TTDL-ZABTER-19-DZA-004
TTDL-ZABTER-19-DZA-004
༄༅། །གཏེར་སྟོན་བདུད་འཇོམས་རྡོ་རྗེའི་རྣམ་ཐར་གསོལ་འདེབས་མདོར་བསྡུས་བྱིན་རླབས་འོད་ཕུང་ཞེས་བྱ་བ་བཞུགས་སོ། །ན་མོ་གུ་རུ་ཝེ།ཀ་དག་སྐྱེ་མེད་སྤྲོས་བྲལ་ཆོས་ཀྱི་སྐུ། །ལྷུན་གྲུབ་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོ། །གང་འདུལ་ཐབས་ཀྱིས་སྤྲུལ་པ་བསམ་མི་ཁྱབ། །སྐུ་གསུམ་ལྷུན་གྲུབ་དཔལ་ལ་གསོལ་བ་འདེབས། །འགྲོ་བའི་དཔལ་མགོན་པདྨ་འབྱུང་གནས་ཀྱིས། །ལས་སྨོན་རྟེན་འབྲེལ་འཛོམ་པའི་སྐལ་ལྡན་ལ། །རང་སྣང་སྟོན་པས་རང་རྒྱུད་འདུལ་བའི་ཕྱིར། །གདུལ་བྱའི་སྟོན་པར་སྣང་ལ་གསོལ་བ་འདེབས། །མི་མིན་མི་རུ་སྤྲུལ་པ་ཆུ་ཟླ་བཞིན། །ལས་སྨོན་རྟེན་འབྲེལ་དང་བསྟུན་གཟུགས་སྐུར་བཞེངས། །མཁའ་འགྲོའི་བུ་ལྟར་སྐྱོང་ཕྱིར་འཇའ་ཚོན་བཀྲ། །ཡ་མཚན་སྤྲུལ་པའི་སྐུ་ལ་གསོལ་བ་འདེབས། །སྐྱེས་ནས་ལོ་དགུ་ཚད་དུ་མ་ཕེབས་པར། །ཡེ་ཤེས་མཁའ་འགྲོས་བུ་སྡུག་བཞིན་དུ་བསྐྱངས། །སྣང་དང་སྣང་མིན་སྤྲུལ་པ་སྣ་ཚོགས་ཀྱིས། །རང་དོན་མངོན་གྱུར་མཛད་ལ་གསོལ་བ་འདེབས། །འཁོར་བ་རུ་བཟློག་ཡེ་ཤེས་དབྱིངས་བསྒྲལ་བའི། །སྣ་ཚོགས་ཐབས་ཀྱིས་གདུལ་བྱའི་བློ་ཡིད་སེམས། །སྣོད་དང་སྣོད་མིན་ཤན་འབྱེད་མཛད་པ་སྤྱོད། །མ་ངེས་སྒྱུ་འཕྲུལ་མཁན་ལ་གསོལ་བ་འདེབས། །ལོ་བཅུ་ནས་བཟུང་ཉེར་ལྔའི་བར་དག་ཏུ། །དཔའ་བོ་མཁའ་འགྲོའི་ལུང་བསྟན་དབང་བསྐུར་ཐོབ། །འགྲོ་བློའི་ཁ་ལོ་བསྒྱུར་བའི་ནུས་སྟོབས་དབང་། །ཕྲིན་ལས་མཐར་རྒྱས་མཛད་ལ་གསོལ་བ་འདེབས། །ཉེར་དྲུག་ནས་བཟུང་སུམ་ཅུ་རྩ་བདུན་བར། །དག་སྣང་སྐོར་གསུམ་ས་རྡོ་རི་བྲག་གཏེར། །ཟབ་ཆོས་སྐོར་བཞིའི་ཀློང་མཛོད་སྒོ་འབྱེད་ཅིང་། །འགྲོ་རྣམས་སྨིན་གྲོལ་མཛད་ལ་གསོལ་བ་འདེབས། །རྡོ་རྗེ་ཐེག་པའི་ཡང་རྩེ་རྫོགས་པ་ཆེའི། །སྒོ་འབྱེད་གང་འདུལ་ཐབས་ཀྱིས་འགྲོ་བ་འདྲེན། །ལས་ཅན་སྐྱེས་བུ་འཇའ་ལུས་འཕོ་ཆེན་འགྲུབ། །ཐེག་ཆེན་སྟོན་པ་མཛད་ལ་གསོལ་བ་འདེབས། །སོ་བརྒྱད་ནས་བཟུང་ལྔ་བཅུ་རྩ་བདུན་བར། །སྣང་དང་སྣང་མིན་མི་དང་མི་མིན་སོགས། །འགྲོ་བློའི་ཁ་ལོ་བསྒྱུར་བའི་ཏིང་འཛིན་གྱིས། །གཞན་དོན་ཕྱོགས་མེད་མཛད་ལ་གསོལ་བ་འདེབས། །ཐེག་དགུའི་ཡང་རྩེ་འོད་གསལ་ཐོད་རྒལ་གྱི། །དབྱིངས་རིག་མངོན་བྱེད་གདམས་པའི་དགའ་སྟོན་འགྱེད། །གཞན་རྒྱུད་དང་བསྟུན་དམན་པའི་ས་བཟུང་སྟེ། །གང་འདུལ་ཐབས་མཁས་མཛད་ལ་གསོལ་བ་འདེབས། །གདོད་ནས་ཀུན་ཏུ་བཟང་པོར་སངས་རྒྱས་ཀྱང་། །གདུལ་བྱའི་སྣང་བ་ཆུ་སྣོད་ལྟ་བུ་ལ། །ཡེ་ཤེས་རོལ་རྩལ་ཆུ་ཟླ་བཞིན་སྣང་བས། །ཐུགས་རྗེའི་དབང་ཕྱུག་མཆོག་དེར་གསོལ་བ་འདེབས། །ང་བརྒྱད་ནས་བཟུང་དྲུག་ཅུ་རྩ་བརྒྱད་བར། །འདུས་བྱས་མི་རྟག་པ་ཡི་ངང་ཚུལ་བཞིན། །སྣང་བ་སྒྱུ་མར་སྟོན་པའི་བརྡ་ཐབས་སྤྱོད། །སྒྱུ་མའི་རྣལ་འབྱོར་མཆོག་དེར་གསོལ་བ་འདེབས། །གང་འདུལ་ཐབས་དང་སྤྱོད་པ་སྣ་ཚོགས་ཀྱིས༔ མ་རུངས་སྙིགས་མའི་སེམས་ཅན་གདུལ་དཀའ་ཡང་། །ལས་སྨོན་རྟེན་འབྲེལ་གྱིས་འབྲེལ་སྐལ་ལྡན་ཚོགས། །གདུལ་བྱའི་ལྷག་མ་འདུལ་ལ་གསོལ་བ་འདེབས། །མཆོག་དམན་འགྲོ་ཀུན་དངོས་པོ་བརྒྱུད་མ་ནས། །བྱང་སེམས་གོ་ཆས་ངལ་བ་ཁྱད་བསད་དེ། །ཉིན་མཚན་དུས་བྲལ་ཆོས་ཀྱི་ཆར་འབེབས་ཤིང་། །རིས་མེད་བསྟན་འགྲོའི་མགོན་པོར་གསོལ་བ་འདེབས། །བརྒྱུད་གསུམ་ཡོངས་རྫོགས་རིག་འཛིན་བླ་མ་ཡིས༔ མཛད་པའི་ཚུལ་འདི་ཐོས་སམ་དྲན་པའི་མོད། །ཁ་ཙམ་མ་ཡིན་ཡིད་ཆེས་མོས་གུས་ཀྱིས། །དགོངས་བརྒྱུད་བྱིན་རླབས་རྒྱུད་ལ་འཕོ་བར་ཤོག།ཐོག་མ་མེད་པར་འཁོར་བའི་མཚམས་སྦྱར་ནས། །མཐའ་མ་མེད་པར་ལས་ཀྱི་འཕྲོ་བཅད་དེ། །ཚེ་འདིར་ཡང་དག་རྫོགས་པའི་སངས་རྒྱས་ཀྱི། །གོ་འཕང་མཆོག་ལ་མྱུར་དུ་བསྒྲོད་གྱུར་ཅིག།བདག་དང་བདག་ལ་འབྲེལ་ཐོགས་སེམས་ཅན་ཀུན། །མ་འབད་བཞིན་དུ་རང་ངོར་རང་སད་དེ། །དུས་གཅིག་ཀུན་ཏུ་འོད་ཀྱི་ཆོས་སྐུ་རུ། །ད་ལྟ་ཉིད་དུ་མངོན་སངས་རྒྱས་གྱུར་ཅིག།ཞེས་རྣམ་ཐར་གསོལ་འདེབས་བྱིན་རླབས་འོད་ཕུང་ཞེས་བྱ་བ་འདི་ཉིད་རང་སློབ་རྣལ་འབྱོར་ངག་དབང་ཕྲིན་ལས་ཀྱིས་ཡང་ཡང་ནན་དུ་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་གང་དྲན་ཆལ་ཆོལ་དུ་སྨྲས་པ་ཐོག་མཐའ་བར་གསུམ་ཀུན་ཏུ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །