ་མགོན་པོའི་རྣམ་པར་འཕྲུལ་པ་དངོས་ཡིན་ལ་བསྟན་པའི་གནས་ཚད་ཐུང་བས་ནུས་པ་ཐམས་ཅད་དུས་གཅིག་ཏུ་བསྡོམས་པའི་ཚུལ་གྱིས་བྱིན་རླབས་ཤིན་ཏུ་ཆེ་ཞིང་མྱུར།དེ་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་རིང་པོར་མི་ཐོགས་པར་མྱུར་དུ་གྲོལ་བར་ཐེ་ཚོམ་མེད་གསུངས།བདག་གིས་བླ་མ་ལགས།བསྟན་པ་གནས་ཡུན་ཐུང་བ་ཅིས་ལན་པ་ཡིན་ཞུས་པས།འབྱུང་འགྱུར་གྱི་ལུང་བསྟན་མང་དུ་གསུངས་ཏེ་དབྱིངས་སུ་ཡལ་སོང་ངོ་། །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ནུས་པའི་དངོས། །རིགས་གསུམ་མགོན་གྱི་སྐུ་གསུང་ཐུགས་ཀྱི་ནི། །སྒྱུ་འཕྲུལ་གང་འཚམས་གང་འདུལ་དེར་སྣང་བ། །བསམ་གྱིས་མི་ཁྱབ་རྡོ་རྗེའི་བརྡ་ཚིག་གི།གནས་ལས་ཟབ་ཆོས་གསུམ་གྱི་དགའ་སྟོན་དེ། །འདོད་རྒུར་འཇོ་བའི་ངོ་མཚར་འདི་ཅི་ཞིག།གང་ཞིག་དེ་དང་འཕྲད་པའི་ལས་ཅན་ཡང་། །སྐལ་བར་ལྡན་ཏེ་སྲིད་པ་ཐ་མ་ཡིན། །རྨོངས་དང་ཁེངས་པས་ཡིད་དཀྲུགས་གཞན་དག་གིས། །ཕྲག་དོག་བློ་ཡིས་ངན་སྨྲས་ཅི་སྒྲོགས་ཀྱང་། །གདིང་ཐོབ་རྒན་པོ་བདག་ནི་བློ་རེ་བདེ། །དེ་ནས་རང་ལོ་སོ་བརྒྱད་ཆུ་སྤྲེལ་གྱི་ལོ་ཁྱིམ་ལ་བབས་ཚེ་མཁའ་འགྲོ་ཁྲོས་མའི་སྒྲུབ་སྐོར་རྣམས་ཡི་གེར་ཕབ་པའི་སྐབས་རླུང་ཆེན་འཚུབས་མ་ཞིག་བྱུང་ནས་ཡིག་ལྡེབ་རྣམས་ཕྱོགས་ཐམས་ཅད་དུ་ཁྱེར་སོང་བ་ནི་ཡུལ་ཕྱོགས་ཀུན་ཏུ་ཁྱབ་པའི་ལྟས་སུ་གོ།རི་ཐང་ཐམས་ཅད་བྱ་རྒྱལ་རྒོད་ཀྱིས་གང་བ་དང་།མཁའ་འགྲོའི་བླ་བྱ་རྒོད་ཀྱི་ཐུལ་ཕྲན་གྱི་ཆར་པ་བབས།སློབ་བུ་པདྨ་བཀྲ་ཤིས་ཀྱིས་རང་གི་ཉམས་སུ་ལེན་པའི་དམ་བཅའ་བྱས་ཏེ་ཡི་གེ་འབྲི་བའི་དབུ་བཙུགས་པའི་ཉིན་ནམ་མཁའ་སྟོང་པའི་དབྱིངས་ལས་འོ་མའི་རྒྱུན་རོ་བཅུད་ནུས་པ་དང་ལྡན་པ་ཕོར་པ་གང་ཙམ་བབས་པ་དེས་བཏུང་བས་ཞག་གསུམ་དུ་ལུས་སེམས་བདེ་བས་གང་ཞིང་རྟོགས་པ་གསར་དུ་འཁྲུངས།མཐར་ཡང་གཞན་ལས་ཁྱད་དུ་འཕགས་པའི་རྟོགས་པ་དང་ལྡན་ཅིང་མཁས་པ་ཞིག་བྱུང་ལ།ངེས་མེད་ཀྱི་རི་ཁྲོད་དུ་སྙིང་པོའི་སྒྲུབ་ཚུགས་ཟིན་ཅིང་ཡང་དག་རྫོགས་པའི་སངས་རྒྱས་ཀྱི་མྱུར་ལམ་ལ་མངའ་དབང་འབྱོར་པ་ཡིན་ནོ། །དངོས་མེད་ཐོགས་བྲལ་མཁའ་ལས་དངོས་ཅན་གྱི། །རྣམ་པ་བདུད་རྩི་འོ་མའི་རྒྱུན་བྱུང་བ། །མན་ངག་ཆེས་ཟབ་སྒྲུབ་ཐབས་འདིར་བསྟེན་ན། །སྟོང་དབྱིངས་ངོ་བོ་ཤེས་རབ་ཕག་མོ་ཡི། །བྱིན་རླབས་ཐབས་སྣང་གྲུབ་གཉིས་འབད་མེད་དུ། །འབྱུང་བའི་བརྡ་སྟེ་རྟོགས་ལྡན་བླ་མ་དང་། །བྱིན་ཅན་གདམས་པ་སྐལ་བཟང་སློབ་མ་ཡི། །རྒྱུ་རྐྱེན་འཛོམ་ཚེ་མཆོག་གི་དངོས་གྲུབ་ཀྱང་། །ཚེགས་མེད་འགྲུབ་པ་རྟེན་འབྲེལ་ཆོས་ཉིད་ཡིན། །སློབ་བུ་ཚེས་བཅུ་སྤྲོ་བའི་ཤུགས་ཀྱིས་རང་གི་ཉམས་སུ་ལེན་འདོད་ནས་ཡི་གེ་འབྲི་བའི་ཚེ་གནས་ཁང་གི་སྟེང་དུ་འཇའ་དར་ཡུག་འདྲ་བ་ལྔ་ཤར་བས་འཇའ་ལུས་སྒྱུ་མའི་སྐུར་གྲོལ་བའི་ལྟས་བྱུང་ཞིང་།མཐར་ཡང་ལྷ་སའི་གླིང་དུ་མྱ་ངན་ལས་འདའ་བའི་ཚེ་འཇའ་འོད་ཀྱི་གུར་སོགས་རྟགས་མཚན་གཞན་ལས་ཁྱད་པར་འཕགས་པ་བྱུང་བས་བོད་དབུས་གཙང་ཐམས་ཅད་ངོ་མཚར་བར་གྱུར།དེ་ནས་དགུན་ཟླ་འབྲིང་པོའི་ནང་དུ་མཁའ་འགྲོ་ཁྲོས་མའི་སྒྲུབ་པ་ལ་ཟླ་བ་གཅིག་ཏུ་བཞུགས་སྐབས་སྒྲུབ་པའི་གྲོགས་སློབ་མའི་མཆོག་ཚེས་བཅུ་དང་པདྨ་བཀྲ་ཤིས་ཨོ་རྒྱན་གསུམ་ལས་མི་མང་བ་ནི་དེ་དག་དམ་ལྡན་ངེས་པ་རུ་ཐག་ཆོད་པས་སོ། །དེ་ཚེ་བྱ་རྒྱལ་རྒོད་ཀྱི་ཐུལ་ཕྲན་གྱི་ཆར་བབས།དྲི་བཟང་གིས་ཁྱིམ་གང་བ་སོགས་ལྟས་མཚན་བཟང་པོ་བྱུང་ངོ་། །སྔོན་བདག་ཧོར་ཚང་གི་ཁྱིམ་དུ་བསྡད་སྐབས་རྣུ་ཟོག་བླ་མ་མཁྱེན་རབ་ཀྱིས་ཁོ་བོ་འཇམ་དཔལ་གྱི་རྒྱུད་ཞིག་ཕོབ་ཟེར་བའི་ངོར་དགུན་ཟླ་འབྲིང་པོའི་ཚེས་བཅུ་ལ་དབུ་བརྩམས་པས་མཁའ་ལས་འབྲུག་སྒྲ་གྲགས་ཤིང་ཁུ་འཕང་ཐོར་ཐོར་བབས་པ་ལ།བདག་གིས་རྟེན་འབྲེལ་ལེགས་སྙམ་ཤིན་ཏུ་དགའ་ནས་སྐྱིད་པ་ལ་ཞེས་སྨྲས་པས།དེ་ན་རེ།དགུན་དུས་འབྲུག་གྲགས་པ་འདི་ཐན་ཡིན་ནམ་ཟེར་བ་སོགས་ཀྱིས་རྟེན་འབྲེལ་དེ་ཙམ་མི་ལེགས་པར་མཐོང་ནས་ལྡེབ་གྲངས་ལྔའི་མཚམས་ནས་མ་ཕབ་པར་བཞག་གོ།དེ་ནས་རང་ལོ་སུམ་ཅུ་སོ་དགུ་ལ་བབས་པ་དབྱར་ཟླ་འབྲིང་པོའི་ཚེས་དགུའི་ནུབ་མཁའ་འགྲོ་མ་ཞིག་གིས།འདི་ཁྱོད་ལ་མཁོ་བའི་རྫས་ཞིག་ཡིན་ཟེར་ནས་ལྕགས་ཕུར་ཤིན་ཏུ་མཛེས་ཤིང་ཡིད་དུ་འོང་བ་ཞིག་ལ་དར་ནག་པོ་བཏགས་པའི་སྣེ་མོར་རྡོའི་ཕུར་པ་ཡིད་དུ་མི་འོང་བ་ཞིག་བཏགས་པ་གཏད་ནས་བུ་ཁྱོད་ལ་སྟེར་བ་ཡིན།འདི་བླ་མ་བླུན་པོའི་ལག་བརྒྱུད་པའི་ལྟས་ཀྱིས་དར་ནག་པོ་བཏགས་པ་རེད།དེ་དང་འབྲེལ་བའི་རྡོའི་ཕུར་པ་འདི་ཡང་གཞན་ལ་མཁོས་ཆུང་སྟེ་རང་གི་དོན་འགྲུབ་པ་ཞིག་ཡིན་པ་འདྲ་ཞེས་ཟེར།ཕྱིར་ཉིན་ཚེས་བཅུའི་སྔ་དྲོ་མཆུ་གཙང་རྡོར་བཟང་དང་ལྷ་བཟོ་རྡོ་རྗེ་ཞེས་བྱ་བ་གཉིས་སླེབས་བྱུང་ཞེས་དགའ་སྟོན་ཚོགས་འཁོར་བྱས།དེ་ནུབ་མཁའ་འགྲོ་མ་ཞིག་གིས་རྡོ་རྗེ་བཟང་པོ་འདི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་སྤྲུལ་པ་ཡིན་པས་གདམས་པའི་ཡང་བཅུད་རྣམས་སྟོན་ཅིག་དང་།འདིའི་བློ་ལོག་པའི་ལུང་ཞིག་གིས་བསྒྱུར་ཉེན་ཆེ་སྟེ་མ་བསྒྱུར་བར་ཁྱོད་ཀྱི་ངག་བཞིན་དུ་ཉན་ན་གདུལ་བྱ་གྲངས་མེད་པ་ཐར་བའི་ལམ་ལ་འགོད་ཅིང་མཐར་འཇའ་ལུས་འོད་ཕུང་དུ་གྲོལ་བ་ཐོབ་པར་འགྱུར་ཞེས་ཟེར་བ་ལ།བདག་གིས།མཁའ་འགྲོ་ཀུན་ཤེས་མ་འདིའི་བློ་གཞན་གྱི་ལོག་པའི་ལུང་བསྟན་གྱིས་བསྒྱུར་ན་ཇི་ལྟར་འགྱུར་ཞེས་དྲིས་པས།དེ་ནི་བྱ་རྒྱལ་དུག་མཚོར་ལྷུང་བ་དང་འདྲ་སྟེ་ཚེ་ཐུང་བ་དང་།མི་ཚེ་འདིས་འགྲོ་དོན་ཡང་མི་འབྱུང་།གྲོགས་འདིས་འགྲོ་དོན་མི་འབྱུང་ཡང་རང་དོན་འགྲུབ།འདི་ཟུང་གིས་རི་ཁྲོད་འཛིན་ཅིང་གནས་ངེས་མེད་དུ་འགྲིམ་པ་གལ་ཤིན་ཏུ་ཆེ་བ་ཡིན་ཞེས་ཟེར་ཞིང་མི་སྣང་བར་ཡལ་ལོ། །དེ་ནས་དགུན་ཟླ་ར་བའི་ཚེས་བརྒྱད་ཀྱི་ནུབ་མཁའ་འགྲོ་སྒེག་མཛེས་མ་ཡིན་ཟེར་བའི་བུད་མེད་ཞིག་གིས།སང་ཕོད་ཁྱོད་ལ་དགྲ་ཞིག་སྡང་འོང་བས།དེ་ལ་གཟའ་རྒོད་ཁྱབ་འཇུག་ཆེན་པོ་གཉེན་པོར་ཐོངས་ཤིག།ལོ་ཁྱིམ་མ་ཟད་གོང་དུ་གཟའ་ལ་གསོལ་མཆོད་ཐེམ་པ་གལ་ཤིན་ཏུ་ཆེ་བ་ཡིན།ཨེ་མ་སྐལ་ལྡན་སྐྱེས་བུ་ཉོན། །ས་འདི་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ས་རུ་སྣང་བ་ཡིན། །ཆུ་རྣམས་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་ཆུ་རུ་སྣང་བ་ཡིན། །མེ་རྣམས་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་མེ་རུ་སྣང་བ་ཡིན། །རླུང་ཡང་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་རླུང་དུ་སྣང་བ་ཡིན། །འཇའ་ཚོན་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་འཇའ་ཚོན་སྣང་བ་ཡིན། །བདག་སྣང་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་བདག་ཏུ་སྣང་བ་ཡིན། །སྣོད་བཅུད་ནམ་མཁའི་རང་བཞིན་ཏེ། །ནམ་མཁའ་སྣོད་བཅུད་རོལ་པར་སྣང་། །དེ་དཔེ་རྨི་ལམ་སྣང་བར་ལྟོས། །རྨི་ལམ་སྣང་བ་མཆེད་པའི་ཚེ། །དངོས་པོ་ཐོགས་རེག་གཟུགས་སུ་སྣང་། །དེ་ཡང་ཉིན་དུས་སྣང་མིན་ལྟར། །ཉིན་སྣང་མཆེད་ཚེ་སྣོད་བཅུད་ཀུན། །དངོས་པོ་ཐོགས་རེག་གཟུགས་སུ་སྣང་། །རྨི་ལམ་སྣང་བ་མཆེད་པའི་ཚེ། །དེ་ཡང་མི་སྣང་སྣང་མི་སྲིད། །དེ་ལྟར་ཚུལ་བཞིན་དཔྱད་བཏང་ན། །བདག་གཞན་ཀུན་ཀྱང་ནམ་མཁའ་སྟེ། །ནམ་མཁའ་དྭངས་གསལ་རྙོག་པ་མེད། །ནམ་མཁའ་སྐྱེ་དང་འགགས་པ་མེད། །ཆོས་ཀུན་ནམ་མཁའ་དྲི་མ་མེད། །བེམ་སྟོང་མ་ཡིན་ཆོས་ཀུན་ཤར། །ནམ་མཁའ་ཆོས་ཉིད་སྤྲོས་མཐའ་བྲལ། །དག་དང་མ་དག་ཆོས་སོ་ཅོག།ནམ་མཁའ་ཉིད་དུ་དག་མཉམ་རོལ། །ནམ་མཁའི་རང་བཞིན་རྟོགས་བྱས་ཏེ། །ནམ་མཁའ་མངོན་དུ་གྱུར་པ་ནི། །གྲོལ་བའི་ལམ་མཆོག་རྫོགས་པ་ཆེ། །རྫོགས་ཆེན་བྱ་བ་གཞན་ན་མེད། །ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་། །རྟོགས་པ་སྟོང་ཉིད་ལྟ་བ་ཡིན། །སྟོང་ཉིད་བྱ་བ་ལོགས་ན་མེད། །བཅོམ་ལྡན་འདས་ཀྱིས་དེ་དོན་གསུངས། །རྣམ་གྲོལ་ལམ་གྱི་མཆོག་ཏུ་བསྔགས། །བསྟན་ནོ་འཆད་དོ་ཡིད་ཆེས་མཛོད། །ཅེས་ཟེར་ཞིང་བདག་ལ་ཐིམ་མོ། །དེ་ནས་རང་ལོ་བཞི་བཅུ་ལ་བབས་པ་ཧོར་ཟླ་གཉིས་པའི་ཚེས་གསུམ་གྱི་ནུབ་རྨི་ལམ་ན།ཤར་ན་ཉི་མ་ཤར་བ་དང་གནམ་མཐོང་ཟླ་གཞོན་ཤར་བ།ལྷོ་ན་སྐར་ཆེན་ཤར་བ།བྱང་ན་དུ་བ་མཇུག་རིང་རྣམས་ཤར་བ་རྨིས་ཚེ།མཁའ་འགྲོ་མ་ཡེ་ཤེས་དབང་མོ་དེར་ལྷགས་པ་ལ།བདག་གིས་གནམ་ཟླ་འདི་དག་དུས་གཅིག་ཏུ་ཤར་བ་འདི་ཅིའི་ལྟས་ལགས་དྲིས་པས།དེ་ན་རེ།ཀྱཻ།ཉོན་དང་སྐལ་བཟང་སྐྱེས་བུ་ལགས། །ཤར་དུ་ཉི་གཞོན་ཤར་བ་དེ། །གནོད་སྦྱིན་ཤན་པ་དམར་ནག་ཡིན། །ཉི་འོད་ས་གཞིར་ཁྱབ་པ་འདི། །བརྒྱུད་འཛིན་རིས་མེད་སྐྱོང་བའི་བརྡ། །གནམ་མཐོང་ཟླ་བ་ཤར་བ་དེ། །ལྷ་ཆེན་དབང་ཕྱུག་ཆེན་པོ་ཡིན། །ཟླ་འོད་ས་ལ་ཁྱབ་པ་འདི། །བསྟན་པ་གཉན་ལ་གདུང་བའི་རྟགས། །ལྷོ་རུ་སྐར་ཆེན་ཤར་བ་ནི། །མ་མོས་བསྟན་པ་སྐྱོང་བའི་བརྡ། །བྱང་དུ་འཇུག་རིང་ཤར་བ་ནི། །ཕྲིན་ལས་གཟའ་ཡིས་བསྒྲུབ་པའི་རྟགས། །དེ་དོན་ཤེས་ནས་བསྐང་གསོལ་འབུངས། །ནམ་མཁའ་སྤྲིན་དང་བྲལ་བ་ནི། །རྟོགས་ལྡན་བུ་སློབ་འབྱུང་བའི་ལྟས། །ཤེས་པར་གྱིས་ཤིག་རིགས་ཀྱི་བུ། །ཞེས་ཟེར་ནས་ཡལ།ཡང་དབྱར་ཟླ་ར་བའི་ཚེས་བཅོ་ལྔའི་ནུབ་པཎ་ཆེན་བི་མ་ལ་མི་ཏྲ་ཡིན་ཟེར་བའི་རྣལ་འབྱོར་པ་ཞིག་བདག་གི་ཐད་དུ་སླེབས་བྱུང་བ་ལ།བདག་གིས་ཁྱེད་འདིར་ཅིའི་ཕྱིར་བྱོན་པ་ཡིན་ཞེས་སྨྲས་པས།དེ་ན་རེ།ཁྱོད་ལ་གཏམ་མང་པོ་ཞིག་དྲི་རྒྱུ་ཡོད།དེ་ལས་དོན་གཞན་མེད།ཁྱོད་སྐྱེ་བ་སྔོན་མ་སུ་ཡིན།རྗེ་འབངས་ཀྱི་དུས་སུ་གང་ཡིན།དེ་གཉིས་ཤོད་དང་ཟེར།བདག་གིས་འདི་སྐད་སྨྲས། །ངའི་སྐྱེ་བ་སྔོན་མ་བདུད་འདུལ་རོལ་བ་རྩལ་ཞེས་བྱ་བ་ཡིན།དེའི་སྔོན་དུ་བདུད་འདུལ་རྡོ་རྗེ་ཞེས་བྱ་བ་ཡིན།རྗེ་འབངས་ནང་གི་གྲུབ་ཆེན་འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་ཡིན།དེ་ནས་བཟུང་སྟེ་གཏེར་སྟོན་བཅུ་ཙམ་གྱི་སྐྱེ་སྲིད་འབྱུང་བ་ཡིན་སྣང་གི་སྨྲས་པས།ཡང་དེ་ན་རེ།ཁྱོད་གང་དུ་སྐྱེས་པའི་མི་ཞིག་ཡིན་ཟེར།ང་ནི་ཡུལ་གསེར་ཐལ་དུ་སྐྱེས་པ་ཡིན་སྨྲས།ཁྱོད་མགོ་ལོག་ཏུ་ཅི་ལ་ཕེབས་ཟེར།ང་རྒྱུ་རྫས་མེད་པ་ཞིག་ཡིན་པས་རྙེད་ཚོལ་དུ་འོང་བ་ཡིན་སྨྲས།ཞལ་གཟིགས་དང་ལུང་བསྟན་ཅི་འདྲ་ཡོད་ཟེར།དེ་ཤིན་ཏུ་མང་ཡང་ཕལ་ཆེར་བརྗེད་པར་ཡང་གྱུར་ལ་གྲངས་མང་བས་བརྗོད་ཀྱིས་མི་ལངས་སྨྲས།ལྟ་སྒོམ་ངོ་སྤྲོད་པའི་བླ་མ་གང་ལགས་ཟེར།ང་ལ་ལྟ་སྒོམ་ངོ་སྤྲོད་མཁན་འཇིག་རྟེན་མིའི་བླ་མ་ནི་གཅིག་ཀྱང་མེད་དེ།རེས་འགའ་རང་སྟོབས་ཀྱིས་རྟོགས་པ་དང་།རེས་འགའ་རིག་འཛིན་བླ་མ་རྣམས་དང་མ་དང་ཡེ་ཤེས་ཀྱི་མཁའ་འགྲོའི་ཚོགས་ཀྱིས་ཉམས་དང་རྨི་ལམ་དུ་ངོ་སྤྲོད་བྱེད་པ་ཡང་ཡང་བྱུང་ནས་འཁོར་འདས་རྫོགས་པ་ཆེན་པོའི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པ་ཡིན།ཞེས་སྨྲས་པས།དེ་ན་རེ།ངས་ཁྱོད་ལ་འཁོར་འདས་འུབ་ཆུབ་ཀྱི་གདམས་པ་སྟོན་གྱི་ཉོན་ཅིག་གསུངས་ནས།འཁོར་འདས་འུབ་ཆུབ་ཀྱི་གདམས་པ་གསུངས་པ་རྣམས་བདག་གིས་ཁོང་དུ་ཆུབ་པར་བྱས།མཐར་ཁྱོད་འདི་ནས་ཚེ་འཕོས་ཚེ་མགོན་པོ་ངའི་དྲུང་དུ་ཤོག་ཅིག།དེ་ཕྱིར་ང་དང་ངའི་ཞིང་ཁམས་ཡིད་ལ་རབ་ཏུ་གྱིས་ཤིག་ཅེས་གསུངས་པ་ལ།ང་ནི་བདེ་བ་ཅན་དེ་རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་གི་ནང་ནས་ཕྱིར་མི་ལྡོག་པའི་ས་ཡིན་པས་དེ་ལ་འདུན་པ་གཏད་ནས་སྨོན་ལམ་འདེབས་པ་ཡིན་ལགས།ཅེས་ཞུས་པས་ཧ་ཧ་ཞེས་པའི་སྒྲ་ཡིས་གཉིད་སད་དོ། །དེ་ནས་ལོ་ཁྱིམ་དེའི་དགུན་ཟླ་ར་བའི་ཚེས་དགུའི་ནུབ་ཀྱི་རྨི་ལམ་ན།ངོ་མི་ཤེས་པའི་ཡུལ་ཤུག་པ་སོགས་ཤིང་ནགས་སྣ་ཚོགས་སྐྱེས་པ་ཞིག་ཏུ་སླེབས་འདུག།དེར་བྲག་ཞིག་གི་རྩ་བ་ན་མི་རྒན་སྐྲ་དང་སྨ་ར་དང་སྨིན་མ་རབ་ཏུ་དཀར་བ་ཤ་མདོག་ནག་པ་གཉེར་མའི་ལྟེབ་ནས་དངུལ་ཆུའི་ཐིག་པ་ལྷུང་བ་ལག་ན་མཁར་བ་ཐོགས་པ་ཞིག་དང་འཕྲད་བྱུང་།དེ་ལ་བདག་གིས་ཁྱོད་སུ་ཡིན་དྲིས་པས།དེ་ན་རེ།ང་ནི་མི་ཚེ་རིང་ལེགས་པའི་བློ་གྲོས་ཞེས་བྱ་བ་ཡིན།ཁྱོད་སུ་ཡིན་ཟེར་བ་ལ།ང་ནི་རྒིས་ལིའི་གཏེར་སྟོན་ཟེར་བ་དེ་ཡིན་སྨྲས་པས།ཁྱོད་ལ་གཏེར་སྟོན་ཅི་ལ་ཐོགས།གཏེར་སྟོན་ཡིན་ཟེར་བ་མང་འདུག་ཀྱང་གཏེར་སྟོན་འཁྲུལ་མེད་ཞིག་ནི་ཡོད་མི་ཡོང་ཨ་ཞེས་ཟེར་བ་ལ།ངས་ཁྱོད་རྒད་པོ་ཞིག་ལ་གཏེར་གྱི་ལོ་རྒྱུས་བཤད་ཀྱང་མི་གོ་བས་དགོས་མེད་ཅེས་སྨྲས་པས།ཧ་ཧ།ང་སྲིད་པའི་མེས་པོ་ཞིག་ཡིན་ཏེ་སྲིད་པ་ཆགས་པའི་ལོ་རྒྱུས་དང་བསྐལ་པ་འཇིག་པའི་རྣམ་འགྱུར་ཐམས་ཅད་ངས་ཤེས།ཁྱོད་ཀྱིས་ཞིབ་ཏུ་ཤོད་དང་ཟེར།ངས་འོ་ན་ཁྱོད་ཀྱིས་ཤེས་ན་གཏེར་སྟོན་ཡིན་པར་སྐད་པ་དག་ཅི་འདྲ་ཡིན་ཞེས་དྲིས་པས།འོ་ལ་ལ་ནི་བུད་མེད་ལ་ཆགས་ནས་གཏེར་སྟོན་ཡིན་སྐད་དེ་སེམས་ལ་གང་དྲན་ཡི་གེར་བྲི་འདུག་གི།ལ་ལས་ནི་ཁོ་དམན་པ་མཐོ་ལ་བརྐམ་ནས་དེ་ལྟར་བྱེད་འདུག་གི།ལ་ལས་ནི་དབུལ་ཕོངས་ལ་བྲེད་ཅིང་སུན་ནས་དེ་ལྟར་བྱེད་འདུག་གི།གཏེར་སྟོན་ཡིན་ཀྱང་བུད་མེད་ཀྱིས་ཅི་མཁོ།དེས་ཆོས་ནི་མི་ཤེས།གཏེར་སྟོན་ཡིན་ཀྱང་མཐོ་ཐང་གིས་ཅི་བྱེད།དེས་འབངས་སྡེ་མ་རྙེད་པ་ནི་མ་རེད།གཏེར་སྟོན་ཡིན་ཀྱང་ཚེ་གཅིག་ཏུ་དཀོར་ལ་ཅིའི་ཕྱིར་འབྱམས།དེ་དཀོར་བསླུ་བའི་ཕོ་ཉ་ནི་མ་རེད།གཏེར་སྟོན་ཡིན་ཀྱང་འཁོར་བའི་བྱ་བ་ལ་སོས་དལ་མེད་པར་ཅི་ལ་འབྱམས།དེ་ཕྱུགས་རྫིའི་གཡོག་པོ་ནི་མ་རེད།ཅེས་ཟེར་བ་ལ།ང་ཁོང་ཁྲོ་སྐྱེས་ནས།ཁྱོད་དེ་ལྟར་བཤད་མི་ལ་སུས་བསྐོས་པ་ཡིན།ངེད་ཅག་གཏེར་སྟོན་ཡིན་མིན་བཤད་དོན་ཅི་ཡོད་སྨྲས་པས།ཧེ་ཧེ།སྤྲོ་མ་ལང་དང་སྐད་ཆ་ཡག་པོ་ཡོད།ཁྱོད་ཀྱིས་ཁོ་སྒོམ་ཅན་ཡིན་བསམ་འདུག་སྟེ།སྒོམ་མེད་ཐག་ཆོད་རེད།ཁྱོད་གཅིག་པུ་ལ་སྨད་པ་མིན་དང་།གཏེར་སྟོན་མིན་ཐག་ཆོད་སོང་།དེ་ཚོ་ང་མི་རྒན་གྱིས་ཁྱོད་ཀྱི་ཚོད་བརྟག་ནས་ཅི་འདྲ་ཡིན་བལྟས་པ་ཡིན།གཏེར་འདྲ་བ་རེ་ཡོད་ཀྱང་འདྲེ་མི་མ་ཡིན་གྱི་ཆོ་འཕྲུལ་ཡིན་ཡང་སྲིད།ལ་ལས་གོ་གོ་ཐོས་ཐོས་མང་བའི་གོམས་སྟོབས་ཀྱིས་བརྩམས་པ་ཡང་ཡོད།ལ་ལས་བསྒོམ་བསྒོམ་ཉམས་ཀྱི་རྩལ་སྣང་ཤར་བ་ཡང་ཡོད། །ལ་ལས་བློ་རྩིང་པས་རིག་པ་འུར་ཏེ་སྣ་ཚོགས་ཤར་བ་ཡང་ཡོད། །ལ་ལས་རང་བཟོས་སེམས་རྣམ་རྟོག་གི་འཆར་ཆ་ཡི་གེར་ཕབ་པ་ཚོ་ཡོད་སྲིད་དེ།ཁྱོད་ལ་གཏེར་ཆོས་ཅི་ཡོད།གཏེར་གནས་གང་ཡིན་ཟེར་བ་ལ།འདི་སྐད་སྨྲས།ང་ལ་གཏེར་ཆོས་ཟབ་གསང་མཁའ་འགྲོའི་སྙིང་ཐིག་ཅེས་བྱ་བ་ས་གཏེར་བསྐོར་ཡིན་ཏེ།གཏེར་གནས་སྨར་གྱི་རྦ་གཏེར་དང་དངུལ་རྒོད་གསེར་སྨད་རྔ་ལ་སྟག་རྩེ་རྣམས་ཡིན།རིགས་གསུམ་མགོན་པོའི་བྱིན་གྱིས་བརླབས།ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་།རིག་འཛིན་གྲུབ་ཐོབ་རྣམས་ཀྱིས་གཏད་རྒྱ་སྨོན་ལམ་དབང་བསྐུར་རྣམས་ཐོབ་པས་དག་སྣང་སྐོར་གསུམ་སོགས་ཀྱི་ཆོས་སྡེ་བསམ་གྱིས་མི་ཁྱབ་པ་ཡོད་ཀྱང་འབྲི་མ་ནུས་སྨྲས་པས།དེ་ན་རེ།འབྲི་མི་ནུས་ན་དང་པོ་ནས་གཏེར་ལེན་དོན་ཅི་ཡོད།ཁྱོད་ཀྱི་གཏེར་ཆོས་ལ་བྱིན་རླབས་ཀྱི་ལྟས་མཚན་མཐུ་དང་ནུས་རྩལ་ཡོད་དམ་མེད།ཞིབ་ཏུ་ཤོད་དང་ང་རྒས་པོས་ཉན་སྤྲོ།མི་རྒན་ཅི་དགའ་གཏམ་འཁྱལ་ལ་དགའ། །གཞོན་ནུ་ཅི་དགའ་ན་ཆུང་ལ་དགའ། །ཞེས་ཟེར་བའི་དཔེ་ཡིན།ང་ནི་གཏམ་ལ་དགའ་ཟེར།དེར་བདག་གིས་ངའི་གཏེར་བྱུང་ཡི་དམ་གྱི་སྒྲུབ་པ་ལ་ནི་དྲོད་རྟགས་བྱུང་བ་མ་གོ།དེ་ཅིས་ལན་པ་ཡིན་མ་ཤེས།བཀའ་སྲུང་དྲེགས་པ་ཅན་རྣམས་ཟླ་བ་གཅིག་གམ་གཉིས་གསུམ་ཙམ་ལ་བསྒྲུབ་པས་གྲུབ་ལྟས་མི་འབྱུང་བ་ཡོད་མ་མྱོང་།རྫོགས་རིམ་གྱི་ཁྲིད་བཏབ་ནས་རྩེ་གཅིག་ཉམས་སུ་ལེན་པ་རྣམས་ལ་ས་ལམ་གྱི་རྟགས་མཚན་དང་།ཁྱད་པར་ཐོད་རྒལ་ཉམས་སུ་བླངས་པའི་སྐྱེས་བུ་རྣམས་ལ་ཟླ་བ་བརྒྱད་ནས་རིག་འཛིན་དང་པོའི་ས་ལ་མི་སླེབས་པ་ཡོད་མ་མྱོང་།མཐུའི་ལོ་རྒྱུས་བཤད་ན།སྤྱིར་ངའི་འགལ་ཟླར་གྱུར་པ་ཐམས་ཅད་མི་ལོ་དགུ་ལྷག་མི་འགྱང་པར་ཕུང་བརླག་ཡལ་གསུམ་དུ་མི་འགྲོ་མི་སྲིད་དེ།ཁྱད་པར་ཁྱོད་ལ་ཟུར་ཙམ་བཤད་ན།སྔ་སོར་མཁའ་འགྲོ་མ་ཞིག་གིས་ཁྱོད་ལ་དགྲ་འབྱུང་གི་གཟའ་གསོལ་ལ་འབོད་ཟེར་བ་བྱུང་།བདག་གིས་རང་གཏེར་གཟའ་ཁྲ་རྣོ་བའི་ཐོག་མདའ་ཞེས་བྱ་བ་ལ་བརྟེན་ནས་གསོལ་མཆོད་བྱས་པས།སློབ་བུ་རྡོར་བཟང་དཔོན་སློབ་ཀྱི་རྟ་སྒ་སྲབ་དང་བཅས་པ་སྤོས་བསོ་ཞེས་བྱ་བ་དང་ཆོས་ཤུལ་རྡོར་ལི་དང་ཆོས་ཤུལ་དབང་པོ་ཞེས་པ་གསུམ་གྱིས་འཕྲོག་སོང་བ་བདག་གི་གམ་དུ་མུན་སྲིབ་ཀྱི་འཚམས་སུ་སླེབས་བྱུང་ནས།ངེད་གཉིས་ཀྱི་འོག་རྟ་སྒ་མ་ཁྱེར་སོང་། །ཁྱེད་ནི་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་མངའ་དབང་བསྒྱུར་བ་ཞིག་ལོས་ཡིན།སྔོན་གྱི་གཏེར་ཆེན་རྣམས་ཀྱང་དེ་ལྟར་ཡིན་པར་ཐོས་ཀྱི།དགྲ་དེ་ལ་རྟགས་དོ་ནུབ་ཐོན་པ་ཞིག་སྐུ་མཁྱེན་ཞེས་ཟེར་བར།དེ་མ་ཐག་ཏུ་བདག་གིས་བུ་སློབ་རྣམས་བསྡུས་ནས་གཟའ་གསོལ་སྟོང་བྱས་མཐར་བསྐུལ་ཏེ་རྦད་པས།དགུན་ཟླ་འབྲིང་པོའི་ཚེས་ཉེར་དགུའི་ནུབ་རླུང་ཆེན་གཡོས་ཤིང་སེར་ཆེན་བབས་པ་དང་ཆབ་གཅིག་ཏུ་འབྲུག་སྒྲ་དྲག་པོ་བྱུང་།ཇག་པ་དེ་དག་གི་སྟེང་དུ་གཟའི་ཆར་པ་བབས།ཆོས་ཤུལ་རྡོར་ལི་ཞེས་བྱ་བའི་ཁ་འཐམས་ནས་ཟས་ཁ་རུ་མི་ཤོང་བ་བྱུང་།དབང་པོ་སྙིང་ཁྲག་ཁ་ནས་སྐྱུག་ཏེ་ཤི།དེ་ནས་རྟ་ཕྱིར་བཏང་།དེའི་ཕྱིར་ལོའི་དགུན་ཐོག་སྤོས་བསོ་ན་རེ།དེ་མཐུ་ག་ལ་ཡིན་སླར་ཡང་རྒིས་ལི་ཚང་ལ་བརྐུ་མི་འགྲོ་རེ་ཟེར་ནས་རྒིས་ལི་ཚང་གི་རྟ་ཕོ་རྒོད་གསུམ་བརྐུས་པ་ལས་གཉིས་ཀྱིས་རྐུན་ཐག་དྲུད་ནས་ཤོར་བྱུང་བ་ལ།ཉེར་དགུའི་ཉིན་རྟ་རྐུན་ལ་དམིགས་ནས་རྐུན་ཐག་དེའི་སྟེང་དུ་ཟོར་བརྡབ་པས་ཕྱིར་ཉིན་གནམ་སྟོང་གི་ནངས་པར་རྐུན་ཐག་གི་རྩ་བར་འཕྱི་བ་ཞིག་གི་རོ་འདུག་སྟེ།བདག་གིས་དེ་བནྡྷེ་ཞིག་ཤི་བའི་ལྟས་རེད་སྨྲས་པས།དེའི་ནུ་བོ་འབྲུམ་ནད་ལས་ཐར་བ་ཞིག་ཡོད་པ་སླར་ཡང་འབྲུམ་ནད་ཀྱིས་ན་སྟེ་ཤི་བ་སོགས་མི་འདོད་པ་སྣ་ཚོགས་པས་བདེ་བའི་དུས་སྐབས་མ་བྱུང་།བདག་གིས་ཁང་པ་བརྩིགས་ཏེ་དགོན་པ་བཏབ་ཚེ་སྐྱི་མོ་ལྷ་འབུམ་ཞེས་བྱ་བས་ཁོའི་དགུན་ས་འཕྲོག་སོང་བ་འདི་ཉེས་ཤིན་ཏུ་ཆེ་ཟེར་ནས་རྒོལ་བ་བྱུང་བས།བདག་གིས་གནོད་སྦྱིན་ཤན་པ་དམར་ནག་རྦད་པས་ཁོ་མི་ཤི་ནོར་བརླག་ཏུ་སོང་།གཞན་ཡང་བདག་གི་འགལ་ཟླ་མགོ་ལོག་ཕྱོགས་ཀྱི་དཔོན་མོ་དྲག་ཤོས་ཞིག་ཡོད་པའང་མིག་ལོང་ཞིང་ཁས་ཞན་དུ་སོང་ནས་ཤི།དེ་ལྟར་ངའི་གཏེར་བྱུང་གི་སྲུང་མ་རྣམས་ནི་གཞན་གང་གིས་འགྲན་ཟླ་དང་བྲལ་བ་ཡིན།ཞེས་སྨྲས་པས།དེ་ན་རེ།ཚིག་གིས་ཅི་བྱེད།བྱིན་རླབས་དང་ནུས་པ་ལ་བརྟག་པས་ངེས་པར་གོ་བ་ཡིན།ཡི་དམ་ནི་བསྐྱེད་རིམ་རང་རྒྱུད་པར་མི་གོལ་ཞིང་ངོ་བོ་བླ་མར་ཤེས་པ་དང་ལྷའི་ང་རྒྱལ་བརྟན་པོ་ཞིག་མེད་ན་འགྲུབ་མི་སྲིད།ཁྱོད་གཅོད་པ་ཞིག་ཡིན་ན་སློང་ཚད་འདྲ་ཨེ་བྱུང་ཟེར།སྔོན་ནང་འབའ་རའི་རྒྱ་གར་ཞེས་པའི་བུ་ཆུས་ཁྱེར་བའི་འཕོ་འདེབས་སུ་སོང་ཚེ་ནད་དྲག་པོ་ཞིག་གིས་བཏབ་པ་ལ་ཅིས་ཀྱང་ཕན་པ་མ་བྱུང་བས།དེའི་ནུབ་མོ་མཐའ་གཏད་ཀྱི་དམིགས་པ་བྱས་པས་མི་ནག་པོ་སྐྲ་དང་སྨ་ར་དམར་བ་ཞིག་གིས་ང་ནི་རྫ་ཡུལ་གསེར་ཁྲབ་ཟེར་བ་དེ་ཡིན།ཁྱོད་ཀྱི་ནད་འདི་ངས་འཇིབ།ཁྱོད་ཀྱིས་ང་ལ་གཏོར་མ་མང་པོ་ཨེ་སྦྱིན་ཟེར་བ་ལ།ངས་དེ་ལོས་སྦྱིན་བྱས་པས།བདག་གི་མཁལ་མ་ལ་ཁ་གཏད་དེ་ཧུབ་ཀྱིས་བཏབ་པས་ནང་རོལ་ཐམས་ཅད་འཇིབ་སོང་བའི་སྣང་བ་བྱུང་།དེའི་ནངས་པར་བདག་གི་ནད་རྣམས་རང་ཡལ་དུ་སོང་ནས་སོས་པར་གྱུར།ལར་མཐའ་དག་ཇི་ལྟ་བ་བཞིན་དུ་བརྗོད་མི་ནུས་ལ།ལན་བརྒྱ་ཕྲག་གཉིས་ཙམ་དུ་ཚར་སློང་ཆོད་གསུམ་གྱི་སྣང་བ་བྱུང་སྟེ་ད་ནི་འབྱུང་རྒྱུ་མི་འདུག།རྒད་པོ་ཁྱོད་ཀྱིས་ང་ལ་ཡིད་ཨེ་ཆེས་སྨྲས་པས།རྒད་པོ་ན་རེ།ཆེས་ཆེས་ང་ཡི་གླུ་འདི་ཉོན། །སྟོན་རྒྱས་སྤངས་རྒྱན་སྔོན་མོ་དེ། །བཀྲག་མདངས་རྒྱས་ཤིང་གྲངས་མང་ཡང་། །དགུན་གྱི་རྒྱལ་མོ་སླེབ་ཉེ་བས། །ཟླ་ཞག་མང་པོར་རྒྱས་ལོང་མེད། །ཚེ་སྟོད་འདས་པའི་མི་རྒན་པོའི། །ཆེ་མཐོ་ཁེ་དྲག་ཐོབ་རློམས་ནས། །དཀའ་སྤྱད་སྙིང་རུས་བྱས་བྱས་ཀྱང་། །འཆི་བདག་གནས་སུ་ཆས་ཉེ་བས། །ཡུན་དུ་འདུག་ཁོམས་མེད་ལ་ལྟོས། །དེང་སང་སྙིགས་མའི་གཏེར་སྟོན་ཚོས། །ལུས་སེམས་དལ་ཁོམ་མེད་པ་རུ། །གཏེར་ཆོས་ཕབ་ལ་འབད་འབད་ནས། །ཡུན་རིང་བསྟན་པ་གནས་རེ་ཡང་། །ཀླ་ཀློའི་བསྟན་པ་སླེབས་ལ་ལྟོས། །སྲིད་དང་ལྷན་སྐྱེས་མི་རྒན་ང་། །འཇིག་རྟེན་བྱ་བར་གོམས་གོམས་ཡང་། །གོམས་ཚུལ་གཞན་ལ་བཤད་དོན་མེད། །ཡུན་རིང་སྡོད་ལོང་མ་མཆིས་པ། །ལང་ཚོ་ཉམས་ལུགས་འདི་ལ་ལྟོས། །ངས་ཁྱོད་ལ་སྨད་པས་ཅི་ཞིག་གནོད། །དེས་ཁྱོད་ལ་གནོད་པ་འབྱུང་དུ་མེད། །ང་ཡིད་ཆེས་ཀྱང་ཅི་ལ་ཕན། །ཁྱོད་ལ་ཕན་པ་སྤུ་ཙམ་མེད། །གཞན་གྱིས་ཚིག་ངན་བརྒྱ་སྨྲས་ཀྱང་། །དེ་ལ་ཁོང་ཁྲོ་སྡང་སེམས་ཆོད། །བསྟོད་ཅིང་བསྔགས་ཚིག་བརྗོད་བྱས་ཀྱང་། །དེ་ཡིས་ཕན་པ་ཆེར་མི་ཐོགས། །དགའ་མགུ་ཆགས་ཞེན་མ་བྱེད་ཅིག།ལྟ་བ་ནམ་མཁའ་རྣམ་དག་ལ། །སྒོམ་པ་བཅོས་བསྒྱུར་མེད་པར་ཞོག།སྤྱོད་པ་བླང་དོར་མེད་པ་རུ། །མ་བཅོས་གཡོ་འགུལ་བྲལ་བར་ཞོག།བུ་སློབ་སྐལ་ལྡན་རེ་བྱུང་ན། །གྲོལ་བྱེད་གདམས་པ་སྟོན་པར་གྱིས། །ན་ཚོད་ཡོལ་བའི་དུས་བྱུང་ཚེ། །རྙེད་ཚོལ་དཀོར་སྡུད་སྤྱོད་པ་སྤོངས། །འཆི་བདག་སུན་མ་སླེབས་པའི་དུས། །བློ་སེམས་བདེ་བ་ཞིག་ལ་རེམ། །མི་རྒན་ལེགས་པའི་བློ་གྲོས་ང་། །གཞན་གྱིས་མི་ཐུབ་བྲག་ལ་འགྲོ། །ཁྱོད་ཀྱང་རྨི་ལམ་གྲོང་ཁྱེར་ནས། །ཉིན་སྣང་ཡངས་པའི་ཡུལ་དུ་སོང་། །ཞེས་ཟེར་ནས་བྲག་ལ་ཐིམ་སོང་མ་ཐག་གཉིད་སད།ལོ་ཁྱིམ་དེའི་དགུན་ཟླ་འབྲིང་པོའི་ཚེས་གཅིག་ལ་བདུད་འདུལ་རྡོ་རྗེའི་གཏེར་བྱོན་རྡོ་རྗེ་གྲོ་ལོད་ཀྱི་ཟླ་སྒྲུབ་ལ་ཞུགས།དགུན་ཐ་ཆུང་གི་ཚེས་ལྔ་ནས་བཅོ་ལྔའི་བར་ཁྲོས་མའི་སྒྲུབ་པ་ལ་ཞུགས་སོ། །དེ་ནས་ལོ་གྲངས་བཞི་བཅུ་ཞེ་གཅིག་ལ་བབས་པ་ཧོར་ཟླ་ལྔ་པའི་ཚེས་བཅོ་བརྒྱད་ཀྱི་ནུབ་མཁའ་འགྲོ་མ་གསང་མཛོད་ཀྱི་བདག་མོ་ཡིན་ཟེར་བའི་བུ་མོ་ཞིག་གིས་བདག་ལ།ཁྱོད་དབྱར་དཀར་བསོད་ལ་སོང་།དགུན་ནས་བསོད་ལ་མ་འགྲོ་མཚམས་སྒྲུབ་ལ་རེམ་མཛོད་ཅེས་ཟེར་བ་ལ།ལགས་ཟ་རྒྱུ་མི་རྙེད་པས་འགྲོ་དགོས་འབྱུང་གི་ཞེས་སྨྲས་པས།བུད་མེད་དེ་ན་རེ།ལ་ཐོག་འདི་རུ་ཞིང་རྨོས་ལ་ས་བོན་ཐོབ་དང་ཟ་རྒྱུ་དེ་ཡིན་ཟེར།ཡང་གླུ་འདི་གྱེར་འདུག།དམ་སྲི་སྤྲུལ་པས་རྒོལ་བ་ལ། །དམ་སྲི་ལག་ཏུ་ལོན་པ་འབྱུང་། །དམ་སྲི་ལག་ཏུ་ལོན་པའི་རྐྱེན། །ལོངས་སྤྱོད་དཔལ་ལ་བདུད་ཀྱིས་རྒོལ། །དེ་འབྲས་མི་བདེའི་ཟུག་རྔུ་སློང་། །དེ་ཚེ་སྡོད་པའི་དུས་མ་ཡིན། །འགྲོ་ཕྱོགས་ལྷོ་ནུབ་མཚམས་སུ་སོང་། །ལུང་པ་ཡར་ཆེན་བླ་ཡི་ནང་། །རེ་ཞིག་གནས་ན་དགེ་ལེགས་དང་། །སྙན་གྲགས་རླུང་རྟའི་དཔལ་ཁ་བསྐྱེད། །བུ་སློབ་སྐལ་ལྡན་མང་དུ་འབྱུང་། །དེ་ལྟར་མ་བརྗེད་སེམས་ལ་ཞོག།ཅེས་ཟེར་ནས་ཡལ་སོང་། །དབྱར་ཐ་ཆུང་གི་ནུབ་གཅིག་རྨི་ལམ་ན་སྟེང་གི་ནམ་མཁར་སྤྲིན་ནག་པོ་བལྟར་མི་བཟོད་པ་ནག་ལ་ལྷུན་འཐུག་པའི་མཐའ་སྤྲིན་དམར་ནག་གིས་བསྐོར་བ་ཞིག་འཐིབ་བྱུང་བའི་ནང་ནས་བདག་གི་མདུན་དུ་ཐལ་ཕུང་ཞིག་ཡོད་པའི་སྟེང་དུ་སྟག་འཇིགས་སུ་རུང་བ་ཞིག་ལྷུང་བྱུང་།ཡུན་གཅིག་གི་ཚེ་སྟག་དེ་སྐྱུགས་ཤིང་གྲེ་ལོག་བྱེད་པའི་ཁ་ནང་ནས་བུད་མེད་རྒན་མོ་ཞིག་ལྷུང་བྱུང་ནས།ཡང་དར་གཅིག་གི་ཚེ་རྒན་མོ་དེ་ལ་བུ་གཅིག་བཙས་པ་པང་དུ་བླངས་འདུག་པའི་མོད།བུ་དེ་ཡར་ལངས་ནས་ས་ཐོག་ཏུ་འདུག་སྟེ།ཡ།ཨ་མ་གནས་འདི་གང་ཞེས་བྱ་བ་ཡིན།དགོན་པ་འདི་སུ་རེད།འདི་སུས་བཏབ་པ་རེད་ཟེར་བ་ལ།ཨ་མ་ན་རེ།ཨེ་མ་གཅེས་པའི་བུ་ཁྱོད་ཉོན། །ཡུལ་འདིའི་ཡུལ་ངོ་མ་ཤེས་ན། །འབྲི་ཡུལ་བཙན་བདུད་འཇིགས་པའི་ཡུལ། །ཡུལ་འདིའི་མི་ངོ་མ་ཤེས་ན། །འདི་མགོ་ལོག་སྡིག་པའི་གྲོང་མི་ཡིན། །དགོན་འདི་གང་ཡིན་མ་ཤེས་ན། །འདི་མདང་སུམ་ཆགས་པའི་དགོན་པ་རེད། །འདི་འདེབས་མི་བདུད་འཇོམས་རྡོ་རྗེ་རེད། །ཡུལ་འདི་སྒྱུ་མའི་གྲོང་ཁྱེར་ཏེ། །མི་འདི་ཚོང་འདུས་མགྲོན་པོ་རེད། །དགོན་འདི་མགྲོན་པོའི་ས་ཚིགས་ཡིན། །ཞེས་ཟེར་བ་ལ།ཡང་བུ་དེས།ཨ་མ་བསྐལ་པ་ཆགས་པའི་ལོ་རྒྱུས་དང་འགྲོ་བ་སེམས་ཅན་དང་བསྟན་པའི་བྱུང་ཚུལ་ཤོད་ཅེས་ཟེར་བའི་ལན་དུ་བསྐལ་པ་ཆགས་པའི་ལོ་རྒྱུས་ཞིབ་ཏུ་བཤད་ཅིང་།ཡང་བུ་དེས་མ་འོངས་འབྱུང་འགྱུར་གྱི་ཚུལ་ཤོད་དང་ཟེར་བ་ལ།དེ་ལྟར་ཞིབ་ཏུ་བཤད་པ་ཐོས་ཀྱང་ཡི་གེ་མང་བས་འཇིགས་ནས་མ་བྲིས་སོ། །དེ་ནས་བུ་དེས་ངེད་མ་བུ་གང་དུ་འགྲོ་ཟེར་བ་ལ། །རྒན་མོ་དེས།ཡུལ་མི་གནས་ཟང་ཐལ་གྱི་གྲོང་ཁྱེར་དུ་འགྲོ་ཟེར་ཞིང་བུ་དེ་ཁྱུར་མིད་དུ་བཏང་སོང་། །དེ་ནས་རྒན་མོ་ན་རེ།ཨ་ལེ་བདུད་འཇོམས་ཁྱོད་གནས་འདིར་ཡུན་རིང་པོར་འདུག་པའི་སྐལ་པ་ནི་མེད་དོ། །ཞེས་ཟེར་མ་ཐག་ཏུ་སྟག་དེས་རྒན་མོ་དེ་ཁྱུར་མིད་དུ་བཏང་ནས།དེས་ཕི་ཕི་ལིང་ལིང་བསྟན་པའི་བདུད་དུ་འབབ་ལ་ཉེ་ཟེར་ཏེ་སྤྲིན་དང་འདྲེས་ནས་ཡལ་ལོ། །དེ་ནས་ལོ་གྲངས་བཞི་བཅུ་ཞེ་གཉིས་ལ་བབས་པ་ཧོར་ཟླ་གསུམ་པའི་ཚེས་གཅིག་གི་ཉིན་ཕུག་ལུང་གད་ཐོག་ཏུ་ཞིང་རྨོས་བྱས་ཏེ་ནས་རྐྱལ་པ་གཉིས་བཏབ་པ་ལ་སྟོན་དུས་སུ་རྐྱལ་པ་ལྔ་བཅུ་རྩ་གཅིག་སྨིན་པ་བྱུང་།སྟོན་ཟླ་ར་བའི་ཚེས་བཅུའི་ནུབ་རྨི་ལམ་ན་མཁའ་འགྲོ་མ་ཀུན་གསལ་རྒྱལ་མོ་ཡིན་ཟེར་བ་ཞིག་བདག་གི་ཐད་དུ་ལྷགས་ནས་འདི་སྐད་ཟེར།ཨེ་ཨེ།ལྷོ་མ་རུང་བདུད་པོ་སྨོན་ལོག་པས། །ཡུལ་མི་བདེའི་ལ་ཡོག་འདོར་བ་ལས། །སྟོད་བགེགས་ཀྱི་སྡེ་ཚོགས་མགྲོན་དུ་བཀུག།ཀླུ་སྔོན་པོའི་རལ་པ་གཅོད་ཆས་ནས། །གནས་རི་རབ་ཟོམ་གྱི་འབྱུང་དམག་འཁྲུགས། །མཐའི་མི་སྡེ་མི་སྲུན་དབུས་སུ་འདྲེན། །དེའི་རྐྱེན་གྱིས་བསྟན་འགྲོའི་བདེ་བ་འཇོམས། །ཡུལ་འདི་ཡི་ནག་ཕྱོགས་འདུག་པའི་འཕྲུལ། །དོམ་ནག་པོའི་ཤ་ལ་རྔམ་ཟས་བྱེད། །དེས་ངར་སྒྲ་བཏོན་པའི་རྐྱེན་དབང་གིས། །གངས་སེང་གེ་དཀར་མོས་མ་བཟོད་དེ། །དཔུང་སྟག་གཟིག་མང་པོ་ཁྱུ་ཚོགས་ཀྱིས། །ཡུལ་དྲི་ཟའི་གྲོང་ཁྱེར་བཞིན་ངོམས་པ། །དོན་དེ་ཕྱིར་དབྱར་རྔ་སླེབས་པའི་ཚེ། །ཡུལ་ཀ་ན་ཀ་རུ་ལ་འུར་ཆོས། །དུས་རེ་ཞིག་བདེ་བའི་ཉི་ཞུར་མཐོང་། །ཞེས་ཟེར་ཞིང་མི་སྣང་བར་ཡལ་ལོ། །ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔ་ལ་ཆོས་སྐོར་ལྷ་རོ་ཞེས་བྱ་བས་བདག་གི་མཛོ་མོ་གཅིག་བརྐུས་སོང་འདུག་པ་ན།དེ་ལ་མཐུ་བྱེད་དགོས་ཟེར་བ་མང་པོ་བྱུང་ཡང་།བདག་གིས་དེ་ལྟར་བྱ་མི་ཉན་མཐར་རྩད་ཆོད་འོང་སྲིད།དེ་མི་བདེ་བའི་རྒྱུ་ཞིག་ཏུ་མི་འགྲོ་བའི་ཐབས་མེད་པ་རེད་ཅེས་སྨྲས་ཏེ་མ་བྱས་སོ། །ཧོར་ཟླ་བརྒྱད་པའི་ཚེས་ལྔའི་ནུབ་མཁའ་འགྲོ་མ་སེར་མོ་གསེར་བཙོ་མའི་ཁ་དོག་འབར་བ་དར་དཀར་པོའི་ཨང་རག་གྱོན་པ་ཞིག་བདག་གི་ཐད་དུ་ལྷགས་ནས་ལྷོ་ཕྱོགས་རི་བོ་གྲུ་འཛིན་ལ་ལྟད་མོར་ཨེ་འགྲོ་ཞེས་ཟེར་བ་ལ།ཁྱོད་སུ་ཡིན་དྲིས་པས།དེ་ན་རེ།ང་ནི་གནས་དེ་རུ་གནས་པའི་མཁའ་འགྲོ་ནོར་སྲུང་མཆེ་གཙིགས་ཆེན་མོ་ཞེས་བྱ་བ་ཡིན་ཏེ་སྔོན་གྱི་དུས་ནས་ལས་འབྲེལ་ཡོད་པ་དང་།ཁྱོད་ཀྱི་རིག་མ་དེའང་ངའི་སྤྲུལ་པ་ཡིན་པས་ཁྱོད་གནས་དེར་འབོད་དུ་འོང་བ་ཡིན།ཞེས་ཟེར་བས།དེ་དང་ལྷན་ཅིག་ཏུ་བསྡེབས་ནས་ནམ་མཁའ་ལ་འཕུར་སྟབས་ཀྱིས་སོང་བས་རྒྱ་མཚོ་ཆེན་པོ་རྒྱ་ཆེ་ལ་གཏིང་ཟབ་པ་མདོག་སྔོ་ནག་ཏུ་འདུག་པ་ཞིག་གི་ཕ་མཐར་བགྲོད་ཚེ་དེ་ན་ཤར་ལྷོ་ནུབ་བྱང་ཕྱོགས་མཚམས་ཁོར་ཡུག་ཐམས་ཅད་ལུང་པ་མང་པོས་བསྐོར་བའི་མདོའི་ཆུ་རྣམས་རྒྱ་མཚོར་འབབ་པ།ཆུ་ཐམས་ཅད་ཕྱོགས་གཅིག་ཏུ་འདུས་པ།དེའི་དབུས་སུ་སྤང་ཐང་རྒྱ་ཁྱོན་དཔག་ཏུ་མེད་པའི་དབུས་ན་གསེང་མ་རྒྱ་ཆེ་ཞིང་ཁོད་སྙོམས་པའི་དབུས་ཆུ་མཚོས་འཁོར་བའི་ཚུལ་དུ་ཡོད་པའི་ནང་དུ་བྱ་ངང་པ་དང་།ཁྲུང་ཁྲུང་དང་།མཐིང་རིལ་དང་།བྱ་དུང་དཀར་འདྲ་བ་དང་།གསེར་ལྟར་སེར་བ།བྱི་རུ་ལྟར་དམར་བ།གཡུ་ལྟར་ལྗང་བ།ཟ་འོག་ལྟར་ཁྲ་བོ་སྟེ།དེ་ལ་སོགས་པའི་བྱ་ཚོགས་ཆེ་ཆུང་འབྲིང་བ་བསམ་གྱིས་མི་ཁྱབ་པར་གནས་པ།མེ་ཏོག་སེར་པོ་དང་དམར་པོས་ཡོངས་སུ་ཁེབས་པ།མཚོ་དེའི་འགྲམ་ན་ཀླུའི་བུ་དང་བུ་མོ། །དྲི་ཟའི་བུ་དང་བུ་མོ། །མིའམ་ཅིའི་བུ་དང་བུ་མོ་མང་པོས་བྱ་ཁྲུང་ཁྲུང་དཀར་མོ་མི་གཏམ་ཤེས་པ་ཞིག་ལ་ཆོས་ཉན་ནས་འདུག་གོ།བདག་གིས་མཁའ་འགྲོ་དེ་ལ་ཕ་གིའི་ཁྲུང་ཁྲུང་འདི་ཅི་ཡིན་དྲིས་པས།དེ་ན་རེ།དྲང་སྲོང་ལེགས་པར་སྨྲ་བ་ཞེས་བྱ་བ་རེད་ཟེར།བུ་དང་བུ་མོ་འདི་དག་ཀླུ་དང་དྲི་ཟ་མིའམ་ཅིའི་བུ་དང་བུ་མོ་ཡིན་ནོ། །འདི་དག་གིས་བྱ་འདི་ལས་ཆོས་ཉན་པ་འདི་ཅིའི་ཕྱིར་ལགས་སྨྲས་པས།འདི་དག་ནི་ཚོགས་མ་བསགས་པའི་སེམས་ཅན་མ་ཡིན།མི་ཡུལ་ནས་འཕགས་པ་ལ་དད་ཅིང་གུས་པས་གསོལ་བ་བཏབ་སྟེ་ཞིང་དེར་སྨོན་ནས་ཡིག་དྲུག་དུང་ཕྱུར་མང་པོ་བགྲང་བ་རྣམས་ཞིང་ཁམས་དངོས་སུ་སྐྱེ་མ་ཐུབ་པ་གནས་འདིར་སྐྱེས་ཏེ་ཆོས་ཉན་ཅིང་ཚོགས་བསགས་ནས་མཐར་ཡེ་ཤེས་ཀྱི་སྤྱན་ཐོབ་ཚེ་དག་པའི་ཞིང་འཕགས་པའི་གྲོང་དུ་སྐྱེ་རྒྱུ་རེད་ཟེར།དེ་ནས་མཚོ་ལྕགས་རི་ལྟ་བུའི་དབུས་ན་ཐང་ཆེན་པོས་འཁོར་བའི་ལྟེ་བར་རི་རྒྱལ་ཆེན་པོ་དབྱར་དགུན་མེད་པར་མེ་ཏོག་དཀར་པོས་ཡོངས་སུ་ཁེབས་ཤིང་རྩེ་མོ་དགུང་ལ་བསྙེགས་པ་ཞིག་འདུག་པའི་རྩེ་རུ་སླེབས་པའི་ཚེ།ས་ལས་དཔག་ཚད་གཅིག་འཕགས་པའི་སྟེང་དུ་འོད་ཕུང་དཀར་པོ་ས་གཞིའི་རྣམ་པར་མཆེད་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་པའི་ནང་དུ་དཔའ་བོ་དང་དཔའ་མོ་རྒྱ་མཚོ་ལྟ་བུའི་དབུས་ན་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ།ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་རིན་པོ་ཆེའི་ཁྲི་ལ་བཞུགས་ཤིང་ལོངས་སྤྱོད་རྫོགས་པའི་ཆས་ཀྱིས་རབ་ཏུ་བརྒྱན་ཏེ་ཡུམ་མཁའ་སྤྱོད་དབང་མོ་དམར་མོ་དང་གཉིས་མེད་འཁྲིལ་སྦྱོར་དུ་རོལ་པ་ཞིག་མཇལ་མ་ཐག་ཏུ་བདག་གིས་ཕྱག་འཚལ་ཏེ་གསོལ་བ་བཏབ་ནས་བདག་ལ་ཚེ་འདིར་རྣམ་པར་གྲོལ་བའི་གདམས་པ་ཞིག་སྩལ་དུ་གསོལ།ཞེས་ཞུས་པས།འཕགས་པའི་ཕྱག་ནས་ཡི་གེ་ཚན་པ་ཞིག་བདག་ལ་བསྟན་ཏེ།ཞལ་ནས་སྡུག་བསྔལ་ངེས་པར་སེལ་བའི་གདམས་པ་འདི་ལ་ལྟོས་ཤིག་ཅེས་གསུངས་མ་ཐག་བདག་གི་རྒྱུད་ལ་སྤར་གྱིས་བཏབ་པ་ལྟར་ངེས་པར་གྱུར་ཏོ། །ད་ཁྱོད་ལ་ང་སྒྲུབ་པའི་ཐབས་འདིའི་དབང་ལུང་སྦྱིན་གྱི་ཞེས་གསུངས་ཤིང་ཚར་གཅིག་གསུངས་ནས།འོ་བུམ་པའི་དབང་གིས་ལུས་རྡོ་རྗེའི་སྐུ་རུ་སྨིན་པར་གྱུར་ཅིག།གསང་དབང་གིས་ངག་རྡོ་རྗེའི་གསུང་དུ་སྨིན་པར་གྱུར་ཅིག།ཤེར་དབང་གིས་ཡིད་རྡོ་རྗེའི་ཐུགས་སུ་སྨིན་པར་གྱུར་ཅིག།ཚིག་དབང་གི་ནུས་པས་སྣང་སེམས་སྐུ་དང་ཡེ་ཤེས་ཀྱི་རོལ་པར་གོ་འཕོས་ཏེ་སྨིན་ཅིང་གྲོལ་བར་ཤོག་ཅིག།ཅེས་གསུངས་མཐར་རིགས་ཀྱི་བུ་དེང་ལྔ་བརྒྱའི་སྙིགས་མ་ལ་ཐུག་པའི་དུས་འདིར་དོན་དམ་པའི་ཆོས་ལ་ཡིད་ཆེས་མི་ནི་དཀོན།སྨོན་ལམ་གྱི་སྟོབས་ཀྱིས་ངའི་གདུལ་བྱར་མ་གྱུར་པའི་མི་མེད་དེ་ང་ཉིད་སྒྲུབ་པའི་ཐབས་ལ་བསྟེན་ཏེ་རྟག་ཏུ་ཡིད་ལ་བྱས་ནས་ཡི་གེ་དྲུག་མ་ལ་འབད་པ་དང་།མཐར་བསྔོ་བ་སྨོན་ལམ་གྱིས་རྒྱས་བཏབ་ནས་ངའི་ཞིང་འདིར་སྨོན་ལམ་རྟག་ཏུ་འདེབས་པ་རྣམས་འདིར་སྐྱེ་སྟེ།དེ་ཕྱིར་བསོད་ནམས་བསགས་པ་ནི་གནད་ཀྱི་དམ་པ་ཡིན།ད་ཁྱོད་ཀྱིས་དུས་བཟང་ནམ་བྱུང་ལ་ཚོགས་འཁོར་རེ་བསྐོར་བ་གལ་ཤིན་ཏུ་ཆེ།བུ་སློབ་ཐམས་ཅད་ཀྱིས་རི་ཁྲོད་བསྟེན་ནུས་ན་འཇའ་ལུས་ཐོབ་པའི་སྐྱེས་བུ་མང་པོ་འབྱུང་བར་ངས་ལུང་བསྟན་ཏོ། །ཞེས་གསུངས།དེར་བུ་མོ་དེས་འགྲོ་འགྲོ་ཞེས་ཟེར་ཞིང་བདག་གི་ལག་པ་ནས་འཐེན་བྱུང་བས་གཉིད་སད་དོ། །དེ་རྗེས་དགུན་ཟླ་གསུམ་དུ་ཡི་དམ་གྱི་བསྒོམ་བཟླས་ལ་ཞུགས་ནས་དམ་རྒྱ་བྱས་སོ། །དེ་ནས་ལོ་ཁྱིམ་བཞི་བཅུ་ཞེ་གསུམ་ལ་བབས་པ་ཧོར་ཟླ་བཞི་པའི་ཚེས་བཅུའི་ནུབ་མཁའ་འགྲོ་ཀུན་གསལ་མིག་ལྡན་མ་ཡིན་ཟེར་བ་ཞིག་ན་རེ།བུ་ཁྱོད་ང་ཡི་ངག་ལ་ཉོན། །ལྷོ་ཕྱོགས་ཕོ་ཉའི་ངག་བཞིན་དུ། །སོང་ལ་སེང་ཆུང་གངས་རྩེར་སྐྱོལ། །གཡུ་ཡི་རལ་པ་མཐའ་ནས་རྒྱས། །གནས་སྡོང་རྫོང་བྲག་གི་རི་བོ་འདི། །བཙན་མི་ཟན་དམར་པོའི་གནས་ཡིན་ཀྱང་། །མ་མཁའ་འགྲོ་བདེ་བའི་འབྱུང་གནས་ལ། །འཁོར་མཁའ་འགྲོ་བྱེ་བས་བསྐོར་ནས་ཡོད། །གནས་དེ་རུ་སྒྲུབ་པས་འབྲེལ་འཇོག་ན། །དམ་ཉམས་པའི་སྐྱེས་བུ་མ་གཏོགས་པ། །ཀུན་དངོས་གྲུབ་ཕྲན་བུ་རེ་འཐོབ་སྲིད། །དེ་མ་བརྗེད་ཟུངས་ཤིག་སྐལ་ལྡན་བུ། །ཞེས་ཟེར་ནས་ཡལ།དེ་ནས་དབྱར་ཟླ་འབྲིང་པོའི་ཚེས་གཅིག་ལ་ལམ་དུ་ཞུགས་ནས་རྡོའི་རྩང་ཆེན་དགོན་དུ་བུ་མཁྱེན་བརྩེའི་མྱུ་གུ་ཁྲི་ཁར་མངའ་གསོལ།དེ་རྗེས་རྣུ་ཟོག་དགོན་དུ་ཕྱིན་པས་དེར་ཡང་ཁྲི་ཁར་མངའ་གསོལ་མཐར་སྟོན་འབྲིང་པོའི་ནང་དུ་སླར་རང་དགོན་དུ་སླེབས།ལོ་ཁྱིམ་དེའི་དགུན་ཟླ་གསུམ་ལ་ཡི་དམ་གྱི་སྒྲུབ་མཚམས་སུ་ཞུགས།དེའི་ཚེ་མཁའ་འགྲོ་མང་པོས་ཟས་ནོར་གོས་སོགས་ལོངས་སྤྱོད་གྱ་ནོམ་པ་སྣ་ཚོགས་ཕུལ་ནས་སྨོན་ལམ་འདེབས་ཤིང་དབང་བསྐུར་བ་ཉམས་དང་རྨི་ལམ་ལན་གསུམ་དུ་བྱུང་།དེ་ནས་ལོ་གྲངས་བཞི་བཅུ་ཞེ་བཞི་ལ་བབས་པ་ཧོར་ཟླ་དང་པོའི་ཚེས་བཅུའི་ནུབ་མཁའ་འགྲོ་སྣང་སྲིད་དབང་མོ་ཞེས་བྱ་བ་ཡིན་སྐད་པའི་བུད་མེད་ལྗང་མོ་གཡུའི་ཁ་དོག་འཆང་བ་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཞིག་གིས་ན་རེ།བསྐལ་མང་ལས་སྨོན་རྟེན་འབྲེལ་གྱི། །མཐུ་དང་ལྡན་པའི་སྐྱེས་བུ་ཉོན། །ཕོ་ཉས་བསྐུལ་བ་དོན་ཡོད་ཀྱི། །དགོས་པ་ཤིན་ཏུ་ཆེ་བའི་ཕྱིར། །རྫ་རྒྱལ་དཔའ་བོའི་ཉེ་འདབས་སུ། །སོང་ལ་ཡུན་ཅིག་དེར་བཞུགས་ཤིག།རྨ་རྒྱལ་སྤོམ་རས་ལོངས་སྤྱོད་སྟེར། །ཟླ་རྒྱལ་དཔའ་བོས་ཞབས་ཏོག་ཡོད། །དེ་ནས་སྦྲུལ་གྱི་ལོ་ཁྱིམ་དུ། །གསེར་གྱི་ལུང་པར་བཞུད་ལ་སོང་། །སློབ་མའི་འདུ་བ་རྒྱས་པ་དང་། །སྙན་དང་གྲགས་པའི་དཔལ་ཡང་ཡོད། །གནས་འདིར་ཡུན་རིང་སྡོད་དྲག་ན། །འཇིགས་པ་ཆེན་པོ་ཐོག་ཏུ་འབེབས། །དེ་ཕྱིར་དེ་དོན་ཤེས་པར་གྱིས། །ལོ་ཁྱིམ་འདི་ཟད་ཕྱི་མའི་དུས། །ནག་པོ་བདུད་ཀྱི་རྒོལ་བ་ལས། །སྲིད་པའི་བོང་བུ་ནག་པོ་རྙེད། །ཕྱུགས་ལ་ཧབ་ཤ་བྱེད་པ་འབྱུང་། །གཟའ་བདུད་ནག་པོ་ཆེན་པོ་དེ། །བདུད་དཔུང་འཇོམས་པའི་ཕོ་ཉར་ཐོངས། །ངན་པའི་རྐྱེན་གྱིས་འཚེངས་དུས་ཡོད། །ཅེས་ཟེར་ནས་ཡལ།དབྱར་ཟླ་འབྲིང་པོའི་ཚེས་གཅིག་གི་ཉིན་བྱང་རྫ་ཆུ་ཁར་བཤུལ་ལམ་ལ་ཞུགས་ནས་ཕྱིན་ཚེ་རྨ་སྟོད་ནས་འབྲོང་སུམ་བརྒྱ་ཙམ་ཞིག་བདག་ཅག་དང་ལྷན་ཅིག་འགྲོགས་པའི་ཚུལ་དུ་ཞག་གསུམ་གྱི་བར་ཉིན་མོ་སྔ་ལོགས་སུ་འགྲོ་ཞིང་མཚན་མོ་ཉེ་སེར་གནས་པར་བྱེད་པ་དེ་རྨ་རྒྱལ་གྱིས་བསུ་སྐྱེལ་དུ་གོ།དེ་ནས་ནུབ་གཅིག་རྨི་ལམ་ན་ཞིང་སྐྱོང་ཀུན་དགའ་གཞོན་ནུས་ང་སྔོན་དུ་འགྲོ་ནས་མཚམས་སྤྲུལ་ལ་སྔ་ཞུས་བཏང་སྟེ་གནས་ཚང་ལེན་པར་བྱེད་དགོས་ཟེར་ནས་སོང་།དེ་ནུབ་མཚམས་སྤྲུལ་པས་མདང་སུམ་མི་ནག་པོ་སེངྒེའི་མགོ་ཅན་བེར་ནག་གྱོན་ཞིང་རྟ་ནག་རྟིང་དཀར་ལ་ཞོན་པ་ཞིག་གིས་གནས་ཁང་ལ་མདུང་རྟིང་གིས་བརྒྱབ་ནས་ངེད་ལ་གནས་ཁང་ཕྱུངས་ཤིག་ཟེར་ནས་སོང་པས་གཏེར་སྟོན་རིན་པོ་ཆེ་དཔོན་སློབ་སང་ཉིན་འབྱོན་འོང་བ་འདྲ་བས་བཅའ་ལག་ཐམས་ཅད་སྦྲ་ནང་དུ་སྤོས་གསུངས་ནས་གནས་ཁང་ཕྱུངས།དེ་ཉིན་མ་མོའི་དྲིལ་དཀར་དུ་ཞག་ས་བྱས་ཤིང་རྫ་རྒྱལ་དགོན་ནས་བསུ་མི་བཏང་བ་དང་འཕྲད།ཕྱིར་ཉིན་རྫ་རྒྱལ་དགོན་དུ་སླེབས་ཚེ་སེར་ཕྲེང་གིས་བསུ་བ་དང་།མཚམས་སྤྲུལ་དཔོན་སློབ་གསུམ་ཀྱང་བསུར་བྱུང་བ་དང་འཕྲད་དེ་བདག་གི་བུ་ཆུང་ཁྲི་རུ་མངའ་གསོལ་ཏེ་མཚམས་སྤྲུལ་རིན་པོ་ཆེའི་གཟིམ་ཁང་དུ་གནས་ཁང་བྱས་ནས་བསྡད།དེར་ཞག་བདུན་ལ་བབས་པའི་ནུབ་ཀློང་ཆེན་རྡོ་རྗེ་གཟི་བརྗིད་ཀྱི་ཞལ་མཇལ་ནས་རྫོགས་པ་ཆེན་པོའི་གདམས་པ་ཡོངས་སུ་རྫོགས་པ་གནང་སྟེ་བཀའ་གཏད་དང་བཅས་པ་རྫོགས་པར་བྱས་ནས་ཡང་འདི་སྐད་གསུངས།ཁྱོད་ཀྱི་བུ་འདི་ངའི་སྤྲུལ་པ་རིག་འཛིན་འཇིགས་མེད་གླིང་པ་ཞེས་བྱ་བ་ཡིན་ཏེ་མཚམས་སྒྲུབ་ལ་འབད་པ་ཐོན་ནས་རྟོགས་པ་ཕུལ་དུ་ཕྱིན་པ་ཞིག་འབྱུང་བར་གྱིས་ཤིག་དང་བསྟན་འགྲོ་ལ་ཕན་འགའ་ཐོགས་པར་འགྱུར་སྙམ་གྱི།ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ། །དེ་ནས་དབྱར་ཐ་ཆུང་གི་ཚེས་དགུའི་ནུབ་མཁའ་འགྲོ་མ་ཞིག་གིས་སང་ཉིན་དཔལ་སྤྲུལ་པའི་མདུན་དུ་བུ་ཆུང་ཁྲིད་སོང་ལ་བཤད་པ་འགའི་བཀའ་ལུང་ཞུས་ན་འཐོབ་པར་འགྱུར་ཟེར།ཚེས་བཅུའི་ཉིན་དཔལ་སྤྲུལ་པའི་མདུན་དུ་སླེབས་ཚེ་ཚོགས་མཆོད་མཛད་ནས་དངོས་གྲུབ་ལེན་སྐབས་སུ་ཐུག་པས།བླ་མའི་ཞལ་ནས་རྟེན་འབྲེལ་ཤིན་ཏུ་ལེགས་པས་དྲང་བ་དེ་འདི་གཉིས་ལ་བྱིན་གསུངས་བཞིན་དུ་མཁྱེན་སྤྲུལ་དང་ངེད་གཉིས་ཀྱིས་དྲང་བ་ཐོབ་པས་དགའ་སྤྲོ་དཔག་ཏུ་མེད་པ་བྱུང་།སྤྲུལ་སྐུ་འདིར་བཞུགས་ན་ཆོས་ཁྲིད་རྣམས་འཐོབ་འོང་གསུངས་བཞིན་དེར་བསྡད་པས།སྤྱོད་འཇུག་དང་།མངོན་རྟོགས་རྒྱན།དབུ་མ་འཇུག་པ།གསང་བ་སྙིང་པོ་སོགས་ཁྲིད་ལུང་མང་ཞིག་གསུངས་པ་ཐོབ་བྱུང་།དེ་ནས་མཁྱེན་སྤྲུལ་དཔོན་སློབ་དགོན་དེར་བཞུགས་ནས།རང་ཅག་དཔོན་སློབ་ལྔ་ཙམ་དགུན་ཟླ་འབྲིང་པོའི་ཚེས་གསུམ་ཉིན་རང་ཡུལ་དུ་ཐེག་ཚེ་ཁ་བ་ཆེན་པོ་ཞིག་འབབ་གྲབ་བྱེད་པ་ལ་སྐྲག་ནས་འགྱོད་དུ་ཡོད་པའི་ནུབ།གནོད་སྦྱིན་ཤན་པ་དམར་ནག་གིས་ཁྱེད་རྣམས་མ་འཇིགས་མ་སྡུག་དང་ཁ་བ་ངས་གཅོད་ཀྱི་སྔར་བབས་ཟིན་པ་དེ་ལས་མི་བཏང་ཟེར་བ་རྨིས།དེ་ནས་བཟུང་དགུན་ཐོག་དེར་ཁ་བ་བབ་མ་བྱུང་།དེ་ནས་ལོ་གྲངས་བཞི་བཅུ་ཞེ་ལྔ་ལ་བབས་པ་ཧོར་ཟླ་གཉིས་པའི་ཚེས་ལྔའི་ཉིན་ཆོས་སྐོར་ལྷ་བསྟེན་གྱི་རྟ་སྒ་མ་བླངས་ཁོ་བཙོན་དུ་བཟུང་སྟེ་མནར་གཅོད་མང་པོ་བྱས།དེར་ཁ་མཆུ་བཤད་པའི་མི་དྲག་ཤོས་པ་འགའ་བྱུང་བས་གྱོད་བསྡུམ་ནས་ཁོང་རྣམས་རང་ཡུལ་ལ་སོང་།དབྱར་ཟླ་ཐ་ཆུང་གི་ཚེས་བཅུ་གཉིས་ཀྱི་ཉིན་གནོད་ལན་དུ་ཕྱུགས་རྣམས་དེད་ནས་སོང་ཚེ་བདག་དཀར་བསོད་ལ་སོང་ནས་ཁྱིམ་ན་མེད་པའི་སྐབས་ཞིག་ལ་ཐུག་པས་འབོད་དུ་བྱུང་བས་རང་ཁྱིམ་དུ་སླེབས་པར་བྱས།ཀུན་གྱིས་ད་ནི་མཐུ་བྱེད་དགོས་ཟེར་བ་ལ་བདག་གིས་ཟླ་བ་ཡར་འཕེལ་ལ་མཐུ་བྱས་ན་ཐུབ་པར་དཀའ་སྟེ་ཟླ་བ་མར་འགྲིབ་ལ་རྦད་དགོས་ཞེས་སྨྲས་ནས་ཚེས་བཅུ་བདུན་གྱི་མུན་དགུང་མཚམས་སུ་རང་གི་གཏེར་ཁའི་གཟའ་རྒོད་རྦད་པས་དེ་ནུབ་དགྲ་བོའི་ཁྱིམ་དུ་གཟའ་བབས།དེའི་ཕྱིར་ཉིན་སྦྲ་ཐོག་ཏུ་སྤྲུལ་ནག་གདུང་མ་ཙམ་ཞིག་གིས་འཁྱིལ་འགྲོས་བྱས།གནག་ཕྱུགས་མང་པོ་གཟའ་གྲིབ་ཀྱིས་ཤི།དགྲ་བོ་དེ་དཔོན་གྱིས་བཙོན་ཁང་དུ་བཅུག་ནས་སྡུག་བསྔལ་མང་པོ་ཐོག་ཏུ་ཕབ།དེ་ནས་བདག་གི་ཡི་དམ་གྱི་ཞལ་ཧོམ་འབུམ་ཕྲག་གྲངས་ལོངས་པར་བྱས་ཚེ་དགྲ་བོའི་ཞིང་གི་སྟེང་དུ་སེར་བ་དྲག་པོ་བབས་ནས་རི་ཆེན་པོ་བསྙིལ་བས་ཞིང་ར་ཉེ་ཞེས་བྱ་བ་དངུལ་རྡིལ་ཚད་གསུམ་གྱི་རིན་ཐང་ཅན་རྡོ་སྤུངས་བསལ་མི་ནུས་པས་བཀབ་སོང་།གཞན་ཡང་ཡུལ་ཕྱོགས་དེ་དག་གི་ཞིང་རྣམས་སུ་སྟོན་འབྲས་ཕུལ་གང་ཙམ་ཡང་མ་ལུས་པར་བཅོམ་ནས་མུ་གེ་ཆེན་པོ་བྱུང་སྟེ།ངའི་གནག་ཕྱུགས་རྣམས་སླར་གཏད་ནས་གྱོད་ཡག་པོ་བྱུང་།ཡང་མཐར་དགྲ་བོ་ཕུང་བརླག་ཏུ་སོང་ནས་མཐུའི་གྲགས་པ་ཐོབ་སྟེ་སྔར་ཉེས་མཐར་འཚེངས་ཟེར་བའི་མཁའ་འགྲོའི་ལུང་བསྟན་ཐོག་ཏུ་ཕེབས་པ་བྱུང་ངོ་། །དེ་ནས་རང་ལོ་བཞི་བཅུ་ཞེ་དྲུག་ལ་བབས་ཚེ་གསེར་སྟོད་བླ་མ་རོང་དུ་འགྲོ་སྙམ་ནས་ཕོ་ཉ་མི་གསུམ་སྔོན་དུ་བཏང་བས་སྨར་སྟོད་གཡུང་དྲུང་ལྕགས་རྩེས་ཀོ་ལོང་བསྡམས་ནས་རྟ་རྣམས་ཉལ་ཏེ་འགྲོ་མ་བཏུབ་པར་ཕྱིར་ལོག་ཚེ་རྟ་རྣམས་ལངས་ནས་སླར་སླེབས་བྱུང་།དེར་གཞི་བདག་དེའི་མདུན་དུ་བསང་མཆོད་དང་དར་ཟབ་མང་པོ་ཕུལ་བས་ཁོ་མངོན་སུམ་དུ་འོང་ནས་ཁྱེད་ངེད་ཀྱི་གནས་འདི་ནས་མི་འཕོ་བར་སྐུ་མཁྱེན་ཞེས་ཟེར་བ་ལ།ངས་ཁྱེད་དེ་སྐད་མ་ཟེར་ཅིག།མཁའ་འགྲོས་ལུང་བསྟན་པ་བཞིན་མི་འགྲོ་ཐབས་མེད་ཡིན་སྨྲས་པས།འོ་ན་ང་ཡང་ད་ལོ་འགྲོ་ཐབས་མེད་ཀྱང་སང་ཕོད་ཁྱོད་འགྲོ་ས་རུ་འགྲོ་དགོས་ཟེར།བདག་གིས་སང་ཕོད་དབྱར་ཐ་ཆུང་གི་ནང་དུ་ཁྱོད་ཀྱིས་མིང་ནས་བོས་ཚེ་ནམ་མཁའ་སྤྲིན་གྱི་ནང་ནས་ཁུ་འཕང་འབེབས་ནུས་ན་ཁྱོད་སླེབས་པའི་ལྟས་ཡིན་ཏེ་མཆོད་གསོལ་ཀྱང་བྱེད་ཅེས་སྨྲས།དེ་ནས་དབྱར་ར་བའི་ཚེས་བཅུ་གསུམ་ལ་ལམ་དུ་ཞུགས་ནས་གསེར་ཁོག་ཏུ་སོང་བའི་ཉིན་ཁོབ་ལེ་གཟི་ལྡན་ཡིན་ཟེར་བའི་མི་ནག་གཡག་ཁམ་པ་རྭ་མེད་ལ་ཞོན་པ་ཞིག་གིས།ཁྱོད་མི་འདུག་ན་འདི་ཁྱེར་ཟེར་ནས་གཡག་ནག་པོ་ཞིག་ཁྲིད་ནས་བྲོས་སོང་བ་ལ།བདག་གིས་འགུག་གཞུག་བྱེད་གྲབ་བྱས་ཚེ།གནོད་སྦྱིན་ཆེན་པོ་ན་རེ།མ་བྱེད་མ་བྱེད་སྐྱུར་ཐོངས་དང་ལེགས་ཞེས་ཟེར་བས་མ་བྱས།དབྱར་ཟླ་འབྲིང་པོའི་ཚེས་གསུམ་ལ་གསེར་སྟོད་བླ་མ་རོང་དུ་སླེབས།དེ་ན་ཀླུ་གདུག་པ་ཅན་ཞིག་གནས་པ་དེ་མི་གཅེར་བུ་ཞིག་ལ་ཞོན་ནས་བདག་གི་མདུན་དུ་འོངས་ཏེ་ཁྱོད་འདི་རུ་འདུག་མི་ཉན།ངེད་ལ་ཤིན་ཏུ་གནོད་དོ་ཟེར་བ་ལ།ངས་ཁྱོད་ལ་དཔལ་མཁར་ལབ་རྩེ་ཕུལ་དང་མི་སྐྱོན་སྨྲས་པས།སྦྲུལ་ནག་པོ་ཞིག་གིས་ལྕག་བྱས་ནས་ང་ལ་བྲབ་པ་ན་ཁོའི་སྐེ་ནས་བཟུང་སྟེ་བཙིར་བས་ཁོ་བྲེད་ཅིང་དངངས་ནས་ཁྱོད་ཀྱིས་ང་ཐོང་དང་གནོད་པ་བྱེད་རེ་ན་ར་ཀ་དཔང་ཞེས་ཟེར་བས།བདག་གིས་ཀློད་བཏང་བ་དང་ཆུ་མིག་ཏུ་མཆོང་ཐལ།ལོ་ཁྱིམ་ཕྱི་མ་རང་ལོ་ཞེ་བདུན་ལ་བབས་པ་ཧོར་ཟླ་གསུམ་པའི་ཚེས་བཅུ་གསུམ་ལ་བུད་མེད་ནག་མོ་ནུ་མ་གཉིས་བསྣོལ་ནས་ཕྲག་ལ་བཀལ་བ།སྐྲ་དམར་པོ་ས་ལ་སླེབས་པ་གཅེར་བུ་གོས་མེད་པ་ཞིག་གིས་བདག་ལ་མ་རུངས་མི་སྲུན་གདུག་པ་ཅན་ཁྱོད་འདིར་སྡོད་མི་ཆོག།བདག་སྟོད་ཟླ་སྙིའི་གོང་བ་མན་ཆད་ནས་སྨད་ལི་རྩང་ཡན་ཆད་ཀྱི་ཕྱུགས་འཆི་ཁ་མ་དག་གི་སྲོག་དབུགས་ལ་དབང་བྱེད་པ་མོ་ཡིན།ཁྱོད་ཀྱིས་ཅི་སྙམ་འདུག་གི་འགྲོ་ཐུབ་ན་སོང་ཟེར་བ་མངོན་སུམ་དུ་བྱུང་ནས་རེ་བ་ནག་པོའི་དར་གྱིས་ང་ལ་བརྒྱབ་པ་ན།ངས་མོའི་ལག་པ་གཡས་ནས་བཟུང་སྟེ་རེ་དར་འཕྲོག་སྟེ་སྙིང་ལ་ཕུར་པ་འཛུག་གྲབ་བྱས་པས།མོ་ན་རེ།ང་ཐོངས་སྡིག་དྲེད་ཟེར་བ་ལ།ངས་ཁྱོད་གསོད་པར་མི་བྱེད་རེ་སྨྲས་པས།མ་གསོད་དང་ཁྱོད་ལ་གནོད་པ་བྱེད་རེ་ན་ར་ཀན།ཅེས་ཟེར་ཞིང་ཁས་བླངས་པས་བཏང་།དེ་ནི་གསེར་ལུང་འཛི་ཆེན་གྱི་ཐང་དེའི་སྨན་མོ་ཡིན་འདུག།དེ་ནས་དབྱར་ཟླ་ཐ་ཆུང་གི་ཚེས་བཅུའི་ཉིན་རི་མཐོ་བའི་རྩེ་མོར་ཕྱིན་ནས་གཡུང་དྲུང་ལྕགས་རྩེ་ཞེས་ལན་གསུམ་དུ་བོས་པ་ན་ནམ་མཁའ་སྤྲིན་མེད་སྔོ་སང་ངེ་བའི་ནང་ནས་ཁུ་འཕངས་དཀར་པོ་གྲོ་བ་ཙམ་བབས་བྱུང་ནས་མི་ཀུན་ངོ་མཚར་བར་གྱུར་ཏོ། །ཟླ་བ་དེའི་སྔ་སོར་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཡིན་སྐད་པའི་བུ་མོ་ཟ་འོག་ཁ་དོག་སྣ་ལྔའི་གོས་རིང་ཐུང་བྱས་ནས་གྱོན་པ་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཕྲེང་གིས་བརྒྱན་པ་ཞིག་བདག་གི་ཐད་དུ་བྱུང་ནས།སྐྱེས་བུ་དམ་པ་ཁྱོད་ལ་བཞི་བཅུ་ཞེ་བརྒྱད་ཀྱི་ལོར་ཚེ་གེགས་ཆེན་པོ་ཞིག་ཡོད་པས་དེ་སེལ་ཐབས་ལ་འབད་པ་གལ་ཆེ་ཞེས་ཟེར་བ་ལ།བདག་གིས་ཐབས་ཅི་དགོས་སྨྲས་པས།ཀྱཻ།ཉོན་ཅིག་གསོན་ཅིག་རིགས་ཀྱི་བུ། །སྡོང་གི་རིགས་སུ་སྐྱེས་པ་ཡི། །བུ་མོ་སྒྲོན་གྱི་མིང་མཐའ་ཅན། །སྔོན་གྱི་སྨོན་ལམ་མཐུ་ཡོད་ཕྱིར། །དེ་ཉིད་ཕྱག་རྒྱར་བསྟེན་གྱུར་ན། །ཚེ་ཡི་གེགས་སེལ་འབྱོར་པ་རྒྱས། །ནོར་བུ་རིན་ཆེན་གསུམ་ཀྱང་རྙེད། །ས་གསུམ་སྙན་དང་གྲགས་པས་ཁྱབ། །ནོར་འཁྲུལ་མེད་པ་གནད་དུ་ཤེས། །ནོར་ན་གནོད་པའི་རྒྱུ་རུ་འགྲོ། །དེ་ལྟར་གནད་ཀྱིས་ཟིན་སྲིད་ན། །བུ་སློབ་འདུ་བ་རྒྱས་པ་ཡིན། །མཐའ་མིས་དམོད་པ་མཐུ་བཙན་པས། །ཆོས་བདག་སྐྱེས་བུའི་སྐུ་ཚེར་གནོད། །དེ་ལ་ཡི་དམ་ལྷ་བསྒོམ་ཞིང་། །སྟོང་ཉིད་ལྟ་སྒོམ་ལྷུར་ལེན་གནད། །ད་ནས་མི་ལོ་བརྒྱད་ཅུ་ལ། །ཐུག་ཚེ་ཆོས་ཀྱི་བདུད་རྩི་ཡལ། །ས་སྟེང་ཀླ་ཀློའི་བསྟན་པས་ཁྱབ།བསྐལ་པ་མེ་བྱ་ནས་བཟུང་སྟེ། །མི་རྣམས་དྲན་པ་ཉམས་པ་དང་། །འཁྲུགས་དང་རྩོད་པའི་ལས་ཀར་འབད། །རི་ཀླུང་ཇག་རྐུན་ཆོམ་པོས་གང་། །བསྟན་འགྲོའི་བདེ་སྐྱིད་ཉི་མ་ནུབ། །སྤྲུལ་ནག་ཆུ་རུ་འཁྱིལ་བའི་ཚེ། །ལྷོ་མོན་ཕྱོགས་སུ་ཁྱོད་སླེབས་ན། །སྦས་ཡུལ་གཉན་པོའི་སྒོ་འབྱེད་པའི། །དུས་ཚིགས་ལགས་ཏེ་ཡོལ་མི་རུང་། །དེ་ལྟར་གནད་དང་མི་ལྡན་ན། །རྡོ་ཡུལ་སྟོད་ཀྱི་ས་ཆ་རུ། །གདུལ་ཞིང་ཡོད་ཀྱི་ས་ཆགས་མཛོད། །དབང་ཕྱུག་མ་ཧཱ་དཱེ་ཝ་ལ། །བློ་ཕུག་གཏད་ན་རེ་ཞིག་དགེ།ཚིག་དེ་སྙིང་གི་དཀྱིལ་དུ་ཟུངས། །ཞེས་ཟེར་ནས་ཡལ་སོང་།དེ་ལྟར་ཚུལ་བཞིན་ལག་ལེན་ལ་བཏབ་པས་ཚེའི་གེགས་འཕྲང་ཆེན་པོ་ལས་ཐར་སོང་།དེ་ལྟར་མཁའ་འགྲོས་ལུང་ཇི་ལྟར་བསྟན་པ་བཞིན་རང་ལོ་ང་དགུ་པ་ཆུ་སྦྲུལ་ལོར་གནས་པདྨ་བཀོད་དུ་འགྲོ་གྲབ་བྱས་ཀྱང་གཞན་རྐྱེན་གྱིས་རྟེན་འབྲེལ་འཕྱུག་ནས་འགྲོ་སྟབས་མ་འགྲིགས།དེ་རྗེས་བླ་མ་རོང་དུ་ཁང་པ་བརྩིགས་པ་ལ་སྨོན་ལམ་ལོག་པའི་བདུད་སྤྲུལ་འགས་བར་ཆད་བརྩམས་ནས་སྡོད་གནས་མ་ལེགས་པའི་ལྟས་འགའ་བྱུང་།དེ་ནས་རང་ལོ་བཞི་བཅུ་ཞེ་བརྒྱད་ཀྱི་ལོ་ཁྱིམ་ལ་བབས་པའི་དགུན་དུས་སློབ་མའི་ཚོགས་བརྒྱ་ཕྲག་ཙམ་ལ་བདུད་གཅོད་དང་རྫོགས་པ་ཆེན་པོའི་ཁྲིད་བཏབ་ཚེ་དགུན་ཟླ་འབྲིང་པོའི་ཚེས་བཅུའི་ནུབ་མཁའ་འགྲོ་མ་ཀུན་ཏུ་རྒྱུ་བ་གསལ་བྱེད་མ་ཡིན་ཟེར་བའི་བུད་མེད་ཞིག་གིས་བདག་ལ་འདི་སྐད་ཟེར།ཀྱཻ།མ་ཡེངས་མཁའ་འགྲོའི་ངག་ལ་ཉོན། །ཡུལ་འདིར་ཁྱོད་ཀྱི་བསྟན་འཛིན་པའི། །སྐྱེས་མཆོག་པདྨའི་མིང་ཅན་དེ། །ཉམས་ལེན་གནད་བསྣུན་ངེས་མེད་རྒྱུ། །སྐྱེས་མཆོག་དོན་སེམས་མིང་ཅན་ནི། །རྫོགས་ཆེན་དགོངས་པ་ཟང་ཐལ་གྱི། །བཀའ་བབས་ངེས་མེད་རི་སུལ་འཛིན། །ལོག་ལམ་བདུད་ཀྱིས་མ་བསླུས་ན། །འཇའ་ལུས་ཆེན་པོར་མངོན་འཚང་རྒྱ། །སྐྱེས་མཆོག་རྒྱ་མཚོའི་མང་ཅན་གྱིས། །སྙིང་པོའི་སྒྲུབ་པ་ལྷུར་ལེན་ཅིང་། །ཚེ་དང་སྒྲུབ་པ་མཉམ་བྱས་ན། །ཡང་དག་རྫོགས་པའི་སངས་རྒྱས་འཐོབ། །སྐྱེས་མཆོག་གྲོལ་གྱི་མིང་མཐའ་ཅན། །ཆོས་བརྒྱད་ཡུལ་དུ་མ་འཁྱོལ་ན། །འཇའ་ལུས་སྒྱུ་མའི་སྐུ་འགྲུབ་འགྱུར། །སྐྱེས་མཆོག་རབ་ཀྱི་མིང་མཐའ་ཅན། །ཆོས་བརྒྱད་རྐྱེན་གྱིས་མ་བསླུས་ན། །འཇའ་ལུས་སྒྱུ་མའི་སྐུ་མཆོག་འགྲུབ། །དེ་དག་སྣོད་ལྡན་བུ་སློབ་སྟེ། །དུས་ངན་དམུ་རྒོད་སྐྱེས་བུ་ལ། །གདམས་པ་འཆད་ན་མཁའ་འགྲོས་བསླུ། །མི་འདོད་འཚུབས་མ་བཞིན་དུ་ལྡང་། །དེ་ཕྱིར་གསང་བའི་རྒྱ་སྡོམ་མཛོད། །ཅེས་ཟེར་ནས་ཡལ།ཡང་ཧོར་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་གི་ཉིན་མཁའ་འགྲོ་མ་གསང་མཛོད་ཆེན་མོ་ཡིན་སྐད་པའི་བུད་མེད་ནག་མོ་ཞིག་གིས་ན་རེ།ཀྱཻ།གནས་འདི་མཁའ་འགྲོ་དཔལ་བཙུན་མ། །པདྨ་མཁའ་འགྲོ་འདུ་བའི་གླིང་། །ཕ་ཀི་ནགས་ཀྱི་ཁྲོད་དེ་རུ། །འབྱུང་བ་ཤིང་གི་ལྷ་མོ་སྟེ། །སྨན་མོ་ཤ་ཟ་སྲོག་འཕྲོག་མ། །མི་སྲུན་སྨན་མོ་བཞི་དང་འགྲོགས། །དེ་ནི་དྲག་པོས་མ་ཐུལ་ན། །ཞི་བའི་ལས་ཀྱིས་བཀོལ་ནུས་མིན། །དུས་ཚིགས་སྤྲེའུའི་ལོ་རུ་བབས། །རྟགས་སུ་ཉམས་སད་བྱེད་དུ་འོང་། །དྲག་ལས་མངོན་སྤྱོད་དག་ལ་རེམ། །ཞེས་ཟེར་ནས་ཡལ།དེ་ནས་རང་ལོ་བཞི་བཅུ་ཞེ་དགུ་ལ་བབས་པ་ཧོར་ཟླ་གསུམ་པའི་ཚེས་དྲུག་གི་ནུབ་མཁའ་འགྲོ་མ་དམར་མོ་ཟ་འོག་དམར་མོའི་ལའུ་གྱོན་པ་ཞིག་གིས་བདག་གི་ལག་པ་གཡས་ནས་བཟུང་སྟེ་རི་བོ་ལྕང་ལོ་ཅན་དུ་ལྟད་མོ་ལ་ཨེ་འགྲོ་ཟེར་བ་བཞིན།སྟེང་ཕྱོགས་ཀྱི་ནམ་མཁར་དཔག་ཚད་བརྒྱད་དུ་འཕགས་པའི་མཁའ་ལ་འཕུར་ལྡིང་གིས་ཤར་གྱིས་སོང་བས་ལུང་པ་ཆེན་པོ་མདའ་ན་ནགས་ཚལ་དུ་ལྷུན་སྟུག་པ།གཞུང་ན་ཙནྡན་དང་སྨྱུག་མ་རྦ་དང་རྩི་ཤིང་གིས་གང་བ།ཕུ་ན་རི་བོ་སྔོ་སང་ངེ་བ་འོད་ནམ་མཁའ་ལ་འཕགས་པས་ཕྱོགས་ཐམས་ཅད་སྦྲེལ་བ།དཔེར་ན་ཉི་མ་ལྟ་བུའི་འོད་ཟེར་རབ་ཏུ་འབར་བ་ཞིག་གི་རྩ་བར་མཚོ་ནག་ལ་གཏིང་ཟབ་པས་ཡོངས་སུ་འཁོར་བའི་ནང་དང་འགྲམ་ན་འབྱུང་པོ་དང་། །རོ་ལངས་དང་།ཤ་ཟ་དང་།དབུགས་ལེན་གྱི་སྡེ་ཚོགས་གཟུགས་མི་སྡུག་པ་སྲིན་པོ་ལྟ་བུ་དང་།མགོ་བརྙན་ཅན་སྣ་ཚོགས་ཀྱིས་ཀུ་ཅོ་དང་གད་རྒྱངས་ཀྱི་སྒྲས་སྣང་སྲིད་ཀྱི་ལྷ་འདྲེ་དབང་དུ་སྡུད་པ་དེ་ལྟ་བུས་ཡུལ་དེ་གང་བ་ཞིག་སྣང་།རི་བོ་དེའི་རྩེ་མོར་ཐོད་པ་ར་རི་གསུམ་གྱི་རྩིག་པ་ལ་གནམ་ལྕགས་ཀྱི་གཟེར་གདབ་པར་ཁྲོ་ཆུ་ཞུན་མས་ཞལ་བ་བྱས་པའི་གཞལ་ཡས་ཁང་ཡངས་པའི་དབུས་སུ།སྦལ་པ་དང་ཉ་བོ་ཆེ་དང་སྤྲུལ་ཆེན་བརྩེག་པའི་ཁྲིའི་ཁར་པདྨ་དང་ཉི་མའི་གདན་ལ་ཁྲོ་བོ་མཐིང་ནག་བལྟར་མི་བཟོད་པ་སྦྲུལ་དང་མི་མགོའི་ཕྲེང་བ་རྒྱན་དུ་འཆང་བ།ཐལ་ཆེན་གྱི་ཚོམ་བུ་དང་།རཀྟའི་ཐིག་ལེ།ཞག་གི་ཟོ་རིས་རྣམས་ཆུ་ནང་དུ་གཟུགས་བརྙན་བཀྲ་བ་ལྟར་ཤར་ཡོད་པ།ཞལ་གསུམ་ཕྱག་དྲུག་ཞབས་བཞི་དང་ལྡན་པ།མེ་དཔུང་དམར་ནག་ཏུ་འབར་བ།དབུ་སྐྲ་དམར་སེར་གྱེན་དུ་འབར་བའི་གསེབ་ནས་ཁྱུང་གི་ཚྭ་ཚྭ་མེ་སྟག་ལྟར་འཕྲོ་བ་ཞིག་ལ་འཁོར་ཁྲོ་བོའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ནས་འདུག་གོ།དེ་ལ་བདག་གིས་ཕྱག་འཚལ་ཞིང་བསྐོར་བ་བྱས་ནས་ཞབས་ལ་མགོ་བོས་གཏུག་སྟེ་སྨོན་ལམ་བཏབ་པས།ཁྲོ་བོ་དེས་ཕྱག་མཚན་རྣམས་བདག་གི་མགོ་ཐོག་ཏུ་བཞག་ནས།ཁྱོད་ཉིད་དུས་གསུམ་གྱི་རྒྱལ་བ་རྣམས་ཀྱི་རྒྱལ་ཚབས་སུ་མངའ་གསོལ་ལོ། །འཁོར་བ་ཡོངས་སུ་སྒྲོལ་བའི་དབང་བསྐུར་རོ། །ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་གོ་འཕང་དུ་གྲོལ་བ་ཐོབ་པར་དབུགས་དབྱུང་ངོ་། །ངའི་སྤྲུལ་པ་གྲུབ་ཆེན་ས་ར་ཧ་པས་ཡུམ་ཁྲོས་མའི་གདམས་པ་བསྟན་པ་དེ་བུ་སློབ་རྣམས་ཀྱིས་ཉམས་སུ་ལེན་པ་ལ་འབད་ན་བར་ཆད་ཐམས་ཅད་ངང་གིས་སེལ་བར་འགྱུར་རོ། །ཞེས་གསུངས།དེ་ནས་ཞིང་དེའི་སྟེང་ཕྱོགས་དཔག་ཚད་གཅིག་འདས་པའི་ནམ་མཁའ་ན་ཞིང་ཁམས་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་དབུས་སུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་པའི་ལྟེ་བར་རིན་པོ་ཆེའི་ཁྲིའི་སྟེང་དུ་སྐུ་ཞི་བ་ཁ་དོག་མཐིང་ནག་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ལོངས་སྤྱོད་རྫོགས་པའི་རྒྱན་དུ་མས་བརྒྱན་པ་ཞིག་དང་མཇལ་ཚེ།རབ་ཏུ་གུས་པས་ཕྱག་འཚལ་ཞིང་བསྐོར་བ་བྱས་ནས་ཞབས་ལ་མགོ་བོས་གཏུག་སྟེ་སྨོན་ལམ་བཏབ་པས།བདག་གི་མགོ་ལ་རྡོ་རྗེས་རེག་ནས་ངའི་སྒྲུབ་ཐབས་ཀྱི་དབང་ལུང་ཡོངས་སུ་རྫོགས་པར་གྱུར་ཅིག།ཅེས་གསུངས་མཐར་རིགས་ཀྱི་བུ་ཁྱོད་ཀྱིས་ཟབ་ཆོས་ཡི་གེར་ཕབ་གྱིན་ཨེ་ཡོད་གསུངས་པ་ལ།བདག་གིས་འདི་སྐད་ཞུས།ཡི་གེ་འགའ་ཕབ་ཀྱང་མཁས་པ་དཔྱོད་ལྡན་རྣམས་ན་རེ།སངས་རྒྱས་ཀྱི་བཀའ་བསྟན་བཅོས་དང་རྒྱལ་བ་གོང་མ་རྣམས་ཀྱི་གསུངས་པ་དེས་ཆོག་ཟེར་བ་མང་བས་དེ་བདེན་འདུག་སྙམ་ནས་མང་པོ་ཕབ་པ་མེད་ལགས་ཞུས་པས།འཕགས་པའི་ཞལ་ནས།ཧ་ཧ།དེ་རྣམས་མཁས་པ་དཔྱོད་ལྡན་མ་ཡིན་ཏེ།མཐའ་དཔྱོད་བྱེད་པའི་ཤེས་རྒྱུ་མེད་པ་ཡིན།སྔོན་རབས་མང་པོ་ལ་བརྒྱུད་རིམ་མང་དྲག་པས་བླ་སློབ་དམ་འགལ་གྱི་དབང་གིས་བརྒྱུད་པའི་ཟམ་པ་དང་དབང་ལུང་གི་རྒྱུན་ཆད།བྱིན་རླབས་ཀྱི་ཆུ་བོ་ཉམས་སུ་འགྲོ་བ་ལ་དགོངས་ནས་ས་རྡོ་རི་བྲག་ཐམས་ཅད་གཏེར་གྱིས་བཀང་བ་ཡིན།དེ་དོན་མ་ཤེས་པ་བླུན་པོའི་གཏམ་ངེས་པར་ཡིན་མོད།སྔོན་བྱོན་རྒྱལ་བ་རྣམས་ཀྱིས་གསུངས་པའི་ཆོས་རྣམས་རང་ངོས་ནས་བྱིན་རླབས་ལ་ཉམས་པ་མེད་ཀྱང་གང་ཟག་གི་བྱེད་ལས་ཀྱིས་བྱིན་རླབས་མི་འབྱིན་པ་ཡིན།དེ་ཕྱིར་དབང་ལུང་གི་བརྒྱུད་པ་མ་ཆད་ན་བྱིན་རླབས་དང་དངོས་གྲུབ་ཉེ་ཞིང་མྱུར་བ་ཡིན་པས་ཤེས་པར་གྱིས་ཤིག།ཟབ་གཏེར་ཡི་གེར་ཕབ་པ་ཐམས་ཅད་མྱུར་དུ་སྣོད་ལྡན་གྱི་སློབ་མ་རྣམས་ལ་སྟོན་ལ་ཉམས་སུ་བླངས་ནས་གྲོལ་བའི་ས་ལ་སྦྱོར་དུ་ཆུག་ཅིག།ཕྱི་རོལ་ཀླ་ཀློའི་བསྟན་པ་མཁའ་ལ་ནམ་ལངས་པ་བཞིན་དུ་ཉེར་རུ་འབྱུང་བས་བསྟན་པ་གནས་ཡུན་ཤིན་ཏུ་ཐུང་བས་ན་མྱུར་དུ་སྤེལ་ཅིག།ཁྱོད་ནི་ང་དང་གཉིས་སུ་མེད་དེ་ངའི་སྔགས་རྣམས་རྟག་ཏུ་ཟུངས་ཤིག།ད་ནི་དབང་ལུང་རྣམས་རྫོགས་པ་ཡིན།གདམས་པ་ལ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་པ་ཉིད་ཀྱི་རོལ་པ་ལས་མ་འདས་པའི་ངང་ཚུལ་ཇི་བཞིན་དུ་ཤེས་པར་གྱིས་ཤིག།སྟོང་ཉིད་ནི་ནམ་མཁའ་ལྟ་བུ་སྟེ།བདག་སྣང་དང་གཞན་སྣང་ཐམས་ཅད་ནམ་མཁའ་གཅིག་གི་རོལ་པ་རུ་ཐག་ཆོད་པ་ཞིག་བྱུང་ན་ནམ་མཁའ་རྣམ་པར་དག་པ་ཞེས་བྱ་བ་ཡིན་ཏེ་ལྟ་བ་ཡིན།དེའི་ངང་མངོན་དུ་གྱུར་པ་ནི་སྒོམ་པ་ནམ་མཁའ་ཀློང་ཡངས་ཞེས་བྱ་བ་ཡིན།དེ་ལས་མི་འདའ་བ་ནི་སྤྱོད་པ་བྱུང་རྒྱལ་བྱ་བ་ཡིན་པས་ཤེས་པར་མཛོད།གཞི་ཁྲེགས་ཆོད་ལ་བརྟེན་ནས་ལམ་ཐོད་རྒལ་ཞེས་བྱ་བ་ནི་འོད་གསལ་སྦུབས་འཇུག་གི་གདམས་པ་སྡིག་པོ་ཆེ་བཙན་ཐབས་སུ་འཚང་རྒྱ་བའི་མན་ངག་ཡིན་པས་ཁྱོད་ལོ་གྲངས་དྲུག་ཅུ་རེ་གཉིས་ཕན་ཆད་ལ་གནད་དུ་བསྣུན་ཏེ་ཉམས་སུ་ལོངས་ཤིག།དེ་ལྟར་ཉམས་སུ་བླངས་ན་ཚེ་ལོ་བརྒྱད་ཅུར་འཕེན་སྲིད་དེ།ཉམས་སུ་ལེན་པའི་གནད་དང་འཛོལ་ན་ཚེ་ལོ་དྲུག་ཅུ་རྩ་བདུན་ཙམ་ཚེ་ཚད་དུ་ངེས་སོ། །ཞེས་གསུངས་མཐར་བུད་མེད་དེ་ན་རེ།ད་འགྲོ་འགྲོ་གནམ་ལ་ལྟོས་ཤིག་ཟེར།བལྟས་པས་གཉིད་ལས་སད་དོ། །དེ་ནས་རང་ལོ་ལྔ་བཅུ་ལ་བབས་པའི་དུས་སུ།སྤྱིར་ན་མི་མ་ཡིན་གྱི་རིགས་རྣམས་རང་གིས་ཁས་བླངས་པ་དེ་ལས་འདའ་མི་སྲིད་པ་ལྟ་བུ་ཡིན་ཀྱང་སྔར་བཞད་པའི་འཛི་ཆེན་གྱི་སྨན་མོ་དེ་ནི་དམ་ལོག་ཤིན་ཏུ་མ་རུངས་པ་ཞིག་ཡིན་པས་ཁས་བླངས་ལས་འདས་ནས།ཧོར་ཟླ་དང་པོ་ནས་བཟུང་བཞི་པའི་ནང་ཚུན་ཆད་དུ་རིག་མ་དང་བུ་མོ་གཡོག་མོ་ཐམས་ཅད་ཀྱི་སྙིང་ལ་ཞུགས་ནས་སྨྱོ་བ་དང་བརྒྱལ་བ་ལ་སོགས་པ་བྱུང་བས་ཞི་དྲག་གི་ཐབས་ལ་ཇི་ལྟར་འབད་ཀྱང་ཕན་པ་མ་བྱུང་།བདག་གིས་ལྷ་དཀོན་མཆོག་རྩ་གསུམ་དཔའ་བོ་མཁའ་འགྲོའི་ཚོགས་ལ་གསོལ་བ་བཏབ་ནས་ཉལ་བས།རང་གི་བླ་མ་དམ་པ་འཇིགས་མེད་པས་ཞལ་གཟིགས་ནས།ཁྱོད་ཀྱིས་ལྷ་ལ་འོ་དོད་འབོད་དོན་ཅི་ཡིན་ང་ལ་སྨྲོས་ཤིག་གསུངས་པ་ལ།ཕྱག་འཚལ་ཞིང་གུས་པས་བཏུད་ནས།བླ་མ་ཐུགས་རྗེ་ཅན་ཁྱོད་ཀྱིས་མཁྱེན་བཞིན་ལགས་ཏེ་བུད་མེད་དང་བུ་མོ་རྣམས་སྨྱོ་འབོག་གི་ནད་ཀྱིས་བཏབ་པ་ལ་རིམ་གྲོ་ཅི་བྱས་ཀྱང་ཕན་པ་མ་བྱུང་བ་འདི་ཅིས་ལན།བགེགས་གང་རེད།ཅི་བྱས་ན་ཕན་ཐོགས་ཞེས་ཞུས་པས།འདི་སྐད་གསུངས།སྔོན་མཁའ་འགྲོས་ལུང་བསྟན་པ་བཞིན་དྲག་པོ་མངོན་སྤྱོད་ཀྱི་ལས་ཀྱིས་འདུལ་བ་ལས་རིམ་གྲོ་ཇི་ཙམ་བྱས་ཀྱང་ཕན་པ་མེད་ཟེར་བའི་དོན་ཐོག་ཏུ་བབས་པ་ཡིན།ཞེས་གསུངས་ཏེ་མི་སྣང་བར་ཡལ།དེ་ནས་བཀའ་བཞིན་དུ་བདག་ནགས་ཁྲོད་དེར་སོང་ནས་ཐུན་གྱིས་བྲབ།མེ་མདའ་མང་པོ་བརྒྱབ་སྟེ་བྲག་གཉན་བཤིག།ཤིང་གཉན་བཅད།རྫས་ངན་གྱིས་བདུག་སྟེ་འཁོར་གྱི་སྨན་མོ་གསུམ་བསྒྲལ་བ་ལས།ཡང་མཁའ་འགྲོ་སྨ་ར་ཅན་ཟེར་བ་ཞིག་གིས།གཅིག་བན་བསོས་འདུལ་སྐལ་ཡིན་ཟེར་བས་དེ་བཏང་སྟེ་མཁའ་འགྲོ་ཁྲོས་མའི་སྦྱིན་སྲེག་བླུགས་པས་ཐུལ་བའི་ལྟས་མངོན་སུམ་དུ་བྱུང་།གཙོ་མོའི་མགོ་ལ་ཕུར་པ་དྲུག་ཅུ་བཙུག་པས་ཁྲོམ་གྱི་ལབ་རྩེ་དཀར་དྭངས་ནང་ལ་བྲོས་སོང་། །ནད་པ་རྣམས་ནད་ལས་གྲོལ་ལོ། །དེ་ནས་མཁའ་འགྲོ་གསང་བའི་མཛོད་འཛིན་མས་ད་ནི་རྡོ་ཡི་ངང་པའི་ལུང་པར་སོང་ཟེར་བ་བཞིན་དབྱར་ཟླ་འབྲིང་པོའི་ནང་དུ་དེར་སོང་ནས་བསྡད་པ་ན་སློབ་མ་བརྒྱ་ཕྲག་ཙམ་འདུས་པ་ལ་ཆོས་བཤད།ཧོར་ཟླ་བརྒྱད་པའི་ཚེས་བཅུའི་ནུབ་མཁའ་འགྲོ་བདེ་བའི་འབྱུང་གནས་མ་ཡིན་ཟེར་བ་གོས་དཀར་གྱོན་ཅིང་ལག་ན་བམ་གྱི་དབྱུག་པ་ཐོགས་པ་ཞིག་གིས་འདི་སྐད་ཟེར།ཀྱཻ།སྐྱེས་མཆོག་དམ་པ་ཚུར་ཉོན་དང་། །ང་ངོ་ཁྱོད་ཀྱིས་མ་ཤེས་ན། །ང་ནི་བདེ་བའི་འབྱུང་གནས་ཡིན། །གནས་འདི་ཁྱོད་ཀྱིས་མ་ཤེས་ན། །བྱང་ཕྱོགས་རྒྱ་གྲམ་རྫོང་ཆེན་ཡིན། །ཁྱེད་ནི་ཡུན་རིང་འདིར་གནས་ན། །བསྟན་པ་རྒྱས་ཤིང་འདུ་སྒོ་ཚུགས། །འགྲོ་དོན་རྒྱ་ཆེན་འབྱུང་སྲིད་དེ། །ལས་དང་རྐྱེན་གྱིས་དབང་གྱུར་པས།ཡུན་རིང་འདུག་སྐལ་ངས་མ་མཐོང་། །གནས་འདིའི་ཤར་ཕྱོགས་ཐུགས་རྟེན་དྲུང་།ལྷ་མོ་དུང་ལི་སྨན་ཞེས་བྱ། །ཨོ་རྒྱན་ཆེན་པོའི་ཐུགས་གཏེར་མཛོད། །དེ་ཡི་མིང་ནས་ལན་གསུམ་བོས། །ཐུགས་ཀྱི་རྟེན་མཆོག་སྟེར་དུ་འོང་། །སང་ཕོད་ནམ་མཁའི་སྙིང་པོ་ཉིད། །ཁྱོད་ཀྱི་སྲས་སུ་འབྱུང་འགྱུར་གྱི། །བསྟན་དང་འགྲོ་ལ་ཕན་ཐོགས་འབྱུང་། །བདུད་ཕོ་མི་རིང་བརྙས་མཁས་པས། །དམག་དང་མཚོན་གྱི་ཡོ་ལངས་འབེབས། །དེ་ལ་ཞིང་སྐྱོང་མགོན་པོ་དང་། །གནོད་སྦྱིན་དམར་ནག་གཉེན་པོར་ཐོངས། །བདུད་ཀྱི་སྡེ་ཚོགས་སྨ་འབབ་བྱེད། །མ་བརྗེད་སྙིང་གི་དཀྱིལ་དུ་ཟུངས། །ཞེས་ཟེར་ནས་ཡལ།ཧོར་ཟླ་དགུ་པའི་ཚེས་བཅུའི་ཉིན་གནས་དེའི་ཉེ་འགྲམ་གྱི་ཤར་དུ་ཚཱ་ཁང་ཞིག་ཡོད་པའི་སར་ཕྱིན་ནས་བལྟས་པས།བྲག་ཞིག་གི་རྩ་བ་ན་ཤིང་སྡོང་ཞིག་འདུག་པའི་ངོས་ནས་དུ་བ་སྔོ་ཐུ་ལུ་ལུ་འཕྱུར་བ་མཐོང་བས་དེར་ཁ་ཕྱོགས་ནས་དུང་ལི་སྨན་ཞེས་ལན་མང་དུ་བོས་པས།བུད་མེད་སྔོ་ལྗང་གི་ཁ་དོག་ཅན་ཞིག་འོང་ནས།ཁྱོད་ཀྱིས་ང་ལ་ཅི་ཟེར་བ་ཡིན།ཞེས་ཟེར་ཞིང་སླར་ཡང་ཨ་ཅང་ཀུ་རེ་ཡིན།ཁྱོད་ཁྱེའུ་ཆུང་ལོ་ཙཱ་ཡིན་ཨང་ཟེར།བདག་གིས་ཡིན་བྱས་པས།ཨོ་དེ་དེ་ངས་ཤེས་ཟེར་ནས་ཕུར་པ་ཞིག་དང་གྲོ་གའི་ལྤགས་ཤུན་གྱི་ཐུམ་པོ་ཞིག་ཐོགས་པ་དེ་གཉིས་ང་ལ་གཏད་ནས།འདི་ཨོ་རྒྱན་ཆེན་པོའི་མགུལ་ཕུར་བརྒྱ་རྩ་བརྒྱད་ཀྱི་ནང་ནས་གཅིག་ཡིན།དེ་ཁྱོད་ལ་གཏད་རྒྱུ་བཞག་པ་ཡིན།གྲོ་ལྤགས་ཀྱི་ཐུམ་འདི་སངས་རྒྱས་རབ་བདུན་གྱི་འཕེལ་གདུང་ཡིན་ཏེ་སྔོན་རོང་གཏེར་བདེ་ཆེན་གླིང་པ་ལ་གཏད་རྒྱུ་འདི་སོགས་མང་དུ་ཡོད་ཀྱང་ཁོང་གི་རྟེན་འབྲེལ་འཆུག་ནས་ལེན་དུ་མ་བྱུང་བས་ད་ཁྱོད་ལ་གཏད་ནས་གཏོང་ཟེར།དེ་ནས་གནས་དེའི་ཡོན་ཏན་ཆ་ཚང་བར་བཤད་ནས་སྐུ་བླའི་བསང་ཞིག་ངག་ནས་འདོན་ཏེ།འདི་ཡི་གེར་ཐོབ་ཅིག་ཟེར་ནས་ཤིང་ལ་ཐིམ་སོང་།དེ་ནས་མི་མང་པོས་ཁྱོད་སླར་འོང་དགོས་ཞེས་མནའ་དང་ཆོས་ཚིག་གི་ནན་ཆེན་པོ་བཞག་ནས་དེར་མི་འོང་བའི་ཐབས་མ་བྱུང་སྟེ།རང་ལོ་ལྔ་བཅུ་ང་གཅིག་ལ་བབས་པ་ཧོར་ཟླ་གསུམ་པའི་ཚེས་བཅོ་ལྔའི་ཉིན་སྒར་བཏེགས་ནས་སྟག་གི་འབྲང་ངུའི་མདའ་རུ་སྡོད་ས་བྱས་པའི་སྐབས།ཧོར་ཡུལ་ནས་མི་མཛེ་བོ་ཞིག་སླེབས་བྱུང་བས་དེ་ལ་ཕན་པའི་ཐབས་ཤིག་བྱ་དགོས་སྙམ་དུ་ཡོད་ཚེ།དབྱར་ཟླ་ར་བའི་ཚེས་བཅོ་ལྔའི་ཉིན་མཆོག་རྩང་གི་དམག་མི་བརྒྱ་ཕྲག་ཙམ་བྱུང་ནས་བདག་གི་སྦྲ་ལ་མེ་མདའ་ཉི་ཤུ་ཙམ་བརྒྱབ་ཀྱང་སྦྲ་མ་ཕིག་པར་མདེའུ་རྣམས་ཐང་ལ་ལྷུང་འདུག།དེ་ལ་བདག་གིས་གཏེར་སྒྲོམ་ཐང་དུ་ལན་གསུམ་བརྡབ་ནས་དམོད་པ་བོར།དེ་ནས་དམག་རྣམས་ཕྱིར་ལོག་ཚེ་ལྟས་ངན་འགའ་བྱུང་།སྣ་འདྲེན་ནང་དབྱེན་མཁན་ཞིག་ཡོད་པ་དེ་ཟླ་བ་གཅིག་ལས་མི་འགྱང་བར་ཤི།དམག་དཔོན་སྣ་འདྲེན་དམག་མི་རྣམས་ཀྱི་ནང་ནས་མང་པོ་ཞིག་ལོ་མ་འདས་པར་ཤི་སོང་།རྐྱེན་དེ་དག་གིས་དེར་སྡོད་པའི་ཐབས་མ་བྱུང་བས་སླར་བླ་མ་རོང་དུ་སྐྱས་ཐེགས་པ་ཡིན།དེ་ནས་སྟོན་ཐ་ཆུང་ནས་དགུན་འབྲིང་པོར་མ་ཐུག་བར་དུ་ཡི་དམ་གྱི་སྒྲུབ་པ་ལ་ཞུགས།དེ་ཚེ་མཆུ་གཙང་གི་གཞི་བདག་ལྷ་ལུང་ཀླུ་མཁར་ཡིན་ཟེར་བའི་རྟ་མི་བཅུ་གཉིས་བདག་གི་སྟེང་དུ་ཀི་སྒྲ་ཧ་སྒྲ་དང་བཅས་ཏེ་བྱུང་ཚེ་བཀའ་སྲུང་གནོད་སྦྱིན་ཆེན་པོས་རལ་གྲི་གཡུག་པས་རྟ་མི་ལྔ་བསད་པའི་འཕྲོས་བདུན་པོ་རང་གནས་སུ་བྱིའུ་ཆུང་ཁྲས་དེད་པ་བཞིན་བསྐྲད་ནས་སོང་།ལོ་ཁྱིམ་དེའི་དབྱར་འབྲིང་པོའི་ནང་དུ་བུ་གཅིག་སྐྱེས་པ་བཙས་ནས་ཞག་བཅུ་ཕྲག་གཉིས་ནས་མ་ལ་འབོད་པ་དང་ཡིག་འབྲུ་བཟླ་ཤེས་པ་ཞིག་བྱུང་བ་ལ་མིང་ལ་ལྷ་ཆེན་སྟོབས་ཀྱི་རྒྱལ་པོ་ཞེས་བཏགས།དེ་ནས་རང་ལོ་ལྔ་བཅུ་ང་གཉིས་ལ་བབས་པ་ཧོར་ཟླ་ལྔ་པའི་ཚེས་བཅུ་གསུམ་གྱི་ནུབ་མཁའ་འགྲོ་མ་པད་ཕྲེང་ཞེས་བྱ་བ་ཡིན་ཟེར་བའི་བུད་མེད་དཀར་མོ་ཞིག་གིས་ཁྱོད་ཀྱིས་སད་བཀག་ན་ཟས་ཀྱི་དངོས་གྲུབ་ཡོད་དེ།མཐར་བཙན་བདུད་མེ་སྟག་དམར་པོའི་སྤྲུལ་པ་ཞིག་གིས་གཞན་ལ་སྟེར་ནས་དེ་ཁྱོད་ཀྱིས་དྲག་ལས་ཀྱིས་གསོད་དགོས་པའི་གལ་ལ་ཐུག་འོང་གི་ཞེས་དང་།གཞན་ཡང་མ་འོངས་ལུང་བསྟན་མང་དུ་སྨྲས་ནས་ཡལ་སོང་།དེ་སྐབས་ཞིག་ན་ཝ་ཤུལ་དཔོན་ནས་འཛི་ཆེན་གྱི་ལྷ་མོ་དེ་ཀ་ངེད་ཀྱི་གཞི་བདག་དགའ་ཤོས་ཡིན་པས་ཁྱོད་ཀྱིས་ཡར་ལ་འབོད་དགོས་ཟེར་བས།ཧོར་ཟླ་དྲུག་པའི་ཚེས་ཉེར་དྲུག་གི་ཉིན་གྲོགས་འགའ་ཞིག་དང་བཅས་སྔར་དེ་གནས་སའི་རི་བོ་དེའི་རྩེ་མོར་ཕྱིན་ནས།བདག་གིས་འཛི་ཆེན་ཤིང་གི་ལྷ་མོ་ཁྱོད་ཡར་ཤོག་ཅེས་ལན་གསུམ་བོས་པ་ན།དེ་འོང་བའི་ལྟས་སྒྲ་ཆེན་པོ་དང་བཅས་རླུང་ནག་འཚུབས་མ་ཞིག་ནམ་མཁའི་ཁམས་ན་གྱི་ལི་ལི་བྱུང་ནས་ནགས་ནང་དུ་བབས་སོང་བ་ཀུན་གྱིས་མཐོང་།དེ་ནས་ཧོར་ཟླ་དགུ་པའི་ཚེས་བཅུའི་ཉིན་འོད་གསལ་ལ་མཉམ་པར་བཞག་ནས་ཡོད་པའི་དུས།འོད་གསལ་ཉམས་ཀྱི་སྣང་ཆ་ལ་འཇའ་ཚོན་འོད་ཀྱི་དྲྭ་བ་འཁྲིགས་པའི་ཀློང་དུ་ཨོ་རྒྱན་གཏེར་བདག་རྒྱལ་པོ་ཡིན་སྐད་པ་སྐུ་མདོག་སེར་པོ་གཡས་གཏེར་བུམ་དང་གཡོན་ནེའུ་ལེ་བསྣམས་པ།སྐུ་ལ་ཟབ་བེར་དང་ཆོས་གོས་རྣམ་གསུམ་གསོལ་བ་དབུ་ལ་པད་ཞུ་པདྨ་མཐོང་གྲོལ་གསོལ་བ།ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ་ཞིག་གིས་ཞལ་གཟིགས་ཏེ།བུ་ཁྱོད་ལ་ཅི་མཁོ་ཞེས་གསུངས་པ་ལ།ང་ལ་ནོར་ལོངས་སྤྱོད་ཞིག་འདོད་ཀྱི།ཞེས་ཞུས་པས།སློབ་དཔོན་ཆེན་པོས་ཁྱོད་དེ་འདོད་ཀྱི་སྙམ་ནས་ང་འདིར་ལྷགས་པ་ཡིན།ངས་ནོར་བདག་ཨ་པ་ར་ཙིཏྟ་ཞེས་བྱ་བ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ལག་ན་རྡོ་རྗེ་དང་ཞལ་མི་གཉིས་པ་ནོར་གྱི་བདག་པོའི་ཚུལ་བཟུང་བ་ཞིག་ཡོད་པས།དེའི་སྒྲུབ་ཐབས་ཟབ་མོ་ངས་བཤད་ཀྱི་ལེགས་པར་ཉོན་ལ་ཡིད་ལ་ཟུངས་ཤིག།ཅེས་གསུངས་ཤིང་ཨ་པ་རའི་སྒྲུབ་ཐབས་ཀྱི་དབང་ལུང་ཡོངས་སུ་རྫོགས་པ་གནང་བ་བདག་གི་རྒྱུད་ལ་སྤར་གྱིས་བཏབ་པ་བཞིན་དུ་ངེས་པར་གྱུར།སླར་ཡང་འདི་སྐད་གསུངས།ཀྱཻ།སྐྱེས་བུ་ཆེན་པོ་དེང་སང་གི་དུས་བཟླས་པ་ཁོ་ན་ལ་འབད་པ་ཙམ་གྱིས་ནི་དངོས་གྲུབ་འབྱུང་བའི་ཐབས་མེད་ལ།དེ་བསྐྱེད་རིམ་མེད་པས་ལན་པ་ཡིན་པར་མི་ཤེས་པས་ལྷ་དང་གང་ཟག་ལ་ཡིད་ཆད་བྱེད་དུ་ཡོད་པས་དེ་ལྟར་མ་ཡིན་པར་སྒོམ་བཟླས་ཡ་མ་བྲལ་བས་ཉམས་སུ་ལོངས་ཤིག།ཅེས་གསུངས་ཤིང་མི་སྣང་བར་ཡལ་ལོ། །དེ་ནས་རང་ལོ་ལྔ་བཅུ་ང་གསུམ་ལ་བབས་ཚེ་ཆོས་ཁྲིད་ཆེན་པོ་བཙུགས་པའི་སྐབས་སུ་མཁའ་འགྲོ་འཁྲུགས་པའི་ལྟས་མང་དུ་བྱུང་བ་ན།དེ་ཅིས་ལན་པ་ཡིན་སྙམ་པའི་སྐབས་དགུན་ཟླ་འབྲིང་པོའི་ཚེས་ཉེར་བཞིའི་ནུབ་ཀྱི་རྨི་ལམ་ན་བདག་གི་བླ་མ་འཇམ་དབྱངས་ཞེས་བྱ་བའི་ཞལ་མཇལ་ཚེ་འདི་ལྟར་ཞུས།ཀྱཻ།བླ་མ་དུས་གསུམ་མཁྱེན་པ་ཁྱོད་འཇིག་རྟེན་མི་ཡུལ་དུ་སྐུ་བཞུགས་པའི་དུས་སུ་ལུང་བསྟན་དང་མངོན་ཤེས་མི་གསུངས་ཀྱང་ད་ནི་ཁྱེད་ཡེ་ཤེས་སྒྱུ་མའི་སྐུས་མི་མཁྱེན་མི་གཟིགས་པ་ཅི་ལ་ཡོད།དེང་བདག་གིས་ཆོས་མ་གཏོགས་པ་མཁའ་འགྲོ་མི་དགྱེས་པའི་ལས་ནི་བྱེད་དུ་མེད་ཀྱང་མཁའ་འགྲོ་འཁྲུགས་པའི་ལྟས་མང་དུ་འབྱུང་འདུག་པ་འདི་ཅིས་ལན་པ་ཡིན་ཞེས་ཞུས་པས།བླ་མའི་ཞལ་ནས།ཁྱོད་ཀྱིས་ཆོས་མིན་གྱི་བྱ་བ་མ་བྱས་པ་བདེན་ཡང་རྫོགས་པ་ཆེན་པོ་ནི་མ་དང་མཁའ་འགྲོ་ཐམས་ཅད་ཀྱི་སྙིང་གི་ཡང་ཐིག་དམ་པ་ཡིན་ཏེ།དམ་ཉམས་དང་ཉམས་སུ་མི་ལེན་པ་དང་དོན་གོ་ལོག་ཏུ་འཛིན་པ་དང་ཡིད་མི་ཆེས་པ་རྣམས་ལ་འཆད་སྒྲོགས་བྱས་ན་མ་མོ་མཁའ་འགྲོ་འཁྲུགས་པའི་རྒྱུ་ཡིན་པ་ལས།སེམས་ཅན་གྱིས་སྡིག་པ་མི་དགེ་བར་སྤྱོད་པ་ནི་ཀུན་གྱི་མཚན་ཉིད་ཡིན་པས་འཁྲུགས་དོན་ཅི་ལ་ཡོད།དེ་ཕྱིར་ཡི་གེ་བརྒྱ་པ་དང་བཤགས་སྦྱོང་ལ་འབད་པ་གལ་ཆེ་བར་སོམས་ཤིག།ད་ནི་བུ་སློབ་རྣམས་ཀྱིས་རབ་ངེས་མེད་རི་ཁྲོད་འཛིན་པ་དང་།འབྲིང་ཚེ་གཅིག་གྲོང་བསྒོམ་བྱ་བ་དང་།ཐ་ནའང་ལོ་རེ་བཞིན་ཟླ་རེར་བསྒོམ་དགོས།དེ་ལྟར་བྱས་ན་འཆད་པ་པོས་བཤད་པ་དང་ཉན་པ་པོས་ཐོས་པ་དོན་ཡོད་པར་འགྱུར་བ་ཡིན་ཅེས་གསུངས་སོ། །དེ་ནས་དེ་ལྟར་བཤགས་སྦྱངས་ལ་འབད་པས་ལྟས་རྣམས་ཡལ་སོང་ངོ་། །དེ་ནས་རང་ལོ་ལྔ་བཅུ་ང་བཞི་ལ་བབས་པ་ཧོར་ཟླ་ལྔ་པའི་ཚེས་བཅུའི་ནུབ་ཀྱི་རྨི་ལམ་ན་མཁའ་འགྲོ་ཆོས་ཀྱི་སྤྱན་ལྡན་མ་ཡིན་སྐད་པའི་བུད་མེད་སྔོན་མོ་སྐུ་གཅེར་བུ་རུས་རྒྱན་གྱིས་སྤྲས་པ་ཞིག་བདག་གི་ཐད་དུ་བྱུང་ནས།བུ་ཁྱོད་ཀྱིས་ཅི་སྙམ་ཅི་འདོད་ཅེས་ཟེར་བ་ལ།ཁྱེད་ཀྱིས་ང་ལ་ལེགས་ཉེས་ལུང་བསྟན་ཞིག་གནང་བར་ཞུ་ཞུས་པས།དེ་ན་རེ།བུ་ཁྱོད་ཀྱིས་ང་ཡི་ངག་ལ་ཉོན། །ཁྱེད་འདི་ནས་སྟོད་ཀྱི་ཕྱོགས་སུ་སོང་། །བྱང་ཕྱོགས་རྡོ་ཡི་ས་ཆ་ན། །ཁྱེད་ལ་གདུལ་བྱའི་ཞིང་ཞིག་ཡོད། །ལོངས་སྤྱོད་དཔལ་ཀྱང་འགའ་ཞིག་ཡོད། །བདེ་བའི་སྐབས་ཀྱང་ཅུང་ཞིག་ཡོད། །རེ་ཞིག་ཡོད་པའི་སྐབས་ཙམ་ལས། །ནམ་ཕུག་ཐུབ་པའི་བདེ་བ་ནི། །འཛམ་བུའི་གླིང་ན་ཡོད་མི་འོང་། །ཕྱི་རོལ་ཀླ་ཀློའི་རྫས་སྔགས་དང་། །སྦྱོར་བ་ཏིང་ངེ་འཛིན་གྱི་མཐུས། །མི་རྣམས་ཀུན་གྱི་རྒྱུད་བསླུས་ཏེ། །ཇག་རྐུན་འཕྲོག་བཅོམ་ལས་ལ་འབད། །ཕྱི་ནང་བར་གསུམ་ཐམས་ཅད་ཀུན། །ཆེ་འཁྲུགས་ཆུང་འཁྲུགས་བར་པ་འཁྲུགས། །དམག་འཁྲུགས་མཚོན་གྱི་ཡོ་ལངས་འགྱེད། །མི་ཕྱུགས་ནད་ཀྱི་འཚུབས་མ་ལངས། །མཐའ་མི་དབུས་སུ་རྡིབ་ལ་ཉེ། །བསྟན་འགྲོའི་བདེ་སྐྱིད་ཉི་མ་སྒྲིབ། །དེ་ཕྱིར་བདེ་བའི་གོ་སྐབས་མེད། །གནས་སྐབས་བདེ་བ་དོན་གཉེར་ན། །གནས་ནི་གར་བདེའི་ས་རུ་འཕོས། །དེ་ནི་ལུང་བསྟན་མཆོག་ཏུ་ཟུངས། །ཞེས་ཟེར་ནས་ཡལ།ལོ་ཁྱིམ་དེའི་དབྱར་ཟླ་ཐ་ཆུང་གི་ཚེས་བཅུའི་ཉིན་ནས་བཟུང་བདག་བོ་ཆུང་རྟ་ཤུལ་གྱི་ནང་དུ་ཆོས་ཁྲིད་བཤད་སྐབས།བདག་གི་གཞི་ཕྱྭ་བདེ་མོ་ཨེ་ཡིན་སྙམ་དུ་ཡོད་པའི་ནུབ་གཅིག་གི་རྨི་ལམ་ན་གནོད་སྦྱིན་ཤན་པ་དམར་ནག་གི་ནམ་མཁའ་བར་སྣང་ས་གཞིའི་ཁམས་ཐམས་ཅད་དུ་སྙིང་དང་ཁྲག་གི་ཆར་ཕབ།ཧ་ཧེ་ཀྵ་ཞེས་པའི་སྒྲས་བར་སྣང་ཐམས་ཅད་བཀང་སྟེ་བདག་གི་ཐད་དུ་སླེབས་བྱུང་ནས།ཁྱོད་ཀྱིས་མ་གོ་བ་དང་མ་ཤེས་པ་ཡོད་ན་ངས་བཤད་ཟེར།དེ་ལ་བདག་གིས་ངའི་ཁྱིམ་ཚང་བདེ་མོ་ཨེ་རེད་ཅེས་དྲིས་པས།ཁོ་ན་རེ།བདེ་མོ་རེད།ད་ལོ་དཔལ་དགེ་སྤྲུལ་སྐུ་ཡང་ཕེབས་འདུག་ཅེས་ཟེར་བ་ལ།ངས་ཨ་དཔལ་དགེ་སྤྲུལ་སྐུ་འདས་སོང་ནས་མི་བཞུགས་སྨྲས་པས།འདས་སོང་ནས་མི་བཞུགས་མོད།སླར་དེ་བྱོན་ནས་སྟོན་ཟླ་ཐ་ཆུང་གི་ནང་དུ་མཇལ་འོང་ཟེར།ཡང་ངའི་ཤ་མཛོད་སྟོང་པ་འདི་ཀར་ལྟོས་དང་ཟེར་ནས་ཁང་པ་སྟོང་པ་ཞིག་གི་ནང་ན་ཤ་ལག་པ་སྐམ་ལ་རུལ་པ་ཞིག་ལས་མེད་པར་མཐོང་།འདི་ལ་ཇི་དགོས་དྲིས་པས།ཁྱོད་ཀྱིས་ང་ལ་ཤ་མ་སྟེར་བས་ལན་པ་ཡིན་ཟེར།དེ་ལ་མཁས་པ་རྣམས་ཀྱིས་ཤ་ཁྲག་མཆོད་རྫས་ལ་བཤམ་མི་རུང་ཟེར་བས་དེ་ཅི་ཡིན་དྲིས་པས།ཧ་ཧ།མགོན་པོ་ལེགས་ལྡན་མན་ཆད་ནས་ཐེའུ་རང་ཐལ་སྐྱ་ཡན་ཆད་ཤ་ལ་མི་དགྱེས་པ་ནི་མེད།ཅིའི་ཕྱིར་ན་དུག་ལྔའི་རྒྱུད་དུ་འཁྲུལ་བའི་གང་ཟག་གིས་བཟུང་འཛིན་རང་རྒྱུད་པར་བསྒྲུབ་པའི་ལྷ་རྣམས་ནི་དུག་ལྔ་རང་རྒྱུད་པའི་བདག་ཉིད་ཅན་གྱི་ཚུལ་དུ་འདུག་པ་དེས་ན་ཟས་ཤ་ཁྲག་ལ་རྔམ་པ།ལས་གསོད་གཅོད་ལ་དགའ་བ་ཤ་སྟག་ཡིན་ཏེ།བསྟན་དགྲའི་སྲོག་གི་གཤེད་མར་གཟས་པའི་བཀའ་སྲུང་དུ་བཞག་པ་ཡིན་པས་ཤེས་པར་གྱིས་ཤིག།བསྟན་དགྲ་ཐུལ་བའི་རྗེས་སུ་གཏང་རག་ལའང་རེ་ལྟོས་ཆེ་བ་ཡིན།ཁྱེད་མིའི་བློ་ཡིད་ལས་སྐྱེས་པ་ངེད་ཅག་ཀྱང་ཁྱེད་ཀྱི་བཟའ་བཏུང་དུ་འོས་པ་ཐམས་ཅད་ལ་དགའ་སྟེ་རུང་ཞེས་ཟེར་ཡལ་སོང་ངོ་། །དབང་ཆེན་རབ་ཁྲོས་གནོད་སྦྱིན་ཆེན་པོ་ཡིས། །མངོན་པར་བཤད་པའི་ཚིག་འདི་དོན་ཟབ་སྟེ། །དུག་ལྔས་ཀུན་ནས་རྒྱུད་འཁྲུགས་གང་ཟག་གིས། །གཟུང་འཛིན་ཆོས་སུ་དངོས་པོར་ཞེན་པ་ཡིས། །བསྒྲུབ་པའི་ལྷ་ནི་འཇིག་རྟེན་དྲེགས་པ་ཅན། །དབྱིངས་དང་ཡེ་ཤེས་གཉིས་སུ་མེད་པ་ཡི། །དག་པའི་གཟིགས་སྣང་ཡེ་ཤེས་ལྷ་རུ་ཤེས། །འདིས་ཀྱང་ཨ་ཏིའི་གྲུབ་མཐའི་གསང་གནད་ཅིག།སྟོན་ཏེ་རྟོག་གེ་ཕལ་གྱི་བློ་དང་ནི། །མི་འཚམས་ཁབ་མིག་ཆུང་ངུར་མཁའ་མཐའ་བཞིན། །དེས་ན་བརྒྱུད་ལྡན་བླ་མའི་མན་ངག་དང་། །ལུང་རིག་དང་འབྲེལ་ནང་གི་ཉམས་མྱོང་གི།སྟེང་ནས་མ་ནོར་གོ་དོན་འཚོལ་བ་གཅེས།ལོ་ཁྱིམ་དེའི་ཚེས་བཅུ་དགུའི་ནུབ་ཀྱི་རྨི་ལམ་ན་བནྡྷེ་རྒན་སོང་ཞིག་གིས་ལག་ན་གྲི་རིང་ཐོགས་ནས།ཁྱོད་འདི་རུ་འོངས་དོན་ཅི་ཡོད་ངས་ཁྱོད་གསོད་པར་མི་བྱེད་རེ།ཞེས་ཟེར་ནས་མཆོང་རྒྱུག་བྱེད་འདུག་པ་ལ།ངས་ཁྱོད་ལ་རྫུ་འཕྲུལ་ཅི་ཡོད་དྲིས་པས།དེ་ན་རེ།རྫུ་འཕྲུལ་ཨེ་རེད་ཟེར་ནས་སྟེང་གི་ནམ་མཁའ་སྤྲིན་གྱི་གོ་འཚམས་སུ་འཕུར།ཡང་ཨེ་རེད་ཟེར་ནས་ཆུ་ཆེན་པོའི་ནང་དུ་ཉ་ལྟར་རྒྱུ།ཡང་ཨེ་རེད་ཟེར་ནས་བྲག་དམར་པོའི་ཁུང་དུ་འཛུལ།ལྕགས་ཀྱི་སེན་མོ་མཐོ་གང་བས་རྡོ་རྣམས་ཐལ་བར་ཕིག་པའི་མཐར།ཁྱོད་སང་ཉིན་མ་སོང་ན་ངས་ཁྱོད་དོ་ནུབ་གསོད་ཟེར་བས།བདག་གིས་མི་འགྲོ་ཐག་ཆོད་ཡིན།ཁྱོད་ཀྱིས་ང་སོད་དང་ལྷ་འདྲེ་ཡིད་ཀྱི་གཟུགས་ཅན་གྱིས་རྨི་ལམ་ན་གསོད་པ་གོ་མ་མྱོང་སྨྲས་པ་དང་།བདག་གི་ལག་པ་གཡས་པ་ལ་འཇུས་ཏེ་གྲི་ཐང་ལ་འཕངས་ནས་སེན་མོ་སྙིང་གར་འདེབས་སུ་བྱུང་ཚེ།བདག་གིས་ཁོ་པང་པས་བཏབ་ནས་གན་རྐྱལ་དུ་བཟློག་སྟེ་མགོ་བཞི་ཁྲམ་དུ་བཀས་ནས་ཀླད་པ་ཟོས་པས།ང་མ་གསོད་དང་གནོད་པ་བྱེད་རེ་ན་ར་ཀན་ཟེར།དེ་ནས་དམིགས་པ་འདི་ལྟར་བྱས།གནམ་ལྕགས་ཀྱི་རྡོ་རྗེ་ལས་གྲུབ་པའི་ལྕགས་ཐག་ཁོའི་རྐང་ལག་བཞི་ལ་བསྐོན་ནས་གནམ་ལྕགས་ཀྱི་ཕུར་པ་བཞི་རླུང་རི་ནག་པོ་རྡོ་རྗེ་རྒྱ་གྲམ་ལ་བཏབ་ནས་ཐར་ཤོར་མེད་པར་བསྒོམས་པས་དེ་ལྟར་གྲུབ་ཅིང་གྱུར་ཏོ། །ཡང་རྟ་ཤུལ་གོང་མའི་བུམ་སྒྲུབ་བྱས་སྐབས་ནུབ་གཅིག་གི་རྨི་ལམ་ན་ཤར་ནས་སྤྲིན་ནག་པོ་ཞིག་འཁྲིགས་བྱུང་བའི་ནང་ནས་མི་དམར་རྟ་དམར་ཅན་ཞིག་གིས།ཁྱོད་སོང་ཞིག་མ་སོང་ན་ངས་ཁྱོད་བསད་ནས་ཤ་ཟ།ཁྲག་འཐུང་།རུས་པ་མུར་ནས་ལྷག་མེད་དུ་གཏོང་བ་མིན་རེ་ཟེར་བ་ལ།ངས་ཁྱོད་སུས་བཏང་བ་ཡིན་དྲིས་པས།ཁོ་ན་རེ།ང་སྐལ་བཟང་རྡོ་རྗེས་བཏང་བ་ཡིན།དགོས་དོན་སྡེ་ཡུལ་འདིའི་བན་དྲེད་མི་སྲུན་པ་ཞིག་གིས་ཉེས་པ་ཆེན་པོ་བྱས་ཡོད་པས་དེའི་སྲོག་མ་ཆོད་ཀྱི་བར་དུ་འགྲོ་རྒྱུ་མིན་ཟེར་ནས་མདའ་བཀང་འདུག་པ་ལ།གནོད་སྦྱིན་ཆེན་པོས་རལ་གྲི་གཡུག་པས་གཞུ་སྐེད་ནས་ཆག་སྟེ་ཁོ་ཐུར་ལ་ལྷུང་བྱུང་བ་དེ་བདག་གིས་བཟུང་ནས་ཁྱོད་ཀྱིས་ང་གསོད་རིང་ལ་ངས་ཁྱོད་མི་གསོད་རེ་སྨྲས་ནས་གྲི་སྙིང་གར་བཙུགས་པས།ཨ་ཕ་ཕ་ང་ཐོངས་དང་ཁྱོད་ལ་གནོད་པ་བྱེད་རེ་ན་ར་ཀན་ཟེར་བ་ལ།ངས་སྦྱིན་བདག་རྣམས་ལའང་གནོད་པ་བྱེད་མི་ཆོག་པས་དེ་ཁས་ལོངས་སྨྲས་པས།ཁོས་རེ་ཞིག་གནོད་པ་བྱེད་རེ་ན་ར་ཀན་ཞེས་ཟེར།དེ་ནས་གནོད་སྦྱིན་ཆེན་པོས།ཧེ་ཧེ།སྟེང་བྱ་ཁྱིམ་དུ་བབས་པ་ནི། །བྱད་མའི་ལྷ་སྲུང་དབང་འདུས་ལྟས། །བསད་ན་བྱད་ཁ་ཡུལ་མེད་འགྲོ། །བཏང་ན་སླར་ཡང་ལན་གསུམ་འཁོར། །ཡུལ་སྡེ་འདི་དག་ངའི་འབངས་སུ། །འགྱུར་བ་ཉེ་སྟེ་ཕན་ཡང་གདག།ཁྱོད་ཀྱང་གནས་འདིར་ས་བཟུང་ན། །རེ་ཞིག་དགེ་ལེགས་གོང་འཕེལ་ཞིང་། །སྔོན་གྱི་རྟེན་འབྲེལ་འཆུག་པས་ལན། །བུ་སློབ་འགའ་ཞིག་དབྱིངས་ལ་གཤེགས། །དེ་ཕྱིར་ཀུན་གྱིས་སྡོད་ས་ཟུངས། །འོད་གསལ་སྦུབས་སུ་འཇུག་པ་གནད། །ཞེས་ཟེར་ནས་ཡལ།དེའི་ཕྱིར་ནུབ་བྱ་རྒོད་ཞིག་གཉེར་གུར་གྱི་ནང་དུ་བབས་པ་ན་བདག་གིས་དེ་སོད་ཟེར་མ་ནུས།གཞན་རྣམས་ཀྱིས་མ་བསད་པར་ཕྱིར་བཏང་བས།དེའི་ཕྱིར་ཉིན་ཡང་སྒོ་ཐད་དུ་འདུག།མཐར་གར་སོང་ཆ་མེད་པར་གྱུར།དེ་ནས་སྟོན་ཟླ་ར་བའི་ནང་དུ་རང་གི་སྡོད་གནས་བླ་རོང་དུ་སླེབས།སྟོན་ཐ་ཆུང་གི་ནང་དུ་གཞི་ཆེན་དགོན་པའི་སྒྲུབ་ཆེན་གྱི་སློབ་དཔོན་དུ་སོང་ཚེ།ནུབ་གཅིག་རྨི་ལམ་ན་བན་རྒན་མིག་གཡས་ཞར་བ་ཞིག་གིས་བདག་གི་རྒྱབ་ནས་པང་པས་བཏབ་སྟེ།ངའི་ཟ་ཞིང་གཞི་ཆེན་ཚང་ལ་བབས་འདུག་ཡོད་དེ་ཁྱོད་འདིར་འོང་དོན་ཅི་ཡོད་ཁྱོད་དོ་ནུབ་མེད་པར་བྱེད་པའི་དུས་ཡིན་ཟེར་བས།བདག་གིས་ཤེད་བསྐྱེད་ནས་ལང་གྲབ་བྱས་ཀྱང་ཁོས་བསྡམས་འདུག་པས་ལང་མ་ནུས།ཁོ་ན་རེ།ངས་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་སྒོམ་གནད་ཟེང་།བསྙེན་པ་དུང་ཕྱུར་བཟླས་པས་གཤིན་རྗེ་དངོས་སུ་གྱུར་པ་ཡིན་ཏེ་བླ་བཙུན་སྐྱེས་ཆེན་མང་པོའི་སྲོག་དབུགས་སྡུད་མྱོང་བ་ཡིན།ཐུབ་ཐལ་ལས་ངན་ཟེར་ཚེ།དེ་མ་ཐག་ཏུ་བདག་གི་སེམས་དང་ཁོའི་རྣམ་ཤེས་དབྱེར་མེད་དུ་བསྲེས་ཏེ་དབྱིངས་ནམ་མཁའ་རྣམ་དག་གི་ཀློང་དུ་ཕཊ་སྒྲ་གསུམ་གྱིས་བསྲེས་པས་ལྷོད་ཤིགས་སེ་ཡལ་སོང་།གཞན་ཡང་ཡུལ་དེར་རྡོ་རྗེ་འཇིགས་བྱེད་བསྒྲུབ་ནས་ཁོ་ལ་གྲུབ་པ་ཐོབ་ཡོད་ཟེར་བའི་འདྲེ་མང་པོ་བྱུང་ཡང་གནོད་སྦྱིན་ཆེན་པོས་བསད་བཅད་དྲག་པོའི་སྒོ་ནས་ཚར་བཅད་དེ་བདག་ལ་གླགས་མ་རྙེད།དེ་ནས་རང་ལོ་ལྔ་བཅུ་ང་ལྔ་གླང་གི་ལོ་ཁྱིམ་ལ་བབས་པ་ཧོར་ཟླ་གསུམ་པའི་ཚེས་བཞིའི་ནུབ་ཀྱི་རྨི་ལམ་ན་བུད་མེད་ནག་མོ་ཤིང་གི་ལོ་མ་གོས་སུ་གྱོན་པ་ཞིག་གིས་འདི་སྐད་ཟེར།ཧོ།ཉོན་ཅིག་སྐལ་བཟང་སྐྱེས་བུ་ཉོན། །ཤར་ཕྱོགས་སྲིན་པོ་འཇིགས་རུང་གིས། །ལྷོ་ཕྱོགས་སྲིན་པོའི་རལ་པ་བཅད། །བན་བོན་མ་རུངས་གཤེད་དུ་ལྡང་། །སྲིན་ཆེན་སྲོག་ལ་ཧུར་ཐུམ་གཏོང་། །དེ་བཟློག་ཆེད་དུ་བོས་བྱུང་ན། །ཤིན་ཏུ་ཡི་དམ་བསྒོམ་པར་འབད། །གནད་དེས་རང་གི་རྐྱེན་བཟློག་ཅིང་། །རེ་ཞིག་སྦྱིན་བདག་རྐྱེན་ཀྱང་བཟློག།ཅེས་ཟེར་ནས་ཡལ།སྟོན་ཟླ་ར་བའི་ནང་མགོ་ལོག་ཕྱོགས་ནས་འབོད་དུ་བྱུང་བས་དེར་ཕྱིན།དེ་ནས་ལོ་གྲངས་ལྔ་བཅུ་ང་དྲུག་ལ་བབས་པ་ན།ལིའི་བདར་ཚང་དུ་སྐལ་བཟང་དགོན་པ་བཏབ་པ་ཡིན།ལོ་དེའི་དབྱར་ར་བའི་ཚེས་བརྒྱད་ལ་མཁའ་འགྲོ་མ་གསང་བ་ཡེ་ཤེས་ཀྱིས་ཞལ་གཟིགས་ནས།སྐྱེས་མཆོག་ཁྱོད་ཀྱི་སློབ་བུ་དམ་པ་དེ་ཉིད་ཡོས་ཟླའི་ཚེས་ཉེར་གཅིག་གི་ནུབ་ཨོ་རྒྱན་མཁའ་འགྲོའི་གླིང་དུ་འཁྲུངས་ངེས་ཏེ།ཡོས་བུའི་ལོ་མཇུག་ཏུ་མདོ་སྡེ་བསྐལ་པ་བཟང་པོའི་ཚལ་གྱི་དགོན་པ་དེར་སོང་ལ་གནས་ས་ཀྱིས་དང་རེ་ཞིག་དགེ་འོང་ཞེས་ཟེར་ནས།ལོ་ཁྱིམ་དེའི་སྟོན་ཟླ་ཐ་ཆུང་གི་ཚེས་བཅུ་དགུ་ལ་མཁའ་འགྲོ་མ་ཡེ་ཤེས་མཚོ་རྒྱལ་མས་སང་ཕོད་དཔལ་ཕྱག་ན་རྡོ་རྗེའི་སྤྲུལ་པ་ཞིག་ཁྱོད་ཀྱི་སྲས་སུ་འཁྲུངས་འོང་ཞེས་དང་།ཡུལ་དུས་ཀྱི་ལུང་བསྟན་མང་པོ་གསུངས་ཏེ་མི་སྣང་བར་ཡལ་ལོ། །དེ་ནས་རང་ལོ་ལྔ་བཅུ་ང་བདུན་ལ་བབས་པ་ཧོར་ཟླ་དང་པོའི་ཚེས་ཉེར་གཅིག་གི་ཉིན་སློབ་བུ་དེ་གཤེགས་སོང་།ཧོར་ཟླ་གཉིས་པའི་ཚེས་ལྔའི་ནུབ་མཁའ་འགྲོ་མ་ཟུ་ལེ་སྨན་ཞེས་བྱ་བས་བདག་ལ་འདི་སྐད་ཟེར།ཀྱཻ་ཧོ།ཉོན་དང་སྐལ་ལྡན་སྐྱེས་བུ་ཁྱོད། །ང་ནི་མཁའ་འགྲོ་ཟུ་ལེ་སྨན། །འོང་ནི་རྔ་ཡབ་གླིང་ནས་འོངས། །ལོ་ཁྱིམ་འདི་ཡི་སྟོན་ར་བར། །སྟོད་ནས་མི་གྲངས་འགའ་ཞིག་ནི། །དཔལ་དགེ་སྤྲུལ་སྐུ་གདན་འདྲེན་པའི། །ཕོ་ཉ་ལན་གཉིས་སླེབ་ཏུ་འོང་། །གནམ་ལོ་ལུག་ལ་མ་སླེབས་བར། །ཁྲི་རུ་འདོན་པའི་དུས་མ་ཡིན། །དེ་བར་མ་དང་མཁའ་འགྲོས་བཤོལ། །ཕོ་ཉས་ཇི་ལྟར་སྨྲས་པ་བཞིན། །དོན་ཆེན་ཡོད་ཕྱིར་བཟློག་མ་བྱེད། །ཁྲི་ཁར་མངའ་གསོལ་ཐབས་བྱུང་ན། །འགྲོ་བའི་དོན་ཡང་བྱེད་ནུས་སོ། །སྟོན་ཟླ་ཐ་ཆུང་ལ་ཐུག་ཚེ། །གནས་འདིར་མ་འདུག་སྟོད་ཕྱོགས་སུ། །སྐྱས་འདེགས་བྱས་ན་ཤིན་ཏུ་ལེགས། །ཞེས་ཟེར་ནས་ཡལ།དེ་ནས་སྟོན་ཟླ་ཐ་ཆུང་གི་ནང་སྐལ་བཟང་དགོན་དུ་སླེབས་པར་བྱས།དེར་དགུན་ཐ་ཆུང་གི་ཚེས་བཅུའི་ཉིན་མཁའ་འགྲོ་རྡོ་རྗེ་གར་མཁན་མ་ཞེས་བྱ་བས་ཞལ་གཟིགས་ནས།ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ། །གནས་འདིར་ས་འཆགས་བྱེད་པ་ལ། །ས་བདག་འཁྲུགས་པ་བཅོས་པ་དང་། །སྒྲོལ་མ་འབུམ་དང་བསམ་ལྷུན་འབུམ། །དཔུང་རྒྱན་དར་མང་བྲིས་ཏེ་ཕྱར། །གུ་རུ་སིདྡྷི་བྱད་བཟློག་དང་། །གཏོར་ཟློག་ཡང་ཡང་བསྐྱར་བ་དང་། །ཕུར་པ་ལ་བརྟེན་ལོ་རེ་བཞིན། །བྱུར་སྲི་མནན་པ་བསྐྱར་བ་གལ། །མ་མོ་མཁའ་འགྲོའི་འཁྲུགས་སྐོང་དང་། །བཤགས་སྦྱོང་ཆོ་གར་འབད་པ་གལ། །བྱང་ཕྱོགས་དགྲ་ཡི་འགྲིམ་རྒྱུད་འདྲ། །ལོ་བཞིན་སཱཙྪ་ཅི་མང་གདབ། །དེ་ཡང་གཟུངས་གཞུག་ལྡན་པ་གནད། །དེ་ལྟར་འགྲུབ་ན་རེ་ཞིག་དགེ།ཞེས་ཟེར་ནས་ཡལ།ཡང་མཁའ་འགྲོ་ཡེ་ཤེས་དབང་ལྡན་མས།སྨར་མདོ་བཀྲ་ཤིས་དགའ་འཁྱིལ་ན། །རེ་ཞིག་ཆོས་སྡེ་ཆགས་ནས་གདའ། །སྔར་ནས་སྒྱུ་མའི་ཟློས་གར་བཞིན། །གནས་འཕོ་བྱེད་པ་རྟེན་འབྲེལ་ལན། །དེ་ལྟར་ཤེས་ནས་དོན་ལ་སོམས། །ཞེས་ཟེར་ཞིང་ཡལ་ལོ། །དེ་ནས་ལོ་ཁྱིམ་ལྔ་བཅུ་ང་བརྒྱད་ལ་བབས་པ་ཧོར་ཟླ་དང་པའི་ཚེས་གཅིག་གི་ནུབ་མཁའ་འགྲོ་རྡོ་རྗེ་ཞི་རྒྱལ་མས་ཞལ་གཟིགས་ནས།ཁྱོད་མྱུར་དུ་འབོད་པ་ཞིག་བྱུང་ན་དེར་ཐོགས་པ་མེད་པར་སོང་ཞིག།དེར་སོང་ན་ཁྱོད་ལ་མཁོ་བའི་རྒྱུ་རྫས་རེ་རྙེད་འོང་།དེ་ནས་ཡང་དབྱར་ཟླ་ར་བའི་ནང་དུ་འབོད་པའི་ཕོ་ཉ་ཞིག་བྱུང་ན་དེར་སོང་ཞིག།ད་ལོ་ཁྱོད་ཀྱི་ནོར་ཕྱུགས་རྣམས་བསགས་དགོས་པའི་དུས་ལ་བབས་པ་ཡིན།ཞེས་ཟེར་ནས་ཡལ་སོང་།དེར་ཧོར་ཟླ་བཞི་པའི་ནང་དུ་འབོད་མི་ཞིག་བྱུང་བས་སྟག་ཐོག་སྒབ་མའི་ནང་དུ་སོང་།ནོར་ཕྱུགས་འགའི་འབུལ་བ་ཐོབ་སྟེ་རང་ཡུལ་དུ་སླེབས།དབྱར་ཟླ་འབྲིང་པོའི་ནང་དུ་ཚ་ཆུར་ཉལ་དུ་སོང་།སླར་སྟག་ཐོག་གོང་མ་ནས་འབོད་པའི་ཕོ་ཉ་བྱུང་བས་དེར་ཕྱིན་ནས་སྒྲུབ་ཆེན་གྱི་དབུ་བཙུགས་ཏེ་ཞག་བརྒྱད་དུ་སྒྲུབ་པ་བྱས།དེ་ནས་ཞག་བརྒྱད་དུ་ཆོས་ཁྲིད་བཤད་ནས་ནོར་ཕྱུགས་མང་པོའི་འབུལ་བ་བྱུང་།གྲྭ་འབུལ་དང་དགོན་པ་ཡང་འབུལ་ཟེར་བ་བྱུང་ཚེ་བདག་གི་རྨི་ལམ་ཞིག་བརྟག་པའི་མོད།མཁའ་འགྲོ་ཡེ་ཤེས་དབང་མོ་ཞེས་བྱ་བས་འདི་སྐད་ཟེར།ཨེ་ཨེ་སྐལ་བཟང་སྐྱེས་བུ་ཉོན། །གནས་འདིར་ས་འཛིན་བྱེད་འདོད་ན། །མི་དྲག་མང་པོ་འདྲེར་འཁྲུལ་ཏེ། །ཕྱོགས་ཀྱི་རྒྱལ་གདོན་སྣ་འདྲེན་ནས། །ཡུལ་ནི་རྨི་ལམ་ཡུལ་ལ་འགྲན། །མཁར་ནི་བྲག་གི་བྱ་ཚང་འདྲ། །མི་རྣམས་ཚོང་དུས་མགྲོན་ལ་འགྲན། །བན་གཟུགས་སྤྱང་ཀུ་རྒྱབ་སེར་འདྲ། །འདིར་འདུག་པའི་སྐལ་བ་ངས་མ་མཐོང་། །དོན་དེ་ཕྱིར་ཡིད་ལ་ཞོག་དང་ཟེར། །མཐར་བར་སྣང་སྟོང་པའི་དབྱིངས་སུ་ཡལ། །དེ་ནས་བདག་ལ་གྲྭ་འབུལ་བྱས་པ་ལ་དགའ་ཁུལ་བྱས་ནས་སླར་རང་ཡུལ་དུ་སླེབས།ཧོར་ཟླ་བཅུ་པའི་ཚེས་བརྒྱད་ཀྱི་ནུབ་རྨི་ལམ་ན་མཁའ་འགྲོ་མ་པདྨའི་ཕྲེང་བ་ཅན་གྱིས་བདག་ལ་འདི་སྐད་ཟེར།ཁྱོད་དགུན་ཐོག་འདིར་ཟླ་སྒྲུབ་ཟབ་མོ་ཞིག་རེམ་མཛོད།དེ་ལ་བརྟེན་ནས་བྱུར་སྲི་མནན་པ་གལ་ཆེ་བས་གཟབ་དགོས།ཞེས་ཟེར་ཞིང་ཡང་ཡུལ་དུས་ཀྱི་ལུང་བསྟན་མང་པོ་ཞིག་གླུ་རུ་གྱེར་ནས་མི་སྣང་བར་ཡལ།དེའི་ཚེས་བཅུ་ལ་མཁའ་འགྲོ་མ་གསལ་ཁྱབ་དབང་མོས་ལྟད་མོ་ལ་ཨེ་འགྲོ་ཟེར་བའི་མོད་བདག་དེ་དང་ལྷན་དུ་འདོམ་ལྔ་བཅུ་ཙམ་འཕགས་པའི་སྟེང་གི་ནམ་མཁའ་ནས་སོང་བས་རི་བོ་ཆེན་པོ་སྔོ་ལྗང་གི་ཁ་དོག་འབར་བ་ཞིག་གི་རྩེ་མོ་དཔག་ཚད་གཅིག་འདས་པ་ན།འོད་གདངས་ལྗང་གུ་ལས་གྲུབ་པའི་ས་གཞི་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་རིན་པོ་ཆེ་ཨིནྡྲ་ནཱི་ལ་ལས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་པདྨ་དང་ཟླ་བའི་གདན་ལ།རྗེ་བཙུན་འཕགས་མ་སྒྲོལ་མ་སྐུ་མདོག་ལྗང་སྔོན་གཡས་བུམ་པ་དང་གཡོན་ཨུཏྤལ་བསྣམས་ཤིང་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་པ།ཞབས་གཉིས་བཙུན་མོ་རོལ་བའི་སྟབས་ཀྱིས་འཇའ་དང་འོད་ཕུང་འཁྲིགས་པའི་ཀློང་དུ་བཞུགས་པ།ཞལ་ཤིན་ཏུ་མཛེས་ཤིང་ཡིད་འཕྲོག་པ་གཞོན་ནུ་ལོ་བརྒྱད་ལོན་པའི་ན་ཚོད་ཅན་འོད་ཟེར་རབ་ཏུ་འབར་བ་དེ་ལ་ལྷ་མོ་ཉི་ཤུ་དང་འཁོར་བྱང་ཆུབ་སེམས་དཔའི་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་བ་དང་མཇལ་ཚེ།གུས་པས་ཕྱག་འཚལ་ཞིང་བསྐོར་བ་བྱས་ནས་མགོ་བོས་གཏུག་སྟེ།རྒྱལ་བ་ཐམས་ཅད་བསྐྱེད་པའི་ཡུམ་ཆེན་མོ་ཁྱེད་ཀྱིས་བདག་དུས་ད་ནས་བཟུང་སྟེ་ཇི་སྲིད་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་མ་ཐོབ་ཀྱི་བར་དུ་བྱིན་གྱིས་བརླབས་ཤིང་རྗེས་སུ་འཛིན་པར་ཞུ་ཞེས་ཞུས་པས།འཕགས་མའི་ཞལ་ནས།ཁྱོད་ཀྱིས་ང་ཡིད་ལ་གྱིས་ལ་ངའི་བསྟོད་པ་དང་ཐུགས་ཡིད་བསྲེ་བ་ལ་རེམ་མཛོད།ཅེས་དང་།ཨོཾ་རྗེ་བཙུན་མ་འཕགས་མ་སྒྲོལ་མ་ལ་ཕྱག་འཚལ་ལོ། །རྒྱལ་བ་ཀུན་གྱི་སྤྱན་སྔར་ཐུགས་བསྐྱེད་རྒྱལ་བའི་ཡུམ་གྱུར་ཅེས་པའི་བསྟོད་པ་ལན་གསུམ་བསྐྱར་ཟློས་བྱས་ནས་མཐར་སྨོན་ལམ་བཏབ་སྟེ།པདྨ་ལྗང་གུ་ཞིག་གི་སྟེང་དུ་ཤེལ་གྱི་ཕྲེང་བ་ཤིན་ཏུ་དཀར་ཞིང་གསལ་བ་ཞིག་བདག་ལ་གནང་ནས།འདི་ཁྱོད་ལ་སྟེར་གྱི་རུམ་དུ་ཆུག་ལ་སོང་ཞེས་གསུངས།ཕཊ་ཕཊ་ཕཊ་ཅེས་བསྒྲགས་པའི་སྒྲས་གཉིད་སད་དོ། །དེ་ནས་ཧོར་ཟླ་བཅུ་གཅིག་པའི་ཚེས་དགུའི་ཉིན་མཁའ་འགྲོ་མ་མེའི་ཕྲེང་ལྡན་མ་ན་རེ།བུ་ཁྱོད་ལྷ་ཆེན་དབང་ཕྱུག་ཆེན་པོའི་སྒྲུབ་པ་ལ་ཞུགས་ནས་ཟླ་བ་གཅིག་གི་བར་བསྙེན་སྒྲུབ་ལ་འབད་དེ་རྟགས་ཐོན་པ་ཞིག་བྱེད་དགོས་ཏེ་མི་ཕྱུགས་གཉིས་ཀའི་རིམ་གྲོ་ལ་མཆོག་ཏུ་གལ་ཆེ་བ་ཡིན།ཞེས་ཟེར་བ་བཞིན་ལྷ་ཆེན་གྱི་སྒྲུབ་པ་ལ་ཞུགས་ཚེ།ཞག་ཉེར་གཅིག་འདས་པའི་ནུབ་རྨི་ལམ་ན་འོད་ཕུང་དམར་པོ་ལས་གྲུབ་པའི་གཞལ་ཡས་ཁང་གི་ནང་དུ་པདྨ་རཱ་ག་ལས་གྲུབ་པའི་ཁྲི་ཡངས་ཤིང་རྒྱ་ཆེ་བའི་སྟེང་དུ་པདྨ་དང་ཟླ་བ་ཉི་མའི་གདན་ལ་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་པདྨ་རཱ་ག་ལྟར་དམར་ཞིང་འོད་ཕུང་བསྐལ་པ་དུས་མཐའི་མེ་ལྟར་འབར་བ།ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་པ་ཞིག་ལ་ཡུམ་ཨུ་མ་དཱེ་ཝི་དང་དུས་བཞིའི་ལྷ་མོ་དཔལ་མགོན་དྲེགས་པའི་ཚོགས་ཀྱིས་བསྐོར་བ་དང་འཕྲད་ཚེ།ཁོ་ན་རེ།ཁྱོད་ཀྱིས་ང་བསྒྲུབ་མཆོད་ལ་འབད་ཀྱང་སྒྲུབ་གྲོགས་མི་ལེགས་པས་ད་རེས་དངོས་གྲུབ་འཐོབ་མི་འོང་།ཕྱིས་དངོས་གྲུབ་ཕྲན་བུ་རེ་ཐོབ་འོང་ཟེར་ནས་ལྕགས་ཀྱུ་ཞིག་བདག་ལ་སྟེར་བྱུང་མཐར་མི་སྣང་བར་ཡལ་ལོ། །དེ་ནས་རང་ལོ་ལྔ་བཅུ་ང་དགུ་ལ་བབས་པ་དཔྱིད་ཟླ་ར་བའི་ཚེས་གཅིག་གི་ནུབ་ནུབ་ཕྱོགས་པདྨ་མཁའ་འགྲོ་མ་ཡིན་ཟེར་བའི་བུད་མེད་དམར་མོ་མཛེས་སྡུག་ལྟ་བས་ཆོག་མི་ཤེས་པ་ཞིག་བདག་གི་ཐད་དུ་བྱུང་ནས་འདི་སྐད་ཟེར།ང་ནི་ནུབ་ཕྱོགས་པདྨ་འོད་ནས་འོང་བ་ཡིན།ང་ལ་འགྲོ་སྡོད་མེད་དེ་ཁྱོད་ཀྱི་ཤེས་རབ་ཀྱི་རྩལ་དུ་སྣང་བ་ཡིན།དེ་བཞིན་དུ་གནས་ཡུལ་གྱི་མཁའ་འགྲོ་མ་ཐམས་ཅད་ལུང་སྟོན་དུ་སྣང་བ་རྣམས་ཀྱང་དེ་བཞིན་ནོ། །ང་ཉིད་འདིར་ལྷགས་པའི་དགོས་ཆེད་ནི་འདི་ལྟ་སྟེ།སྔོན་དགེ་སློང་བདེ་ལེགས་ཞེས་བྱ་བ་སྨོན་ལམ་ལོག་པའི་སྟོབས་ཀྱིས་ཀླ་ཀློའི་བསྟན་པ་རྒྱ་མཚོ་ཕྱུར་བ་ལྟར་འོང་སྟེ།ལོ་ཁྱིམ་འདི་ཉིད་དུ་སྦས་ཡུལ་པདྨ་བཀོད་ཅེས་བྱ་བ་འདི་ནས་ནུབ་ཕྱོགས་ན་ཡོད་ཀྱི།དེར་སོང་དང་ཀོང་སྨད་རྒྱ་ལ་སེང་འདམ་ཞེས་བྱ་བ་ན་བྲག་རི་ཕག་མགོ་གནམ་ལ་བལྟ་བ་ལྟ་བུ་ཞིག་ཡོད།དེ་ན་ཁ་བྱང་དང་ལྡེ་མིག་གཏེར་དུ་སྦས་པ་ཡོད་པས་དེ་ལོངས་ལ་གསང་བའི་གནས་སྒོ་དེ་ཕྱེས་དང་།སྦས་ལུང་དྲུག་ཅུ་རྩ་དགུའི་སྒོ་འབྱེད་ནུས་ཏེ་འགྲོ་དོན་རྒྱ་ཆེན་པོ་འབྱུང་ངེས་ཡིན།ད་ལོའི་དུས་ཚིགས་འདི་ཡོལ་མི་རུང་བས་དེ་ལུགས་དོན་ཐོག་ཏུ་ཁེལ་བར་མཛོད།ཧེ།ཤིང་མོ་ལུག་གི་ལོ་ཁྱིམ་ནས། །བཅུད་ཀྱི་དུག་ཆུས་མི་རྣམས་མྱོས། །བརྗེད་རྐྱེན་དུག་ལྔ་མེ་ལྟར་འབར། །རི་ཀླུང་མེད་པར་ཕྱོགས་ཀུན་ཏུ། །ཨར་ཇག་རྐུན་མས་ལས་ལ་རྔམ། །ཕྱི་འཁྲུགས་ནང་འཁྲུགས་རྩོད་པ་འགྱེད། །དགེ་བའི་སྤྱོད་པ་རིམ་གྱིས་འགྲིབ། །མི་རྟ་ཕལ་ཆེར་གྲི་རུ་འཆི། །ནད་དུ་མ་ངེས་སྣ་ཚོགས་དར། །གདོན་དུ་ལྷ་མིན་དྲེགས་པ་གནོད། །ད་ནི་བདེ་བའི་སྐབས་མེད་པས། །མྱུར་དུ་གནས་དེར་ལ་འུར་དེངས། །ཞེས་ཟེར་ནས་ཡལ།ལོ་ཁྱིམ་དེའི་དབྱར་ར་བའི་ཚེས་བཅུའི་ནུབ་ང་རང་གི་སློབ་བུ་ངག་དབང་རྒྱ་མཚོ་དེ་ཉིད་ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ནས་སྤྲིན་དང་འཇའ་ཚོན་འདྲེས་པའི་ཀློང་ནས་བདག་ལ་ཕྱག་འཚལ་ཏེ།ན་མོ།སྐྱབས་རྗེ་བླ་མ་རིན་པོ་ཆེ། །བདག་ནི་ཚེ་ཡི་མཐར་ཐུག་ནས། །ལྔ་བཅུ་ང་གཉིས་ནས་འཕོས་ཏེ། །མངོན་པར་དགའ་བའི་ཞིང་མངོན་གྱུར། །ཉིད་ཀྱི་བུ་སློབ་ལས་ཅན་ཀུན། །ཁྲེགས་ཆོད་ཐོད་རྒལ་ཟུང་ལམ་བསྟེན། །ལས་ཅན་སྒྲུབ་ལ་སྙིང་རུས་ཅན། །ལ་ལ་འཇའ་ལུས་ཆེན་པོར་གྲོལ། །ལ་ལ་ཡེ་ཤེས་སྒྱུ་མར་གྲོལ། །གྲོགས་མཆོག་ཕུན་ཚོགས་བཀྲ་ཤིས་ནི། །ལོ་ཁྱིམ་འདི་ཡི་དགུན་འབྲིང་པོར། །སྦས་ཡུལ་པདྨ་བཀོད་དུ་འཕོ། །དཔའ་བོ་ཆེན་པོའི་ལུས་བཟུང་སྟེ། །འཁོར་ཚོགས་འབུམ་གྱི་ཚོགས་དཔོན་བྱེད། །སློབ་བུ་རིག་འཛིན་རྒྱ་མཚོ་ཡང་། །གནས་དེར་སླེབས་ནས་དཔའ་བོར་འགྱུར། །ངེད་ཅག་གཏན་དུ་བདེ་བའི་སར། །སླེབས་པའི་ངག་སྙན་གླུ་ཡིས་མཆོད། །བླ་མའི་སྐུ་ཚེ་བརྟན་གྱུར་ཅིག།ཅེས་ཟེར་ནས་ཡལ།དེ་ནས་སྟོན་ཟླ་ར་བའི་ཚེས་བཅུ་གསུམ་ལ་བུ་ཆུང་ལྷ་སྟོབས་དཔལ་རྒྱལ་བ་ཀཿཐོག་པའི་སྲོལ་འཛིན་ཆོས་སྡེ་ཆེན་པོ་སྟག་རྩེ་བསམ་འགྲུབ་དགོན་ནས་མཚུངས་མེད་གཞི་ཆེན་སྤྲུལ་པའི་སྐུ་རིན་པོ་ཆེའི་ཡང་སྤྲུལ་དུ་གསེར་ཁྲི་མངོན་པར་མཐོ་བ་ལ་མངའ་གསོལ།མཐར་རང་ཡུལ་དུ་སླེབས་ནས་པདྨའི་ལུང་ཟིན་གྱི་སློབ་མ་ལ་དབང་ལུང་མང་ཞིག་རྫོགས་པར་བྱས།ལོ་ཁྱིམ་དེའི་སྟོན་ཐ་ཆུང་གི་ཚེས་བཅུའི་ནུབ་མཁའ་འགྲོ་མ་བདེ་བྱེད་དབང་མོ་ཞེས་རིན་པོ་ཆེའི་རྒྱན་དུ་མས་སྤྲས་པ་ཞིག་བདག་གི་ཐད་དུ་བྱུང་ནས་འདི་སྐད་དོ། །སྦས་ཡུལ་སྒོ་འབྱེད་དུས་ཚིགས་ཡོལ། །ད་ནི་བུ་སློབ་ཕོ་མོ་ལ། །འཕོ་བ་ཆེན་པོའི་ལམ་སྟོན་མཛོད། །དཀར་མིན་དཀར་གྱི་སྡེ་ཚན་ནས། །སྐྱེས་བུ་གསུམ་གྱིས་འཇའ་ལུས་འགྲུབ། །རྒྱ་མིན་རྒྱ་ཡི་སྡེ་ཚན་ནས། །སྐྱེས་བུ་ཟུང་གིས་འཕོ་ཆེན་འགྲུབ། །བླ་མིན་བླ་ཡི་སྡེ་ཚན་ནས། །སྐྱེས་བུ་གསུམ་གྱིས་འཇའ་ལུས་འགྲུབ། །སྟག་མིན་སྟག་གི་སྡེ་ཚན་ནས། །སྐྱེས་བུ་ཟུང་གིས་འཇའ་ལུས་འགྲུབ། །རྟ་མིན་རྟ་ཡི་སྡེ་ཚན་ནས། །སྐྱེས་བུ་ལྔ་ཡིས་འཇའ་ལུས་འགྲུབ། །ཨ་མིན་ཨ་ཡི་སྡེ་ཚན་ནས། །སྐྱེས་བུ་གསུམ་གྱིས་འཇའ་ལུས་འགྲུབ། །སྟོང་མིན་སྟོང་གི་སྡེ་ཚན་ནས། །སྐྱེས་བུ་གཅིག་གིས་འཇའ་ལུས་འགྲུབ། །རྟུག་མིན་རྟུག་གི་སྡེ་ཚན་ནས། །སྐྱེས་བུ་གཅིག་གིས་འཇའ་ལུས་འགྲུབ། །གེ་མིན་གེ་ཡི་སྡེ་ཚན་ནས། །སྐྱེས་བུ་བཞི་ཡིས་འཇའ་ལུས་འགྲུབ། །དབང་མིན་དབང་གི་སྡེ་ཚན་ནས། །སྐྱེས་བུ་ཟུང་གིས་འཇའ་ལུས་འགྲུབ། །དེ་སོགས་ཁྱོད་ཀྱི་བུ་སློབ་རྣམས། །ཆོས་བརྒྱད་ཡུལ་ལས་དབེན་པའི་སར། །འཕོ་ཆེན་གདམས་པ་ཉམས་སུ་བླངས། །རྩེ་གཅིག་སྙིང་པོའི་སྒྲུབ་གཞོལ་ན། །སྐྱེས་བུ་ཕོ་མོ་བརྒྱ་ཕྲག་གིས། །འཇའ་ལུས་འཕོ་ཆེན་ངེས་པར་འཐོབ། །ཨེ་མ་དུས་ཀྱི་སྙིགས་མ་འདིར། །ཨོ་རྒྱན་ཐུགས་ཀྱི་བསྟན་པ་མཆོག།སྐྱེས་བུ་ཁྱོད་ཀྱི་མདུན་སར་གནས། །འཆད་དང་སྒྲུབ་ལ་བརྩོན་པར་གྱིས། །བདག་ནི་ཤིན་ཏུ་ངོ་མཚར་བའི། །གཏམ་ཚིག་གླུ་ཡིས་ཁྱོད་ལ་མཆོད། །ཅེས་ཟེར་ནས་ཡལ།ལོ་ཁྱིམ་དེའི་དགུན་འབྲིང་པོའི་ཚེས་ཉེར་ལྔའི་ནུབ་འཕགས་པ་འཇིག་རྟེན་དབང་ཕྱུག་གིས་ཞལ་གཟིགས་ནས་འདི་སྐད་གསུངས།བུ་ཁྱོད་ཀྱི་ལྟ་སྒོམ་ལ་གཤེ་སྐུར་སྨ་འབེབས་བྱེད་ཅིང་ཐེག་པ་འོག་མ་རུ་ཁ་འདྲོང་ཐབས་བྱེད་པའི་བཤེས་གཉེན་འགའ་རེ་འབྱུང་བ་ནི་ཁོང་རྣམས་བདུད་འབངས་སུ་སོང་བས་ཡིན།དེར་ཁོང་ཁྲོ་ཞེ་སྡང་སྤོངས་ལ་སྙིང་རྗེའི་ཤུགས་བསྐྱེད་ཅིག།ཉོན་དང་སྐལ་བཟང་སྐྱེས་བུ་མཆོག།འོད་གསལ་རྫོགས་པ་ཆེན་པོ་ནི། །སྐལ་དམན་སྐྱེས་བུའི་སྐལ་མིན་ཕྱིར། །གཤེ་སྐུར་འདེབས་པ་ཨེ་གོ་བུ། །གསང་སྔགས་ཐེག་མཆོག་རྫོགས་པ་ཆེ། །སེམས་ཅན་ཀུན་གྱི་དབང་སྐལ་ཏེ། །རིས་མེད་རང་ལ་རྫོགས་པ་འདྲ། །ཆོས་དང་སྟོན་པར་འཕྲད་པ་ཡི། །སྐྱེས་བུ་རྣམས་ཀྱི་དབང་སྐལ་ཡིན། །དེ་ལྟར་མི་ཤེས་དམུས་ལོང་འགས། །དེ་ལས་བཟློག་ནས་འོག་མར་འདྲེན། །ཁ་བཤད་ཅ་ཅོའི་ལབ་མོ་ཡིས། །ཐེག་ཆེན་བསྟན་ལ་རྒོལ་ནས་གནོད། །བདུད་འབངས་ལོག་ལམ་སྟོན་པ་སྟེ། །སེམས་ཅན་ལས་ངན་བསླུ་བ་ལ། །ཆགས་སྡང་སྤོངས་ལ་རང་བསྟན་སྐྱོངས། །ཐེག་ཆེན་བསྟན་པའི་ཉི་ཞལ་ནི། །ནུབ་ལ་ཉེ་སྟེ་མུན་དགོངས་མཚམས། །ཤེས་པར་གྱིས་ཤིག་བུ་སློབ་སྐྱོངས། །ཞེས་ཟེར་ནས་ཡལ།ཡང་ལོ་ཁྱིམ་དེའི་ཐ་ཆུང་གི་ཚེས་བརྒྱད་ཀྱི་ནུབ་མཁའ་འགྲོ་ལབ་ཀྱི་སྒྲོན་མ་བདག་གི་ཐད་དུ་བྱོན་ནས་འདི་སྐད་དོ། །ཀྱཻ།བུ་ཁྱོད་མ་ངའི་ངག་ལ་ཉོན། །དུང་གི་མདའ་མོ་ནུབ་ཏུ་འཕང་། །པདྨ་བཀོད་ཀྱི་སྒོ་རུ་བབས། །སྨོན་ལམ་ལོག་པའི་སྐྱེས་བུ་འགས། །འཁྲུགས་དང་འཕྲོག་བཅོམ་རྩོད་ལས་ཀྱི། །རྐྱེན་གྱིས་དུག་མཚོ་ཁོལ་བ་ལས། །དུང་མདའ་དཀར་པོ་དེ་རུ་ནུབ། །ད་ནི་གནས་དེར་སླེབས་པ་ཡི། །དབང་དང་སྐལ་བ་རེ་ཞིག་དབེན། །བདུད་པོ་སེ་ཕུང་སྤྲུལ་པ་ཡི། །ཀུ་ཀུ་ནག་པོས་རང་སྐད་སྒྲོགས། །རིགས་མཐུན་མང་པོའི་བློ་ལས་ཀྱིས། །གངས་རྩེའི་སེངྒེའི་དཀར་མོ་ཕབ། །ངར་སྐད་དྲག་པོའི་ཤུགས་ཕྱུང་པས། །ཀླུ་རྒྱལ་གཙུག་ན་རིན་ཆེན་བསླང་། །དུག་མཚོ་ཁོལ་མ་གནམ་དུ་འཕྱུར། །ཀླུ་བདུད་དམག་དཔུང་སྟོད་དུ་ཆས། །བསྟན་པའི་སྒྲོན་མེ་རྣམ་བཞི་བསྣུབ། །དུག་སྦྲུལ་ནག་པོའི་ཁ་རླངས་ཀྱིས། །འཚོ་བྱེད་སྨན་གྱི་ནུས་པ་བཅོམ། །ཀླ་ཀློའི་མེ་དཔུང་མཆེད་པ་ལས། །བསྟན་འགྲོའི་བདེ་སྐྱིད་ཞིང་ས་བསྲེགས། །ད་ནི་བདེ་བའི་སྐབས་མེད་དོ། །མྱུར་དུ་ཆོས་བརྒྱད་ལས་དབེན་པར། །སྙིང་པོའི་སྒྲུབ་པ་ལྷུར་ལེན་པ། །གདམས་པའི་མཆོག་ཏུ་འདོམས་ཤིག་བུ། །སྔོན་གྱི་སྨོན་ལམ་ལས་འབྲེལ་བའི། །བུ་སློབ་སྐལ་ལྡན་རེ་བྱུང་ན། །གདམས་ངག་ཟབ་མོའི་ཕ་ཕོག་སྤྲོད། །ཁྱོད་ཀྱང་ཡུན་རིང་སྡོད་མིན་ཏེ། །ཡང་དག་རྫོགས་ཆེན་བསྟན་པ་ཡང་། །དེ་ཙམ་ཡིན་ནོ་ཤེས་པར་མཛོད། །བརྡ་དེ་གོ་འམ་སྐལ་ལྡན་བུ། །ཞེས་ཟེར་ནས་ཡལ།དེ་ནས་རང་ལོ་དྲུག་ཅུ་ལ་བབས་པ་ཧོར་ཟླ་དང་པོའི་ཚེས་བཞིའི་ནུབ་མཁའ་འགྲོ་མ་ཐོད་པའི་ཕྲེང་ལྡན་མ་ཞེས་བྱ་བའི་བུ་མོ་ཁ་དོག་ལྗང་སྔོན་དར་སེར་ཁྲའི་སྟོད་གཡོགས་བྱས་པ་ཞིག་གིས་ན་རེ།དབུས་ཕྱོགས་ལྷུན་གྲུབ་བཀོད་པའི་ཞིང་ནས་བླ་མ་འཇིགས་མེད་པས་ཁྱོད་འདིར་ཤོག་གསུངས་པས་ཨེ་འགྲོ་ཟེར།བདག་གིས་འགྲོ་སྨྲས་པས།ངའི་ལག་པ་གཡོན་ནས་བཟུང་སྟེ་སྟེང་གི་ནམ་མཁར་ཤར་གྱིས་སོང་བའི་མོད་ལ།ཞིང་ཁམས་མཛེས་ཤིང་ཡིད་འཕྲོག་པའི་ཚལ་དུ་སླེབས།དེ་ན་རིན་པོ་ཆེ་བཻ་ཌཱུཪྻ་ལས་གྲུབ་པའི་གནས་ཁང་ཡངས་པའི་ནང་དུ་རིན་པོ་ཆེའི་ཁྲིའི་སྟེང་དུ་པདྨ་དང་ཟླ་བའི་གདན་ལ་བླ་མ་དེ་ཉིད་སྐུ་མངོན་སུམ་ལྟར་བཞུགས་འདུག།དེ་ལ་ཕྱག་འཚལ་ཞིང་མགོ་བོས་གཏུགས་ནས་བདག་ལ་དབང་མཆོག་ཟབ་མོ་ཞིག་གནང་དུ་གསོལ།ཞེས་ཞུས་པས།བླ་མ་ཉིད་ཀྱིས་བདག་ལ་རིག་པ་རྩལ་གྱི་དབང་ཆེན་བསྐུར་ཏེ།བུ་ཁྱོད་ཀྱིས་སེམས་ཉིད་གདོད་ནས་དག་པ་ནམ་མཁའ་རྣམ་པར་དག་པའི་དབྱིངས་ཉིད་མངོན་དུ་གྱུར་པའི་ངང་དུ་བཅོས་སླད་སྤངས་བླང་མེད་པར་ཞོག་ལ་ངང་བརྟན་པར་གྱིས་ཤིག།ཅེས་གསུངས་ཤིང་མི་སྣང་བར་ཡལ་ལོ། །དེ་ནས་དགུན་ཟླ་ཐ་ཆུང་གི་ཚེས་ཉེར་བརྒྱད་ནུབ་ཀྱི་རྨི་ལམ་ན་སྨན་པ་འཚོ་བྱེད་གཞོན་ནུ་ཡིན་སྐད་པའི་མི་རྒན་སྐྲ་དང་སྨིན་མ་དཀར་ཞིང་བཞིན་རས་གཉེར་མས་གང་བ་ལག་ན་མཁར་བ་ཐོགས་པ་ཞིག་གིས་ན་རེ།ད་ལོ་ཁྱེད་ཁང་པ་ཅན་རེད་དེ།སང་ཕོད་སྦྲ་ནག་ཅན་ལོས་ཡིན།ལར་འདིར་དགོན་པ་ཞིག་ཨེ་འོང་ངེས་པར་སྙམ་ན་ཆོས་ཀྱི་བཤད་པ་དང་སྒོམ་སྒྲུབ་ཀྱི་མཚམས་གྲྭ་ཞིག་ཡོད་དགོས་ཏེ།གཞན་དུ་ཆོས་སྡེ་དང་དགོན་པའི་མིང་བཏགས་ཀྱང་དགོས་པ་ཆུང་།སྡང་དགྲ་དང་རྐུན་ཇག་གི་འཇིགས་པ་གཞན་རེ་འགའ་ལ་ཡོད་ཀྱང་ཆོས་སྡེ་ལ་མེད་མོད།དེང་སང་ལྔ་བརྒྱ་སྙིགས་མའི་མཐར་ཐུག་པའི་དུས་ཡིན་པས་དགྲ་ཇག་དང་ཆོམ་རྐུན་ཤིན་ཏུ་མང་སྟེ།དེའི་གཉེན་པོར་སྔགས་སྲུང་ཨེ་ཀ་ཛ་ཊཱི་དང་གཟའ་བདུད་དུག་གི་སྤུ་གྲི་གཉིས་བསྒྲུབ་པ་ལ་འབད་ནས་གྲུབ་པ་ན་བསྐང་གསོལ་ལ་རྒྱུན་དུ་འབད་པ་དང་།དགྲ་བྱུང་ཚེ་རྦད་བསྐུལ་བྱེད་པ་གལ་ཆེ་སྟེ།དེང་སང་གི་བླ་བཙུན་རྣམས་ཀྱིས་ཟླ་གཅིག་ཙམ་ལའང་དམ་རྒྱས་བསྒྲུབ་པར་ནི་མི་ནུས།རྒྱུན་གསོལ་ཁོ་ན་ཙམ་ཞིག་འདོན་མི་ཡོད་སྲིད་ཀྱང་དེས་ལྷ་གྲུབ་མི་སྲིད།དེ་ནས་ལྷ་ལ་ཡིད་ཆད་དང་སྒྲུབ་ཐབས་ལ་ལོག་ལྟ་སྐྱེ་བ་རྣམས་ཀྱིས་རང་གི་སྐྱོན་རང་གིས་མི་རིག་པར་སྐྱོན་གཞན་ལ་འགེལ་བར་བྱེད་དེ་དེ་ཚོ་སྙིང་རེ་རྗེ་བསམ་གྱི།ལར་ཁྱོད་ཚོ་ལ་སྔར་མཐུ་ཡོད་དེ་ད་ནི་མེད་འདུག་གི།རང་ལན་པ་ནི་མི་གོ་བ་མཚར་རེ་ཆེ་ཞེས་ཞེ་ཁྲེལ་གཏོང་འདུག་པ་ལ་འདི་སྐད་སྨྲས།རྒད་པོ་ཁྱོད་ཅི་ཟེར།ལྷ་མ་ལན་པར་ངས་ལན་པ་ཅི་བཏང་ཁྱོད་ཀྱིས་ཤེས་ཡོད་ན་ཤོད།མེད་ན་མི་རྒན་གྱིས་ཁ་བཤད་མང་དོན་ཅི་ཡོད་སྨྲས་པས།འོ་རེད་རེད།ངས་ཁ་བཤད་མང་བ་འདི་ཁྱོད་དང་རྟ་ཤུལ་གཉིས་ཀ་ལ་སྒོས་སུ་བཤད་པ་མིན།རྒྱལ་ཁམས་སྤྱིའི་དགོན་པ་རྣམས་ལ་བཤད་པ་ཡིན།ཁྱོད་མ་དགའ་ཡང་ཁྱོད་ལན་གྱི་ལྷ་ལ་ཁག་མེད།ཇི་ལྟར་ལན་ཞེ་ན་ཁྱོད་ཀྱི་ལྷ་རྦད་བསྐུལ་དྲག་ཏུ་བྱས་ནས་དགྲ་ལ་མཐུ་རྟགས་ཐོན་དུས་ནོར་ཕྱུགས་ཕྱིར་བྱུང་ཚེ་དགའ་བ་དང་བཅས་རང་གིས་བླངས་ནས་སྤྱོད་པས་སྲུང་མ་སུན་ཏེ་ལས་བྱེད་མི་སྲིད།ཁྱོད་ཚོ་དུས་ངན་གྱི་བླ་བཙུན་ནོར་ཟས་ལ་འཛིན་ཆགས་ཤིན་ཏུ་ཆེ་བ་ཀུན་གྱིས་དེ་ལྟར་བྱེད་པས་མཐར་སྲུང་མ་གཉན་པོ་ཁྲོས་ནས་སྒྲུབ་པ་པོ་ལ་ཆད་པ་གཅོད་ཡོང་།མཐུ་ཡོད་མི་སྲིད་ལོ་ལོ་ཞེས་ཟེར།དེ་ལ་བདག་གིས་ཁྱོད་བདེན་ཡང་སྲིད་ཀྱི།ངས་ཀྱང་དེ་ལྟར་བསམ་འདུག།ཁྱོད་ནི་སྨན་པ་ཕུལ་དུ་ཕྱིན་སོང་བ་ཞིག་ཡིན་ཟེར་བ་ཐོས་པས།དེང་སང་གི་སྨན་པས་ནད་ངོས་མི་ཟིན་པ་དང་།ཕན་མི་ཐོགས་པ་འདི་ཅིའི་ཕྱིར་ཡིན་ཞེས་སྨྲས་པས།ཁོ་ན་རེ།ཧ་ཧ།དུས་ངན་སྙིགས་མའི་དུས་འདིར་སྔོན་བསྐལ་པ་བཟང་བོའི་དུས་ཀྱི་རྩྭ་དང་དེང་སང་གི་སྨན་བཟང་དྲུག་རྣམས་ལའང་ནུས་བཅུད་སྔོན་དུས་ཀྱི་རྩྭ་བཟང་བ་དང་།སྔོན་གྱི་ཆུ་དང་དེང་སང་གི་འོ་མ་གཉིས་ལའང་སྔོན་དུས་ཀྱི་ཆུའི་རོ་ནུས་བཟང་བ་ལྟ་བུར་སོང་བས་ནད་ལ་སྨན་གྱིས་མི་ཕན་པའང་དེ་ལྟར་ཡིན།མི་རྣམས་རྩོལ་བ་ཞན་པས་སྨན་དཔྱད་ལ་མི་མཁས་པ་དང་།སྔོན་དུས་ཀྱི་ནད་དང་དེང་དུས་ཀྱི་ནད་མི་གཅིག་པས་ངོ་མི་ཤེས་པའང་དེ་གས་ཡིན།ང་མི་རྒན་གྱིས་བཤད་པ་དང་།ཁྱོད་མི་མཁོ་བའི་དྲི་བ་དེས་ཅི་བྱ།ཞེས་ཟེར་བར།ང་ལ་སྨན་དཔྱད་ཞིག་བསླབ་ན་ཨེ་ཤེས་སྙམ་ཞེས་དྲིས་པས།ཁོ་ན་རེ།ཁྱོད་ཚེ་སྟོད་ཟད་ནས་ཚེ་མཇུག་སྤྲིན་བར་གྱི་ཉི་ཞུར་ཙམ་འདིར་སྨན་དཔྱད་ལ་བསླབ་ཀྱང་རང་གཞན་གཉིས་ལ་ཕན་བཏགས་པའི་ལོང་ཡོད་པ་ངས་ནི་མ་མཐོང་ཟེར་ནས་ཡལ་སོང་།དེ་ནས་ལོ་གྲངས་དྲུག་ཅུ་རེ་གཅིག་ལ་བབས་པའི་ཚེ།བྱིས་པ་དཀར་པོ་ལྭ་བ་དཀར་པོ་གྱོན་པ་ཞིག་བདག་ལོ་བརྒྱད་ནས་སུམ་ཅུ་མ་བརྒལ་གྱི་བར་དུ་མཚན་མོ་རྨི་ལམ་ན་འབྲལ་མེད་དུ་འགྲོགས་པ་ལས།ལོ་སུམ་ཅུ་སོ་གསུམ་ཟིན་ནས་ནུབ་གཅིག་འདི་སྐད་ཟེར།འོ་ད་ནི་ཁྱོད་ཀྱི་ལྟ་བ་མདོ་ཙམ་ཤེས་འདུག་པ་ངའི་དྲིན་ཡིན་པས་ཤེས་པར་གྱིས།ང་ནི་ལྷ་ཕྲུག་དུང་གི་རྣ་བ་ཅན་བྱ་བ་ཡིན།འཕགས་མཆོག་ཐུགས་རྗེ་ཆེན་པོས་ཁྱོད་ཀྱི་ཟླ་གྲོགས་སུ་བཏང་བ་ཡིན།ད་ནི་རེ་ཞིག་ང་དང་ཁྱོད་གཉིས་འཕྲད་མི་འོང་ཟེར་ནས་ཡལ་སོང་།དེ་ནུབ་བྱུང་ནས་ན་རེ།ཁྱོད་དེང་སང་ནི་དཔལ་དང་སྙན་གྲགས་ཀྱི་ཡོན་ཏན་ཐམས་ཅད་འཛོམ་པ་ལ་ང་དགའ་སྟེ་ད་དབྱར་ཟླ་གཉིས་པའི་ནང་དུ་སྦྲ་ཞིག་ཕུབ་ལ་དེའི་ནང་དུ་སྡོད་དང་སྦྲའི་མཐུན་རྐྱེན་ནི་འགྲུབ་སླ་ཞིང་དེ་ནས་གར་ཕྱིན་ཀྱང་ཚེགས་མེད་ཡིན་ཞེས་ཟེར་བ་ལ།ངས་དགོན་པ་འདིར་འདུ་ཁང་ཆེན་པོ་ཞིག་བརྩིག་ཟེར་འདུག་པས་དེ་བདེན་ན་དེར་བདེ་བར་འདུག་སྙམ་གྱི་ཞེས་སྨྲས་པས།དེ་ན་རེ།ད་ལོ་བརྩིག་པར་བྱས་ན་འགྲུབ་འགྲུབ་འདྲ་སྟེ་མ་བྱུང་།ད་ནི་རེ་ཞིག་ཐོག་ཏུ་ཁེལ་དུས་མི་འོང་།སང་ཕོད་རྫ་རྒྱལ་དགོན་དུ་འགྲོ་རྒྱུ་འབྱུང་སྟེ་དམག་དང་འཁྲུག་པ་ཆེན་པོ་ཡུལ་འདིའི་ཉེ་ས་རུ་འབྱུང་སྙམ་ཡང་འདི་ག་ལ་ནི་སྐྱོན་ཆེར་མེད།ཨེ་ཨེ།ཆུང་ནས་ལྷན་ཅིག་སྐྱེས་པའི། །གྲོགས་པོ་ང་ལ་ཉོན་དང་། །སྣང་སྲིད་སྣོད་བཅུད་ཐམས་ཅད། །རྨི་ལམ་སྒྱུ་མའི་གྲོང་ཁྱེར། །བརྟན་གནས་མེད་པར་ཨེ་གོ།འདུས་བྱས་ཆོས་རྣམས་ཐམས་ཅད། །རང་སྣང་འཁྲུལ་པའི་སྣང་བ། །གནས་འགྱུར་བྱེད་པར་ཨེ་གོ།རྙེད་ཚོལ་གསོག་འཇོག་ཐམས་ཅད། །བྱིས་པའི་རྩེད་མོ་བཞིན་དུ། །སྙིང་པོ་མེད་པར་ཨེ་གོ།བུ་དང་ཆུང་མའི་ཆེད་དུ། །ཚེ་གཅིག་སྡིག་ལ་འབད་ཀྱང་། །རྣམ་སྨིན་སྒོས་ཁུར་ཨེ་གོ།ཡུལ་དང་ཁང་ཁྱིམ་ཟས་ནོར། །གཏན་ལོངས་སྤྱོད་པར་རློམས་ཀྱང་། །རྨི་སྣང་སད་པ་བཞིན་དུ། །བརྟན་གནས་མེད་པར་ཨེ་གོ།ཚེ་ཟད་མི་རྒན་དག་གིས། །གཏན་དུ་སྡོད་གྲབ་བྱེད་ཀྱང་། །སྡོད་ལོང་མེད་པར་ཨེ་གོ།བྱས་བྱས་བྱ་བ་མང་པོ། །ཆོག་ཤེས་མེད་པར་སྤྱོད་མོད། །བྱ་བ་ཟིན་དུས་མེད་དེ། །ཕ་རོལ་འགྲོ་བ་ཨེ་རིག།འཁོར་བ་འདི་ལས་ཐར་ཐབས། །འགྲུབ་པའི་སྐྱེས་བུ་མཆེས་ན། །དོན་ལྡན་ཡིན་པར་ཨེ་གོ།ཁ་ལག་དལ་དུ་མེད་པའི།དགེ་སྦྱོར་བསགས་གྲངས་མང་ཡང་། །འཁོར་བའི་སྣོན་པར་ཨེ་གོ།རང་གཞི་ཀུན་ཏུ་བཟང་པོ། །སྤྲོས་བྲལ་ནམ་མཁའི་ཁོད་ཡུག།རང་ས་འཛིན་དགོས་ཨེ་གོ།རང་ཐོག་རང་ས་བཟུང་ན། །ཆོས་ཀྱི་དམ་པ་ཆོས་ཉིད། །རང་དབང་ཐོབ་པར་ཨེ་གོ།གཞི་སྣང་དག་པའི་འཁོར་མང་། །མངོན་དུ་གྱུར་པ་ཉིད་ལས། །ཞིང་ཁམས་མེད་པར་ཨེ་གོ། །བསམ་དང་བརྗོད་པ་བྲལ་བའི། །ཆོས་ཉིད་མངོན་དུ་བྱ་བ། །ཐེག་པའི་ཡང་རྩེར་ཨེ་གོ།གོ་ན་བྱར་མེད་ངང་ནས། །ལྷུན་གྲུབ་དབྱིངས་ལ་ལྟོས་དང་། །མ་དག་ལས་ཀྱི་བསྐལ་པ། །དག་དབྱིངས་དྭངས་མར་འཕོ་འགྲོ། །དག་དབྱིངས་དྭངས་མར་འཕོས་ཚེ། །ཆོས་སྐུ་སྤྲོས་མཐའ་བྲལ་བར། །མངོན་རྫོགས་སངས་རྒྱས་འཐོབ་འོང་། །ང་འགྲོ་པོ་ཊ་ལ་རུ། །ཕྱིར་མི་ལྡོག་པར་འགྲོ་སྟེ། །འགྲོ་དང་འགྲོ་ཡུལ་བྲལ་བའི། །ངང་ལ་ཕྱམ་བརྡལ་ཡན་གཏོང་། །ཞེས་ཟེར་ནས་ཡལ།སྟོན་ཟླ་ར་བའི་ནང་དུ་རྫ་རྒྱལ་དགོན་དུ་སྐྱས་བཏེགས་ནས་སོང་།དེར་སེར་ཕྲེང་གིས་རོལ་བསུ་བྱུང་ནས་དཔལ་དགེ་སྤྲུལ་སྐུ་ཁྲི་ཁར་མངའ་གསོལ།དགུན་ཟླ་འབྲིང་པོ་ནས་བཟུང་དཔྱིད་ཟླ་འབྲིང་པོའི་བར་དུ་ཆོས་ཁྲིད་བཤད་ནས།དཔྱིད་འབྲིང་པོའི་སྨད་དུ་ཡང་སྒར་བཏེགས་ནས་ཁྲི་བར་མ་ཞེས་བྱ་བའི་ལུང་པར་འཕོས།དེ་ནས་རང་ལོ་དྲུག་ཅུ་རེ་གཉིས་ལ་བབས་པ་ཧོར་ཟླ་བཞི་པའི་ཚེས་བརྒྱད་ཀྱི་ནུབ་རྨི་ལམ་ན།བུ་མོ་ཞིག་གིས་ང་ནི་བཟང་པོ་སྐྱོང་མ་ཞེས་བྱ་བ་ཡིན།གསེར་སྟོད་འབྲོང་རི་སྨུག་པོའི་ནང་དུ་ལྟད་མོ་ལ་ཨེ་འགྲོ་ཟེར།དེ་ལ་འདི་སྐད་སྨྲས།རི་བོ་ཞིག་ཡིན་པས་ལྟ་ས་ཅིའང་མེད་དམ་སྨྲས་པ་དང་།མོ་ན་རེ།ཕྱི་རི་བོ་ཡིན་ནའང་ནང་དུ་ཡུལ་ཆེན་པོ་ཞིག་ཡིན་ཟེར།རི་བོ་ཆུང་ངུ་དེ་ལ་ཡུལ་ཆེན་པོ་ཞིག་ཤོང་མི་འོང་སྨྲས་པས།རྨི་ལམ་གྱི་ཡུལ་ཁམས་ཆེན་པོ་དང་མི་མ་ཡིན་གྱི་གྲོང་ཁྱེར་འདྲ་མཉམ་ཡིན་ཟེར་བས།དེ་བདེན་འདུག་བསམ་ནས་དེ་དང་ལྷན་དུ་སོང་བས་རི་བོ་དེའི་རྩ་བར་སླེབས་ཚེ་རི་བོ་མི་མཐོང་བར་མཁར་ཆེན་པོ་རྩེ་མོ་དགུང་ལ་སྙེགས་པ་ཞིག་གི་ཁ་བད་གསེར་ལས་བྱས་པ།ཁྲོ་ཆུ་ཞུན་མས་སྐེད་བྱས་པ།གཡུ་ཡིས་སྨད་དང་རྨང་བྱས་པ་ཞིག་གི་ནང་དུ་ཕྱིན་པ་ན་མཁར་ཐོག་བརྩེགས་ལྔ་པ་ཞིག་ཏུ་འདུག།མ་མོ་ཤ་ཟ་རོ་ལང་ཐེའུ་རང་གི་སྡེ་ཚོགས་བསམ་གྱིས་མི་ཁྱབ་པ་འཚོགས་འདུག།བདག་གིས་ཁྱེད་ཅག་འདིར་ཅི་ལ་འཚོགས་པ་ཡིན་དྲིས་པས།མི་ནག་པོ་ཁ་སྤུ་ཡོད་པ་འགྲམ་པའི་གཡས་གཡོན་དུ་རྒྱ་ཁྲིད་པ་ཞིག་གིས་ངེད་འབྲོང་རི་སྨུག་པོའི་བྲན་གཡོག་གི་ཚོགས་ཡིན་ཟེར།དེ་ནས་ཐོག་བརྩེགས་གཉིས་པའི་ནང་དུ་ཕྱིན་ཚེ་དེ་ན་བླ་མ་ཞིག་ཁྲི་ཆེན་ཁར་འདུག་པ་ལ་བནྡྷེ་དང་མོན་པ་ཨ་ཙ་ར་མང་པོས་བསྐོར་ནས་གང་འདུག།དེ་དག་ལ་ཁྱེད་ཚོ་སུ་ཡིན་དྲིས་པས།ངེད་ཅག་བླ་མཆོད་ཀྱི་སྡེ་ཡིན་ཟེར།དེ་ནས་ཐོག་བརྩེགས་གསུམ་པའི་ནང་དུ་སོང་ཚེ་ཤ་མཁར་མང་པོས་གང་འདུག་པའི་ནང་ན་མི་སྔོ་ནག་སྨིན་མ་དམར་བ་དང་།མི་དམར་ནག་སྨ་ར་དང་སྨིན་མ་ནག་པ་དང་།མི་སེར་པོ་སྨ་ར་དང་སྨིན་མ་དམར་བ་གསུམ་གྱིས་ཤ་ལ་སྟྭ་རེས་གཅོད་འདུག།དེ་དག་ལ་ཁྱེད་ཅག་སུ་ཡིན་དྲིས་པས།མི་སེར་པོ་དེས་ངེད་ཚོ་གཞི་བདག་གི་ཤ་གཉེར་ཡིན་ཟེར།དེ་ནས་ཐོག་བརྩེགས་བཞི་པའི་ནང་དུ་སླེབས་ཚེ་དེ་ནང་ཕྱོགས་མཚམས་ཁོར་ཡུག་ཏུ་ཁང་སྒོ་མང་པོས་བསྐོར་ནས་ཡོད་པའི་དབུས་སུ་དར་ཟབ་སྣ་ཚོགས་བརྩེགས་པའི་ཁྲིའི་སྟེང་དུ་བུད་མེད་སྔོ་ལྗང་འོད་ཟེར་འབར་བ་དར་སྣ་ཚོགས་པའི་གོས་ཀྱིས་ཀླུབ་ཅིང་རིན་པོ་ཆེའི་རྒྱན་རྫོགས་པ་ལ་བུད་མེད་མཛེས་མ་གཞོན་ནུ་མ་མང་པོས་བཀུར་སྟི་བྱེད་ཅིང་འདུག།ཡང་ཁྱེད་ཅག་སུ་ཡིན་དྲིས་པས།བུ་མོ་ཞིག་གིས་དབང་ཆེན་སའི་བདག་པོ།འགྲོ་བ་མིའི་མགོན་པོ།འཕགས་མཆོག་ཐུགས་རྗེའི་མངའ་བདག་དང་ཞལ་མི་གཉིས་པ་དཔལ་ལྡན་བྲག་ལྷ་མགོན་པོའི་བཙུན་མོ་གཡུ་ལྕམ་མ་ཤར་གཉན་པོ་གཡུ་རྩེའི་སྲས་མོ་འཕགས་མ་ཁྲོ་གཉེར་མའི་སྤྲུལ་པ་ཡིན་ཟེར།དེ་ནས་ཐོག་བརྩེགས་ལྔ་པའི་ནང་དུ་ཕྱིན་ཚེ་སྤྲིན་དང་ན་བུན་འཇའ་འོད་འཁྲིགས་པའི་ཀློང་དུ་དར་མཐིང་གའི་ལྡིང་གུར་ཕུབ་པའི་དབུས་སུ་རིན་པོ་ཆེ་གསེར་གྱི་ཁྲིའི་ཁར་ཟ་འོག་འབོལ་བརྩེགས་མཐོ་བའི་སྟེང་དུ་མི་སྨུག་ནག་དར་དཀར་གྱི་ལ་ཐོད་གྱོན་པ་གོས་སུ་དར་ལེ་བརྒན་དང་མཐིང་གའི་ན་བཟའ་གསོལ་བ་ཞིག་འགྱིང་སྟབས་སུ་བཞུགས་འདུག།དེ་ལ་འཁོར་གྱི་ཚོགས་ནི་བརྗོད་ཀྱིས་མི་ལང་ངོ་། །མི་དེས་ན་རེ།འོ་ཁྱོད་ཁྱེའུ་ཆུང་ལོ་ཙྭ་ཡིན་ཨང་ཟེར།བདག་གི་ལགས་སོ་ཞེས་སྨྲས་པས།འདི་ལ་སྟན་ཞིག་ཐིང་དང་གཏམ་ཞིག་བྱེད་ཟེར།དེ་ནས་དགེ་ལེགས་རབ་བརྟན་གྱིས་བདག་ལ་འབོལ་དང་དར་ཟབ་ཀྱི་གདན་ཞིག་བཏིང་ནས་བྱུང་།མི་ཆེན་དེས་ཁྱོད་དེ་སྟེང་དུ་ཡུད་ཙམ་ཞིག་སྡོད་དང་ཟེར།བདག་དེ་རུ་བསྡད་ཚེ་ཁོ་ན་རེ།ཁྱོད་གཏེར་སྟོན་ཞིག་ཡིན་སྐད་འདུག་གི་ཨ་ཟེར།ཡིན་ལགས་སྨྲས་པས།ཁྱེད་ལ་ཞལ་གཟིགས་ལུང་བསྟན་མང་པོ་ཡོད་དམ་མེད་ཟེར་པ་ལ།བདག་གིས་འདི་སྐད་སྨྲས།ང་དང་པོ་མ་ལས་སྐྱེས་ནས་བཟུང་རིག་འཛིན་དཔའ་བོ་མཁའ་འགྲོའི་ཞལ་མཐོང་བ་དང་དེ་དག་གིས་ལུང་བསྟན་པ་ལ་ཚད་མེད་དེ།ཁྱད་པར་དུ་ཨོ་རྒྱན་ཆེན་པོས་རྗེས་སུ་བཟུང་ནས་སྐད་ཅིག་ཙམ་ཡང་འབྲལ་མ་མྱོང་།ནུབ་ཕྱོགས་བདེ་བ་ཅན་དུ་སངས་རྒྱས་འོད་དཔག་མེད་དང་མཇལ་ནས་བདེ་ཆེན་ཞིང་གི་སྒྲུབ་ཐབས་ཀྱི་དབང་དང་ལུང་ནོད།དེ་བཞིན་དུ་སངས་རྒྱས་སྨན་གྱི་བླ་དང་མཇལ་ནས་སྒྲུབ་ཐབས་གནང་།རྡོ་རྗེ་འཆང་དང་མཇལ་ནས་གདམས་པའི་མན་ངག་གནང་།རིག་འཛིན་བརྒྱད་དང་མཇལ་ཚེ་སྒྲུབ་སྡེ་བརྒྱད་ཀྱི་དབང་ལུང་གནང་།ཟུར་པོ་ཆེ་ཤཱཀྱ་འབྱུང་གནས་དང་ཟུར་ཆུང་ཤེས་རབ་གྲགས་པའི་ཞལ་མཇལ་ནས་རྫོགས་པ་ཆེན་པོའི་སྐོར་གནང་།ཀློང་ཆེན་རབ་འབྱམས་ཀྱི་ཞལ་ལན་གསུམ་དུ་མཇལ་ནས་རྫོགས་པ་ཆེན་པོའི་ལྟ་སྒོམ་ཡོངས་རྫོགས་གནང་།ཕ་གཅིག་དམ་པ་རྒྱ་གར་གྱིས་སྟོང་ཉིད་ལྟ་བའི་གནད་དོན་ཚུལ་བཞིན་དུ་གསུངས།མ་གཅིག་ལབ་སྒྲོན་དང་མཇལ་ནས་བདུད་གཅོད་ཟབ་མོའི་གདམས་པ་གནང་།འཇམ་དཔལ་དབྱངས་དང་མཇལ་ནས་འཇམ་དཔལ་གསང་བ་འདུས་པའི་དབང་ལུང་གནང་།སྤྱན་རས་གཟིགས་དང་མཇལ་ནས་སྒྲུབ་ཐབས་ཀྱི་དབང་ལུང་དང་ལྷ་ཆེན་མ་ཧཱ་དཱེ་ཝའི་སྒྲུབ་ཐབས་ཀྱི་དབང་ལུང་གནང་།གསང་བདག་ཕྱག་ན་རྡོ་རྗེ་དང་མཇལ་ནས་གསང་བདག་རང་གི་སྒྲུབ་ཐབས་དང་གནོད་སྦྱིན་དམར་ནག་དང་གཟའ་བཙན་དམ་ཅན་རྡོ་རྗེ་ལེགས་པ་རྣམས་ཀྱི་སྒྲུབ་ཐབས་དབང་ལུང་ཡོངས་སུ་རྫོགས་པ་གནང་།ཡང་འཇམ་དཔལ་སྨྲ་བའི་སེངྒེ་དང་མཇལ་ནས་འཕོ་བ་ཆེན་པོའི་གདམས་པ་རྣམས་གནང་བ་ཡིན།གཞན་ཡང་ལྷ་དང་བླ་མ་ཡི་དམ་སྔགས་སྲུང་མ་མོ་རྣམས་ཀྱིས་ཞལ་གཟིགས་དང་ལུང་བསྟན་གྲངས་མང་པོ་ཐོབ་བྱུང་སྟེ་བརྗོད་ཚོད་མི་འདུག་ཅེས་སྨྲས་པ་དང་།ད་ནི་ཕྱི་འཁྲུགས་ཁྲག་གི་ཆར་པ་འབབ་པས་བཟློག་ཐབས་དཀའ་སྙམ་ཟེར།གསེར་ཐལ་འདི་ལ་ལེགས་ཉེས་ཅི་འདྲ་འོང་དྲིས་པས།ངའི་བུ་དེས་ཁྲིམས་དྲང་པོར་སྲོང་འདུག་པས་ཡུལ་འཇིགས་པ་ཆེན་པོ་མེད་ཟེར།འཁྲུགས་པ་ཆེན་པོ་ཨེ་ཡོད་དྲིས་པས།བཤད་མི་དགོས་གོ་སླ་བར་ཐུག་ཡོད་ཟེར།སྐྱེས་བུ་དམ་པ་ཁྱོད་ལ་ངས་འདི་འབུལ་ཟེར་ནས་རྡོའི་སྒྲོམ་བུ་གཅིག་གནང་བྱུང་སྟེ།ཁྱོད་ལ་ཤར་གཉན་པོ་གཡུ་རྩེའི་ནོར་བུ་ཞིག་སྟེར་ཡོད་པ་འདི་རྒྱ་ནག་རྒྱ་མཚོའི་ནང་གི་ཀླུ་མོ་རིན་ཆེན་འཛམ་གླིང་དབང་མོའི་བཙུན་མོ་ལ་རྫོངས་སུ་བསྐུར་བ་ཡིན་ཏེ་བཀུར་སྟི་གྱིས་ཤིག།གསེར་གྱི་ལུང་པ་འདི་ཁྱོད་ཀྱི་གདུང་བརྒྱུད་རྣམས་ཀྱིས་མ་དོར་དང་ཕྱི་ཕུག་ཀུན་ཏུ་དགེ་ཞིང་ལེགས་པ་འདྲ།ད་ནི་ཡུན་རིང་པོར་མ་ཕྱི་བར་རང་ཡུལ་ལ་ཕེབས་ཤོག།དམག་འཁྲུགས་ཀྱིས་ལམ་འགག་པ་འབྱུང་གི་ཞེས་ཟེར།དེ་ནས་སྔར་གྱི་བུ་མོ་དེས་འགྲོ་རན་ཟེར་ནས་བཞིན་ལ་ཕུ་བཏབ་པའི་སྣང་བ་ཤར་བས་གཉིད་སད་ལ་ནམ་ཡང་ལངས་འདུག།དེ་ནས་དཔྱིད་ཐ་ཆུང་གི་ཟད་མཚམས་སུ་རང་ཡུལ་དུ་ཆས་ཏེ་ལམ་དུ་ཞུགས་ཤིང་དབྱར་འབྲིང་པོའི་སྨད་དུ་རང་ཡུལ་ལ་སླེབས།དབྱར་ཐ་ཆུང་ནང་དུ་དམག་འཁྲུག་ཆེན་པོ་འབྱུང་བའི་ལྟས་བྱུང་ཚེ།གཞན་ཕལ་པ་ཐམས་ཅད་ཀྱིས་འབྲོས་དགོས་ཟེར་བས་བདག་གིས་ཀྱང་སྐྱས་འདེགས་དགོས་པ་འདྲ་སྙམ་ཚེ།རྗེ་བཙུན་འཕགས་མ་སྒྲོལ་མས་ཞལ་གཟིགས་ནས་བུ་ཁྱོད་ད་ལོ་འབྲོས་མི་དགོས་དང་མིའི་དམག་འཇིགས་མི་འབྱུང་།མཐའ་མི་ཀླ་ཀློའི་ཆོ་འཕྲུལ་གྱིས་འབྱུང་པོ་སྲོག་དབུགས་སྡུད་པའི་དམག་འབྱུང་ཡང་འབྲོས་པས་ནི་མི་ཐར།ཞེས་གསུངས་ཤིང་མི་སྣང་བར་ཡལ།དགུན་ཟླ་ར་བའི་ཚེས་བཅོ་བརྒྱད་ཀྱི་ནུབ་རྨི་ལམ་ན་རྒྱ་མི་མང་པོས་ས་སྟེང་ཁྱབ་བྱུང་བའི་སྣང་བ་ཤར་ཚེ་དམ་ཚིག་ལྷ་མོ་པྲ་མོ་ཧ་ཞེས་བྱ་བས་ནམ་མཁའི་མཐོངས་ནས་འདི་སྐད་ཟེར།ནག་པོ་རྒྱ་ཡི་དམག་སྣ་དེ། །སྨོན་ལོག་བདུད་ཀྱིས་འདྲེན་པ་ལ། །སེང་གདོང་མ་ཡི་སྒོམ་བཟླས་དང་། །བཟློག་པ་རྟག་ཏུ་བྱ་བ་དང་། །དབང་ཕྱུག་ཆེན་པོའི་ཟླ་སྒྲུབ་ཀྱིས། །རང་མགོ་འདོན་པའི་ཐབས་ལ་བརྩོན། །ཞེས་ཟེར་ནས་ཡལ།དེ་ནས་དགུན་ཟླ་ཐ་ཆུང་གི་ཚེས་བཅོ་ལྔའི་ནུབ་ཀྱི་རྨི་ལམ་ན་སྤྲིན་དང་འཇའ་ཚོན་འཁྲིགས་པའི་ཀློང་དུ་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་སྐུ་སྟོད་ཡན་ཆད་ངོམས་ནས་འདི་སྐད་གསུངས།ཀྱཻ།བུ་ཁྱོད་ཉོན་དང་ཚིག་འགའ་གདམས། །རྣམ་ཐར་ཡི་གེར་འགོད་པ་ནི། །རྒྱལ་བ་གོང་མའི་ཕྱག་སྲོལ་ལགས། །བུ་སློབ་སྐལ་པ་བཟང་པོ་ལ། །མི་འགྱང་མྱུར་དུ་རྫོགས་ཐབས་མཛོད། །རྒྱལ་སྲས་གཞན་ཕན་མཐའ་ཡས་དང་། །རས་ཆུང་རྡོ་རྗེ་གྲགས་པ་ལ། །ཡི་གེ་སྐྱོན་བསལ་བྱེད་དུ་ཆུག།ད་ནི་ཅ་ཅོ་འ་འུར་གྱིས། །ལུས་སེམས་གཟིང་བ་འབྱུང་ལ་ལྟོས། །ཞེས་གསུངས་པ་ལ།བདག་གིས།རྒྱལ་སྲས་གཞན་ཕན་མཐའ་ཡས་ཞིང་ཁམས་སུ་གཤེགས་སོང་།རྡོ་རྗེ་གྲགས་པའང་དེ་བཞིན་རྙེད་པར་མི་འགྱུར་བས།ཁྱོད་ཀྱིས་ཅི་གསུངས་ཞེས་ཞུས་པ་དང་།ཧེ་གོ་ན།རྒྱལ་སྲས་གཞན་ཕན་མཐའ་ཡས་དེ། །སྡོང་རིགས་ལུང་རྟོགས་རྒྱ་མཚོ་སྟེ། །ཚེ་སྒྲུབ་ནན་དུ་མ་བསྐྱར་ན། །ཡུན་དུ་མི་བཞུགས་དབྱིངས་ལ་ཆས། །རས་ཆུང་རྡོ་རྗེ་གྲགས་པ་ནི། །སྡོང་རིགས་མཁྱེན་རབ་རྒྱ་མཚོ་སྟེ། །ངེས་མེད་རི་སུལ་མ་ཟིན་ན། །ཡུན་རིང་བཞུགས་པའི་སྐལ་བ་མེད། །དེ་ཕྱིར་ཡུན་རིང་མི་འགྱང་བར། །མྱུར་དུ་ཕོབ་ལ་མཐར་ཕྱིན་མཛོད། །ཡུན་རིང་འགྱང་ལོང་མེད་པའི་དོན། །ལྕགས་ལ་དུག་གི་སྡོང་པོ་སྨིན། །རྐྱེན་གྱི་རླུང་གིས་བསྐྱོད་པ་ལས། །ལ་ལུང་མང་པོ་ཁ་ལོ་བསྒྱུར། །བདུད་བློན་གདུག་པའི་སྨོན་ལོག་མཐུས། །སྲིན་བྱ་རོག་པོ་གསུམ་འགྲོགས་ཏེ། །ནུབ་ཕྱོགས་སྲིན་བྱའི་དམག་ཚོགས་བསྡུས། །དུག་གི་སྡོང་པོ་སྟྭ་རེས་བཅད། །རླུང་གི་འཚུབས་མ་གཡོ་བ་ལས། །རེ་བ་ནག་པོ་འོག་ཏུ་མནན། །ལན་གཉིས་སྟེང་དུ་རླུང་གིས་བསྐྱོད། །ལྷོ་ནུབ་མཚམས་ཀྱི་བདུད་སྡེའི་ཚོགས། །དམ་སྲི་ནག་པོས་བསླངས་པ་ལས། །ཕྲག་དོག་གདུག་པས་རྒྱུད་བསླངས་ཏེ། །མཚོན་གྱི་ཡོ་ལངས་འགྱེད་པ་དང་། །མི་མགོའི་མེ་ཏོག་ལན་གཉིས་འཐོར། །མཐའ་ཡི་བྱ་ཚོགས་དབུས་སུ་རྡིབ། །དབུས་བྱ་རོག་པོ་སྡུག་ཏུ་བསྐྱུར། །ལྕགས་ཀྱི་སྐྱི་སེར་གཡོ་བ་ལས། །ཀླུ་རྒྱལ་འཇོག་པོའི་རལ་པ་བཅད། །རྒྱ་མཚོ་གཏིང་ནས་འཁྲུགས་པ་ལས། །རྦ་རླབས་ཕྱོགས་མཚམས་ཀུན་ཏུ་གཡོ། །རླུང་གིས་ཤིང་བསྐྱོད་ཤིང་གིས་ཤིང་། །དཀྲུགས་ཏེ་བོད་ཁམས་ཐམས་ཅད་དུ། །སྣ་ཚོགས་མི་བདེའི་ཟུག་རྔུ་ལྡང་། །ས་མིག་དབུས་ཀྱི་ལྟེ་བ་རུ། །གནམ་ལྕགས་ཐོག་མདའ་མི་འབབ་ཀྱང་། །དབྱར་རྔའི་ངར་སྒྲོགས་གློ་སྙིང་འདར། །ཤར་ཕྱོགས་སྡིག་བྱའི་གྲོང་ཁྱེར་དུ། །ཁྲག་གི་ཆར་པ་ལན་གསུམ་འབབ། །ཕྱོགས་ཀྱི་བྱིའུ་ཁྲ་མོ་རྣམས། །གནས་མི་བདེ་ཞིང་ཕྱོགས་སུ་འབྲོས། །བྱ་ཕྲན་ཁྱུང་གི་སར་འཁོད་དེ། །ཁྱུང་སྐད་སྒྲོགས་པ་མ་མཐོང་ངམ། །ཤར་ཕྱོགས་སྲིན་གྱི་གྲོང་ཁྱེར་ནས། །དམ་སྲི་མེ་སྟག་དམར་པོ་ཡི། །ཕྱོགས་ཀྱི་ཕོ་ཉ་མགྲོན་དུ་འགུགས། །ལོངས་སྤྱོད་ནོར་ལ་ཧབ་ཤ་བྱེད། །མཐར་ནི་རང་ཕུང་རང་བརླག་འབྱུང་། །མཁའ་ལྡིང་རྒྱལ་པོའི་གཤོག་ལྡེབ་ཏུ། །མགོ་རྙན་ཅན་གྱི་ཁྱུ་ཚོགས་རྣམས། །རི་རབ་ཟོམ་གྱི་འབྱུང་པོ་ཡི། །དཔུང་དང་བཅས་པས་དབུས་སུ་རྒོལ། །འཚོ་བྱེད་སྨན་ཡང་དུག་ཏུ་འགྱུར། །བྱ་བྱེད་སྣ་ཚོགས་གསར་དུ་དར། །དབང་ཐང་ནོར་བུ་གཞན་ལ་འཚོང་། །ནགས་ཀྱི་བྱ་ཚོགས་བྱང་དུ་འབྲོས། །བྱང་གི་བྱ་ཚོགས་ནགས་རི་འཛིན། །བཀའ་སྲུང་དྲེགས་པ་ཐམས་ཅད་ཀྱིས། །ལྕང་ལོ་ཅན་དུ་ཞལ་ཕྱོགས་ཏེ། །ཕན་དང་བདེ་འགྲོའི་དབུ་འཕང་དམན། །མ་དང་མཁའ་འགྲོ་ཐམས་ཅད་ཀྱིས། །རི་རབ་ལྷུན་པོ་ལ་བརྩེ་ཞིང་། །བསྟན་དང་འགྲོ་ལ་སྡང་མིག་བལྟ། །མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་ཡི། །བརྒྱུད་ཟབ་དུག་གི་རླངས་པས་གཅོད། །དེ་ཡང་སྨོན་ལོག་བདུད་ཀྱི་འཕྲུལ། །དུས་འཁྲུགས་མཚོན་གྱི་ཡོ་ལངས་འདི། །བདུད་འགོང་སེ་ཕུང་ནག་པོ་དང་། །གནོད་སྦྱིན་རྒོད་མ་ཁ་ཡི་འཕྲུལ། །དམ་སྲི་མེ་སྟག་དམར་པོ་དང་། །བདུད་ཕོ་རོག་ཏི་ནག་པོ་ཡིས། །ཤ་ཁྲག་སྲོག་དབུགས་སྡུད་པའི་ཕྱིར། །དུས་ཀྱི་ཡོ་ལངས་ངན་པས་ན། །ལན་མང་འདེབས་པ་དེ་ཨེ་གོ། །བརྡ་དེ་གོའམ་སྐྱེས་བུ་ཁྱོད། །མ་ནི་མི་མངོན་དབྱིངས་སུ་ཆས། །དམ་ཚིག་ལྡན་པའི་སྐྱེས་བུ་རྣམས། །གཏན་གྱི་བདེ་བ་འདོད་སྲིད་ན། །སྲིད་པའི་བྱ་བ་བོར་ནས་སུ། །ངེས་མེད་དབེན་པའི་རི་ལ་ཆོས། །ཕུང་དང་ཉེས་པ་དེ་ན་མེད། །གསལ་ཁྱབ་འབར་བའི་གདུགས་ཆེན་པོར། །མ་དང་མཁའ་འགྲོས་རྒྱུད་བསྐུལ་ཏེ། །ཡེ་ཤེས་ལྷ་ཞལ་ངང་གིས་སྟོན། །མཁའ་སྤྱོད་དག་པའི་ཞིང་ཁམས་ནས། །ཡུལ་བཞི་འཁོར་ནས་ང་ཡང་སླེབས། །ང་དང་གཉིས་མེད་ཆེན་པོ་རུ། །བཀོད་པ་ལྷུན་གྲུབ་གནས་སུ་འགྲོ། །ཞེས་གསུངས་ཏེ་བདག་གི་མགོ་ལ་ཕྱག་བྱིལ་མཛད་ནས་མི་སྣང་བར་ཡལ་ལོ། །དེ་ལྟར་ན་བརྗོད་འགྱུར་བཞིན་དད་ལྡན་གྱི་སློབ་མ་རྣམས་ཀྱི་ངོར་རང་ཉིད་ཀྱི་ལོ་རྒྱུས་ཡི་གེར་འགོད་པའི་ངལ་བ་ལྷུར་བླངས་པ་ལས་རེ་ཞིག་ཆོས་ཁྲིད་སོགས་བྱ་བ་གཞན་གྱིས་འགྱང་སོང་བ་ལ་མཁའ་འགྲོས་ཇི་ལྟར་ལུང་བསྟན་པ་བཞིན་མྱུར་དུ་རྫོགས་པར་གྲུབ་པར་བྱས་པ་སྟེ།འོན་ཀྱང་དེ་ཙམ་གྱིས་ཟད་པ་ནི་མ་ལགས་ཀྱང་།ཕལ་ཆེར་བརྗེད་སོང་པ་དང་།ལོ་ཟླ་དང་ཚེས་གྲངས་མི་དྲན་པའི་རིགས་ཀྱང་མ་བྲིས་ཤིང་།གལ་ཆེ་བ་རགས་རིམ་ཙམ་དེར་འདུས་སོ་སྙམ་དུ་བསམ་པའོ། །ཞེས་པ་འདི་ཡང་སྔ་མོའི་དུས་ས་ཕོ་བྱི་བའི་ལོར་རང་སློབ་ལུང་ཟིན་གྱི་སྐྱེས་མཆོག་དམ་པ་བླ་མ་ཚེས་བཅུ་ནས་བཀྲ་ཤིས་པའི་ལྷ་རེག་གཅོད་ཌཱ་རིན་པོ་ཆེའི་ཕྲས་མཛེས་པ་ཁྱད་འཕགས་དང་།མི་རྐང་གི་གླིང་བུ་མཚན་ལྡན་ཟུང་དང་བཅས་ཏེ་ཆེད་དུ་བསྐུལ་བ་དང་།མི་ཕྱེད་པའི་དད་ལྡན་སློབ་བུ་འཇམ་དཔལ་ནས་ཀྱང་ཌཱར་འཕན་སེངྒེའི་རི་མོ་བཀྲ་བ་དང་དཔལ་བེའུས་མཚན་པའི་རས་ཁྲ་དང་གཡུ་བྱུར་བཅས་ནན་གྱིས་བསྐུལ་ཞིང་།དེའི་རྗེས་སུ་གསེར་ལྗོངས་བླ་མ་རོང་ནས་སྐལ་བ་དང་ལྡན་པའི་བུ་སློབ་མཆེད་ལྕམ་མང་པོས་དུས་གཅིག་ཏུ་དངུལ་གོས་ཆེན་ཇ་བག་སོགས་ཟང་ཟིང་གི་མཆོད་པ་མང་པོ་དང་།ཚེ་གཅིག་ཏུ་འཇིག་རྟེན་གྱི་བྱ་བ་དང་བྲལ་ནས་དབེན་གནས་བསྟེན་པ་དང་།གཞན་ཡང་ལོ་གྲངས་བཅུ་གསུམ་དང་བཅོ་བརྒྱད་ལ་སོགས་པར་རང་རང་གིས་གང་ནུས་སུ་སྒོམ་སྒྲུབ་ལ་གཞོལ་བར་ཁས་བླངས་པ་སོགས་སྒྲུབ་པ་ཉམས་ལེན་གྱི་མཆོད་པ་རྒྱ་ཆེན་པོ་དང་བཅས་བསྐུལ་བའི་ངོར་འབྲི་བར་བརྩམས་ཤིང་།ཉེ་ཆར་ཡང་སློབ་བུ་མང་པོས་ཡང་དང་ཡང་དུ་བསྐུལ་བ་ལས།བདུད་འཇོམས་རྡོ་རྗེས་བཀོད་པ་ལ་ཡི་གེ་པ་ནི་མཁྱེན་རབ་རྒྱ་མཚོ་དང་དགེ་ལེགས་དཔལ་བཟང་སོགས་ཀྱིས་བགྱིས་ཤིང་།མཁས་དབང་སྤྲུལ་པའི་སྐུ་པདྨ་ལུང་རྟོགས་རྒྱ་མཚོས་ཞུས་དག་ལེགས་པར་བྱས་པ་ཕྱོགས་དུས་གནས་སྐབས་ཐམས་ཅད་དུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག། །༈སྨྲས་པ།རིག་དབྱིངས་འགྱུར་མེད་དྲི་བྲལ་ཆེན་པོའི་ངང་། །ལྷུན་རྫོགས་ཡོན་ཏན་རྒྱ་མཚོའི་གཏེར་འཛིན་པ། །མ་ལུས་བདུད྄༵་སྡེའི་གཡུལ་འཇོམ྄༵ས་རྣལ་འབྱོར་དབང་། །དཔལ་ལྡན་གྲུབ་པ་རྡ྄ོ༵་རྗ྄ེ༵་གཏན་གྱི་སྐྱབས། །གང་དེའི་རྨད་བྱུང་རྣམ་པར་ཐར་པའི་ཚུལ། །གཉིས་ལྷག་དྲུག་ཅུའི་བགྲང་བར་ཕེབས་ཚུན་གྱི། །སྐུ་གསུང་ཐུགས་ཀྱི་མཛད་ཕྲིན་གསལ་བཀོད་པ། །མཐོང་ཐོས་དྲན་རྣམས་སྨིན་ཅིང་གྲོལ་བྱེད་ཡིན། །གསང་འཛིན་ཌཱ་ཀིའི་གཙོ་མོ་མཚོ་རྒྱལ་མས། །རྗེས་བསྔགས་མེ་ཏོག་གསར་པའི་ལེགས་འབུལ་བཅས། །བསྐུལ་བ་ཕྱིས་འབྱུང་བསྟན་འགྲོའི་དོན་ཆེན་དུ། །འགྱུར་ངེས་རྡོ་རྗེའི་ཚིག་གིས་ལུང་བསྟན་ལགས། །དགྲ་འདུལ་གཉེན་སྐྱོང་མི་དགེའི་སྤྱོད་པ་དང་། །འགྲོ་འདུག་བྱེད་རྩོལ་ལུང་མ་བསྟན་གྱི་ལས། །ཡི་གེར་འབྲི་བའི་ངལ་བ་ལྷུར་ལེན་ལ། །རྣམ་ཐར་སྒོ་བཏགས་ཕལ་དང་འདི་མི་མཚུངས། །བགྲང་ཡས་ལྷག་པའི་ལྷ་ཡིས་རྗེས་སུ་བཟུང་། །སྒོམ་བྱུང་རྟོགས་པའི་ཀློང་ཆེན་ཤུགས་ཀྱིས་བརྡོལ། །ཟབ་གཏེར་ཆོས་ཀྱི་བདུད་རྩི་རིས་མེད་སྤེལ། །སྣ་ཚོགས་ཐབས་མཁས་མཛད་ཚུལ་བརྗོད་པར་སྟོན། །གང་དག་ཡིད་སྲུབ་བྲན་དུ་མ་གྱུར་ཅིང་། །ཕྱོགས་ཙམ་ཞིག་ཀྱང་གཟུ་བོར་གནས་པ་ཡི། །རྣམ་ཐར་དཔྱོད་བློ་ཅུང་ཟད་མཆིས་ན་ཡང་། །བསྔགས་འོས་ངོ་མཚར་གནས་སུ་ཅིས་མི་མཐོང་། །ངེས་པའི་དོན་དུ་ཐོག་མའི་རྒྱལ་བ་ཡི། །ཐུགས་རྗེས་ཡེ་སྤྲུལ་ཡོན་ཏན་བཀོད་པ་ཡང་། །རྒྱལ་ཀུན་གསང་བ་གསུམ་དང་རོ་མཉམ་དུ། །གྱུར་པ་ཐམས་ཅད་གཟིགས་པ་ཁོ་ནའི་ཡུལ། །དེ་སླད་ཡི་གེར་བཀོད་ཟིན་འདི་དག་ཀྱང་། །རྒྱ་མཚོ་ཆེ་ལས་ཆུ་ཡི་ཐིག་པ་བཞིན། །ཆ་ཤས་ཙམ་ཞིག་ད་ལྟའི་ཐུན་མོང་གི།གདུལ་བྱའི་བློ་དང་འཚམས་པར་བསྩལ་པ་ལགས། །ཕྲག་དོག་རླུང་གིས་ཡིད་ནི་ཆེར་བསྐྱོད་ཅིང་། །བློ་མིག་ཕྱོགས་འཛིན་རབ་རིབ་ཀྱིས་བསྒྲིབས་པའི། །མཁས་རློམ་རྣམས་ཀྱི་སྙིང་གི་ཟུག་རྔུ་རུ། །འགྱུར་ཡང་རང་གི་ལས་ཀྱིས་ནོངས་པ་ཡིན། །གང་ལྟར་བརྗོད་པ་ཚུར་མཐོང་སྒོ་གསུམ་ལས། །མ་ལགས་ཁྱད་འཕགས་ཡོན་ཏན་མང་མཆིས་ཏེ། །རྗོད་བྱེད་ཚིག་ཀྱང་རྟོག་བཟོའི་སྒྲ་དོན་རྒྱན། །ཙམ་མིན་སོ་སོ་རང་རིག་སྟོབས་ལས་བྱུང་། །རབ་འབྱམས་ཕྱོགས་བཅུའི་ཞིང་བཞུགས་རྒྱལ་དེ་སྲས། །གནས་གསུམ་དཔའ་བོ་ཌཱཀྐིའི་ཚོགས་རྣམས་དང་། །ལྷ་དང་གྲུབ་པ་རིག་འཛིན་རྒྱ་མཚོ་ཡིས། །དགྱེས་པའི་འཛུམ་ཞལ་སྟོན་ལ་སུ་ཞིག་བསྙོན། །ཤིན་ཏུ་གསང་བའི་རྣམ་པར་ཐར་པ་འདི། །སྐལ་མེད་ལོག་ལྟ་ཅན་ལ་སྦ་བ་དང་། །སྐལ་ལྡན་སྐྱེ་བོའི་ཚོགས་ལ་དར་རྒྱས་སུ། །འགྱུར་བའི་གཉེར་ཁ་བསྟན་སྲུང་རྒྱ་མཚོས་མཛོད། །འདི་ལས་བྱུང་བའི་ལེགས་ཚོགས་ཅི་མཆིས་པས། །ཡངས་པའི་ས་ཆེན་ཀུན་ཏུ་ནད་མུག་དང་། །འཁྲུག་རྩོད་ལ་སོགས་དུས་ཀྱི་རྒུད་པ་ཞི། །བདེ་སྐྱིད་དཔལ་གྱིས་རྟག་ཏུ་འཚོ་བར་ཤོག།རིག་འཛིན་བླ་མ་མཆོག་དེའི་ཐུགས་བསྐྱེད་མཐུ། །རང་གཞན་ཀུན་ལ་གེགས་མེད་འབྱོར་བ་དང་། །རྒྱལ་བསྟན་སྤྱི་དང་གསང་ཆེན་ཟབ་མོའི་ཆོས། །ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་གྱུར་ཅིག།བྱ་རྩོལ་བློ་ལས་འདས་པའི་ཐེག་མཆོག་གིས། །ཡིད་ཅན་མ་ལུས་གདོད་མའི་མགོན་པོ་ཡི། །གོ་འཕང་མཆོག་ལ་མྱུར་དུ་རེག་གྱུར་ནས། །འཁྲུལ་སྣང་འཁོར་བའི་གྲོང་ཁྱེར་སྟོང་གྱུར་ཅིག།དེ་ལྟར་རྒྱལ་ཀུན་འདུས་པའི་སྤྱི་གཟུགས་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་ན་རིག་འཛིན་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་ཞལ་སྔ་ནས་རྣམ་པར་ཐར་པ་དགུང་གྲངས་དྲུག་ཅུ་རེ་གཉིས་ལ་ཕེབས་པ་ཚུན་ཞལ་རྩོམ་དུ་གནང་བ་ལ།མཇུག་རྩོམ་གྱི་ཚུལ་འདི་ཡང་གང་གི་བཀས་གནང་བ་ཐོབ་ཅིང་དམ་ལྡན་རྡོ་རྗེའི་མཆེད་པོ་མཁྱེན་རབ་རྒྱ་མཚོས་ཀྱང་བསྐུལ་ངོར།གཏེར་ཆེན་རིན་པོ་ཆེ་དེ་ཉིད་ཀྱིས་ཐུགས་བརྩེ་བ་ཆེན་པོས་རྗེས་སུ་བཟུང་ཞིང་རྒྱུ་མཚན་ཤེས་ཏེ་མི་ཕྱེད་པའི་དད་པ་བརྟན་པོའི་སྒོ་ནས་ཞབས་རྡུལ་སྤྱི་བོས་ལེན་པ་གསར་རྙིང་རིས་མེད་ཀྱི་གཞུང་ལ་ཅུང་ཟད་སྦྱངས་པ་བྱས་རློམས་ཀྱི་སྐྱེས་མིང་འདུ་ཤེས་གསུམ་པ་པདྨ་ལུང་རྟོགས་རྒྱ་མཚོའམ་མིང་གཞན་བློ་བཟང་བསྟན་པའི་རྒྱལ་མཚན་དུ་འབོད་པས་བྲིས་པ་ཀུན་ནས་དགེ་བར་གྱུར་ཅིག། །༈ཨོཾ་སྭསྟི་སིདྡྷཾ།མཐའ་ཡས་དབང་པོ་པདྨ་བདེ་བ་ཆེ། །གདུལ་དཀའི་གཤེད་དུ་འཆོལ་བའི་གྲོ་བོ་ལོད། །སླར་ཡང་བསམ་བཞིན་གཏེར་འབྱིན་རྫུར་ཞུགས་ནས། །མི་སྲུན་བདུད་སྡེ་འཇོམ྄༵ས་དེར་ཡིད་རབ་དད།༡།གང་གི་རྟོགས་བརྗོད་ངོ་མཚར་སྒྱུ་མའི་ཚུལ། །རྒྱ་ཆེ་གཏིང་ཟབ་བྱིས་བློས་གཞལ་མི་སྤྱོད། །བརྩེ་ཆེན་ཐུགས་ཀྱིས་ཆ་ཙམ་ལས་ཅན་ངོར། །རྡ྄ོ༵་རྗ྄ེ༵འི་མགུར་གྱི་བུམ་བཟང་ལས་ཕྱུངས་པས།༢།ངེས་གསང་གནས་སྟོན་སྲིད་ཞིའི་བདེན་འཛིན་བཤིག།འཇིགས་མེད་སེངྒེའི་སྒྲ་ཆེན་ཡོངས་བསྒྲགས་སླད། །བློ་དམན་དཔའ་བཀོང་དབང་རྣོན་རབ་དགའི་གནས། །རྩོད་དུས་ཀུན་བཟང་ཐུགས་ཀྱི་བསྟན་བཙས་སུ།༣།རྣམ་པར་དགོངས་ནས་གང་གི་དེ་མ་ཐག།མཆོག་གི་སྤྲུལ་སྐུ་ཡེ་ཤེས་རྡོ་རྗེ་ཡིས། །ཞུས་ཤིང་བྱིས་དོར་གཙང་བྱས་ཆོས་སྦྱིན་སྤར། །རིས་མེད་གདུལ་བྱའི་དཔལ་དུ་ལེགས་པར་བསྐྲུན།༤།འདི་དགེས་དཔལ་ལྡན་བླ་མ་སྲས་བཅས་ཀྱི། །ཞབས་པད་རྟག་བརྟན་ཕྲིན་ལས་མཁའ་མཐར་བརྡལ། །རིམ་དགུའི་རྩེ་རྒྱལ་ཨ་ཏིའི་རྫོགས་པ་ཆེའི། །རིང་ལུགས་དྲི་མེད་ཕྱོགས་ཀྱི་ཐ་གྲུར་ཁྱབ།༥།རྣམ་ཐར་འདི་མཐོང་ཐོས་དང་དྲན་པ་ཀུན། །གཟུང་འཛིན་རང་གྲོལ་ནམ་མཁའི་རྣལ་འབྱོར་ལམ། །ཚེ་གཅིག་བཙན་ཆོད་ཟག་ཕུང་འཇའ་སྐུར་དེངས། །འཁོར་བ་གཏིང་སྤྲུགས་བཀྲ་ཤིས་དཔལ་འབར་ཤོག༦།ཅེས་པའང་ལེགས་བྱས་ཀྱི་འབྲེལ་ཐོགས་རྣམ་རྒྱལ་དཔལ་མོ་སོགས་སྦྱིན་པའི་བདག་པོ་རྣམས་ཀྱི་བསམ་པ་རྫོགས་པའི་སླད་དུ་འཁོར་ལོའི་དབང་ཕྱུག་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་བཀའ་སྩལ་རིན་པོ་ཆེ་སྤྱི་བོས་མཆོད་དེ།ཀུ་ས་ལི་སངས་རྒྱས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ། །། །