TTDL-ZABTER-21-AA-002

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-21-AA-002

རང་བཞིན་རྫོགས་པ་ཆེན་པོ་མ་བསྒོམ་སངས་རྒྱས་ཀྱི་ཟིན་བྲིས་དཔལ་ལྡན་བླ་མའི་ཞལ་རྒྱུན་ནག་འགྲོས་སུ་བཀོད་པ་ཚིག་དོན་རབ་གསལ་སྐལ་ལྡན་དགྱེས་པའི་མགུལ་རྒྱན་བཞུགས། ཆོས་དབྱིངས་མཐའ་བྲལ་དྭངས་མའི་མཁའ་ཀློང་དུ། །ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོན་ཏན་རྫོགས། །ཐུགས་རྗེ་གང་འདུལ་སྒྱུ་འཕྲུལ་བསམ་ཡས་འགྱེད། །སྐུ་གསུམ་དབྱེར་མེད་རང་བྱུང་རིགས་པར་འདུད། །མ་རིག་གཉིད་སངས་སྤང་རྟོགས་ཡོན་ཏན་རྒྱས། །ཉོན་མོངས་ཞི་བྱེད་ལུང་དང་རྟོགས་པའི་ཆོས། །རིག་གྲོལ་གཉིས་ལྡན་འཕགས་པའི་དགེ་འདུན་ཏེ།སྐྱབས་མཆོག་རྣམ་གསུམ་དད་བརྒྱའི་གཙུག་གིས་མཆོད། །ཨོ་རྒྱན་མཚོ་གླིང་པདྨའི་ཟེའི་འབྲུ་ལ། །རྒྱུ་རྐྱེན་ལས་འདས་རང་བྱུང་སྤྲུལ་པའི་སྐུ། །གནས་གསུམ་དཔའ་བོ་མཁའ་འགྲོའི་སྤྲིན་འཕྲོ་བ། །སངས་རྒྱས་གཉིས་པ་པདྨ་ཀ་རས་སྐྱོངས། །ཐེག་མཆོག་སྙིང་པོའི་ཤིང་རྟ་ཆེས་འཕགས་ཤིང་། །ཀུན་ཏུ་བཟང་པོ་དགེ་བའི་བཤེས་གཉེན་ཚུལ། །ཡོངས་བཟུང་གདུལ་བྱ་རྗེས་སུ་འཛིན་པ་ཡི། །འཁོར་ལོའི་མགོན་པོ་བདུད་འཇོམས་རྡོ་རྗེ་འདུད། །ཟབ་དོན་རྒྱ་མཚོའི་རྟོགས་པ་ཀློང་དུ་གྱུར། །ངེས་པའི་ཆོས་རྣམས་རབ་འབྱམས་ཐུགས་སུ་ཆུད། །ཇི་ལྟ་ཇི་སྙེད་མཁྱེན་ཅིང་གཟིགས་པ་ཡི། །རྡོ་རྗེ་འཆང་དངོས་འགྲོ་འདུལ་གསང་སྔགས་གླིང་། །ཆོས་ཀྱི་འཁོར་ལོའི་དྭངས་མའི་དབྱིངས་སུ་རོལ། །ཐེག་མཆོག་གངས་ཀྱི་སྤོ་ལ་མངོན་སྦྱངས་ཤིང་། །སྡེ་གསུམ་ཀློང་དགུའི་གདམས་པའི་ཆོས་ཆར་འབེབས། །སྨྲ་ངན་རི་དྭགས་ཚོགས་རྣམས་སྐྲག་མཛད་པ།ཆོས་བདག་དཔའ་བོ་མཁའ་འགྲོའི་ཚོགས་ལ་འདུད། །དུས་གསུམ་རྒྱལ་བ་ཀུན་གྱི་དགོངས་པའི་བཅུད། །ཐེག་དགུའི་རྩེ་རྒྱལ་མན་ངག་རྫོགས་པ་ཆེ། །ཁྱབ་བདག་གཏེར་ཆེན་བླ་མའི་གསུང་རྒྱུན་འདི། །བརྗོད་དོན་གོང་འོག་རང་བཟོས་མ་བསླད་པར། །རང་གཞན་དོན་དུ་ནག་འགྲོས་གོ་བདེར་བཀོད། །ཆོས་བདག་དཔའ་བོ་དཔའ་མོ་ཌཱཀྐི་དང་། །བསྟན་སྲུང་གཏེར་བདག་རྣམས་ཀྱིས་གནང་བ་སྩོལ། །དེ་ལ་འདིར་རང་བཞིན་རྫོགས་པ་ཆེན་པོའི་གདམས་པ་མ་བསྒོམ་སངས་རྒྱས་ཀྱི་ཁྲིད་འདི་ཉིད་འཆད་པར་བྱེད་པ་ལ།བཤད་བྱའི་ཡན་ལག་བཤད་པ་དང་།བཤད་བྱའི་གཞུང་དོན་དངོས་བཤད་པ་གཉིས་ལས།དང་པོ་བཤད་བྱའི་ཡན་ལག་བཤད་པ་དེ་ཉིད་སྔོན་དུ་གྲུབ་ཟིན་པའི་དབང་དུ་བྱས་ནས།གཉིས་པ་བཤད་བྱའི་གཞུང་དོན་དངོས་བཤད་པ་ལ་གསུམ།ཐོག་མར་དགེ་བ་ཀླད་ཀྱི་དོན།བར་དུ་དགེ་བ་གཞུང་གི་དོན།ཐ་མར་དགེ་བ་མཇུག་གི་དོན་དང་ས་བཅད་རྣམ་པ་གསུམ་ལས།དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་དེ་ལའང་།མཚན་དོན་སྨོས་པ།མཆོད་པར་བརྗོད་པ།གླེང་གཞི་བཤད་པ་དང་གསུམ་ལས།དང་པོ་མཚན་དོན་སྨོས་པ་ནི།རང་བཞིན་རྫོགས་པ་སོགས་ཀྱིས་བསྟན།དེ་ལ་ས་ཡི་རང་བཞིན་སྟོང་པ་ཉིད།སྟོང་པ་ཉིད་ཀྱིས་ས་རུ་སྣང་།དེ་བཞིན་དུ་ཆུ་མེ་རླུང་སོགས་ལ་སྦྱར།ཕྱི་སྣང་བ་སྣོད་ཀྱི་འཇིགས་རྟེན་གྱི་རང་བཞིན་སྟོང་པ་ཉིད།སྟོང་པ་ཉིད་ཀྱིས་སྣོད་ཀྱི་འཇིག་རྟེན་དུ་སྣང་།ནང་གཡོ་བ་བཅུད་ཀྱི་སེམས་ཅན་གྱི་རང་བཞིན་སྟོང་པ་ཉིད།སྟོང་པ་ཉིད་ཀྱིས་བཅུད་ཀྱི་སེམས་ཅན་དུ་སྣང་།འདོད་ཡོན་ལྔའི་རང་བཞིན་སྟོང་པ་ཉིད།སྟོང་པ་ཉིད་ཀྱིས་འདོད་ཡོན་ལྔ་རུ་སྣང་།དེའི་ཕྱིར་ན་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་པའི་ཕྱིར་ན་ར྄༵ང་བཞ྄ི༵ན།འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་རྣམས་རྫོགས་པས་གཞི་རྫོགས་པ།ཐེག་པའི་རྣམ་གྲངས་ལམ་གྱི་འཇུག་ངོགས་འབྲས་བུའི་ཐོབ་བྱ་བསམ་གྱིས་མི་ཁྱབ་པ་རྣམས་རྫོགས་པས་ལམ་རྫོགས་པ།སྐུ་དང་ཡེ་ཤེས་ལ་སོགས་འབྲས་བུའི་ཆོས་ཉིད་ལྔའི་བདག་ཉིད་ཆེན་པོར་ཡེ་ནས་བཞུགས་པས་ན་འབྲས་བུ་རྫོགས་པ་སྟེ།མདོར་ན་ལམ་ཐེག་པ་རིམ་པ་དགུའི་འབྲས་བུའི་ཆ་དང་བཅས་པ་རྫོགས་པས་ན་རྫོག྄༵ས་པ྄༵།ཐེག་པ་ཐམས་ཅད་ཀྱི་མདོ་གཅིག་ཏུ་བསྡུས།དོན་གཅིག་ཏུ་འདུས།སྙིང་པོ་གཅིག་ཏུ་དྲིལ་བའི་བདག་ཉིད་ཡིན་པས་ན་ཆེན྄༵་པ྄ོ༵།དེ་ལྟ་བུའི་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ཀུན་ཏུ་བཟང་པོའི་རང་ཞལ་མངོན་དུ་མ་གྱུར་པ་དེ་ཉིད་མངོན་དུ་གྱུར་པར་བྱེད་པའི་ཐབས་སམ་ལམ་ཟབ་མོ་ཡིན་པའི་ཕྱིར་ན་རང྄༵་ཞལ྄༵་མངོན྄༵་དུ་྄༵བྱེད྄༵་པའ྄ི༵་གདམས྄༵་པ྄༵།རིག་པ་དེ་བཞིན་ཉིད་ཀྱི་གནས་ལུགས་ངོ་རང་ཐོག་ཏུ་སྤྲད།ཐག་གཅིག་ཐོག་ཏུ་བཅད།ས་རང་ས་ནས་བཟུང་།གདིང་གྲོལ་ཐོག་ཏུ་བཅའ།ངང་མངོན་གྱུར་དུ་འཇོག་པ་ལས་གཞན་ན་བསྒོམ་རྒྱུ་རྡུལ་ཙམ་ཡང་མེད་པས་ན་མ྄༵་བསྒོམ྄༵།མ་རིག་པའི་གཉིད་འཐུག་པོ་ལྟ་བུ་ལས་སད་པས་ན་ས྄༵ངས།ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་ངང་རྒྱས་པས་ན་རྒྱས྄༵།བཞ྄ུ༵གས་ས྄ོ༵་ནི་འདི་ལྟ་བུའི་གདམས་པ་ཁྱད་པར་ཅན་འདི་ན་ཡོད་དོ་ཅེས་པའི་དོན་ནོ། །དགོས་པ་ནི།སྐྱེས་བུ་རབ་ཀྱིས་དབུ་ནས་ཞབས་སུ་བསྡུ་བའི་དོན་ཁོང་དུ་ཆུད་པ་དང་།སྐྱེས་བུ་འབྲིང་གིས་དམག་མི་ལ་དམག་བྱང་།མདའ་མི་ལ་མདའ་བྱང་བཏགས་པ་ལྟར་ཐེག་པ་ཆེ་ཆུང་གང་གི་ཕྱོགས་སུ་གཏོགས་ཤེས་པ་དང་།སྐྱེས་བུ་ཐ་མས་ཀྱང་སྨན་སྣོད་ལ་ཁ་བྱང་བཏགས་པ་བཞིན་གླེགས་བམ་བཙལ་སླ་བའི་དགོས་པ་ཡོད་དེ།མདོ་ལང་ཀར་གཤེགས་པ་ལས།མིང་དུ་གདགས་པར་མ་མཛད་ན། །འཇིག་རྟེན་ཐམས་ཅད་རྨོངས་པར་འགྱུར།དེ་བས་མགོན་པོ་ཐབས་མཁས་པས། །ཆོས་རྣམས་མིང་དུ་གདགས་པར་མཛད། །ཅེས་གསུངས་སོ། །གཉིས་པ་མཆོད་པར་བརྗོད་པ་ནི།ཁྱབ་བདག་གདོད་མའི་སོགས་ཀྱིས་བསྟན།ཡ་ཀི་ཆོས་སྐུ་ཀུན་ཏུ་བཟང་པོ་མན་ཆད།མ་ཀི་སྲིན་བུ་པདྨ་ཡན་ཆད་ཀྱི་རྒྱུད་ལ་ཆོས་སྐུ་བདེ་གཤེགས་སྙིང་པོས་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་ཁྱབ་པས་ནས་ཁྱབ྄༷།ཁྱབ་པའི་བདག་པོ་ཉིད་གང་ཡིན་སྙམ་ན་ཆོས་སྐུ་ཀུན་ཏུ་བཟང་པོ་ཉིད་ཡིན་པའི་ཕྱིར་ན་བདག྄༷།དེ་ཉིད་རྒྱུ་སོ་མ་དང་རྐྱེན་གསར་པས་འཕྲལ་དང་སླད་ཀྱིས་འབྱུང་བ་མ་ཡིན་པར་ཡེ་གདོད་མ་ཉིད་ནས་རང་བྱུང་བ་ཡིན་པས་ན་གད྄ོ༷ད་མ྄༷འི།སྲིད་ཞི་གཉིས་ཀྱི་མགོན་དང་དཔུང་གཉེན་དུ་གྱུར་པས་ན་མགོན་྄༷པ྄ོ༷།རྒྱུ་ཡེ་ཤེས་ལྔ་ལས།འཕྲུལ་སྐུ་ལྔ་རིགས་ལྔ་རུ་འཕྲུལ་པས་ན་ཡ྄ེ༷་ཤེས྄༷་སྒྱ྄ུ༷་འཕྲུལ྄༷།དེ་ལ་རྒྱུ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ལས།འཕྲུལ་སངས་རྒྱས་རིགས་ཀྱི་ཞིང་ཁམས་སུ་འཕྲུལ།དེ་བཞིན་དུ་མེ་ལོང་ལྟ་བུའི་ཡེ་ཤེས།མཉམ་པ་ཉིད་ཀྱི་ཡེ་ཤེས།སོ་སོར་རྟོག་པའི་ཡེ་ཤེས།བྱ་བ་གྲུབ་པའི་ཡེ་ཤེས།རྡོ་རྗེ་རིན་ཆེན་པདྨ་ལས་ཀྱི་རིགས་སོགས་ལའང་སྦྱར།དེ་ལྟར་སྒྱུ་འཕྲུལ་གྱི་བཀོད་པ་དེ་དག་ཐམས་ཅད་ཆོས་སྐུ་ཀུན་ཏུ་བཟང་པོའི་ཐུགས་ཆོས་ཉིད་ཀྱི་ཀློང་དུ་རོལ་པས་ན་ར྄ོ༷ལ་པའ྄ི༷།གྲོང་ཁྱེར་ནི།དཔེར་ན་འཇིག་རྟེན་མིའི་གྲོང་ཁྱེར་ལྟ་བུ་ལ་མཚོན་ན།རྒྱ་ནག་བེ་ཅོན་དང་།རྒྱ་གར་སེར་སྐྱའི་ཡུལ་དང་།ཝ་ར་ཎ་སིའི་ཡུལ་ལ་སོགས་པ་བཟོ་རིགས་བཅོ་བརྒྱད་འདུས་ས།ཚོང་མགྲོན་གྱི་གྱེས་འདུ་རྒྱུན་མི་ཆད་པ་ཞིག་ལ་གྲོང་ཁྱེར་ཟེར་ཏེ།དེ་བཞིན་དུ་དག་པ་ལྷའི་གྲོང་ཁྱེར་ལའང་།དབུས་ཕྱོགས་ན་སངས་རྒྱས་རིགས་ཀྱི་ཞིང་ཁམས་གང་གཱའི་ཀླུང་གི་བྱེ་མ་སྙེད་ཀྱི་གྲངས་དང་མཉམ་པ་བསམ་གྱིས་མི་ཁྱབ་པ།ཤར་ཕྱོགས་ན་རྡོ་རྗེ་རིགས་ཀྱི༴སོགས།ལྷོ་ཕྱོགས་ན་རིན་ཆེན༴སོགས།ནུབ་ཕྱོགས་ན་པདྨ༴སོགས།བྱང་ཕྱོགས་ན་ལས་ཀྱི༴སོགས།ཇི་སྙེད་པ་ཞིག་ཡོད་པ་དེ་དག་ཐམས་ཅད་ནི་གྲོང་ཁྱེར་ཐམས་ཅད་ཀྱི་མཆོག་དང་ཡ་གྱལ་དུ་གྱུར་པས་ན་གྲོང྄༷་ཁྱེར྄༷་མཆ྄ོ༷ག་ལ྄༷།བདེ་གཤེགས་སྙིང་པོ་དེ་དང་དེ་ལ་དད་ཅིང་མོས་པའི་གང་ཟག་དེའི་ཤེས་རྒྱུད་དེ་གཉིས་ཀ་འགྲོ་བ་ལྷ་དང་བཅས་པ་བདུད་དང་བཅས་པས་སོ་སོར་ཕྱེ་མི་ནུས་པས་ན་མ྄ི༵་ཕྱེད྄༵།དད་པ་ལའང་དང་བའི་དད་པ།འཇིགས་སྐྱོབ་ཀྱི་དད་པ།ཕྱིར་མི་ལྡོག་པའི་དད་པ་དང་གསུམ་ཡོད་པ་ལས།འདི་ནི་རྣམ་གསུམ་གཅིག་དྲིལ་གྱི་དད་པའམ།ཆོས་སྐུ་བདེ་གཤེགས་སྙིང་པོའི་རིག་པ་ངོ་འཕྲོད་ཅིང་གདིང་ཐོབ་པས་སླར་འཁོར་བ་ལ་ཕྱིར་མི་ལྡོག་པར་ཡིད་ཆེས་རྙེད་པ་ལ་ཕྱིར་མི་ལྡོག་པའི་དད་པ་ཞེས་བརྗོད།དད྄༷་པ྄༷་དེའ྄ི༷་ངང་ནས་ཕྱག་འཚལ་བ་སྟེ།དེ་ལའང་རབ་ལྟ་བ་ལ་མཇལ་བའི་ཕྱགའབྲིང་སྒོམ་པ་ལ་གོམས་པའི་ཕྱགཐ་མ་འདུ་ཤེས་གསུམ་ལྡན་གྱི་ཕྱག་དང་གསུམ་ལས།འདི་ནི་རང་གི་ལྟ་བ་ལ་ངོ་མཚར་བ།ཡིད་ཆེས་པ།གློ་ཐུབ་པ་གསུམ་དུས་གཅིག་ཏུ་བྱུང་བ་ལ།རབ་ལྟ་བ་མཇལ་པའི་ཕྱག་སྟེ།དེ་གང་ཞེ་ན་ངོ་བོའི་དབྱིངས་རྣམ་པར་མི་རྟོག་པའི་ཡེ་ཤེས་འགྱུར་བ་མེད་པ་ལ་ངོ་མཚར་བ་དང་།སྐུ་དང་ཡེ་ཤེས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ་ཉིད་རིག་པ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་འདུས་ཤིང་རྫོགས་པ་ལ་ཡིད་ཆེས་པ་དང་།སྐུ་གསུམ་མཉམ་པ་ཉིད་ཀྱི་དབྱིངས་མངོན་དུ་གྱུར་བ་ལ་གདིང་བཅའ་བ་ལས།གཞན་ཚོལ་གྱི་འབྲས་བུ་ཡིད་སྨོན་ཙམ་ཡང་མེད་པ་ལ་གློ་ཐུབ་པ་སྟེ།མདོར་ན་འཁོར་འདས་དག་མཉམ་དུ་རོལ་པ་ལ་ཕྱག་གི་སྒྲར་བརྗོད་པས་དེའི་སྒོ་྄༷ནས་྄༷ཕྱག་྄༷འཚལ྄༷་ལ྄ོ༷། །ཞེས་གསུངས་སོ། །གསུམ་པ་གླེང་གཞི་བཤད་པ་ལའང་བཞི།ལམ་ལ་དབང་སྐལ་མེད་པའི་གང་ཟག་དང་།ལམ་མི་འཚོལ་བའི་གང་ཟག་དང་།ལམ་བཙལ་ཀྱང་མི་རྙེད་པའི་གང་ཟག་དང་།ལམ་ལ་དབང་སྐལ་དང་ལྡན་པའི་གང་ཟག་དང་བཞི་ལས།དང་པོ་ནི།དུས་དེང་སང་སྙིགས་མ་ལྔ་བདོ༴སོགས།མ་མཐོང་།སྙིགས་མ་ལྔ་ནི།ཉོན་ལྟ་དུས་ཚེ་སེམས་ཅན་སྙིགས། །ཞེས་གསུངས་ཏེ། །སྔོན་བསྐལ་པ་རྫོགས་ལྡན་གྱི་དུས་སུ་ཉོན་མོངས་པ་ཆུང་ཞིང་དུག་ལྔ་བག་ལ་ཉལ་བའི་ཚུལ་དུ་ཡོད་དེ།དུས་དེང་སང་གི་གནས་སྐབས་ན་ཉོན་མོངས་པ་རགས་ཤིང་དུག་ལྔ་འཆོལ་རྙོག་ལ་སྤྱོད་པའི་དུས་ཡིན་པས་ན་ཉོན་མོངས་པའི་སྙིགས་མ་དང་།སྔོན་བསྐལ་པ་བཟང་པོའི་དུས་སུ་རྟག་ཆད་ཀྱི་མཐའ་ལས་འདས་པ་ཡང་དག་པའི་ལྟ་བ་ཤ་སྟག་ལས་མེད་དེ།དུས་དེང་སང་གི་གནས་སྐབས་ན་ཡང་ན་ལྟ་བ་རྟག་པའི་མཐའ་རུ་ལྷུང་བ་དང་།ཡང་ན་ཆད་པའི་མཐའ་རུ་ལྷུང་བ།རྟག་ཆད་གཉིས་ཀྱི་མཐའ་ལས་མ་འདས་པ་ཤ་སྟག་ལས་མེད།དེའི་ཕྱིར་ན་ལྟ་བའི་སྙིགས་མ་དང་།སྔོན་བསྐལ་པ་བཟང་པོའི་དུས་སུ་དུས་འཁྲུགས་དང་ནད་མཚོན་མུ་གེ་སོགས་ཀྱི་མིང་ཙམ་ཡང་མེད་དེ།དུས་དེང་སང་གི་གནས་སྐབས་ན་དུས་འཁྲུགས་དང་ནད་མཚོན་མུ་གེ་སོགས་འཆར་བདོ་བའི་དུས་ཡིན་པས་ན་དུས་ཀྱི་སྙིགས་མ་དང་།སྔོན་བསྐལ་པ་བཟང་པོའི་དུས་སུ་ཚེ་ལོ་དཔག་མེད་དང་བརྒྱད་ཁྲི་ཐུབ་པ་ཤ་སྟག་ལས་མེད་དེ།དུས་དེང་སང་གི་གནས་སྐབས་ན་ཉི་ཤུ་ཁ་རལ་སུམ་ཅུ་ལ་ཉེ་བའི་དུས་ཡིན་པས་ན་ཚེའི་སྙིགས་མ་དང་།སྔོན་བསྐལ་པ་བཟང་པོའི་དུས་སུ་སེམས་ཅན་གཅིག་གིས་གཅིག་མཐོང་བའི་ཚེ་ན་འཛུམ་པའི་མིག་གིས་བལྟ།སྙན་པའི་ངག་གིས་བསུ་ཞིང་།ཕན་པའི་སེམས་ཀྱིས་སྐྱོང་བ་ཤ་སྟག་ལས་མེད་དེ།དུས་དེང་སང་གི་གནས་སྐབས་ན་སེམས་ཅན་གཅིག་གིས་གཅིག་མཐོང་བའི་ཚེ་ན་དགྲ་མི་ཤ་བོ་མཐོང་བ་ལྟར།ཚིག་ངན་གྱིས་རྒྱུད་དཀྲུག་ཅིང་བརྡུང་བཙོག་དང་གསོད་གཅོད་ཀྱི་ལས་ལ་བརྩམས་པ་ཤ་སྟག་ཡིན་པས་ན་སེམས་ཅན་གྱི་སྙིགས་མ་སྟེ།སྙིགས་མ་ལྔ་བདོ་བའི་དུས་འདིར་སེམས་ཅན་རྣམས་དམུ་རྒོད་པ་དང་ལས་ངན་པ་འདི་དབང་ཆེ་བའི་སྟོབས་ཀྱིས་མི་ཚེ་འདི་ན་རྨི་ལམ་གྱི་གནས་སྐབས་ཙམ་ཞིག་ལས་ཡོད་པ་མ་ཡིན།དེ་ལ་ཞེན་ཅིང་ཆགས་ནས་བློ་ཐག་རིང་པོས་གཏན་དུ་སྡོད་གྲབ་བྱེད་ཅིང་དགྲ་འདུལ་གཉེན་སྐྱོང་།མཁར་བརྩིགས།ཞིང་རྨོས།རྒྱུ་རྫས་ལོངས་སྤྱོད་བསོགས་པ་ལ་སོ་ནམ་དང་བསོགས་བསྐྲུན་བྱེད་པ་ལས་ཕྱི་མའི་དོན་གཉེར་རྒྱབ་ཏུ་བོར་བ་ཤ་སྟག་ལས་མེད་དེ།རྒྱུ་མཚན་དེའི་ཕྱིར་ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་དོན་དུ་གཉེར་བ་ཉིན་མོའི་སྐར་མ་ཙམ་ལས་ཁོང་གིས་མ་མཐོང་གསུངས།དེ་དག་རྣམས་ནི་ལམ་ལ་དབང་སྐལ་མེད་པའི་གང་ཟག་ཡིན་ནོ། །གཉིས་པ་ལམ་མི་འཚོལ་བའི་གང་ཟག་ནི།གལ་ཏེ་འཆི་བ༴སོགས།གཉེར་བ་དང་།གལ་ཏེ་འཆི་བ་དྲན་ནས་ཆོས་ཉམས་སུ་ལེན་པར་སྤྲོ་ཡང་ལུས་ཀྱིས་ཕྱག་དང་སྐོར་བ།ངག་གིས་ཁ་འདོན་བཟླས་བརྗོད།སེམས་ཀྱིས་བསམ་པ་བཟང་པོའི་དགེ་སྦྱོར་ཙམ་པ་མི་ཚེ་ཟད་ནས་མཐོ་རིས་ལྷ་མིའི་གོ་འཕང་ཙམ་དོན་དུ་གཉེར་བ་ལས་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་དོན་དུ་གཉེར་བ་ནི་གཅིག་ཀྱང་ཡོད་པ་མ་ཡིན།དེ་དག་རྣམས་ནི་ལམ་མི་འཚོལ་བའི་གང་ཟག་གོ། །གསུམ་པ་ལམ་བཙལ་ཀྱང་མི་རྙེད་པའི་གང་ཟག་ནི།ཡང་འགའ་ཞིག༴སོགས།མ་ཡིན་ནོ། །ཡང་འགའ་ཞིག་གིས་ལྟ་བ་སྟོང་ཉིད་ཀྱི་ཕྱོགས་ཙམ་མི་ཤེས་པར།ཕྱི་སྣོད་བཅུད་ལུང་མ་བསྟན།ནང་རང་ལུས་ལུང་མ་བསྟན་དུ་བཟུང་བའི་བར་དུ་རང་སེམས་འདི་ཉིད་སྟོང་པ་རུ་ཐག་བཅད་ནས་རྣམ་པར་རྟོག་པ་ལ་ལམ་བྱས་པའམ།ཡང་ན་ཤེས་པ་བཟོ་མེད་ཙམ་སློབ་དཔོན་བླུན་པོ་ཞིག་གིས་ངོ་སྤྲད་དེ་དེའི་ངང་དུ་ལུས་ངག་ཡིད་གསུམ་གྱི་བྱ་བ་དགུ་སྤྲུགས་སུ་བཏང་ནས་བྱར་མེད་དུ་སྡོད་པའི་ཚེ་ན་འདོད་ཁམས་སུ་འཕེན་པའི་བདེ་ཉམས་དང་།གཟུགས་ཁམས་སུ་འཕེན་པའི་གསལ་ཉམས་དང་།གཟུགས་མེད་ཀྱི་ཁམས་སུ་འཕེན་པའི་མི་རྟོག་པའི་ཉམས་གསུམ་གང་རུང་ཞིག་བྱུང་ཚེ།དེ་ཉིད་བསྒོམ་པའི་མཐར་ཐུག་ཏུ་བཟུང་སྟེ་གདིང་བཅས་ན།དེའི་འབྲས་བུ་འདོད་གཟུགས་ཀྱི་ལྷ་རུ་འཕེན་པ་ཙམ་ལས་རྣམ་མཁྱེན་གྱི་ལམ་ལ་སྤུ་རྩེ་ཙམ་ཡང་ཉེ་བ་མ་ཡིན་ནོ། །དེ་དག་རྣམས་ནི་ལམ་བཙལ་ཀྱང་མི་རྙེད་པའི་གང་ཟག་ཡིན་ནོ། །བཞི་པ་ལ་དབང་སྐལ་དང་ལྡན་པའི་གང་ཟག་ནི།དེའི་ཕྱིར་ན༴སོགས།མཛོད་ཅིག།རྒྱུ་མཚན་དེའི་ཕྱིར་ན་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཚོགས་རྒྱ་ཆེན་པོ་བསགས།སྨོན་ལམ་བཟང་པོས་མཚམས་སྦྱོར།དོན་དམ་པའི་ཆོས་ལ་ལས་འབྲེལ་བཞག་པའི་སྐྱེས་བུ་རེ་མཆིས་ན་དེའི་ཟ་ཐང་དང་དབང་སྐལ་དུ་ཀུན་བཟང་བདུད་འཇོམས་རྡོ་རྗེ་ངས་བསྟན་པ་ཡིན།ཁོང་དང་ལས་འབྲེལ་མེད་པ་རྫོགས་པ་ཆེན་པོའི་ཆོས་ལ་དབང་བྱེད་པའི་ལས་དང་སྐལ་བ་མེད་པ་དག་གིས་བསྟན་པ་འདི་ལ་སྐྱོན་མེད་པ་ལ་སྐྱོན་ཡོད་པར་སྒྲོ་བཏགས།ཡོན་ཏན་ཡོད་པ་ལ་ཡོན་ཏན་མེད་པར་སྐུར་འདེབས་བྱེད་པ་རྣམས་ནི་འོད་གསལ་རྫོགས་ཆེན་པོའི་ཆོས་འདི་ལས་བློ་འབྲོག་དགོན་པ་རུ་འབྲོས་པར་འགྱུར་བ་ཡིན།དེ་ལྟར་མ་ཡིན་པར་ཁོང་དང་སྐལ་བ་མཉམ་པའི་སྐྱེས་བུ་རྣམས་ཀྱིས་གདམས་པ་འདི་ལ་དང་པོ་ལྟོས།བར་དུ་བརྟགས་ཤིང་དཔྱད།ཐ་མ་གོམས་འདྲིས་ཀྱི་སྒོ་ནས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་ཆེན་པོ་གཅིག་གི་རང་བཞིན།སྟོང་ཉིད་ཆེན་པོ་གཅིག་གི་ཡོ་ལང་།སྟོང་ཉིད་ཆེན་པོ་གཅིག་གི་ཁོར་ཡུག་ཏུ་ངོ་ཤེས་ཏེ་ངང་རྟོགས་པར་མཛོད་ཅིག་ཅེས་གསུངས།དེ་ཡན་ཆད་ཀྱིས་ཐོག་མར་དགེ་བ་ཀླད་ཀྱི་དོན་སོང་བ་ཡིན་ནོ། །གཉིས་པ་གཞུང་དོན་དངོས་བཤད་པ་ལ།འདིར་རང་བཞིན༴སོགས།དམ་པ་ཡིན་ནོ། །འདིར་རང་བཞིན་རྫོགས་པ་ཆེན་པོའི་ཆོས་འདི་ལ་སེམས་ཀློང་མན་ངག་གི་སྡེ་ཞེས་རྣམ་པ་གསུམ་དུ་ཡོད་པ་ལས།དང་པོ་སེམས་སྡེའི་ལྟ་བ་ནི།སེམས་ཀྱི་རྩད་བཅད་པ་དང་།ལུས་ངག་ཡིད་གསུམ་གཙོ་གང་ཆེ་བརྟགས་པ་དང་།སེམས་ཀྱི་བྱུང་གནས་འགྲོ་གསུམ་གཟུགས་དབྱིབས་ཁ་དོག་བརྟགས་པ་སོགས་སོང་ནས།གསལ་རིག་གཉིས་སུ་མི་ཕྱེད་པའི་འོད་གསལ་དེ་ཉིད་མངོན་དུ་བྱས་པའི་མཐར།སྣང་སེམས་གཅིག་ཏུ་འདྲེས་པ་ལ་ལྟ་བའི་མཐར་ཐུག་ཏུ་འདོད་པ་ཡིན།གཉིས་པ་ཀློང་སྡེའི་ལྟ་བ་ནི།ཕྱིའི་དབྱིངས་དང་ནང་གི་རིག་པ་གཉིས་དབྱེར་མེད་གཅིག་ཏུ་བསྲེ་ཞིང་བསྒོམ་པའི་མཐར་དབྱིངས་རིག་གཅིག་ཏུ་འདྲེས་པ་ལ་ལྟ་བའི་མཐར་ཐུག་ཏུ་འདོད་པ་ཡིན།དེ་གཉིས་སྒོམ་ཐོག་ནས་ལྟ་བ་འཚོལ་བས་བང་ཅུང་ཟད་བུལ་བ་ཡིན་ནོ། །གསུམ་པ་མན་ངག་གི་སྡེ་ལའང་ཕྱི་སྐོར།ནང་སྐོར།གསང་སྐོར།ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་ཡོད་པ་ལས།འདི་ནི་ཡང་གསང་བླ་ན་མེད་པ་མན་ངག་གི་སྡེ་ཞེས་བྱ་བ་ཡིན་ཏེ།འདིའི་དོན་ཚུལ་བཞིན་དུ་ཉམས་སུ་ལེན་པ་ལའང་།གཞི་ལྟ་བས་གཏན་ལ་དབབ་པ།ལམ་སྒོམ་པས་ཉམས་སུ་ལེན་ཚུལ།དེ་གཉིས་ཀྱི་གྲོགས་སྤྱོད་པ་བསྟན་པ།འབྲས་བུ་མངོན་དུ་གྱུར་བའི་ཚུལ་དང་བཞི་ལས།དང་པོ་གཞི་ལྟ་བས་གཏན་ལ་དབབ་ཚུལ་དེ་ལ།ལྟ་བ་ཁྱུང་ཆེན་ཐུར་བབ་ཀྱི་ལུགས་སུ་བསྟན་ཏེ།དཔེར་ན་བྱ་ཁྱུང་གི་རྒྱལ་པོ་ག་རུ་ཌས་ས་ཐོག་ན་གཟན་ཚོལ་བའི་ཚེ་ན།སྟེང་ནམ་མཁའི་བྱ་ལམ་བར་མ་རུ་ཕྱིན་ཏེ་གཟན་དེ་ལ་བསྲུང་བ་དང་།སྐྱོབ་པ་སོགས་ཡོད་མེད་ཞིབ་ཏུ་བརྟགས་ནས་མེད་པར་ཐག་ཆོད་པའི་ཚེ་ན་ཡིད་གཉིས་དང་ཚམ་ཚོམ་མེད་པར་གཟན་དེ་ལ་རོལ་བ་བཞིན་དུ། འདི་ནི་ལྟ་ཐོག་ནས་སྒོམ་པ་འཚོལ་བ་ཡིན་པའི་ཕྱིར་ན།མེད་པ་དང་། གཅིག་པུ། ཕྱལ་བ།ལྷུན་གྲུབ་རྣམ་པ་བཞིའི་སྒོ་ནས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཏན་ལ་ཕབ་སྟེ།སྐུ་གསུམ་མཉམ་པ་ཉིད་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་རྟོགས་པར་བྱ་བ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ནོ། །དེ་ལ་དང་པོ་མེད་པའི༴སོགས།བྱས་པ་ཡིན།དེ་ལ་དང་པོ་མེད་བའི་ཚུལ་གཏན་ལ་དབབ་པ་ལ།འཛིན་པ་གང་ཟག་གི་བདག་བདག་མེད་དུ་གཏན་ལ་དབབ་པ་དང་།གཟུང་བ་ཆོས་ཀྱི་བདག་བདག་མེད་དུ་གཏན་ལ་དབབ་པ་དང་གཉིས་ཡོད་པ་ལས།དང་པོ་འཛིན་པ་གང་ཟག་གི་བདག་བདག་མེད་གཏན་ལ་དབབ་པ་དེ་ལ།གང་ཟག་ཅེས་པའི་ངེས་ཚིག་ནི།སྒྲིབ་གཉིས་བག་ཆགས་དང་བཅས་པས་རྒྱུད་གང་བས་ན་གང་།ཟག་བཅས་ཉེར་ལེན་གྱི་ཕུང་པོའི་གཞིར་གྱུར་བས་ན་ཟག།བདག་ཅེས་བྱ་བ་ནི་ཉིན་སྣང་དང་།རྨི་སྣང་།བར་སྲིད་དང་།ཕྱི་མའི་དུས་རྣམས་སུ་བདག་མེད་པ་ལ་ཡོད་པར་སྣང་ཙམ་པའི་ཤེས་པ་བག་ལ་ཉལ་བ་འདི་ལ་གང་ཟག་གི་བདག་ཅེས་བརྗོད་པར་བྱའོ། །དེ་མ་ཐག་ཏུ་ང་མེད་པ་ལ་ང་རུ་བཟུང་།བདག་མེད་པ་ལ་བདག་ཏུ་བཟུང་བའི་ཤེས་པ་བག་ལ་ཉལ་བ་དེ་ལ།ཤེས་པ་ཕྱི་མ་དང་རྣམ་པར་རྟོག་པས་གསལ་བཏབ་སྟེ་བརྟན་ཅིང་འཐས་པར་བྱས་པ་དེ་ལ་འཛིན་པ་གང་ཟག་གི་བདག་འཛིན་ཞེས་བརྗོད།དེ་ལྟར་ང་རུ་འཛིན་པའི་ཤེས་པ་འདི་ནི་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་དང་།དེ་ལས་ཡུལ་དང་ཡུལ་ཅན་སོ་སོར་འཛིན་མ་རིག་པའི་ཤེས་པ་དེ་ལ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་།དེ་ལས་ཕྱི་ནང་སྣོད་བཅུད་སྣང་བའི་ཆོས་ཐམས་ཅད་ལ་མིང་སོ་སོར་བཏགས།དོན་སོ་སོར་བཟུང་།དངོས་པོ་སོ་སོར་འཐས་པ་དེ་ལ་ཀུན་ཏུ་བཏགས་པའི་མ་རིག་པར་བརྗོད་པ་ཡིན།མ་རིག་པ་རྣམ་པ་གསུམ་གྱི་བྱེད་ལས་ཀྱིས་ཁམས་གསུམ་འཁོར་བར་སྣང་ཞིང་འཁྲུལ་ཏེ་འཆིང་བར་བྱེད་པའི་རྒྱུ་ནི་ང་དང་བདག་ཏུ་འཛིན་པའི་འདྲེ་ཡིན་ཏེ།མཁས་གྲུབ་ཀྱི་མཆོག་ཀརྨ་གླིང་པས།ང་དང་བདག་ཏུ་འཛིན་པའི་འདྲེ། །ཁམས་གསུམ་འཁོར་བའི་འདྲེ་བོ་ཆེ། །གསུངས་པ་བཞིན།ང་དང་བདག་ཏུ་འཛིན་པའི་གཞི་རྩ་བཅད་དགོས་པ་ཡིན་ཏེ།དེའི་ཕྱིར་ང་ཞེས༴སོགས།ས་ལ་གཏུག་གོ།དེ་ལ་ང་ཞེས་བྱ་བ་དེ་སྟེང་ནམ་མཁའ་ནས་ཐུར་དུ་བྱུང་བ་ཨེ་ཡིན་སྙམ་ན་ནམ་མཁའ་འདི་ང་ཡིན་ན་ང་ལས་ང་བྱུང་ནི་རེད།ས་ལས་ས་རྡུལ་བྱུང་།ཆུ་ལས་ཆུ་ཐིགད༴མེ་ལས་མེ་སྟག༴རླུང་ལས་རླུང་བསིལ་བྱུང་བ་བཞིན་དུ་ནམ་མཁའ་འདི་ང་ཡིན་ན་ང་ལས་ང་བྱུང་ནི་རེད།ནམ་མཁའ་ང་མིན་པ་ལས་ང་མི་བྱུང་།ས་མིན་པ་ལས་ས་རྡུལ་མི་བྱུང་།ཆུ་མིན་པ་ལས་ཆུ་ཐིག༴མེ་མིན་པ་ལས་མེ་སྟག༴རླུང་མིན་པ་ལས་རླུང་བསིལ་མི་འབྱུང་བ་བཞིན་དུ།ནམ་མཁའ་ང་མིན་པ་ལས་ང་འབྱུང་བ་མ་ཡིན།འབྱུང་བ་སའི་ཆུའི་མེའི་རླུང་གི་ཁམས་ནས་ང་བྱུང་བ་ཨེ་ཡིན་སྙམ་ན་འབྱུང་བ་ས་ཆུ་མེ་རླུང་ང་ཡིན་ན་ང་ལས་ང་འབྱུང་སྟེ།ས་ལས་ས་རྡུལ་འབྱུང་།ཆུ་ལས་ཆུ་ཐིགས༴མེ་ལས་མེ་སྟག༴རླུང་ལས་རླུང་བསིལ་འབྱུང་བ་བཞིན་དུ་འབྱུང་བ་སའི་ཆུའི་མེའི་རླུང་གི་ཁམས་ང་ཡིན་ན་ང་ལས་ང་བྱུང་ནི་རེད།འབྱུང་བ་ས་ཆུ་མེ་རླུང་ང་མིན་པ་ལས་ང་མི་འབྱུང་།ས་མིན་པ་ལས་ས་རྡུལ་མི་འབྱུང་།ཆུ་མིན་པ་ལས་ཆུ་ཐིག༴མེ་མིན་པ་ལས་མེ་སྟག༴རླུང་མིན་པ་ལས་རླུང་བསིལ་མི་འབྱུང་བ་བཞིན་དུ་འབྱུང་བ་སའི་ཆུ་མེ་རླུང་ཁམས་ང་མིན་པ་ལས་ང་འབྱུང་བ་མ་ཡིན།དེ་བཞིན་དུ་ཕྱི་འབྱུང་བ་ལྔའི་ཁམས་ནས་ང་མ་བྱུང་།དངོས་པོ་ཅན་ལས་ང་འབྱུང་བ་ཨེ་ཡིན་སྙམ་ན།དངོས་པོ་ཡོད་པ་ལས་ང་དངོས་མེད་ཅིག་འབྱུང་སྲིད་པ་མ་ཡིན།ང་དངོས་པོ་ཅན་བྱུང་ན་ང་དེའི་གཟུགས་དབྱིབས་ཁ་དོག་སོགས་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།ནང་རང་ལུས་ལས་བྱུང་བ་ཨེ་ཡིན་སྙམ་ན།མགོའི་སྐྲ་རྩེ་མན་ཆད་རྐང་གི་སེན་རྩེ་ཡན་ཆད་ཀྱི་བར་ལ་བརྟགས་ཤིང་དཔྱད་ན་འདི་ནས་བྱུང་བ་རེད་སྙམ་པའི་ཡུལ་གཏན་ནས་རྙེད་པ་མ་ཡིན་ནོ། །དེའི་ཕྱིར་ན་ང་ཞེས་བྱ་བ་དེ་དང་པོ་བྱུང་ཁུངས་མེད་པའི་ས་ལ་གཏུགས་དགོས་སོ། །བར་དུ་གནས་པའི༴སོགས།ངེས་པའོ། །བར་དུ་གནས་པའི་ས་ཞིག་ལོས་ཡོད་སྙམ་ན།འབྱུང་བ་ལྔའི་ཁམས་ལ་ནི་ང་མི་གནས།གནས་ན་འབྱུང་བ་བཤིག་གཏུལ་བྱས་ཚེ་ནང་དུ་ཟུག་རྔུ་མྱོང་དགོས་ཀྱང་འབྱུང་བ་མ་ཡིན།ནང་རང་ལུས་ལ་བརྟགས་ན་ཡང་མགོ་ལ་ནི་མགོ་ཟེར་བ་ལས་ང་མི་ཐོགདེ་བཞིན་དུ་མགོ་ལྤགས་བརྗོད་པ་ལས་ང་ཟེར་བ་མ་ཡིན།རུས་པ་ལ་རུས་པ་བརྗོད་པ་ལས་ང་ཟེར་བ་མ་ཡིན།དེ་བཞིན་དུ་མིག་ལ་ནི་མིག་བརྗོད་པ་ལས་ང་ཟེར་བ་མ་ཡིན།རྣ་བ་ལ་ནི་རྣ་བ་བརྗོད་པ་ལས་ང་ཟེར་བ་མ་ཡིན།སྣ་ལ་ནི་སྣ་བརྗོད་པ་ལས་ང་ཟེར་བ་མ་ཡིན།ལྕེ་ལ་ནི་ལྕེ་བརྗོད་པ་ལས་ང་ཟེར་བ་མ་ཡིན།སོ་ལ་ནི་སོ་བརྗོད་པ༴ཀླད་པ་ལ་ཡང་ཀླད་པ་བརྗོད་པ༴ཤ་ལ་ནི་ཤ་བརྗོད་པ༴ཁྲག་ལ་ནི་ཁྲག་བརྗོད་པ༴ཆུ་སེར་ལ་ནི་ཆུ་སེར་བརྗོད་པ༴རྩ་རྒྱུས་ལ་ནི་རྩ་རྒྱུས་བརྗོད་པ༴དེ་དག་རྣམས་ལ་ནི་རང་རང་གི་མིང་བརྗོད་པ་ལས་ང་ཟེར་བ་མ་ཡིན།ཡང་ལག་པ་ལ་ནི་དེ་བཞིན་དུ་ལག་པ་བརྗོད་པ་ལས་ང་ཟེར་བ་མ་ཡིན།སོག་པ་ལ་ནི་སོག་པ་བརྗོད་པ༴དཔུང་པ་ལ་ནི་དཔུང་པ་བརྗོད་པ༴ལག་ངར་ལ་ནི་ལག་ངར་བརྗོད་པ༴སོར་མཛུབ་རྣམས་ལའང་རང་རང་གི་མིང་བརྗོད་པ་ལས་ང་ཟེར་བ་མ་ཡིན།དེ་བཞིན་དུ་སྒལ་ཚིགས་ལའང་སྒལ་ཚིགས་བརྗོད་པ་ལས་ང་ཟེར་བ་མ་ཡིན།རྩིབ་མ་ལ་ནི་རྩིབ་མ༴བྲང་ལ་ནི་བྲང་བརྗོད་པ༴གློ་བ་ལ་ནི་གློ་བ་བརྗོད་པ༴སྙིང་ལ་ནི་སྙིང་བརྗོད་པ༴མཆིན་ཁྲི་ལ་ནི་མཆིན་ཁྲི་བརྗོད་པ༴མཆིན་པ་ལ་ནི་མཆིན་པ་བརྗོད་པ༴མཚེར་པ་ལ་ནི་མཚེར་པ་བརྗོད་པ༴རྒྱུ་མ་ལ་ནི་རྒྱུ་མ་བརྗོད་པ༴མཁལ་མ་ལ་ནི་མཁལ་མ་ལ་ནི་མཁལ་མ་བརྗོད་པ༴དྲི་ཆུ་ལ་ནི་དྲི་ཆུ༴བཤང་གཅི་ལ་ནི་བཤང་གཅི་བརྗོད་པ༴དེ་བཞིན་དུ་རྐང་པ་ལ་ནི་རྐང་པ་བརྗོད་པ༴བརླ་ལ་ནི་བརླ་བརྗོད་པ༴དཔྱི་ལ་ནི་དཔྱི་བརྗོད་པ༴རྗེ་ངར་ལ་ནི་རྗེ་ངར་བརྗོད་པ༴བོལ་བ་ལ་ནི་བོལ་བ་བརྗོད་པ༴སོར་མཛུབ་རྣམས་ལ་ནི་སོར་མཛུབ་བརྗོད་པ༴དེ་དག་རྣམས་ཀྱི་ཕྱིའི་ལྤགས་པ་ལ་ནི་ལྤགས་པ་བརྗོད་པ༴བར་གྱི་ཤ་ཚིལ་ལ་ནི་ཤ་ཚིལ་བརྗོད་པ༴ནང་གི་རུས་པ་ལ་ནི་རུས་པ་བརྗོད་པ༴གསང་བ་རྐང་ལ་ནི་རྐང་བརྗོད་པ་ལས་ང་ཟེར་བ་མ་ཡིན།རྣམ་པར་ཤེས་པ་ལའང་རྣམ་པར་ཤེས་པ་ཟེར་བ་ལས་ང་མི་ཐོགདེའི་ཕྱིར་བར་དུ་གནས་པའི་ས་དང་བདག་པོ་མེད་པའི་སྟོང་པ་ཉིད་དུ་ངེས་པའོ། །དེ་བཞིན་དུ་ཐ་མ་འགྲོ་བའི༴སོགས།བརྗོད་པ་ལྟ་བུའོ། །ཐ་མ་འགྲོ་བའི་ཡུལ་ཞིག་ལོས་ཡོད་བསམ་ན།ང་ཞེས་བྱུང་གནས་དང་བྲལ་ཚེ།ཐ་མ་འགྲོ་ས་མེད་ངེས་པ་ཡིན་ཀྱང་།གལ་སྲིད་ཡོད་པའི་དབང་དུ་བཏང་བ།ཉིན་སྣང་གི་ང་དང་རྨི་སྣང་གི་ང་གཉིས་གཅིག་རེད་དང་གཉིས་རེད།གཅིག་ཡིན་ན་མདང་གི་རྨི་ལས་གྱི་ངའི་ལུས་ལ་རྡོ་དང་དབྱུག་པས་བསྣུན་པའི་སྐྲང་དང་།མཚོན་གྱིས་བརྒྱབ་པའི་རྨ་དེ་དེ་རིང་ཉིད་མོའི་སྐབས་སུ་ཡང་ལུས་ལ་རྨ་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།ཐ་དད་པ་ཞིག་རེད་སྙམ་ན་ལོ་གཅིག་གི་ནང་ན་ཉིན་སུམ་བརྒྱ་དང་དྲུག་ཅུ།མཚན་སུམ་བརྒྱ་དང་དྲུག་ཅུ།ཉིན་ཞག་བདུན་བརྒྱ་དང་ཉི་ཤུ་ཡོད་པས།དེ་ལ་ལུས་ཀྱང་བདུན་བརྒྱ་དང་ཉི་ཤུ་ཡོད་དགོས་ཏེ།དེ་ཉིད་ཤི་བའི་རོ་རུ་གྱུར་ན་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་མཚམས་བརྒྱད་ཐམས་ཅད་རོ་དེས་གང་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེ་དག་མ་ཤི་བར་གསོན་པོར་ཡོད་ན་ཡང་དེ་བཞིན་དུ་ངའི་དམག་དཔུང་ཆེན་པོས་གང་ཡོད་དགོས།ཡོད་ན་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོ་རུ་མངོན་རྒྱུ་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེས་ན་མེད་པ་ཅང་མེད་ཀྱི་ཕྱོགས་སུ་སོང་བ་ཨེ་ཡིན་སྙམ་ན།ང་མེད་པ་ཞིག་ནི་མེད་པའི་ཁམས་སུ་འགྲོ་ཚུལ་མེད།ཡོད་པ་ཞིག་ཡིན་ན་ང་བདེན་གྲུབ་ཅན་དུ་ཡོད་དགོས་ཀྱང་།དེ་ནི་སྔར་གཏན་ལ་ཕབ་ནས་མ་རྙེད་པ་ཡིན་པས་ད་རུང་ཡང་རྙེད་པར་མི་འགྱུར་བའི་ཕྱིར་ན་ཐ་མ་འགྲོ་སའི་ཡུལ་དང་བདག་པོ་ཐམས་ཅད་ལས་འདས་པ་ཉིད་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་ན་ང་ཞེས་བྱ་བ་དེ་མེད་བཞིན་ཡོད་པར་སྣང་བ་མིག་ནད་ཀྱི་རྐྱེན་གྱིས་ནམ་མཁར་སྐྲ་ཤད་སྣང་བ་དང་།མིང་བརྗོད་པ་དེ་དག་ཐམས་ཅད་ཀྱང་རི་བོང་གི་རྭ་ཞེས་བརྗོད་པ་དང་།ནམ་མཁའི་པདྨོ་བརྗོད་པ་བཞིན་དུ་བདེན་པར་གྲུབ་པ་ནི་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ།ཀུན་བྱེད་ལས།འཁོར་བའི་རྩ་བ་ང་དང་ང་ཡི་བ། །མེད་བཞིན་འཁྲུལ་པའི་རྩ་བ་ཆོད་གྱུར་ན། །ཀུན་བྱེད་རྒྱལ་པོ་རང་བྱུང་རང་ལ་ཐིམ། །ཞེས་གསུངས་པ་བཞིན་ཡིན་ནོ། །དེ་ཡན་ཆད་ཀྱིས་འཛིན་པ་གང་ཟག་གི་བདག་བདག་མེད་ཏུ་གཏན་ལ་དབབ་པ་སོང་ངོ་། །གཉིས་པ་ཆོས་ཀྱི༴སོགས།ཤེས་པར་བྱའོ། །གཉིས་པ་གཟུང་བ་ཆོས་ཀྱི་བདག་མེད་དུ་གཏན་ལ་ཕབ་པ་དེ་ལའང་བཞི་ལས།དང་པོ་མིང་གི་གདགས་གཞི་བཙལ་བ་ནི།མིང་རྣམས་ཐམས་ཅད་མེད་བཞིན་བཏགས་ཏེ།ཡོད་པར་འཛིན་པ་ལས་མེད་པར་མ་རིག་པ་ཉིད་ནི་ཀུན་ཏུ་བཏགས་པའི་མ་རིག་པ་ཉིད་དུ་ཤེས་པར་བྱའོ། །དེ་ཡང་མགོ་ཞེས་བྱ་བ་ཅིའི་ཕྱིར་ཅི་ལ་བཏགས།ལུས་ཆགས་པའི་དང་པོ་མགོ་ཡིན་པས་མགོ་བཏགས་པ་ཨེ་ཡིན་སྙམ་ན།ལུས་ཆགས་པའི་དང་པོ་མགོ་མ་སྐྱེས།ལྟེ་བ་སྤྲུལ་པའི་འཁོར་ལོ་ནས་རིམ་བཞིན་དུ་ཆགས་པ་ཡིན།དེའི་ཕྱིར་ན་མགོ་མི་ཐོག།ཟླུམ་པོ་ཡིན་པས་མགོ་བཏགས་པ་རེད་སྙམ་ན།སྲན་མ་དང་རིལ་བུ་ལ་སོགས་པ་ཟླུམ་པོ་ཐམས་ཅད་ཀྱི་མིང་ལ་མགོ་མི་ཐོག།སྟེང་དུ་བསྟན་པ་ལ་མགོ་བཏགས་པ་ཡིན་སྙམ་ན།སྟེང་འོག་ནམ་མཁའ་ལ་བཏགས་ན་ནམ་མཁའ་ལ་སྟེང་འོག་མེད།ཁ་དོག་མཐིང་གར་སྣང་བ་དེ་སྟེང་ཡིན་སྙམ་ན།རྒྱུད་ཕལ་ཆེར་ན་རི་རབ་ཀྱི་ལྷོ་ཕྱོགས་བཻཌཱུཪྻའི་འོད་རྒྱ་མཚོར་ཕོག་པའི་འོད་བར་སྣང་དུ་ཤར་བའི་ཁ་དོག་མཐིང་གར་གསུངས་པ་དང་།རྒྱུད་ལ་ལར་ནམ་མཁའ་འདི་གཏིང་ཟབ་པའི་ཁ་དོག་མཐིང་ག་ཡིན་ཏེ།དཔེར་ན་ཆུ་ཆུང་ངུ་རྣམས་ཀྱི་ཁ་དོག་སྐྱ་བོར་སྣང་བ་དང་།ཆུ་སྣོད་དུ་བླང་ཚེ་ཁ་དོག་སྐྱ་བོར་འདུག་པ་ཡིན།ཆུ་ཅུང་ཟད་གཏིང་ཟབ་པ་རྣམས་ཆུ་མདོག་མཐིང་གར་སྣང་ཡང་།ཆུ་སྣོད་དུ་བླང་ཚེ་ཆུ་མདོག་སྐྱ་བོ་ལས་སྔོན་པོ་མིན།ཆུ་ཤིན་ཏུ་གཏིང་ཟབ་པ་ལ་བལྟས་ན་ཆུ་མདོག་སྔོ་ནག་ཏུ་སྣང་ཡང་།ཆུ་སྣོད་དུ་བླང་ཚེ་སྔར་བཞིན་ཆུ་མདོག་སྐྱ་བོ་ལས་སྔོ་ནག་མིན་ནོ། །དེ་བཞིན་དུ་ནམ་མཁའ་འདི་ཤིན་ཏུ་གཏིང་ཟབ་པ་ལས་ཁ་དོག་མཐིང་ག་རུ་སྣང་བ་ཡིན་གསུངས།དེས་ན་འདི་ནས་སྟེང་གི་ཕྱོགས་ལ་སོགས་པར་གསུངས་པ་དེ་རྫུན་ཡིན་ནམ་སྙམ་ན།རྫོགས་པའི་སངས་རྒྱས་ཀྱིས་གསུངས་པའི་ཆོས་ལའང་།དུས་ལ་དགོངས་པ་དང་།སྐབས་ལ་དགོངས་པ་དང་།གང་ཟག་ལ་དགོངས་པ་སོགས་ཡོད་པའི་ཕྱིར་ན་མཐའ་གཅིག་ཏུ་ངེས་པ་ནི་མེད་དེ།གཞུང་ཕལ་ཆེར་དུ་ཕ་མ་བསད་ན་མཚམས་མེད་པའི་ལས་ཡིན་པར་གསུངས་ཀྱང་།རྒྱལ་པོ་མ་སྐྱེས་དགྲའི་མྱ་ངན་བསལ་བའི་སྤྲིངས་ཡིག་ཏུ།ཕ་དང་མ་སྲེད་ལེན་ནི་བསད་བྱ་ཞིང་། །རྒྱལ་པོ་ཀུན་གཞིའི་རྣམ་ཤེས་གཙང་སྦྲ་ཅན་གཉིས་འཇིག་ལྟ་མཆོག་འཛིན་དང་།ཚུལ་ཁྲིམས་ལྟ་བ་མཆོག་འཛིན།བཅོམ། །ཡུལ་འཁོར་སྐོར་བཅས་བཅོམ་པ་ན་སེམས་སེམས་འབྱུང་མཆན། །མི་དེ་དག་པ་ཉིད་དུ་འགྱུར། །ཞེས་གསུངས་པ་བཞིན།སྟེང་འོག་ངེས་ཅན་དུ་ཡོད་དགོས་པའི་རྒྱུ་མཚན་ཡོད་པ་མ་ཡིན།དེས་ན་མགོའི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།སྐྲ་ལ་ནི་སྐྲ་ཟེར་བ་ལས་མགོ་མ་ཡིན།སྐྲ་རྩེ་ལ་སྐྲ་རྩེ་ཟེར་བ༴སྐྲ་སྐེད་ལ་སྐྲ་སྐེད་ཟེར་བ༴སྐྲ་རྩ་ལ་སྐྲ་རྩ་ཟེར་བ༴ལྤགས་པ་ལ་ལྤགས་པ་ཟེར་བ་ལས་མགོ་མ་ཡིན།རུས་པ་ལ་རུས་པ་ཟེར་བ་ལས་མགོ་མ་ཡིན།ཀླད་པ་ལ་ཀླད་པ་ཟེར་བ་ལས་མགོ༴དེ་བཞིན་དུ་མིག་ལ་མིག་ཟེར༴རྣ་བ་ནི་རྣ་བ་ཟེར༴སྣ་ལ་ནི་སྣ་ཟེར༴ལྕེ་ལ་ནི་ལྕེ་ཟེར་བ་ལས་མགོ་མ་ཡིན།དེ་ལྟར་སོ་སོར་ཕྲལ་བས་མགོ་མ་ཡིན་ཀྱང་།ལྷན་ཏུ་ཚོགས་པ་ལ་མགོ་ཟེར་བ་ཡིན་སྙམ་ན་སྲོག་ཆགས་ཞིག་གི་མགོ་བཅད་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་འཐག་ནས་ལྷོ་རྒྱལ་འཛམ་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་མགོ་མི་ཐོགས།དེ་ཉིད་ཆུ་ཡིས་པའི་འདག་པ་ལའང་འདག་པ་ཟེར་བ་ལས་མགོ་མི་ཐོག།དེས་ན་ཉིན་སྣང་གི་མགོ་དང་།རྨི་སྣང་གི་མགོ་གཉིས་གཅིག་རེད་དང་གཉིས་རེད།གཅིག་ཡིན་ན་མདང་གི་རྨི་ལས་གྱི་སྐབས་སུ་ཁྱོད་ཀྱི་མགོ་ལ་རྡོ་དང་དབྱུག་པས་བསྣུན་པའི་སྐྲང་དང་།མཚོན་གྱིས་བརྒྱབ་པའི་རྨ་འདི་དེ་རིང་ཉིན་མོའི་སྐབས་ཀྱི་མགོ་དེར་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།ཡང་ན་ཐ་དད་པ་ཞིག་ཡིན་སྙམ་ན།ལོ་གཅིག་གི་ནང་དུ་ཉིན་སུམ་བརྒྱ་དང་དྲུག་ཅུ།མཚན་སུམ་བརྒྱ་དང་དྲུག་ཅུ།ཉིན་ཞག་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་པས།དེ་ལ་མགོ་ཡང་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་དགོས།ཡོད་ན་ཤིང་ཏ་ལའི་ལོ་མ་བརྩེགས་པ་བཞིན་ཏུ་སྟེང་འོག་གི་ཚུལ་དང་།ཡང་ན་ཤིང་ཤུན་མང་གི་ལྤགས་ཤུན་བརྩེགས་པ་བཞིན་དུ་ཕྱི་ནང་གི་ཚུལ་དུ་ཡོད་དགོས།ཡོད་ན་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོ་རུ་མངོན་རྒྱུ་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེའི་ཕྱིར་ན་མགོ་ཞེས་བྱ་བ་བརྗོད་པ་ཙམ་གྱིས་བརྗོད་གཞི་ཡུལ་མེད་དུ་འདུག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་དགོས་པ་ཡིན་ནོ། །དེ་བཞིན་དུ་མིག་ལ་ཡང་༴སོགས།དེས་སྟོན་ཏོ། །དེ་བཞིན་དུ་མིག་གི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།དེ་ལྟར་མིག་ལའང་ཆུ་བུར་ཟུང་དུ་ཡོད་པ་ལ་ནི་མིག་ཟེར་བ་མ་ཡིན།ལྤགས་ལ་ནི་ལྤགས་ཟེར་བ་ལས་མིག་མ་ཡིན།མིག་ཆུ་ལ་མིག་ཆུ་ཟེར་བ་ལས་མིག་མ་ཡིན།མིག་རྩ་ལ་མིག་རྩ་ཟེར་བ་ལས་མིག་མ་ཡིན།ཁྲག་ལ་ཁྲག་ཟེར་བ་ལས་མིག་མ་ཡིན།དེ་དག་ལའང་རང་རང་གི་མིང་བརྗོད་པ་ལས་མིག་མ་ཡིན།དེ་ལྟར་སོ་སོར་བྲལ་བ་ལ་མིག་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་མིག་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཞིག་གི་མིག་བླང་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་མིག་མི་ཐོགས།དེ་ཉིད་ཆུ་ཡིས་སྦྲུས་པའི་འདག་པ་ལའང་འདག་པ་ཟེར་བ་ལས་མིག་མི་ཟེར།གཟུགས་མཐོང་མཁན་ཞིག་ཡིན་པས་མིག་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤི་བ་མང་པོའི་མིག་བླངས་ཏེ།སེམས་ཅན་མིག་ལོང་ཡོད་པ་ཞིག་གི་མིག་ཤུལ་ལ་བཞག་ན་དེས་གཟུགས་མཐོང་དགོས་ཀྱང་དེ་ནི་མཐོང་བ་མ་ཡིན།དེས་ན་རྨི་སྣང་གི་མིག་དང་།ཉིན་སྣང་གི་མིག་གཉིས་གཅིག་རེད་དང་གཉིས་རེད།གཅིག་ཡིན་ན་མདང་རྨི་ལམ་གྱི་སྐབས་ཁྱོད་ཀྱི་མིག་ལོང་སོང་བ་རྨིས་ན།དེ་རིང་ཉིན་མོའི་སྐབས་ཀྱི་མིག་འདི་ལོང་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེ་རིང་ཉིན་མོའི་སྐབས་ཀྱི་མིག་འདི་ལོང་ཡོད་པ་ཞིག་ཡིན་ན།མདང་རྨི་ལམ་གྱི་སྐབས་ཀྱི་མིག་དེས་གཟུགས་མི་འདྲ་བ་སྣ་ཚོགས་མཐོང་ཡང་།དེ་རིང་ཉིན་མོའི་སྐབས་ཀྱི་མིག་འདིས་ནི་གཟུགས་གཅིག་ཀྱང་མཐོང་མྱོང་བ་མ་ཡིན།ཡང་ན་ཐ་དད་པ་ཞིག་རེད་སྙམ་ན།ལོ་གཅིག་གི་ནང་དུ་ཉིན་སུམ་བརྒྱ་དང་དྲུག་ཅུ།མཚན་སུམ་བརྒྱ་དང་དྲུག་ཅུ།ཉིན་ཞག་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་པས།དེ་ལ་མིག་ཀྱང་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་དགོས།ཡོད་ན་ཡེ་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་གྱི་མིག་དེ་དག་ཡང་ན་ཤིང་ཏ་ལའི་ལོ་མ་བརྩེགས་པ་བཞིན་དུ་སྟེང་འོག་གི་ཚུལ་དང་།ཡང་ན་ཤིང་ཤུན་མང་གི་ལྤགས་ཤུན་བརྩེགས་པ་བཞིན་དུ་ཕྱི་ནང་གི་ཚུལ་དུ་ཡོད་དགོས།ཡོད་ན་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོར་མངོན་རྒྱུ་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེས་ན་ངའི་མིག་འདི་ལོང་སོང་ན་ཕྱིན་ཆད་གཟུགས་མི་མཐོང་སྙམ་ན།ཁྱོད་ཀྱིས་དང་པོ་གཟུགས་མཐོང་མཁན་དེ་ངའི་མིག་ཡིན་སྙམ་པ་དང་།བར་དུ་ངའི་མིག་ལོང་སོང་བས་གཟུགས་མི་མཐོང་སྙམ་པས།ཐ་མ་ཡང་གཟུགས་མི་མཐོང་བའི་སྣང་བ་ཤར་བ་རེ་མ་གཏོགས།དེ་རིང་ཉིན་མོའི་སྐབས་ཀྱི་མིག་དེ་བཙུམ་ནས་གཉིད་ཚེ་རྨི་ལམ་གྱི་སྐབས་གཟུགས་སྣ་ཚོགས་པ་ཞིག་མཐོང་མཁན་ཡོད་ཀྱང་།དེ་རིང་ཉིན་མོའི་སྐབས་ཀྱི་མིག་འདིས་ནི་གཟུགས་གཅིག་ཀྱང་རིག་མྱོང་བ་མ་ཡིན།དེ་བཞིན་དུ་བར་སྲིད་དང་ཕྱི་མའི་དུས་རྣམས་སུའང་ད་ལྟའི་ལུས་རོ་དང་བཅས་པ་ཤུལ་དུ་བོར་ནས་ཤི་སོང་ཡང་།བར་སྲིད་དང་ཕྱི་མའི་དུས་ཀྱི་གཟུགས་མཐོང་མཁན་དེ།རང་གི་སེམས་ཡེ་གནས་ཀྱི་ཤེས་པའི་རང་གཟུགས་རང་གིས་མཐོང་བ་ཙམ་ལས་ཆུ་བུར་གྱི་མིག་འདིས་ནི་གཟུགས་གཅིག་ཀྱང་མཐོང་མྱོང་བ་མ་ཡིན་ཏེ།དེའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས།མིག་གི་རྣམ་པས་ཤེས་པ་ནི་མཐའ་ཡས་སོ། །ཞེས་གསུངས་སོ།རྣ་བ་ཡང༴སོགས།མ་ཡིན།དེ་བཞིན་དུ་རྣ་བའི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།རྣ་བ་ཡང་དེ་བཞིན་དུ་སྦུ་གུ་ནི་སྦུ་གུ་ཟེར་བ་ལས་རྣ་བ་མ་ཡིན།ལྤགས་ལ་ནི་ལྤགས་ཟེར་བ་ལས་རྣ་བ་མ་ཡིན།ཤ་ལ་ནི་ཤ་ཟེར་བ་ལས་རྣ་བ་མ་ཡིན།རྩ་རྒྱུས་ལ་རྩ་རྒྱུས་ཟེར་བ་ལས་རྣ་བ་མ་ཡིན།ཁྲག་ལ་ཁྲག་ཟེར་བ་ལས་རྣ་བ་མ་ཡིན།ཆུ་སེར་ལ་ཆུ་སེར་ཟེར་བ་ལས་རྣ་བ་མ་ཡིན།དེ་རྣམས་རང་རང་གི་མིང་བརྗོད་པ་ལས་རྣ་བ་མི་ཟེར།དེ་ལྟར་སོ་སོར་བྲལ་བ་ལ་རྣ་བ་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་རྣ་བ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཞིག་གི་རྣ་བ་བཅད་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་རྣ་བ་མི་ཐོགས།དེ་ཉིད་ཆུས་སྦྲུས་པའི་འདག་པ་ལ་ཡང་འདག་པ་ཟེར་བ་ལས་རྣ་བ་མི་ཟེར།སྒྲ་ཐོས་མཁན་ཞིག་ཡིན་པས་རྣ་བ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤི་བ་མང་པོའི་རྣ་བ་བླངས་ནས་སེམས་ཅན་རྣ་བ་འོན་ཡོད་པ་ཞིག་གི་རྣ་ཤུལ་ལ་བཞག་ན་དེས་སྒྲ་ཐོས་དགོས་ཀྱང་དེ་ནི་ཐོས་པ་མ་ཡིན།དེས་ན་ཉིན་སྣང་གི་རྣ་བ་དང་།རྨི་སྣང་གི་རྣ་བ་གཉིས་གཅིག་རེད་དང་གཉིས་རེད།གཅིག་ཡིན་ན་མདང་རྨི་ལམ་གྱི་སྐབས་སུ་ཁྱོད་ཀྱི་རྣ་བ་འོན་སོང་བ་རྨིས་ན།དེ་རིང་ཉིན་མོའི་སྐབས་ཀྱི་རྣ་བ་འདི་འོན་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེ་རིང་ཉིན་མོའི་སྐབས་ཀྱི་རྣ་བ་འདི་འོན་ཡོད་པ་ཞིག་ཡིན་ན།མདང་རྨི་ལམ་གྱི་སྐབས་སུ་སྒྲ་སྣ་ཚོགས་པ་ཐོས་ཀྱང་།དེ་རིང་ཉིན་མོའི་སྐབས་ཀྱི་རྣ་བ་དེས་སྒྲ་གཅིག་ཀྱང་ཐོས་མྱོང་བ་མ་ཡིན།ཡང་ན་ཐ་དད་པ་ཞིག་རེད་སྙམ་ན།ལོ་གཅིག་གི་ནང་ན་ཉིན་སུམ་བརྒྱ་དང་དྲུག་ཅུ།མཚན་སུམ་བརྒྱ་དང་དྲུག་ཅུ།ཉིན་ཞག་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་པས།དེ་ལ་རྣ་བ་ཡང་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་དགོས།ཡོད་ན་ཡེ་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་གྱི་རྣ་བ་དེ་དག་ཡང་ན་ཤིང་ཏ་ལའི་ལོ་མ་བརྩེགས་པ་བཞིན་དུ་སྟེང་འོག་གི་ཚུལ་དང་།ཡང་ན་ཤིང་ཤུན་མང་གི་ལྤགས་ཤུན་བརྩེགས་པ་བཞིན་དུ་ཕྱི་ནང་གི་ཚུལ་དུ་ཡོད་དགོས།ཡོད་ན་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོ་རུ་མངོན་རྒྱུ་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེས་ན་ངའི་རྣ་བ་འདི་འོན་སོང་ན་ཕྱིན་ཆད་སྒྲ་མི་ཐོས་སྙམ་ན།ཁྱོད་ཀྱི་དང་པོ་སྒྲ་ཐོས་མཁན་དེ་ངའི་རྣ་བ་ཡིན་སྙམ་པ་དང་།བར་དུ་ངའི་རྣ་བ་འོན་སོང་བའི་སྒྲ་མི་ཐོས་སྙམ་པས།ཐ་མ་ཡང་སྒྲ་མི་ཐོས་པའི་སྣང་བ་ཤར་བ་རེད་མ་གཏོགས།དེ་རིང་ཉིན་མོའི་སྐབས་ཀྱི་མིག་བཙུམ་ནས་གཉིད་ཚེ་རྨི་ལམ་གྱི་སྒྲ་ཐོས་མཁན་ཞིག་ཡོད་ཀྱང་།དེ་རིང་ཉིན་མོའི་སྐབས་ཀྱི་རྣ་བ་དེས་སྒྲ་གཅིག་ཀྱང་ཐོས་མྱོང་བ་མ་ཡིན།དེ་བཞིན་དུ་བར་སྲིད་དང་ཕྱི་མའི་དུས་རྣམས་སུའང་ད་ལྟའི་ལུས་རོ་དང་བཅས་པ་ཤུལ་དུ་བོར་ནས་ཤི་སོང་ཡང་།བར་སྲིད་དང་ཕྱི་མའི་དུས་ཀྱི་སྒྲ་ཐོས་མཁན་དེ།རང་གི་སེམས་ཡེ་གནས་ཀྱི་ཤེས་པས་རང་སྒྲ་རང་གིས་ཐོས་པ་ཙམ་ཞིག་ལས་ཡོད་པ་མ་ཡིན་ཏེ།དེའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས།རྣ་བའི་རྣམ་པར་ཤེས་པ་ནི་མཐའ་ཡས་སོ། །ཞེས་གསུངས་སོ། །དེ་བཞིན་དུ་སྣ་ཡང་༴སོགས།བྱའོ། །དེ་བཞིན་དུ་སྣའི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།སྣ་ཡང་སྦུ་གུ་ལ་སྦུ་གུ་ཟེར་བ་ལས་སྣ་མ་ཡིན།ལྤགས་ལ་ནི་ལྤགས་ཟེར་བ་ལས་སྣ་མ་ཡིན།རུས་པ་ལ་རུས་པ་ཟེར་བ་ལས་སྣ་མ་ཡིན།ཤ་ལ་ཤ་ཟེར་བ་ལས་སྣ་མ་ཡིན།རྩ་རྒྱུས་ལ་རྩ་རྒྱུས་ཟེར་བ་ལས་སྣ་མ་ཡིན།དེ་ཐམས་ཅད་ལ་རང་རང་གི་མིང་བརྗོད་པ་ལས་སྣ་མི་ཐོགས།དེ་ལྟར་སོ་སོར་བྲལ་བ་ལ་སྣ་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་སྣ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཞིག་གི་སྣ་བཅད་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་སྣ་མི་ཟེར།དེ་ཉིད་ཆུ་ཡིས་སྦྲུས་པའི་འདག་པ་ལའང་འདག་པ་ཟེར་བ་ལས་སྣ་མི་ཟེར།དྲི་ཚོར་མཁན་ཞིག་ཡིན་པས་སྣ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤི་བ་མང་པོའི་སྣ་བླངས་ནས།སེམས་ཅན་སྣ་ཆད་སོང་བ་ཞིག་གི་ཤུལ་ལ་བཞག་ན་དེས་དྲི་ཚོར་དགོས་ཀྱང་དེ་ནི་ཚོར་བ་མ་ཡིན།དེས་ན་ཉིན་སྣང་གི་སྣ་དང་།རྨི་སྣང་གི་སྣ་གཉིས་གཅིག་རེད་དང་གཉིས་རེད།གཅིག་ཡིན་ན་མདང་རྨི་ལས་གྱི་སྐབས་སུ་ཁྱོད་ཀྱི་སྣ་ཆད་སོང་བ་ཞིག་རྨིས་ན།དེ་རིང་ཉིན་མོའི་སྐབས་ཀྱི་སྣ་དེ་ཆད་སོང་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེ་རིང་ཉིན་མོའི་སྐབས་ཀྱི་སྣ་དེ་ཆད་ཡོད་པ་ཞིག་ཡིན་ན།མདང་རྨི་ལས་གྱི་སྐབས་ཀྱི་དྲི་སྣ་ཚོགས་པ་ཚོར་ཡང་།དེ་རིང་ཉིན་མོའི་སྐབས་ཀྱི་སྣ་འདིས་དྲི་གཅིག་ཀྱང་ཚོར་མྱོང་བ་མ་ཡིན།ཡང་ན་དད་པ་ཞིག་རེད་སྙམ་ན།ལོ་གཅིག་གི་ནང་དུ་ཉིན་སུམ་བརྒྱ་དང་དྲུག་ཅུ།མཚན་སུམ་བརྒྱ་དང་དྲུག་ཅུ།ཉིན་ཞག་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་པས།དེ་ལ་སྣ་ཡང་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་དགོས།ཡོད་ན་ཡེ་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་གྱི་སྣ་དེ་དག་ཡང་ན་ཤིང་ཏ་ལའི་ལོ་མ་བརྩེགས་པ་བཞིན་དུ་སྟེང་འོག་གི་ཚུལ་དང་།ཡང་ན་ཤིང་ཤུན་མང་གི་ལྤགས་ཤུན་བརྩེགས་པ་བཞིན་དུ་ཕྱི་ནང་གི་ཚུལ་དུ་ཡོད་དགོས།ཡོད་ན་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོར་མངོན་རྒྱུ་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེས་ན་ངའི་སྣ་འདི་ཆད་སོང་ན་ཕྱིན་ཆད་དྲི་མི་ཚོར་སྙམ་ན།ཁྱོད་ཀྱི་དང་པོ་དྲི་ཚོར་མཁན་དེ་ངའི་སྣ་ཡིན་སྙམ་པ་དང་།བར་དུ་ངའི་སྣ་ཆད་སོང་བས་དྲི་མི་ཚོར་བསམ་པས།ཐ་མ་དྲི་མི་ཚོར་བའི་སྣང་བ་ཤར་བ་རེད་མ་གཏོགས།དེ་རིང་ཉིན་མོའི་སྐབས་ཀྱི་མིག་བཙུམ་ནས་གཉིད་ཚེ་རྨི་ལམ་གྱི་དྲི་ཚོར་མཁན་ཞིག་ཡོད་ཀྱང་།དེ་རིང་ཉིད་མོའི་སྐབས་ཀྱི་སྣ་དེས་དྲི་གཅིག་ཀྱང་ཚོར་མྱོང་བ་མ་ཡིན།དེ་བཞིན་དུ་བར་སྲིད་དང་ཕྱི་མའི་དུས་རྣམས་སུའང་ད་ལྟའི་ལུས་རོ་དང་བཅས་པ་ཤུལ་དུ་བོར་ནས་ཤི་སོང་ཡང།བར་སྲིད་དང་ཕྱི་མའི་དུས་ཀྱི་དྲི་ཚོར་མཁན་དེ།རང་གི་སེམས་ཡེ་གནས་ཀྱི་ཤེས་པས་རང་དྲི་རང་གིས་ཚོར་བ་ཙམ་ཞིག་ལས་ཡོད་པ་མ་ཡིན་དེ།དེའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས།སྣ་ཡི་རྣམ་པར་ཤེས་པ་ནི་མཐའ་ཡས་སོ། །ཞེས་གསུངས་སོ། །ལྕེ་ཡང་དེ་བཞིན་དུ༴སོགས།འགྲེ་བར་བྱའོ། །དེ་བཞིན་དུ་ལྕེའི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།ཤ་ལ་ནི་ཤ་ཟེར་བ་ལས་ལྕེ་མ་ཡིན།ལྤགས་ལ་ནི་ལྤགས་ཟེར་བ་ལས་ལྕེ་མ་ཡིན།ཁྲག་ལ་ཁྲག་ཟེར་བ་ལས་ལྕེ་མ་ཡིན།རྩ་རྒྱུས་ལ་རྩ་རྒྱུས་ཟེར་བ་ལས་ལྕེ་མ་ཡིན།དེ་དག་རྣམས་ལ་རང་རང་གི་མིང་བརྗོད་པ་ལས་ལྕེ་མི་ཐོགས།དེ་ལྟར་སོ་སོར་བྲལ་བ་ལ་ལྕེ་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་ལྕེ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤིག་གི་ལྕེ་བཅད་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་པ་བསྟན་ཀྱང་རྡུལ་བརྗོད་པ་ལས་ལྕེ་མི་ཟེར།དེ་ཉིད་ཆུ་ཡིས་སྦྲུས་པའི་འདག་པ་ལའང་འདག་པ་ཟེར་བ་ལས་ལྕེ་མི་ཟེར།རོ་མྱོང་མཁན་ཞིག་ཡིན་པས་ལྕེ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤི་བ་མང་པོའི་ལྕེ་བླངས་ནས།སེམས་ཅན་ལྕེ་ཆད་སོང་བ་ཞིག་གི་ལྕེ་ཤུལ་ལ་བཞག་ན་རོ་མྱོང་དགོས་ཀྱང་དེ་ནི་མྱོང་བ་མ་ཡིན།དེས་ན་ཉིན་སྣང་གི་ལྕེ་དང་།རྨི་སྣང་གི་ལྕེ་གཉིས་གཅིག་རེད་དང་གཉིས་རེད།གཅིག་ཡིན་ན་མདང་རྨི་ལམ་གྱི་སྐབས་སུ་ཁྱོད་ཀྱི་ལྕེ་ཆད་སོང་བ་རྨིས་ན།དེ་རིང་ཉིན་མོའི་སྐབས་ཀྱི་ལྕེ་དེ་ཆད་སོང་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེ་རིང་ཉིན་མོའི་སྐབས་ཀྱི་ལྕེ་དེ་ཆད་སོང་བ་ཞིག་ཡིན་ན།མདང་རྨི་ལས་གྱི་སྐབས་རོ་སྣ་ཚོགས་པ་མྱོང་ཡང་།དེ་རིང་ཉིན་མོའི་སྐབས་ཀྱི་ལྕེ་དེས་རོ་གཅིག་ཀྱང་མྱོང་བ་མ་ཡིན།ཡང་ན་ཐ་དད་པ་ཞིག་རེད་སྙམ་ན།ལོ་གཅིག་གི་ནང་དུ་ཉིན་སུམ་བརྒྱ་དང་དྲུག་ཅུ།མཚན་སུམ་བརྒྱ་དང་དྲུག་ཅུ།ཉིན་ཞག་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་པས།དེ་ལ་ལྕེ་ཡང་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་དགོས།ཡོད་ན་ཡེ་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་གྱི་ལྕེ་དེ་དག་ཡང་ན་ཤིང་ཏ་ལའི་ལོ་མ་བརྩེགས་པ་བཞིན་དུ་སྟེང་འོག་གི་ཚུལ་དང་།ཡང་ན་ཤིང་ཤུན་མང་གི་ལྤགས་ཤུན་བརྩེགས་པ་བཞིན་དུ་ཕྱི་ནང་གི་ཚུལ་དུ་ཡོད་དགོས།ཡོད་ན་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོར་མངོན་རྒྱུ་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེས་ན་ངའི་ལྕེ་འདི་ཆད་སོང་ན་ཕྱིན་ཆད་རོ་མི་མྱོང་སྙམ་ན།ཁྱོད་ཀྱི་དང་པོ་རོ་མྱོང་མཁན་དེ་ངའི་ལྕེ་ཡིན་བསམ་པ་དང་།བར་དུ་ངའི་ལྕེ་ཆད་སོང་བས་རོ་མི་མྱོང་སྙམ་པས།ཐ་མ་རོ་མི་མྱོང་བའི་སྣང་བ་རེད་མ་གཏོགས།དེ་རིང་ཉིན་མོའི་སྐབས་ཀྱི་མིག་བཙུམ་ནས་གཉིད་ཚེ་རྨི་ལམ་གྱི་རོ་མྱོང་མཁན་ཞིག་ཡོད་ཀྱང་།དེ་རིང་ཉིན་མོའི་སྐབས་ཀྱི་ལྕེ་འདིས་ནི་རོ་གཅིག་ཀྱང་མྱོང་བ་མ་ཡིན།དེ་བཞིན་དུ་བར་སྲིད་དང་ཕྱི་མའི་དུས་རྣམས་སུའང་ད་ལྟའི་ལུས་རོ་དང་བཅས་པ་ཤུལ་དུ་བོར་ནས་ཤི་སོང་ཡང་།བར་སྲིད་དང་ཕྱི་མའི་དུས་ཀྱི་རོ་མྱོང་མཁན་དེ་རང་གི་སེམས་ཡེ་གནས་ཀྱི་ཤེས་པས་རང་གི་རོ་རང་གིས་མྱོང་བ་ཙམ་ཞིག་ལས་ཡོད་པ་མ་ཡིན་ཏེ།དེའི་ཕྱིར་ན་བཅོམ་ལྡན་འདས་ཀྱིས།ལྕེ་ཡི་རྣམ་པར་ཤེས་པ་ནི་མཐའ་ཡས་སོ། །ཞེས་གསུངས་སོ། །དེ་བཞིན་དུ་ལག་ལའང༴སོགསཙམ་ཡང་མ་གྲུབ།དེ་བཞིན་དུ་ལག་པའི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།སོག་པ་ལ་སོག་པ་ཟེར་བ་ལས་ལག་པ་མ་ཡིན།དཔུང་པ་ལ་དཔུང་པ་ཟེར་བ་ལས་ལག་པ་མ་ཡིན།ལག་ངར་ལ་ལག་ངར་ཟེར་བ་ལས་ལག་པ་མ་ཡིན།སོར་ཚིགས་རྣམས་ལ་སོར་ཚིགས་ཟེར་བ་ལས་ལག་པ་མ་ཡིན།ཤ་ལ་ཤ་ཟེར་བ་ལས་ལག་པ་མ་ཡིན།ལྤགས་ལ་ལྤགས་ཟེར་བ་ལས་ལག་པ་མ་ཡིན།རུས་པ་ལ་རུས་པ་ཟེར་བ་ལས་ལག་པ་མ་ཡིན།རྐང་ལ་རྐང་ཟེར་བ་ལས་ལག་པ་མི་ཐོགས།དེ་ལྟར་སོ་སོར་བྲལ་བ་ལ་ལག་པ་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་ལག་པ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤིག་གི་ལག་པ་བཅད་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་ལག་པ་མི་ཐོགས།དེ་ཉིད་ཆུ་ཡིས་སྦྲུས་པའི་འདག་པ་ལའང་འདག་པ་ཟེར་བ་ལས་ལག་པ་མི་ཟེར།དེས་ན་ལས་བྱེད་མཁན་ཞིག་ཡིན་པས་ལག་པ་བཏགས་པ་ཡིན་ནམ།ལག་པ་འདི་མེད་ན་ལས་དང་བྱ་བ་བྱེད་མཁན་མེད་སྙམ་ན།མདང་རྨི་ལམ་གྱི་སྐབས་ཀྱི་ལག་པ་དང་།དེ་རིང་ཉིན་མོའི་སྐབས་ཀྱི་ལག་པ་གཉིས་གཅིག་རེད་དང་གཉིས་རེད།གཅིག་ཡིན་ན་མདང་རྨི་ལམ་གྱི་སྐབས་ཁྱོད་ཀྱི་ལག་པ་ཞ་ཡོད་པ་ཞིག་རྨིས་ན།དེ་རིང་ཉིན་མོའི་སྐབས་ཀྱི་ལག་པ་དེ་ཞ་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེ་རིང་ཉིན་མོའི་སྐབས་ཀྱི་ལག་པ་འདི་ཞ་ཡོད་པ་ཞིག་ཡིན་ན།མདང་རྨི་ལམ་གྱི་སྐབས་ཞིང་རྨོས་མཁར་བརྩིགས་སོ་ནམ་གྱི་ལས་སྣ་ཚོགས་བྱས་པ་རྨིས་ཀྱང་།དེ་རིང་ཉིན་མོའི་སྐབས་ཀྱི་ལག་པ་འདིས་ལས་གཅིག་ཀྱང་བྱེད་མྱོང་བ་མ་ཡིན།ཡང་ན་ཐ་དད་པ་ཞིག་རེད་སྙམ་ན།ལོ་གཅིག་གི་ནང་དུ་ཉིན་སུམ་བརྒྱ་དང་དྲུག་ཅུ།མཚན་སུམ་བརྒྱ་དང་དྲུག་ཅུ།ཉིན་ཞག་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་པས།དེ་ལ་ལག་པ་ཡང་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་དགོས།ཡོད་ན་ཡེ་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་གྱི་ལག་པ་དེ་དག་ཡང་ན་ཤིང་ཏ་ལའི་ལོ་མ་བརྩེགས་པ་བཞིན་དུ་སྟེང་འོག་གི་ཚུལ་དང་།ཡང་ན་ཤིང་ཤུན་མང་གི་ལྤགས་ཤུན་བརྩེགས་པ་བཞིན་དུ་ཕྱི་ནང་གི་ཚུལ་དུ་ཡོད་དགོས།ཡོད་ན་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོར་མངོན་རྒྱུ་ཞིག་ཡོང་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེས་ན་ངའི་ལག་པ་འདི་ཞ་སོང་ན་ཕྱིན་ཆད་ལས་བྱེད་མི་མེད་སྙམ་ན།ཁྱོད་ཀྱིས་དང་པོ་ལས་བྱེད་མཁན་དེ་ངའི་ལག་པ་ཡིན་སྙམ་པ་དང།བར་དུ་ངའི་ལག་པ་ཞ་སོང་བས་ལས་དང་བྱ་བ་བྱེད་མཁན་མེད་སྙམ་པས།ཐ་མ་ལས་དང་བྱ་བ་མི་བྱེད་སྣང་བ་ཤར་བ་རེད་མ་གཏོགས།དེ་རིང་ཉིན་མོའི་སྐབས་ཀྱི་མིག་བཙུམ་ནས་གཉིད་ཚེ་རྨི་ལམ་གྱི་ལས་དང་བྱ་བ་བྱེད་མཁན་ཞིག་ཡོད་ཀྱང།དེ་རིང་ཉིན་མོའི་སྐབས་ཀྱི་ལག་པ་འདིས་ནི་ལས་དང་བྱ་བ་གཅིག་ཀྱང་བྱེད་མྱོང་བ་མ་ཡིན།དེ་བཞིན་བར་སྲིད་དང་ཕྱི་མའི་དུས་རྣམས་སུའང་ད་ལྟའི་ལུས་རོ་དང་བཅས་པ་ཤུལ་དུ་བོར་ནས་ཤི་སོང་ཡང་།བར་སྲིད་དང་ཕྱི་མའི་དུས་ཀྱི་ལས་བྱེད་མཁན་དེ།རང་གི་སེམས་ཡེ་གནས་ཀྱི་ཤེས་པས་རང་གི་ལས་རང་གིས་བྱེད་པ་ཙམ་ཞིག་ལས་ཡོད་པ་མ་ཡིན།དེའི་ཕྱིར་ན་ལག་པའི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན་ནོ། །དེ་བཞིན་དུ་སོག་པའི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།ལྤགས་ལ་ནི་ལྤགས་ཟེར་བ་ལས་སོག་པ་མི་བཏགས།ཤ་ལ་ཤ་ཟེར་བ་ལས་སོག་པ་མི་བཏགས།རུས་པ་ལ་རུས་པ་ཟེར་བ་ལས་སོག་པ་མི་བཏགས།དེ་ལྟར་སོ་སོར་བྲལ་བ་ལ་སོག་པ་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་སོགས་པ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤིག་གི་སོག་པ་བླངས་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་སོག་པ་མི་ཐོགས།དེ་ཉིད་ཆུ་ཡིས་སྦྲུས་པའི་འདག་པ་ལ་ཡང་འདག་པ་བརྗོད་པ་ལས་སོག་པ་མི་ཐོགས།དེའི་ཕྱིར་ན་སོག་པའི་མིང་གི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན་ནོ། །དེ་བཞིན་དུ་དཔུང་པའི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡིན་སྙམ་ན།ཤ་ལ་ཤ་བརྗོད་པ་ལས་དཔུང་པ་མི་ཟེར།རུས་པ་ལ་རུས་པ་བརྗོད་པ་ལས་དཔུང་པ་མི་ཟེར།ལྤགས་ལ་ལྤགས་བརྗོད་པ་ལས་དཔུང་པ་མི་ཟེར།རྐང་ལ་རྐང་བརྗོད་པ་ལས་དཔུང་པ་མི་ཟེར།དེ་དག་ལ་རང་རང་གི་མིང་བརྗོད་པ་ལས་དཔུང་པ་མི་ཐོགས།དེ་ལྟར་སོ་སོར་བྲལ་བ་ལ་དཔུང་པ་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་དཔུང་པ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤིག་གི་དཔུང་པ་བླངས་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་དཔུང་པ་མི་ཐོགས།དེ་ཉིད་ཆུ་ཡིས་སྦྲུས་པའི་འདག་པ་ལ་ཡང་འདག་པ་བརྗོད་པ་ལས་དཔུང་པ་མི་ཐོགས།དེའི་ཕྱིར་ན་དཔུང་པའི་མིང་གི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན་ནོ། །དེ་བཞིན་དུ་ལག་ངར་གྱི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།ཤ་ལ་ནི་ཤ་ཟེར་བ་ལས་ལག་ངར་མི་ཐོགས།ལྤགས་ལ་ནི་ལྤགས་ཟེར་བ་ལས་ལག་ངར་མ་ཡིན།རུས་པ་ལ་རུས་པ་ཟེར་བ་ལས་ལག་ངར་མ་ཡིན།རྐང་ལ་རྐང་ཟེར་བ་ལས་ལག་ངར་མ་ཡིན།དེ་དག་ལ་རང་རང་གི་མིང་བརྗོད་པ་ལས་ལག་ངར་མི་ཐོགས།དེ་ལྟར་སོ་སོར་བྲལ་བ་ལ་ལག་ངར་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་ལག་ངར་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤིག་གི་ལག་ངར་བཅད་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་ལག་ངར་མི་ཐོགས།དེ་ཉིད་ཆུ་ཡིས་སྦྲུས་པའི་འདག་པ་ལ་འང་འདག་པ་ཟེར་བ་ལས་ལག་ངར་མི་ཐོགས།དེའི་ཕྱིར་ན་ལག་ངར་གྱི་མིང་ཡུལ་མེད་དུ་སྟོང་པ་ལས་གདགས་གཞི་བདེན་གྲུབ་ཅན་དུ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་གྲུབ་མྱོང་བ་མ་ཡིན་ནོ། །ལུས་དང་ཕུང་པོ༴སོགས།སྟོང་པ་ཉིད་དོ། །དེ་བཞིན་དུ་ལུས་དང་ཕུང་པའི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།སྒལ་ཚིགས་ལ་སྒལ་ཚིགས་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།རྩིབ་མ་ལ་རྩིབ་མ་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།བྲང་ལ་བྲང་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།ཤ་ལ་ཤ་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།ལྤགས་ལ་ལྤགས་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།རུས་པ་ལ་རུས་པ་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།དེ་བཞིན་དུ་སྙིང་ལ་སྙིང་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།གློ་བ་ལ་གློ་བ་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།མཆིན་པ་ལ་མཆིན་པ་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།མཆིན་ཁྲི་ལ་མཆིན་ཁྲི་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།མཚེར་པ་ལ་མཚེར་པ་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།མཁལ་མ་ལ་མཁལ་མ་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།རྒྱུ་མ་ལ་རྒྱུ་མ་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།དེ་དག་རྣམས་ལ་རང་རང་གི་མིང་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཟེར།དེ་ལྟར་སོ་སོར་བྲལ་བ་ལ་ལུས་དང་ཕུང་པོ་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤིག་གི་རོ་བླངས་ནས་བཏགས་ཀྱང་རོ་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།དེ་ཉིད་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཐོགས།ཆུ་ཡིས་སྦྲུས་པའི་འདག་པ་ལ་ཡང་འདག་པ་བརྗོད་པ་ལས་ལུས་དང་ཕུང་པོ་མི་ཟེར།དེའི་ཕྱིར་ན་ལུས་དང་ཕུང་པོའི་མིང་གི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན་ནོ། །རྐང་པ་ལའང༴སོགས།དེ་དག་མི་བྱའོ། །དེ་བཞིན་དུ་རྐང་པ་ལའང་མིང་གི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།དཔྱི་ལ་ནི་དཔྱི་བརྗོད་པ་ལས་རྐང་པ་མི་ཟེར།བརླ་ལ་ནི་བརླ་བརྗོད༴རྗེ་ངར་ལ་རྗེ་ངར༴བོལ་བ་ཡང་བོལ་བ༴དེ་དག་རྣམས་ཀྱི་ཕྱིའི་ལྤགས་ལ༴བར་གྱི་ཤ་ལ༴ནང་གི་རུས་པ་ལ༴གསང་བ་རྐང་ལ་རྐང་བརྗོད་པ་ལས་རྐང་པ་མི་ཐོགས།དེ་ལྟར་སོ་སོར་བྲལ་བ་ལ་རྐང་པ་མི་ཐོགས་ཀྱང་།ལྷུན་དུ་ཚོགས་པ་ལ་རྐང་པ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤིག་གི་རྐང་པ་བཅད་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་རྐང་པ་མི་ཐོགས།དེ་ཉིད་ཆུ་ཡིས་སྦྲུས་པའི་འདག་པ་ལ་ཡང་འདག་པ་བརྗོད་པ་ལས་རྐང་པ་མི་ཟེར།འགྲོ་འདུག་བྱེད་མཁན་འདི་རྐང་པ་ཡིན་པས།རྐང་པ་མེད་ན་འགྲོ་འདུག་བྱེད་མཁན་མེད་སྙམ་ན།རྨི་ལམ་གྱི་རྐང་པ་དང་།ཉིན་མོའི་སྐབས་ཀྱི་རྐང་པ་གཉིས་གཅིག་རེད་དང་གཉིས་རེད།གཅིག་ཡིན་ན་མདང་རྨི་ལམ་གྱི་སྐབས་སུ་ཁྱོད་ཀྱི་རྐང་པ་ཞ་ཡོད་པ་ཞིག་རྨིས་ན།དེ་རིང་ཉིན་མོའི་སྐབས་ཀྱི་རྐང་པ་དེ་ཞ་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེ་རིང་ཉིན་མོའི་སྐབས་ཀྱི་རྐང་པ་དེ་ཞ་ཡོད་པ་ཞིག་ཡིན་ན།མདང་རྨི་ལམ་གྱི་སྐབས་ཡུལ་ནས་ཡུལ་དུ་འགྲོ་འདུག་དང་གར་བྱེད་པ་སོགས་བྱས་ཀྱང་།དེ་རིང་ཉིན་མོའི་སྐབས་ཀྱི་རྐང་པ་དེས་ནི་འགྲོ་འདུག་གཅིག་ཀྱང་བྱེད་མྱོང་བ་མ་ཡིན།ཡང་ན་ཐ་དད་པ་ཞིག་རེད་སྙམ་ན།ལོ་གཅིག་གི་ནང་དུ་ཉིན་སུམ་བརྒྱ་དང་དྲུག་ཅུ།མཚན་སུམ་བརྒྱ་དང་དྲུག་ཅུ།ཉིན་ཞག་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་པས།དེ་ལ་རྐང་པ་ཡང་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་དགོས།ཡོད་ན་ཡེ་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་གྱི་རྐང་པ་དེ་དག་ཡང་ན་ཤིང་ཏ་ལའི་ལོ་མ་བརྩེགས་པ་བཞིན་དུ་སྟེང་འོག་གི་ཚུལ་དང་།ཡང་ན་ཤིང་ཤུན་མང་གི་ལྤགས་ཤུན་བརྩེགས་པ་བཞིན་དུ་ཕྱི་ནང་གི་ཚུལ་དུ་ཡོད་དགོས།ཡོད་ན་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོར་མངོན་རྒྱུ་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེས་ན་ངའི་རྐང་པ་འདི་ཞ་སོང་ན་ཕྱིན་ཆད་འགྲོ་འདུག་བྱེད་མི་མེད་སྙམ་ན།ཁྱོད་ཀྱི་དང་པོ་འགྲོ་འདུག་བྱེད་མཁན་དེ་ངའི་རྐང་པ་ཡིན་སྙམ་པ་དང་།བར་དུ་ངའི་རྐང་པ་ཞ་སོང་བའི་འགྲོ་རྒྱུ་མེད་སྙམ་པས།ཐ་མ་འགྲོ་རྒྱུ་མེད་སྣང་ཤར་བ་རེད་མ་གཏོགས།དེ་རིང་ཉིན་མོའི་སྐབས་ཀྱི་མིག་བཙུམ་ནས་གཉིད་ཚེ།རྨི་ལམ་གྱི་འགྲོ་འདུག་བྱེད་མཁན་ཞིག་ཡོད་ཀྱང་།དེ་རིང་ཉིན་མོའི་སྐབས་ཀྱི་རྐང་པ་འདིས་ནི་འགྲོ་འདུག་གཅིག་ཀྱང་བྱེད་མྱོང་བ་མ་ཡིན།དེ་བཞིན་དུ་བར་སྲིད་དང་ཕྱི་མའི་དུས་རྣམས་སུའང་ད་ལྟའི་ལུས་རོ་དང་བཅས་པ་ཤུལ་དུ་བོར་ནས་ཤི་སོང་ཡང་།བར་སྲིད་དང་ཕྱི་མའི་དུས་ཀྱི་འགྲོ་འདུག་བྱེད་མཁན་དེ།རང་གི་སེམས་ཡེ་གནས་ཀྱི་ཤེས་པས་རང་གི་ཀློང་དུ་རང་གིས་གར་བྱེད་པ་ཙམ་ཞིག་ལས་ཡོད་པ་མ་ཡིན།དེའི་ཕྱིར་ན་རྐང་པའི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན་ནོ། །དེ་བཞིན་དུ་དཔྱི་ཡང་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།ཤ་ལ་ནི་ཤ་བརྗོད་པ་ལས་དཔྱི་མི་ཐོགས།ལྤགས་ལ་ནི་ལྤགས་བརྗོད་པ་ལས་དཔྱི་མི་ཐོགས།རུས་པ་ལ་རུས་པ་བརྗོད་པ་ལས་དཔྱི་མི་ཐོགས།རྩ་རྒྱུས་ལ་རྩ་རྒྱུས་བརྗོད་པ་ལས་དཔྱི་མི་ཐོག།དེ་རྣམས་ལ་རང་རང་གི་མིང་བརྗོད་པ་ལས་དཔྱི་མི་ཐོགས།དེ་ལྟར་སོ་སོར་བྲལ་བ་ལ་མི་ཐོག་ཀྱང་།ལྷན་དུ་ཚོགས་པ་ལ་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤིག་གི་དཔྱི་བཅད་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་དཔྱི་མི་ཐོགས།དེ་ཉིད་ཆུ་ཡིས་སྦྲུས་པའི་འདག་པ་ལ་ཡང་འདག་པ་བརྗོད་པ་ལས་དཔྱི་མི་ཟེར།དེའི་ཕྱིར་ན་དཔྱིའི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན་ནོ། །དེ་བཞིན་དུ་བརླ་ཡང་མིང་གི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།ཕྱིའི་ལྤགས་ལ་ལྤགས་བརྗོད་པ་ལས་བརླ་མི་ཐོགས།བར་གྱི་ཤ་ལ་ཤ་བརྗོད་པ་ལས་བརླ་མི་ཐོགས།ནང་གི་རུས་པ་ལ་རུས་པ་བརྗོད་པ་ལས་བརླ་མི་ཐོགས།རྩ་རྒྱུས་ལ་རྩ་རྒྱུས་བརྗོད་པ་ལས་བརླ་མི་ཐོགས།གསང་བ་རྐང་ལ་རྐང་བརྗོད་པ་ལས་བརླ་མི་ཐོགས།དེ་ལྟར་སོ་སོར་བྲལ་བ་ལ་བརླ་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་བརླ་བཏགས་པ་རེད་སྙམ་ན།སྲོག་ཆགས་ཤིག་གི་བརླ་བཅད་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་བརླ་མི་ཐོགས།དེ་ཉིད་ཆུ་ཡིས་སྦྲུས་པའི་འདག་པ་ལ་ཡང་འདག་པ་བརྗོད་པ་ལས་བརླ་མི་ཐོགས།དེའི་ཕྱིར་ན་བརླའི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན་ནོ། །དེ་བཞིན་དུ་རྗེ་ངར་ཡང་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།ཕྱིའི་ལྤགས་ལ་ལྤགས་བརྗོད་པ་ལས་རྗེ་ངར་མི་ཐོགས།བར་གྱི་ཤ་ལ་ཤ་བརྗོད་པ་ལས་རྗེ་ངར་མི་ཐོགས།ནང་གི་རུས་པ་ལ་རུས་པ་བརྗོད་པ་ལས་རྗེ་ངར་མི་ཐོགས།རྩ་རྒྱུས་ལ་རྩ་རྒྱུས་བརྗོད་པ་ལས་རྗེ་ངར་མི་ཐོགས།གསང་བ་རྐང་ལ་རྐང་བརྗོད་པ་ལས་རྗེ་ངར་མི་ཐོགས།དེ་ལྟར་སོ་སོར་བྲལ་བ་ལ་རྗེ་ངར་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་རྗེ་ངར་བཏགས་པ་ཡིན་སྙམ་ན།སྲོག་ཆགས་ཤིག་གི་རྗེ་ངར་བཅད་ནས་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་རྗེ་ངར་མི་ཐོགས།དེ་ཉིད་ཆུ་ཡིས་སྦྲུས་པའི་འདག་པ་ལ་ཡང་འདག་པ་བརྗོད་པ་ལས་རྗེ་ངར་མི་ཐོགས།དེའི་ཕྱིར་ན་རྗེ་ངར་གྱི་མིང་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན་ནོ། །ཕྱིའི་རི་བོ༴སོགས།མ་ཡིན།དེ་བཞིན་དུ་ཕྱི་སྣོད་ཀྱི་འཇིག་རྟེན་ལའང་རི་བོ་ལྟ་བུ་ལ་མཚོན་ན།རི་བོའི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།ས་ལ་ནི་ས་ཟེར་བ་ལས་རི་བོ་མི་ཐོགས།དེ་བཞིན་དུ་རྩྭ་ལ་རྩྭ་བརྗོད་པ་ལས་རི་བོ་མི་ཟེར།ཤིང་ལ་ཤིང་བརྗོད་པ་ལས་རི་བོ་མི་ཟེར།རྡོ་ལ་ནི་རྡོ་བརྗོད་པ་ལས་རི་བོ་མི་ཟེར།བྲག་ལ་བྲག་བརྗོད་པ་ལས་རི་བོ་མི་ཟེར།ཆུ་ལ་ཆུ་བརྗོད་པ་ལས་རི་བོ་མི་ཟེར།རླན་ལ་རླན་བརྗོད་པ་ལས་རི་བོ་མི་ཐོགས།དེ་ལྟར་སོ་སོར་བྲལ་བ་ལ་རི་བོ་མི་ཐོག་ཀྱང་།ལྷན་དུ་ཚོགས་པ་ལ་རི་བོ་བཏགས་པ་ཡིན་སྙམ་ན།ཆ་གཅིག་ཚུར་བཅད་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་ལ་བསྟན་ཀྱང་ས་བོང་རྡོ་བོང་བརྗོད་པ་ལས་རི་བོ་མི་ཐོགས།དེ་ཉིད་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་རི་བོ་མི་ཐོགས།ཆུ་ཡིས་སྦྲུས་པའི་འདག་པ་ལ་ཡང་འདག་པ་བརྗོད་པ་ལས་རི་བོ་མི་ཟེར།དེའི་ཕྱིར་ན་རི་བོའི་མིང་གི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན་ནོ། །ཁང་ཁྱིམ་གྱི༴སོགས།མ་གྲུབ་པ་ཡིན།དེ་བཞིན་དུ་ཁང་ཁྱིམ་གྱི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།ས་ལ་ནི་ས་བརྗོད་པ་ལས་ཁང་པ་མི་ཟེར།རྡོ་ལ་ནི་རྡོ་བརྗོད་པ་ལས་ཁང་པ་མི་ཟེར།རྩིག་པ་ལའང་རྩིག་པ་བརྗོད་པ༴ཀྭ་བ་ལ་ནི་ཀྭ་བ་བརྗོད་པ་ལས་ཁང་པ་མི་ཟེར།གཤམ་ལ་ནི་གཤམ་བརྗོད་པ་ལས་ཁང་པ་མི་ཟེར།གདུང་མ་ལ་གདུང་མ་བརྗོད་པ་ལས་ཁང་པ་མི་ཟེར།དེ་བཞིན་དུ་ཕྱི་ལ་ཕྱི་བརྗོད་པ་ལས་ཁང་པ་མི་ཟེར།ནང་ན་ནང་བརྗོད་པ་ལས་ཁང་པ་མི་ཟེར།དེ་ལྟར་སོ་སོར་བྲལ་བ་ལ་ཁང་པ་མི་ཐོགས་ཀྱང་།ལྷན་དུ་ཚོགས་པ་ལ་ཁང་པ་བཏགས་པ་ཡིན་སྙམ་ན།དེ་དག་དུམ་བུ་གཅིག་ཚུར་བཅད་ནས།འཛམ་བུའི་གླིང་གི་མི་ལ་བསྟན་ཀྱང་ས་བོང་རྡོ་བོང་བརྗོད་པ་ལས་ཁང་པ་མི་ཟེར།དེ་ཉིད་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དུ་ཕབ།རྡུལ་ཕྲན་ཆ་མེད་དུ་བཏང་ནས་ལྷོ་རྒྱལ་འཛམ་བུའི་གླིང་གི་མི་རྣམས་ལ་བསྟན་ཀྱང་རྡུལ་བརྗོད་པ་ལས་ཁང་པ་མི་ཐོགས།ཆུ་ཡིས་སྦྲུས་པའི་འདག་པ་ལའང་འདག་པ་བརྗོད་པ་ལས་ཁང་པ་མི་ཐོགས།དེའི་ཕྱིར་ན་ཁང་པའི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན་ནོ། །མི་རྟ་ཁྱི༴སོགས།དེས་སྟོན་ཏོ། །དེ་བཞིན་དུ་མི་དང་རྟ་དང་ཁྱིའི་གདགས་གཞིའི་སྟེང་དུ་ཚུགས་ཐུབ་ཏུ་གྲུབ་པ་ཞིག་ཡོད་པ་ཡིན་སྙམ་ན།མིག་ལ་མིག་བརྗོད་པ་ལས་མི་དང་རྟ་དང་ཁྱི་མི་ཐོགས།རྣ་བ་ལ་རྣ་བ་བརྗོད་པ་ལས་མི་དང་རྟ་དང་ཁྱི་མི་ཐོགས།སྣ་ལ་སྣ་བརྗོད༴ལྕེ་ལ་ལྕེ་བརྗོད༴དེ་དག་རྣམས་ཀྱི་ཕྱིའི་ལྤགས་ལ་ལྤགས་བརྗོད༴བར་གྱི་ཤ་ལ་ཤ་བརྗོད༴ཁྲག་ལ་ཁྲག་བརྗོད༴ནང་གི་རུས་པ་ལ་རུས་པ་བརྗོད༴གསང་བ་རྐང་ལ་རྐང་བརྗོད༴རྩ་ལ་རྩ་བརྗོད༴རྒྱུས་པ་ལ་རྒྱུས་པ་བརྗོད༴རྣམ་པར་ཤེས་པ་དང་བཅས་པ་ལའང་རང་རང་གི་མིང་བརྗོད་པ་ལས་མི་དང་རྟ་དང་ཁྱི་མི་ཐོགས།དེའི་ཕྱིར་ན་མི་རྟ་ཁྱི་དང་བཅས་པའི་མིང་གི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ལྟར་ཐམས་ཅད་དེས་ཀྱང་སྟོན་ཏོ་གསུངས་སོ། །དཔེར་ན་རྫས་རྣམས༴སོགས།བཞིན་ནོ། །དཔེར་ན་རྫས་རྣམས་ལའང་རྔ་ལྟ་བུ་ལ་མཚོན་ན།ཤིང་ལ་ཤིང་བརྗོད་པ་ལས་རྔ་མི་ཐོགས།ཀོ་བ་ལ་ཀོ་བ་བརྗོད༴ཕྱི་ལ་ཕྱི་བརྗོད༴ནང་ལ་ནང་བརྗོད་པ་ལས་རྔ་མི་ཐོག།དེའི་ཕྱིར་ན་རྔའི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན།དེ་བཞིན་དུ་གྲི་ཡང་ལྕགས་ལ་ལྕགས་བརྗོད་པ་ལས་གྲི་མི་ཐོགས།སོ་ལ་སོ་བརྗོད༴ལྟག་པ་ལ་ལྟག་པ་བརྗོད༴རྩེ་མོ་ལ་རྩེ་མོ་བརྗོད༴ཡུ་བ་ལ་ཡུ་བ༴དེའི་ཕྱིར་ན་གྲིའི་གདགས་གཞི་ཡུལ་མེད་དུ་སྟོང་སོང་བ་ཡིན།མིང་འགྱུར་བ་ཡང་དཔེར་ན་གྲི་ཡིས་འབུགས་བྱས་ཚེ་འབུགས་བརྗོད་པ་ལས་གྲི་ཟེར་བ་མ་ཡིན།འབུགས་ཀྱིས་ཁབ་བྱས་ཚེ་ཁབ་བརྗོད་པ་ལས་འབུགས་མི་ཟེར།དེ་བཞིན་དུ་མིང་སྔ་མ་ཐམས་ཅད་ཡུལ་མེད་དུ་སོང་བ་བཞིན།འདམ་བུ་གཅིག་ཁོག་སྟོང་ན་ཐམས་ཅད་སྟོང་པ་རུ་ཤེས་དགོས།དེའི་ཕྱིར་ན་དོན་ལ་ཐམས་ཅད་བློས་བཏགས་པ་ཙམ་ལས་བདེན་གྲུབ་ཅན་དུ་གྲུབ་པ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མེད་པའི་ཚུལ་ཤེས་པར་གྱིས་ཤིགདེ་ལྟར་གང་ཟག་གི་བདག་ཅེས་བྱ་བ་དང་།མིང་གི་གདགས་གཞི་བཙལ་བ་འདི་གཉིས་ཀ་བདག་གི་བླ་མ་འཕགས་མཆོག་ཐུགས་རྗེ་ཆེན་པོས་རྨི་ལམ་གྱི་སྐབས་སུ་གསུངས་པ་ལ་བརྟེན་ནས་བདག་གིས་རྟོགས་པ་ཡིན་ནོ་གསུངས་སོ། །དེ་ནས་སྟོང་པ་ལས་སྣང་ཕྱོགས་རྟེན་འབྲེལ་གྱི་རོལ་པར་འཆར་ཚུལ་ནི།སླར་ཡང་ཨོ་རྒྱན༴སོགས།སྣང་བ་ལྟ་བུའོ། །སླར་ཡང་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡེ་ཤེས་སྒྱུ་མའི་སྐུ་དང་མཇལ་བའི་ཚེ་ན་གདམས་པ་སྣང་བ་སྒྱུ་མར་སྦྱོང་བའི་གདམས་པ་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་དུ་ངོ་སྤྲོད་པ་ཡིན།དེ་ལ་ཨོ་རྒྱན་ཆེན་པོས།སྒྱུ་མ་སྨིག་རྒྱུ་རྨི་ལམ་གཟུགས་བརྙན་དང་། །དྲི་ཟའི་གྲོང་ཁྱེར་བྲག་ཆ་ལྟ་བུར་སྤྱོད། །ཆུ་ཟླ་ཆུ་བུར་མིག་ཡོར་སྤྲུལ་པ་སོགས། །ཤེས་བྱ་སྒྱུ་མའི་དཔེ་བཅུ་དེ་བཞིན་དུ། །འཁོར་འདས་ཆོས་རྣམས་ཁྱོད་ཀྱིས་ཤེས་པར་གྱིས། །གསུངས་པ་བཞིན།རྟེན་འབྲེལ་སྒྱུ་མའི་དཔེ་བཅུར་ངོ་སྤྲོད་པ་ནི།རྒྱུ་གཞི་དབྱིངས་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་ངར་འཛིན་གྱི་ཤེས་པ་དང་འཕྲལ་བྱུང་གི་རྣམ་པར་རྟོག་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་སྣ་ཚོགས་ཆོས་ཁམས་རྒྱ་མཚོའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།རྟེན་གང་ལ་བརྟེན་ན་གཞི་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་གཞི་དང་སྣ་ཚོགས་ཆོས་ཁམས་རྒྱ་མཚོའི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་སྣ་ཚོགས་ཆོས་ཁམས་རྒྱ་མཚོའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།དེའི་དཔེ་སྒྱུ་མ་ལྟ་བུ་ཞིག་ཡིན་ཏེ།དཔེར་ན་སྒྱུ་མ་མཁན་སྐྱེས་བུ་དེ་ཡུལ་ངམ་འབྲོག་འཇིགས་སུ་རུང་བ་ཤིང་ཚེར་མ་ཅན་དང་རྡོ་གསེག་མ་ཅན་རི་མཐོ་ལུང་ཟབ་ཅིག་ཏུ་ཕྱིན་ཏེ།ལྟད་མོ་མཁན་མང་པོ་ཞིག་བསྡུས་ནས།སྒྱུ་མའི་རྫས་སྔགས་ནམ་མཁའ་ལ་གཏོར་ནས་བསམ་བྱ་ནི།སྐྱ་མིའི་ཉིན་ལམ་བཅོ་བརྒྱད་ཀྱིས་བསྐོར་སའི་ཐང་ཆེན་པོ་ཞིག་གི་དབུས་སུ་མཁར་གྲུ་བཞི་དང་སྒོ་བཞི་དགུ་ཐོག་གན་ཛ་ར་དང་བཅུ་ཐོག་ཡོད་པ།ཕྱིའི་ལྕགས་རི་རིན་པོ་ཆེ་སྣ་ཚོག་ལས་གྲུབ་པས་བསྐོར་བའི་ནང་དུ་བཟོ་རིགས་ཆེན་པོ་བཅོ་བརྒྱད་ཡོད་པ།ས་གཞིའི་ཁམས་ཐམས་ཅད་མེ་ཏོག་དཀར་པོ་དང་དམར་པོ་དང་སེར་པོ་དང་ལྗང་ཁུ་དང་སྔོན་པོས་ཁེབས་པ།བྱ་དང་རི་དྭགས་སྤུ་སྡུག་མཛེས་ཤིང་ཡིད་དུ་འོང་བས་གང་བ།རྒྱ་བོད་ཧོར་གསུམ་གྱི་མི་དང་།རྟ་དང་།གླང་པོ་ཆེ་ལ་སོགས་པ་བསམ་གྱིས་མི་ཁྱབ་པའི་གྱེས་འདུ་རྒྱུན་མ་ཆོད་པ་ཞིག་བསམ་པས།ཕ་རོལ་བ་ལྟད་མོ་མཁན་རྣམས་ཀྱི་མིག་སྣང་ལ་དེ་བཞིན་དུ་སྣང་བ་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་ནམ་མཁའ་དྭངས་གསལ་འཆར་རུང་གི་ནུས་པ་ཅན་དང་།ཕ་རོལ་གྱི་མིག་གཟུགས་འཆར་རུང་གི་ནུས་པ་ཅན་དེ་ལ་རྒྱུ་བྱས།རྐྱེན་སྒྱུ་མའི་རྫས་སྔགས་དང་སྒྱུ་མ་མཁན་གྱི་བསམ་བྱ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་སྒྱུ་མའི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་ནམ་མཁའ་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་ནམ་མཁའ་དང་སྒྱུ་མའི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་སྒྱུ་མའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན་ནོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད༴སོགས།ལྟ་བུའོ། །དེ་ལ་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ་བ།ནང་གཡོ་བ་བཅུད་ཀྱི་སེམས་ཅན་གྲངས་མང་བ།བར་འདོད་ཡོན་ལྔའི་ཡུལ་སྣང་བཀོད་ལེགས་པ་དེ་དག་ཐམས་ཅད་མེད་བཞིན་དུ་ངར་འཛིན་གྱི་ཤེས་པའི་དབང་གིས་སྣང་བ་ནི་དཔེ་སྨིག་རྒྱུ་ལྟ་བུ་ཞིག་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་ནམ་མཁའ་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་ས་གཞིའི་ཁམས་སུ་དྲོད་གཤེར་འཛོམས་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་སྨིག་རྒྱུའི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་ནམ་མཁའ་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་ནམ་མཁའ་དང་སྨིག་རྒྱུའི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་སྨིག་རྒྱུའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན་ནོ། །ཡུལ་ལ་འདིར་རྩ་བ་དང་བསྟུན་ན།ཉིན་སྣང་རྨི་སྣང༴སོགས།ལྟ་བུའོ། །ཞེས་དགོས་པ་འདུག་སྟེ།རྩ་བར་ཚིག་འབྲུ་ཆད་སོང་བའང།ཡང་ན་འདིར་ནོར་བ་འདྲ་བས་དཔྱད།མཆན།མངོན་པར་ཞེན་པ་རྨི་ལམ་ན༴སོགས།ཡིན་ནོ། །དེ་ཡང་རྨི་ལམ་གྱི་སྐབས་སུ་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ།ནང་གཡོ་བ་བཅུད་ཀྱི་སེམས་ཅན་གྲངས་མང་བ།བར་འདོད་ཡོན་ལྔའི་ཡུལ་སྣང་བཀོད་ལེགས་པ་དེ་དག་ཐམས་ཅད་ལ་འདི་རྨི་ལམ་ཡིན།ངས་ཡུལ་གཞན་ཞིག་ན་ཡོད་པར་མི་བསམ་པར་བདེན་གྲུབ་ཅན་དུ་འཛིན་པ་ཡིན།དེ་བཞིན་དུ་བརྩིགས་པའི་མཁར་རྨོས་པའི་ཞིང་།བསགས་པའི་རྒྱུ་རྫས་ལོངས་སྤྱོད་ཐམས་ཅད་ལ།ངའི་ཕ་ཁུ་བཟང་པོའི་དུས་ནས་ཡིན་བསམ་པ་དང་།དེ་བཞིན་དུ་དགྲ་དང་གཉེན་དང་གནས་དང་ཡུལ་བདག་པོ་འདི་དང་འདིའོ་རུ་བཟུང་ནས་རྨི་ལམ་གྱི་ཡུལ་ལ་བདེན་ཞེན་གྱིས་འཆིང་བ་བཞིན་དུ་ཉིན་སྣང་དང་རྨི་སྣང་བར་སྲིད་དང་ཕྱི་མའི་སྣང་བ་ཐམས་ཅད་ལ་རྨི་ལམ་གྱི་སྣང་བ་བཞིན་དུ་མེད་བཞིན་སྣང་བ་ལ་བདེན་ཞེན་གྱི་དབང་གིས་འཁྲུལ་པ་ནི་དཔེ་རྨི་ལམ་ལྟ་བུ་ཞིག་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་གཞི་དབྱིངས་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་སྐྱེས་བུ་གཉིད་དུ་ཕྱོགས་པའི་ཤེས་ཉམས་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་རྨི་ལམ་གྱི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་གཞི་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་གཞི་དང་རྨི་ལམ་གྱི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་རྨི་ལམ་གྱི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན་ནོ། །ནང་ང་རུ་འཛིན་པའི་བདག་རྐྱེན་ལས༴སོགས།སྣང་བ་ལྟ་བུའོ། །དེ་ཡང་ང་མེད་པ་ལ་ང་རུ་བཟུང་།བདག་མེད་པ་ལ་བདག་ཏུ་བཟུང་བའི་བདག་ཤིག་ཚུར་བཅད་པའི་རྐྱེན་ལས།གཞན་སྣོད་བཅུད་དང་སྣང་བ་ཐ་དད་དུ་སྣང་བ་ནི་དཔེ་གཟུགས་བརྙན་ལྟ་བུ་ཞིག་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་མེ་ལོང་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་ཕ་རོལ་བའི་བྱད་དང་གཟུགས་བསྟན་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་གཟུགས་བརྙན་གྱི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་མེ་ལོང་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་མེ་ལོང་དང་གཟུགས་བརྙན་གྱི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་གཟུགས་བརྙན་གྱི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།བདག་འཛིན་གྱིས་ཀུན་ནས༴སོགས།སྣང་བ་ལྟ་བུའོ། །དེ་ལ་ང་མེད་པ་ལ་ང་རུ་བཟུང་།བདག་མེད་པ་ལ་བདག་ཏུ་འཛིན་པའི་བདག་འཛིན་གྱིས་ཀུན་ནས་དཀྲིས་པའི་དབང་གིས་གྲོང་ཁྱེར་དྲུག་གི་འཇིག་རྟེན་རེས་མོས་སུ་སྣང་བ་ནི་ཚེ་འདིའི་ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླང་བའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཤིག་བསགས་བསགས་ནས་འཆི་བའི་ནད་ཀྱིས་ཐེབས་ཏེ་ནང་དབུགས་སྲོག་གི་ཆད་ཀྱི་བར་དུ་ཉོན་མོངས་པ་ཞེ་སྡང་གིས་ཀུན་ནས་བསླང་བའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཤིག་ལ་སྲེད་ལེན་གྱིས་གསོས་ཐེབས་པ་ནི།མེ་གསོས་པ་ལ་སྦུད་པ་ཕོག་ཚེ་མེ་ལྕེ་དམར་ལྷབ་ཀྱིས་འབར་བ་བཞིན་དུ།དམྱལ་བའི་སྣང་བ་མེད་བཞིན་དུ་མཆེད་པ་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་འབྱུང་སྟེ།རྒྱུ་གཞི་དབྱིངས་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་འཆི་ཁའི་སྲེད་ལེན་གྱིས་གསོས་ཐེབས་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་དམྱལ་བའི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་གཞི་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་གཞི་དང་དམྱལ་བའི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་དམྱལ་བའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།ཚེ་འདིའི་ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཤིག་བསགས་བསགས་ནས་འཆི་བའི་ནད་ཀྱིས་ཐེབས་ཏེ།ནང་དབུགས་སྲོག་གི་ཆད་ཀྱི་བར་དུ་ཉོན་མོངས་པ་འདོད་ཆགས་ཀྱིས་ཀུན་ནས་བསླང་བའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཤིག་ལ་སྲེད་ལེན་གྱིས་གསོས་ཐེབས་པ་ནི།མེ་གསོས་པ་ལ་སྦུད་པ་ཕོག་ཚེ་མེ་ལྕེ་དམར་ལྷབ་ཀྱིས་འབར་བ་བཞིན་དུ།ཡི་དྭགས་ཀྱི་སྣང་བ་མེད་བཞིན་དུ་མཆེད་པ་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་གཞི་དབྱིངས་དྭངས་གསལ་འཆར་རུང་གི་ནུས་པས་ཅན་ལ་རྒྱུ་བྱས།རྐྱེན་འཆི་ཁའི་སྲེད་ལེན་གྱིས་གསོས་ཐེབས་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་ཡི་དྭགས་ཀྱི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་གཞི་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་གཞི་དང་ཡི་དྭགས་ཀྱི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་ཡི་དྭགས་ཀྱི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།ཚེ་འདིའི་ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླང་བའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཤིག་བསགས་བསགས་ནས་འཆི་བའི་ནད་ཀྱིས་ཐེབས་ཏེ།ནང་དབུགས་སྲོག་གི་ཆད་ཀྱི་བར་དུ་ཉོན་མོངས་པ་གཏི་མུག་གིས་ཀུན་ནས་བསླང་བའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཤིག་ལ་སྲེད་ལེན་གྱིས་གསོས་ཐེབས་པ་ནི།མེ་གསོས་པ་ལ་སྦུད་པ་ཕོག་ཚེ་མེ་ལྕེ་དམར་ལྷབ་ཀྱིས་འབར་བ་བཞིན་དུ།དུད་འགྲོའི་སྣང་བ་མེད་བཞིན་དུ་མཆེད་པ་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་གཞི་དབྱིངས་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་འཆི་ཁའི་སྲེད་ལེན་གྱིས་གསོས་ཐེབས་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་དུད་འགྲོའི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་གཞི་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་གཞི་དང་དུད་འགྲོའི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་དུད་འགྲོའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།ཚེ་འདིའི་ཉོན་མོངས་པ་དུག་ལྔ་དང་ཟག་བཅས་ཀྱི་དགེ་བ་བཅུ་འདྲེས་མར་སྤྱད་སྤྱད་ནས་འཆི་བའི་ནད་ཀྱིས་ཐེབས་ཏེ།ནང་དབུགས་སྲོག་གི་ཆད་ཀྱི་བར་དུ་ཟག་བཅས་ཀྱི་དགེ་བ་བཅུའམ།དུག་ལྔ་གང་རུང་ཞིག་ལ་སྲེད་ལེན་གྱིས་གསོས་ཐེབས་པ་ནི།མེ་གསོས་པ་ལ་སྦུད་པ་ཕོག་ཚེ་མེ་ལྕེ་དམར་ལྷབ་ཀྱིས་འབར་བ་བཞིན་དུ།མིའི་སྣང་བ་མེད་བཞིན་དུ་མཆེད་པ་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་གཞི་དབྱིངས་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་འཆི་ཁའི་སྲེད་ལེན་གྱིས་གསོས་ཐེབས་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་བའི་ཚེ་ན་རྟེན་འབྲེལ་མིའི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་གཞི་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་གཞི་དང་མིའི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་མིའི་སྣང་བ་མེད་བཞིན་འབྱུང་བ་ཡིན།ཚེ་འདིའི་ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླང་བའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཤིག་བསགས་བསགས་ནས་འཆི་བའི་ནད་ཀྱིས་ཐེབས་ཏེ།ནང་དབུགས་སྲོག་གི་ཆད་ཀྱི་བར་དུ་ཉོན་མོངས་པ་ཕྲག་དོག་གིས་ཀུན་ནས་བསླང་བའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཤིག་ལ་སྲེད་ལེན་གྱིས་གསོས་ཐེབས་པ་ནི།མེ་གསོས་པ་ལ་སྦུད་པ་ཕོག་ཚེ་མེ་ལྕེ་དམར་ལྷབ་ཀྱིས་འབར་བ་བཞིན་དུ།ལྷ་མིན་གྱི་སྣང་བ་མེད་བཞིན་དུ་མཆེད་པ་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་གཞི་དབྱིངས་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་འཆི་ཁའི་སྲེད་ལེན་གྱིས་གསོས་ཐེབས་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་ལྷ་མིན་གྱི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་གཞི་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་གཞི་དང་ལྷ་མིན་གྱི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་ལྷ་མིན་གྱི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།ཚེ་འདིའི་ཉོན་མོངས་པ་ང་རྒྱལ་དང་སེམས་འཛིན་གྱི་བསམ་གཏན་གཉིས་འདྲེས་མར་སྤྱད་སྤྱད་ནས་འཆི་བའི་ནད་ཀྱིས་ཐེབས་ཏེ།ནང་དབུགས་སྲོག་གི་ཆད་ཀྱི་བར་དུ་བསམ་གཏན་ཆེ་འབྲིང་ཆུང་གསུམ་གང་རུང་དང་།ཉོན་མོངས་པ་ང་རྒྱལ་གྱིས་ཀུན་ནས་བསླང་བའི་སྒོ་ནས་སྡིག་པ་མི་དགེ་བའི་ལས་ཤིག་ལ་སྲེད་ལེན་གྱིས་གསོས་ཐེབས་པ་ནི།མེ་གསོས་པ་ལ་སྦུད་པ་ཕོག་ཚེ་མེ་ལྕེ་དམར་ལྷབ་ཀྱིས་འབར་བ་བཞིན་དུ།ལྷའི་སྣང་བ་མེད་བཞིན་དུ་མཆེད་པ་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་གཞི་དབྱིངས་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་འཆི་ཁའི་སྲེད་ལེན་གྱིས་གསོས་ཐེབས་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་ལྷའི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་གཞི་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་གཞི་དང་ལྷའི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་ལྷའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།དེའི་དཔེ་ནི་དྲི་ཟའི་གྲོང་ཁྱོར་ལྟ་བུ་ཞིག་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་ནམ་མཁའ་དྭངས་གསལ་འཆར་རུང་གི་ནུས་པ་ཅན་དེ་དང་།བསམ་གཏན་བསྒོམ་པའི་སྐྱེས་བུ་ཆུ་ཁམས་པའི་སྣང་ཉམས་ལ་རྒྱུ་བྱས།རྐྱེན་ནུབ་ཁའི་ཐང་དང་ཕོར་པ་རླན་གཤེར་གྱི་མཚམས་སུ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་དྲི་ཟའི་གྲོང་ཁྱེར་གྱི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་ནམ་མཁའ་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་ནམ་མཁའ་དང་དྲི་ཟའི་གྲོང་ཁྱེར་གྱི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་དྲི་ཟའི་གྲོང་ཁྱེར་གྱི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།འདོད་ཡོན་གྱི་སྣང་བ༴སོགས།ལྟ་བུའོ། །དེ་ལ་འདོད་ཡོན་གྱི་སྣང་བ་མིག་གི་ཡུལ་དུ་གཟུགས།རྣ་བའི་ཡུལ་དུ་སྒྲ།སྣའི་ཡུལ་དུ་དྲི།ལྕེའི་ཡུལ་དུ་རོ།ལུས་ཀྱི་ཡུལ་དུ་རེག་བྱར་སྣང་བ་དེ་དག་ཐམས་ཅད་གདོད་ནས་མ་གྲུབ་པ་ལ་མིག་གིས་གཟུགས་མཐོང་།རྣ་བས་སྒྲ་ཐོས།སྣ་ཡིས་དྲི་ཚོར།ལྕེ་ཡིས་རོ་མྱོང།ལུས་ཀྱིས་རེག་བྱར་ཚོར་བའི་སྣང་བ་ཐམས་ཅད་ནི་དཔེ་བྲག་ཆ་ལྟ་བུ་ཞིག་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་བྲག་མཐོ་ཞིང་ངོ་ཁོད་སྙོམས་པ་དང་།ཕ་རོལ་བའི་རྣ་བ་ལ་རྒྱུ་བྱས།རྐྱེན་ཀྭིས་བཏབ་པ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་བྲག་ཆའི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་བྲག་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་བྲག་དང་བྲག་ཆུའི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་བྲག་ཆའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།དེ་ཡང་བདག་མེད་པ་ལ་བདག་ཅིག་ཚུར་བཟུང་།གཞན་མེད་པ་ལ་གཞན་ཞིག་ཕར་བཅད་པའི་སྣང་བ་ཉིད་དོ། །སྣང་བ་ཐམས་ཅད༴སོགས།ལྟ་བུའོ། །སྣང་བ་རྒྱ་ཆེ་ཞིང་གྲངས་མང་བ་ཇི་ལྟར་དུ་སྣང་ཡང་ཐམས་ཅད་གཞི་ལས་མི་གཞན་པར་གཞི་རང་གི་ཆོས་ཉིད་དུ་རོ་གཅིག་པ་ནི་དཔེ་རྒྱ་མཚོའི་གཟའ་སྐར་ལྟ་བུ་ཞིག་ཡིན།དེ་ལ་རྒྱ་མཚོའི་ནང་དུ་གཟའ་སྐར་གྱི་སྣང་བ་རྒྱ་ཆེ་ལ་གྲངས་མང་བ་ཇི་ལྟར་དུ་ཤར་ཡང་།རྒྱ་མཚོ་ལས་མི་གཞན་པ་ཆུ་ཉིད་དུ་རོ་གཅིག་པ་ལྟ་བུ་ཞིག་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་བྱུང་སྟེ།རྒྱུ་རྒྱ་མཚོ་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་ནམ་མཁའ་དང་གཟའ་སྐར་དུས་འཛོམ་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་གཟའ་སྐར་གྱི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་རྒྱ་མཚོ་ལ་བརྟེན་།འབྲེལ་སུ་དང་འབྲེལ་ན་རྒྱ་མཚོ་དང་གཟའ་སྐར་གྱི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་གཟའ་སྐར་གྱི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།གཞི་དབྱིངས་ཁྱབ་བརྡལ༴སོགས།ལྦུ་བ་བརྡོལ་བ་ལྟ་བུའོ། །གཞི་དབྱིངས་ཁྱབ་བརྡལ་ནམ་མཁའི་འཁོར་ཡུག་ཡུལ་མེད་ཟང་ཐལ་ཆེན་པོ།གཞི་མེད་རྩ་བྲལ་གྱི་རོལ་པ།འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་ཆེན་པོ་དེ་ལ་ངར་འཛིན་གྱི་དབང་གིས་ཕ་རི་ལ་ལྟོས་ནས་ཚུར་རི་གྲུབ་པ་དང་།ཚུ་རི་ལ་ལྟོས་ནས་ཕ་རི་གྲུབ་པས་བདག་གཞན་བདེན་གྲུབ་ཏུ་སྣང་བ་ནི་དཔེ་ཆུ་བུར་ལྟ་བུའོ། །དཔེར་ན་ཆུ་ཉིད་ལ་ཆུ་ལས་གཞན་མ་གྲུབ་པ་ལས་ལྦུ་བ་རྡོལ་ཚེ་ཆུ་དང་ལྦུ་བ་གཉིས་སུ་སྣང་བ་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་འབྱུང་སྟེ།རྒྱུ་རྒྱ་མཚོ་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་ཕ་རོལ་པོའི་ཐབས་ཀྱིས་དཀྲུགས་པ་དང་རང་བཞིན་རླབས་ཀྱིས་དཀྲུགས་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་ཆུ་བུར་གྱི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་རྒྱ་མཚོ་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་རྒྱ་མཚོ་དང་ཆུ་བུར་གྱི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་ཆུ་བུར་གྱི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།དཔེར་ན་ནམ་མཁའ་ལ་ནམ་མཁའ་སྟོང་པ་ཁྱབ་བརྡལ་ལས་གཞན་མེད་ཀྱང་འཇའ་ཚོན་ཤར་ཚེ་འཇའ་དང་ནམ་མཁའ་སོ་སོར་སྣང་ཡང་དོན་ལ་ནམ་མཁའ་ལས་གཞན་མེད་པ་ལྟ་བུའོ། །དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་འབྱུང་སྟེ།རྒྱུ་ནམ་མཁའ་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་སྣང་ཉི་མ་མུན་སྤྲིན་རླན་ཆར་གསུམ་འཛོམ་པ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་འཇའ་ཚོན་གྱི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་ནམ་མཁའ་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་ནམ་མཁའ་དང་འཇའ་ཚོན་གྱི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་འཇའ་ཚོན་གྱི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།གཞི་དབྱིངས་སྟོང་པའི༴སོགས།སྣང་བ་ལྟ་བུའོ། །གཞི་དབྱིངས་སྟོང་པ་དྭངས་གསལ་གྱི་ཆ་དེ་ལ་བདག་མེད་པ་ལ་བདག་ཏུ་སྣང་བའི་བདག་སྣང་དེ་ཡིད་ཀྱི་ཤེས་པས་གཅུན་ཏེ།བརྟན་པ་ཐོབ་པའི་སྟོབས་ཀྱིས་འཁྲུལ་སྣང་སྣ་ཚོགས་སུ་སྣང་བ་ནི་དཔེ་མིག་ཡོར་སྣང་བ་ལྟ་བུའོ། །དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་འབྱུང་སྟེ།རྒྱུ་མིག་དྭངས་གསལ་འཆར་རུང་གི་ནུས་པ་ཅན་ལ་རྒྱུ་བྱས།རྐྱེན་མིག་རྩ་མཛུབ་མོས་གཅུར་བའམ།རྩ་ཁམས་ལས་རླུང་གིས་བསྒྱུར་བ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་མིག་ཡོར་གྱི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་མིག་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་མིག་དང་མིག་ཡོར་གྱི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་མིག་ཡོར་གྱི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།ངར་འཛིན་གྱི༴སོགས།མ་གྲུབ་པ་ལྟ་བུའོ། །ངར་འཛིན་གྱི་ཤེས་པ་ཆུ་སྣོད་ལྟ་བུའི་ངོར་བདེ་གཤེགས་སྙིང་པོ་དབྱིངས་ཀྱི་སྤྲུལ་པ་གཞི་ལས་སྣ་ཚོགས་པའི་སྣང་བ་ཐམས་ཅད་སྣང་ཡང་གཞི་ལས་མ་གཡོས་ཤིང་གཞི་ལ་སྣང་བ་བདེན་གྲུབ་ཏུ་མ་བྱུང་བ་ནི་དཔེ་སྤྲུལ་པ་ལྟ་བུའོ། །དཔེར་ན་སྤྲུལ་བསྒྱུར་གྱི་ཏིང་ངེ་འཛིན་ལ་མངའ་དབང་བསྒྱུར་བའི་སྐྱེས་བུ་དེ་སྤྲུལ་བསྒྱུར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ་ན་སྤྲུལ་པ་འགྱེད་སྙམ་གྱི་བློ་དང་ཕ་རོལ་བའི་མིག་ལམ་དུ་སྤྲུལ་པ་སྣ་ཚོགས་ཤིག་སྣང་བར་བསམ་པ་ཡོད་པ་མིན་ཀྱང་།སྤྲུལ་བསྒྱུར་གྱི་ཏིང་ངེ་འཛིན་ལ་མངའ་དབང་བསྒྱུར་བའི་སྐྱེས་བུ་དེ་སྤྲུལ་བསྒྱུར་གྱི་ཏིང་ངེ་འཛིན་ལ་སྙོམས་པར་ཞུགས་པའི་ཚེ་ན་སྤྲུལ་པ་སྣ་ཚོགས་སུ་སྣང་ཡང་།དོན་ལ་སྤྲུལ་པ་གཞི་རྩ་དང་བྲལ་ཞིང་དངོས་ཡུལ་མ་གྲུབ་པ་ལྟ་བུ་ཞིག་ཡིན།དེ་ཡང་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ལས་འབྱུང་སྟེ།རྒྱུ་ནམ་མཁའ་དྭངས་གསལ་འཆར་རུང་གི་ནུས་པ་ཅན་དེ་དང་།སྤྲུལ་བསྒྱུར་གྱི་སྐྱེས་བུ་དེ་ལ་རྒྱུ་བྱས།རྐྱེན་ཕ་རོལ་བའི་མིག་དང་སྤྲུལ་བསྒྱུར་གྱི་ཏིང་ངེ་འཛིན་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་སྤྲུལ་པའི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་ནམ་མཁའ་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་ནམ་མཁའ་དང་སྤྲུལ་པའི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་སྤྲུལ་པའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།དེ་ལྟར་སྒྱུ་མའི་དཔེ་བཅུར་བསྟན་པ་བཞིན་ཆོས་ཐམས་ཅད་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་ཁོ་ནར་བྱུང་བ་མ་གཏོགས་བདེན་པར་གྲུབ་པ་ནི་རྡུལ་ཕྲ་རབ་ཙམ་ཞིག་ཀྱང་ཡོད་པ་མ་ཡིན་ཏེ།ཐུབ་པའི་དབང་པོས།རྟེན་ཅིང་འབྲེལ་འབྱུང་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །དེ་ཕྱིར་སྟོང་ཉིད་མ་གཏོགས་པའི། །ཆོས་འགའ་ཡོད་པ་མ་ཡིན་ནོ། །ཞེས་གསུངས་སོ། །རིག་པ་ཆོས་ཉིད་ཀྱི་ངང་ལས་ཀྱཻ་རིག་རྩལ་འགགས་མེད་ཀྱི་ངང་ལས་བཙས་པའི་ཁྱེའུ་ཆུང་བསམ་དུ༴སོགས།གྱུར་ཏོ། །གཉིས་པ་དངོས་པོའི་རྟག་འཛིན་བཤིག་པ་ནི།ཡང་རིག་འཛིན་བདུད་འདུལ་རྡོ་རྗེ༴སོགས།མ་ཕམ་པའོ། །ཡང་རིག་འཛིན་བདུད་འདུལ་རྡོ་རྗེས་ཞལ་མངོན་སུམ་དུ་གཟིགས་ནས།རྡོ་རྗེ་རྟག་པའི་རྡོ་རྗེའོ། །དོན་འདི་ནམ་མཁའ་ཉིད་དུ་ལྟོས། །གསུངས་ཏེ།རིག་པ་སེམས་ཀྱི་རྡོ་རྗེ་འདི་ནི་འདས་མ་འོངས་ད་ལྟ་དུས་གསུམ་ཀུན་ཏུ་འགྱུར་བ་མེད་པས་ན་རྟག་པའི་རྡོ་རྗེའོ་གསུངས་ཤིང་།དེས་དོན་ནི་ནམ་མཁའ་རྣམ་པར་མི་རྟོག་པའི་དབྱིངས་འདི་ཉིད་ཡིན་ཏེ།དེ་ལ་ཕྱིའི་ནམ་མཁའ་དང་།ནང་གི་ནམ་མཁའ་དང་།གསང་བ་རྣམ་པར་མི་རྟོག་པའི་ནམ་མཁའ་དང་གསུམ།དེ་ཡང་ཕྱིའི་ནམ་མཁའ་ནི།ཕྱི་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ་བ།ནང་གཡོ་བ་བཅུད་ཀྱི་སེམས་ཅན་གྲངས་མང་བ།བར་འདོད་ཡོན་ལྔའི་ཡུལ་སྣང་བཀོད་ལེགས་པ།བདག་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད།སེམས་ཅན་རང་ཁ་མ་རྣམས་ཀྱི་སེམས་དང་སྣང་བས་བསྡུས་པའི་ཆོས་ཐམས་ཅད་ནི་ཕྱིའི་ནམ་མཁའ་སྟེ།དེ་ཉིད་རྒྱལ་བའི་བཀའ་ཚད་མ།བླ་མ་དམ་པའི་མན་ངག་ཚད་མ།རང་གི་རིག་པ་ཚད་མ་རྣམ་པ་གསུམ་གྱི་སྒོ་ནས་གཏན་ལ་ཕབ་ནས།མེད་པ་དང་མ་གྲུབ་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་ནི་ནང་གི་ནམ་མཁའ་སྟེ།ཕྱིའི་ནམ་མཁའ་དང་ནང་གི་ནམ་མཁའ་གཉིས་གསལ་སྟོང་གཉིས་སུ་མི་ཕྱེད་པའི་རང་གི་རིག་པ་ཆོས་སྐུ་ཆེན་པོར་རོ་གཅིག་ཏུ་རྟོགས་པ་ནི་གསང་བ་རྣམ་པར་མི་རྟོག་པའི་ནམ་མཁའ་ཡིན་ནོ། །སླར་ཡང་དེའི་དོན་བཀྲོལ་ནས་གསུངས་པ་ནི།ཀྱཻ་ཧོ་ནི་འབོད་པའི་ཚིག་ཡིན།ནམ་མཁའ་སྟོང་པ་འདི་ནི་སྣོད་བཅུད་ཐམས་ཅད་ཀྱི་འཆར་གཞི་ཡིན་ཏེ།དཔེར་ན་གཟུགས་བརྙན་ཐམས་ཅད་ཀྱི་འཆར་གཞི་མེ་ལོང་ཡིན་པ་དང་།གཟུགས་བརྙན་ཐམས་ཅད་མེ་ལོང་གི་རོལ་པ་སྟེ།མེ་ལོང་ལས་གཞན་པའི་གཟུགས་བརྙན་དུ་གྲུབ་པ་ཡོད་པ་མ་ཡིན།ཆུ་ཟླ་ཐམས་ཅད་ཀྱི་འཆར་གཞི་ཆུ་ཡིན་པ་དང་།ཆུ་ཟླ་ཐམས་ཅད་ཆུའི་རོལ་པ་སྟེ།ཆུ་ལས་གཞན་པའི་ཆུ་ཟླ་རུ་གྲུབ་པ་ཡོད་པ་མ་ཡིན།འཇའ་ཚོན་ཐམས་ཅད་ཀྱི་འཆར་གཞི་ནམ་མཁའ་ཡིན་པ་དང་།འཇའ་ཚོན་ཐམས་ཅད་ནམ་མཁའི་རོལ་པ་སྟེ།ནམ་མཁའ་ལས་གཞན་པའི་འཇའ་ཚོན་དུ་མ་གྲུབ་པ་བཞིན་དུ།སྣོད་བཅུད་ཐམས་ཅད་ཀྱི་འཆར་གཞི་ནམ་མཁའ་ཡིན་པ་དང་།སྣོད་བཅུད་ཐམས་ཅད་ནམ་མཁའི་རོལ་པ་སྟེ།ནམ་མཁའ་ལས་གཞན་པའི་སྣོད་བཅུད་དུ་གྲུབ་པ་ཡོད་པ་མ་ཡིན།ནམ་མཁའ་འདི་རྡོ་རྗེའི་ཆོས་བདུན་དང་ལྡན་པ་ཞིག་ཡིན་ཏེ།ནམ་མཁའ་འདི་ལ་འགྲོ་བ་ལྷ་དང་བཅས་པ་བདུད་དང་བཅས་པའི་མཚོན་ཆ་འབུམ་ཕྲག་རི་བ་དུ་མས་བཏབ་ཀྱང་རྨ་མི་འབྱུང་བས་ན་མི་ཆོད་པ།ནམ་མཁའ་འདི་ལ་རང་ངོས་ནས་མི་འགྱུར་བ་དང་ཕ་རོལ་བའི་རྐྱེན་གྱིས་བཤིག་མི་ཐུབ་པས་ན་མི་ཤིགས་པ།ནམ་མཁའ་འདི་འཁོར་འདས་ཐམས་ཅད་ཀྱི་མཆེད་གཞིར་གནས་ཀྱང་ནམ་མཁའ་རང་གི་ངོ་བོར་འགྱུར་བ་མེད་པས་ན་བདེན་པ།ནམ་མཁའ་འདི་ལ་སེམས་ཅན་ངན་པའི་སྐྱོན་དང་།སངས་རྒྱས་བཟང་པོའི་ཡོན་ཏན་དང་།ཁ་དོག་བཟང་ངན་གྱི་བསླད་མི་འཇུག་པས་ན་སྲ་བ།ནམ་མཁའ་འདི་ལ་དུས་ཀྱིས་མི་འཕོ་བ་དང་།གནས་ཀྱིས་མི་འཕོ་བ་སྟེ་འགྱུར་བ་མེད་པས་ན་བརྟན་པ།ནམ་མཁའ་འདི་རྡུལ་ཕྲ་རབ་ཡན་ཆད་ཀྱི་ཁོངས་སུ་མ་ཞུགས་པ་མེད་པས་ན་ཐམས་ཅད་ནམ་མཁའི་རོལ་པར་འབིག་པས་ཐོགས་པ་མེད་པ།ནམ་མཁའ་འདི་ལ་གཞན་གང་གི་གནོད་པས་མི་ཚུགས་པས་ན་ཐམས་ཅད་ལས་མ་ཕམ་པ་སྟེ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་ཡིན།རྫས་གཞན་གང་ལའང༴སོགས།བྱས་མ་བྱས་དང་།ཀུན་རྫོབ་རྫས་ཀྱི་རྡོ་རྗེ་ལའང་རྣམ་པ་གསུམ།བྲམ་ཟེའུ་ཞོ་འཐུང་གི་རུས་པ་ལས་བྱས་པའི་ཚངས་པའི་འཁོར་ལོ།རཱ་ཧུ་ལའི་མདའ་གཞུ།བརྒྱ་བྱིན་གྱི་རྡོ་རྗེ།དབང་ཕྱུག་གི་རྩེ་གསུམ་རྣམས་ལ་རྡོ་རྗེའི་ཆོས་བདུན་དང་ལྡན་ཟེར་ཡང་།རི་རབ་ཀྱི་ཁོང་གསེང་ནས་བྲམ་ཟེའུ་ཞོ་འཐུང་ཟེར་བ་ཚེ་དུས་ལས་འདས་པའི་རུས་པ་ཞུ་བཏུལ་བྱས་ནས་ཕྱག་མཚན་གྱི་རྣམ་པར་བཟོས་ནས་འཁོར་ལོ་སོགས་བྱས་ཚེ།དེ་ལ་རྡོ་རྗེའི་ཆོས་བདུན་མི་དགོས་ཆོས་གཅིག་གི་མཚན་ཉིད་ཀྱང་ཚང་བ་མ་ཡིན།གཉན་ཆེན་ཐང་ལྷའི་བྱང་ཕྱོགས་ན་རྡོ་རྗེ་ཕ་ལམ་ཟེར་བ་ཞིག་ཡོད་ཀྱང་།དེ་དང་པོ་གཅིག་བཅག་ཚེ་ཟླུམ་པོ།གཉིས་བཅག་ཚེ་གྲུ་བཞི།གསུམ་བཅག་ཚེ་ཟླ་གམ།བཞི་བཅག་ཚེ་གྲུ་གསུམ།དེ་ཕན་ཆད་རྐྱེན་གང་གིས་ཀྱང་འཇིག་མི་ནུས་ཟེར་ཡང།དེ་གཅིག་ལས་དུ་མར་འབྱུང་ཚེ་རྡོ་རྗེའི་ཆོས་བདུན་མི་དགོས་ཆོས་གཅིག་ཀྱང་མི་ཚང་།རྒྱ་ནག་བེ་ཅོན་ན་ལྕགས་རྡོ་རྗེ་ཕ་ལམ་ཟེར་བ་ཞིག་ཡོད་ཀྱང་།དེ་འབྱུང་བ་མེ་མ་གཏོགས་གང་གིས་ཀྱང་བཞུ་བཏུལ་བྱེད་ནུས་པ་མ་ཡིན་ཟེར་ཡང་།འབྱུང་བ་མེས་བཞུ་བཏུལ་བྱེད་ནུས་པའི་ཚེ་ན་རྡོ་རྗེའི་ཆོས་བདུན་མི་དགོས་ཆོས་གཅིག་གི་མཚན་ཉིད་ཀྱང་མི་ཚང་།དེ་བཞིན་དུ་རྫས་གཞན་གང་ལའང་མཚོན་གྱིས་བཏབ་ཚེ་རྨ་འབྱུང་བས་ན་མི་ཆོད་པའི་མཚན་ཉིད་མི་ཚང་ཞིང་ཆོད་པ་དང་བཅས་པ་ཞིག་ཡིན།གཞན་རྐྱེན་གྱིས་གཞོམ་ཞིང་འཇིག་ནུས་པས་ན་མི་ཤིགས་པའི་མཚན་ཉིད་མི་ཚང་ཞིང་འཇིག་པ་དང་བཅས་པ་ཞིག་ཡིན།གཅིག་དང་གཉིས་གསུམ་དུ་མར་འགྱུར་བས་ན་བདེན་པའི་མཚན་ཉིད་མི་ཚང་ཞིང་རྫུན་པ་དང་བཅས་པ་ཞིག་ཡིན།ཁ་དོག་དཀར་པོ་དང་སེར་པོ་དམར་པོ་ཁྲ་ཁྲ་དང་སོལ་ཁུ་ལ་སོགས་པའི་ནག་པོ་རྣམས་ཀྱིས་བསླད་འཇུག་པས་སྲ་བའི་མཚན་ཉིད་མི་ཚང་ཞིང་མི་སྲ་བ་དང་བཅས་པ་ཞིག་ཡིན།དུས་ལས་འཕོ་བ་དང་།གནས་ལས་འཕོ་བ་སྟེ་གཡོ་འགུལ་བརྟན་གནས་མེད་པས་ན་བརྟན་པའི་མཚན་ཉིད་མི་ཚང་ཞིང་མི་བརྟན་པ་དང་བཅས་པ་ཞིག་ཡིན།དངོས་པོ་ཅན་ཐམས་ཅད་གང་ལ་ཐོགས་པ་དང་བཅས་པ་ཡིན་པས་ན་ཐོགས་པ་མེད་པའི་མཚན་ཉིད་མི་ཚང་ཞིང་ཐོགས་པ་དང་བཅས་པ་ཞིག་ཡིན།རྐྱེན་གཞན་གྱིས་སྟོང་པར་བྱེད་ནུས་པས་ན་མ་ཕམ་པའི་མཚན་ཉིད་མི་ཚང་ཞིང་ཕམ་པ་དང་བཅས་པ་ཞིག་ཡིན།དེ་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་དུས་ཉིད་ནས་མེད་པ་དང་མ་གྲུབ་པའི་མཚན་ཉིད་ཅན་དེ་དག་ནི་སྣང་དུས་ཉིད་ནས་སྟོང་པ་གཞི་རྩ་དང་བྲལ་བའི་དོན་གྱིས་ཡིན་ཏེ།དེ་ལ་དངོས་པོ་རགས་པ་རྡོ་ལྟ་བུ་ཞིག་ཕྱེ་མར་འཐག་ནས་རྡུལ་དུ་ཕབ་པས་རྡུལ།རྡུལ་བདུན་ཆར་བཏང་བས་རྡུལ་ཕྲན།རྡུལ་ཕྲན་བདུན་ཆར་བཏང་བས་ཆ་མེད།ཆ་མེད་ཅང་མེད་སྟོང་བའི་རང་བཞིན་མེད་དང་མ་གྲུབ་པའི་མཚན་ཉིད་དེ་དག་ནི་སྣང་དུས་ཉིད་ནས་སྟོང་པ་གཞི་རྩ་དང་བྲལ་བ་ཞིག་ཡིན།དངོས་པོ་རགས་པ་དེ་ཡང་ལག་པའི་འདུ་བྱེད་ཀྱི་བྱ་བ་དང་བྱེད་པས་མེད་པར་བཏང་བ་ལས།དང་པོ་ཡོད་པ་རེད་སེམས་ན་རྨི་ལམ་གྱི་སྐབས་སུ་དངོས་པོ་རགས་པ་རྡོ་ལྟ་བུ་ཞིག་ཕྱེ་མར་འཐག་ནས་རྡུལ་དུ་ཕབ་པས་རྡུལ།རྡུལ་བདུན་ཆར་བཏང་བས་རྡུལ་ཕྲན།རྡུལ་ཕྲན་བདུན་ཆར་བཏང་བས་ཆ་མེད།ཆ་མེད་ཅང་མེད་སྟོང་པ་ཞིག་བྱེད་པ་རྨིས་ཀྱང་།དེ་རིང་ཉིན་མོའི་སྐབས་སུ་སྣང་བ་དེ་དང་པོ་མཐོང་བ་དང་།བར་དུ་རེག་པ་དང་།མཐའ་མ་ཁ་དང་ལག་པས་བྱ་བ་བྱེད་ནས་རྡུལ་དུ་ཕབ་པས་རྡུལ།རྡུལ་བདུན་ཆར་བཏང་བས་རྡུལ་ཕྲན།རྡུལ་ཕྲན་བདུན་ཆར་བཏང་བས་ཆ་མེད།ཆ་མེད་ཅང་མེད་སྟོང་པ་ཞིག་བྱེད་མ་མྱོང་བས་ན་དེས་ཀྱང་སྟོན་པ་ཡིན་ནོ། །རྡོ་རྗེ་ཆོས་བདུན་གྱི་སྒོ་ནས་གཏན་ལ་ཕབ་པ་སོང་ངོ་། །ཤེས་པ་མཆེད་འགགས་ཀྱི་སྒོ་ནས་གཏན་པ་ཕབ་པ་ནི།མིག་འབྱེད་བཙུམ་དང་༴སོགསམི་འགྱུར་རོ། །མིག་འབྱེད་བཙུམ་དང་གོམ་པ་འདེགས་འཇོག་གི་སྐབས་མེད་བཞིན་དུ་སྣང་།སྣང་བཞིན་དུ་འགགས།འགགས་བཞིན་དུ་མཆེད་པར་འགྱུར་བའི་ཆོས་ཅན་ཡིན།དེས་ན་སྔ་མ་འགགས་ཤིང་ཡལ་ཏེ་ཕྱེས་མཆེད་པ་མ་ཡིན་ཏེ།ཡུལ་གཞན་དུ་སོང་ཚེ་ལམ་ཁ་ལ་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཇི་ལྟར་སྣང་ཡང་ཕྱིར་ལོག་ཚེ་སྔ་མ་ལྟར་ཐམས་ཅད་བདེན་གྲུབ་ཅན་དང་གནས་ཁང་ཕྱི་ནང་གི་མཆེད་འགགས་ཀྱི་སྣང་བ་སྔར་བཞིན་བདེན་གྲུབ་ཏུ་ཡོད་པར་བསམ་ན། །མདང་རྨི་ལམ་གྱི་སྐབས་སུ་ལུང་པའི་ཚུར་ངོས་ནས་ཕར་ངོས་སུ་བགྲོད་དུས་ལམ་ཁ་རུ་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ཇི་ལྟར་དུ་སྣང་ཡང་ཕྱིར་འོང་སྐབས་སྔ་མ་ལྟར་བདེན་གྲུབ་ཅན་དང་གནས་ཁང་ཕྱི་ནང་གི་རྒྱུ་རྫས་ལོངས་སྤྱོད་ཐམས་ཅད་ཕྱི་ནང་གི་མཆེད་འགགས་ཀྱི་སྣང་བ་སྔར་བཞིན་བདེན་གྲུབ་ཏུ་ཡོད་པ་ཞིག་རྨིས་ཀྱང་།དེ་རིང་ཉིན་མོའི་སྐབས་སུ་སྣང་བ་དེ་དག་གོང་བཞིན་གཅིག་ཀྱང་གྲུབ་མ་མྱོང་བས་དེས་ཀྱང་སྟོན་པ་ཡིན།དཔེར་ན་མི་ཞིག་གི་ལྷམ་ཆུས་ཁྱེར་སོང་ན།སང་ཕོད་རོག་པ་ཞིག་དང་གཉིས་ཀ་ཆུ་ཁ་དེར་ཐོན་ཚེ།སྔར་ལྷམ་བོར་བའི་མི་དེས་ངའི་ལྷམ་འདི་ནས་ཆུས་ཁྱེར་ཟེར།རོག་པ་དེས་ཆུ་འདིས་ཁྱེར་མ་མྱོང་ཟེར་ཡང་དེ་བདེན་ཏེ།ཅིའི་ཕྱིར་ཞེ་ན་བདག་པོ་ཕ་རི་ནས་ཚུ་རིར་ཕྱིན་ཚེ་ལྷམ་ཁྱེར་བའི་ཆུ་སོང་ཚར་བ་ཡིན།དེ་བཞིན་དུ་ས་ཐོབ་ཀྱི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་དར་གྱི་ཆོ་ལུང་གནམ་ལ་བཀྱག་ནས་ས་ལ་བརྡབ་པའི་བར་ལ་བསྐལ་ཆེན་ཞིག་ཆགས་འཇིག་བྱེད་པ་མཁྱེན་པ་ཡིན།དེ་བཞིན་དུ་རྣལ་འབྱོར་པས་ཀྱང་ཉིན་ཞག་ཕྲུག་གཅིག་གི་བསྐལ་ཆེན་ཞིག་ཆགས་འཇིག་བྱེད་པ་ཡིན་པའི་ཚུལ་ནི་གོ་དགོས་ཏེ།སློབ་དཔོན་ཨཱཪྻ་དེ་ཝས།ཤེས་རབ་ཆུང་ངུས་ཆོས་འདི་ལ། །ཐེ་ཚོམ་ཙམ་ཞིག་ཟ་མི་སྲིད།ཐེ་ཚོམ་ཙམ་ཞིག་ཟོས་གྱུར་ན། །སྲིད་པ་ཧྲུལ་པོར་བྱེད་པར་འགྱུར། །ཅེས་གསུངས་པ་བཞིན་དུ།སེ་གོལ་ཞིག་གཏོགས་པའི་ཡུན་ལ་དུས་མཐའི་སྐད་ཅིག་མ་དང་།དུས་མཐའི་སྐད་ཅིག་མའི་ཆ་གཅིག་དེ་དྲུག་ཅུར་ཕྱེ་བ་ཐང་ཅིག།ཐང་ཅིག་གི་ཆ་གཅིག་བཞི་བཅུར་ཕྱེ་བ་ཡུད་ཙམ་སྟེ།ཡུད་ཙམ་ཞིག་ལའང་བསྐལ་པ་ཆགས་འཇིག་འགྲོ་བ་ཡིན།དེ་བཞིན་དུ་འདི་ལ་གོམས་འདྲིས་ཡང་ཡང་བཏང་ནས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་ཆེན་པོ་གཅིག་གི་ཡོ་ལང་སྟོང་ཉིད་ཆེན་པོ་གཅིག་གི་ཁོར་ཡུག་ཏུ་ཐག་ཆོད་པ་ཞིག་མ་བྱས་ན།རྣམ་མཁྱེན་གྱི་ལམ་དུ་ཕྱོགས་ཙམ་ཉེ་བར་མི་འགྱུར་རོ། །ཁྱེའུ་ཆུང་ཤེས་རིག་གི་རྩེ་མོ་ཁྱོད་ཀྱིས་འདིའི་དོན་ལ་རབ་ཏུ་ལྟོས་ལ་སྣང་བ་ཐམས་ཅད་ནམ་མཁའ་ཉིད་དུ་རྟོགས་པས་ནམ་མཁའ་གོ་འབྱེད་པའི་རྣལ་འབྱོར་པ་ཞིག་མཛོད་ཅིག་ཅེས་གསུངས་ཤིང་མི་སྣང་བར་གྱུར་ཏོ། །དེ་ལ་ངེས་པ་བསྐྱེད་ཕྱིར་དྲི་བ་རྩོད་ལན་གྱི་ཚུལ་དུ་ངོ་སྤྲད་པ་ནི།དེ་ལྟར་གཏན་ལ༴སོགས།མཆེད་པ་ཡིན།དེ་ལྟར་གཏན་ལ་དབབ་པས་སྣང་བ་ཐམས་ཅད་རང་ས་ཉིད་ནས་སྟོང་པར་ཤེས་ཀྱང་།ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན།ནང་གཡོ་བ་བཅུད་ཀྱི་སེམས་ཅན།བར་འདོད་ཡོན་ལྔའི་ཡུལ་སྣང་འདི་དག་ཐམས་ཅད་ཤུལ་དུ་བོར་ནས་ཡུལ་གཞན་དུ་ཡུལ་ནས་ཡུལ་དུ་འགྲོ་བ་རིགས་དྲུག་གི་ཁམས་སོགས་གནས་རིགས་གཞན་དུ་འགྲོ་བ་དང་།སེམས་ཅན་ཐམས་ཅད་ཀྱང་རང་རང་གི་རྒྱུད་ཅན་དུ་ཡོད་པར་བསམ་དུ་ཡོད་པའི་གནས་སྐབས་ན།རྨི་ལམ་དག་པའི་སྣང་ངོར་ངའི་བླ་མ་དྲི་མེད་འོད་ཟེར་དང་ཞལ་མཇལ་བའི་ཚེ་ན་དྲི་བ་དང་དྲི་ལན་གྱི་ཚུལ་དུ།རྨི་སྣང་དང་སྐྱེ་འཆི་འགྲོ་འོང་གི་རྣམ་པར་སྣང་བའི་ཚུལ་རྣམས་གཏན་ལ་ཕབ་ནས་སྣང་ཙམ་ཉིད་ནས་དངོས་ཡུལ་མ་གྲུབ་པའི་དོན་ངོ་སྤྲད་པ་ནི།ཀྱེ་རིགས་ཀྱི་བུ་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ་བ།ནང་གཡོ་བ་བཅུད་ཀྱི་སེམས་ཅན་གྲངས་མང་བ།བར་འདོད་ཡོན་ལྔའི་ཡུལ་སྣང་བཀོད་ལེགས་པ་བདེན་གྲུབ་ལྟར་སྣང་བ་འདི་དག་ཐམས་ཅད།དཔེར་ན་སྒྱུ་མའི་འཕྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་དུ་རྨི་ལམ་གཉིད་དུ་ཕྱོགས་པའི་གནས་སྐབས་ན་ཀུན་གཞི་སྟོང་ཧད་ཀྱི་ནམ་མཁར་ཐིམ་པ་ཡིན།དེ་ལ་ཀུན་གཞི་མཚན་ཉིད་པ་ཡང་ཟེར།ཀུན་གཞི་ཐོག་ཕེབས་ཡང་ཟེར།གདངས་རྩལ་གྱི་གོ་འགགས་པ་མི་ཤེས་རྨོངས་པའི་རང་བཞིན་ཅན་སེམས་ཕྱོགས་གཅིག་པ་སྒོང་ང་ལྟ་བུ་ཞིག་ཡིན།སེམས་མེད་པའི་གནས་སྐབས་ལྔ་ནི།གཉིད་འཐུག་པོའི་གནས་སྐབས་དང་།བརྒྱལ་བའི་སྐབས་དང་།འཆི་སྲིད་ཀྱི་སྐབས་དང་།ཕོ་མོ་སྙོམས་འཇུག་བྱེད་པའི་སྐབས་དང་།སྒོམ་ཆེན་ཉམས་ཀྱིས་བསླང་བའི་སྐབས་རྣམས་ནི་སེམས་མེད་པའི་གནས་སྐབས་ལྔ་ཡིན་ཏེ།ཀུན་གཞི་ཐོག་ཕེབས་ཀྱང་ཟེར་བ་ཡིན།རིག་འཛིན་འཇིགས་མེད་གླིང་པས།ཀུན་གཞིའི་ངང་ལས་ལས་རླུང་གཡོ་བའི་འཕྲུལ། །བག་ཆགས་སེམས་ཉིད་མངལ་རྒྱར་འཐུམ་པ་ལས། །གསུངས་པ་བཞིན་ཀུན་གཞིའི་ཁམས་དེ་ལས་འཛིན་པ་ཕྲ་ཞིང་ཕྲ་བ་ཞིག་འགུལ་བ་ནི་འཛིན་པ་ལས་ཀྱི་རླུང་ཡིན།དེ་ལས་ཀུན་གཞིའི་ཁམས་སུ་ནམ་ལངས་ཁའི་སྐྱ་རེངས་དང་པོ་ལྟ་བུའི་གསལ་ཆ་གཅིག་ཐོན་པ་ནི་ཀུན་གཞིའི་རྣམ་ཤེས་དང་།དེ་ལས་ང་མེད་པ་ལ་ང་རུ་འཛིན་པའི་ཤེས་པ་མདུང་ཚུགས་པ་ཞིག་སྐྱེ་བ་ནི་ཉོན་ཡིད་སྔ་མ་དང་།དེ་ལས་བདག་ལུས་སྣང་ཙམ་པ་ལ་རྐྱེན་བྱས་ནས་སྣོད་བཅུད་དུ་སྣང་བའི་ཆོས་ཐམས་ཅད་རགས་པ་མངོན་གྱུར་གྱི་ཚུལ་དུ་མེད་ཅིང་།ཕྲ་བ་ལྐོག་འགྱུ་ཚུན་ཆད་དུ་ཉོན་ཡིད་དང་།དེ་ལས་ཡིད་དྭངས་ཤིང་གསལ་བ་ཚོགས་དྲུག་གི་རྟོག་པ་མཆེད་མ་རག་པ་དེ་ལ་ཡིད་དང་།དེ་ལས་གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་མཆེད་པའི་ནུས་པ་བཞག་པ་ནི་སྒོ་ལྔའི་རྣམ་ཤེས་ཏེ་ཡུལ་དང་།གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་དངོས་སུ་མཆེད་པ་གཟུང་བ་དང་།དེ་ལ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་འབྱུང་བ་འཛིན་པ་སེམས་ཏེ།གཟུང་འཛིན་གཉིས་འཐས་པ་ལས་འཁོར་བ་ཡོངས་སུ་མཆེད་པ་ཡིན།དེ་ལྟར་རྨི་སྣང་མཆེད་པའི་ཡུལ་ནི་ཀུན་གཞིའི་རྣམ་ཤེས་ཡིན།དེ་ལས་ང་རུ་འཛིན་པའི་ཤེས་པ་ལངས་ནས་སྒོ་ལྔའི་རྣམ་ཤེས་ཕྲ་མོའི་རྟེན་ལ་ཞུགས་ནས་རྨི་སྣང་མཆེད་པ་དང་།ངར་འཛིན་དེ་སྒོ་ལྔ་རགས་པའི་རྟེན་ལ་ཞུགས་ནས་ཉིན་སྣང་མཆེད་པ་ཡིན།བདག་མེད་པ་ལ་བདག་ལུས་སྣང་ཙམ་པའི་ཤེས་པ་དེ་ལས་རྨི་ལམ་གྱི་སྣང་སྲིད་སྣོད་བཅུད་འདོད་ཡོན་ཐམས་ཅད་མཆེད་དེ།དེ་ལ་བདེན་གྲུབ་ཏུ་བཟུང་ནས་མངོན་ཞེན་སྐྱེས་པས་འཁྲུལ་ཏུ་ཡོད་པའི་གནས་སྐབས་ན།སླར་ཡང་རྨི་ལམ་གྱི་སྣང་སྲིད་སྣོད་བཅུད་ཐམས་ཅད་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཀུན་གཞི་སྟོང་ཧད་ཀྱི་ནམ་མཁར་ཐིམ་པ་ཡིན།སླར་ཡང་ཀུན་གཞིའི་ངང་ལས་ལས་རླུང་གཡོ་བའི་ཆོ་འཕྲུལ་ཞིག་གིས་སྔར་བཞིན་ཉིན་སྣང་མཆེད་པ་ཡིན་ཞེས་གསུངས་པ་ལ།བདག་གིས་འདི་སྐད༴སོགས།ཆོད་པ་བྱུང་།ཡང་བདག་གིས་ལུས་སྣང་ཙམ་མ་ཡིན་པར་ཕའི་རྒྱུ་ལས་བྱས།མའི་རྐྱེན་ལས་བྱས།དེ་གཉིས་རྒྱུ་རྐྱེན་འཐས་པ་ལས་ངའི་ལུས་དངོས་ཅན་བདེན་གྲུབ་ཏུ་བྱུང་བ་རུ་ངེས་པ་ཡིན་ནམ་སྙམ་ཞུས་ཚེ།ཡང་བླ་མའི་ཞལ་ནས།དེ་ལྟར་ཁྱོད་ཀྱི་ལུས་འདི་ཕ་དང་མའི་རྒྱུ་རྐྱེན་ལས་བྱུང་བ་ཞིག་ཡིན་སྙམ་ན།ཡེ་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་གྱི་ཕའི་ཐོག་མཐའ་བྱུང་གནས་འགྲོ་གསུམ་གང་དུ་ཡོད་པ་དང་།མའི་ཐོག་མཐའ་བྱུང་གནས་འགྲོ་གསུམ་གང་དུ་ཡོད་སྨོས་ཤིག་གསུངས།དེ་ལྟར་ཡོད་ཀྱང་བདག་གི་མི་དྲན་པ་ཡིན་མ་གཏོགས།ཕ་མ་མེད་པའི་ལུས་མི་སྲིད་པར་སེམས་ཀྱིས་ཞུས་ཚེ།དེས་ན་ཡེ་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་གྱི་ཕ་མའི་ཐོག་མཐའ་མ་དྲན་ཀྱང་།རྨི་ལམ་གྱི་ལུས་དེའི་ཕ་མའི་ཐོག་མཐའ་བྱུང་གནས་འགྲོ་གསུམ་དང་།དེ་བཞིན་དུ་བར་སྲིད་ཀྱི་ལུས་དེས་ཕ་མའི་ཐོག་མཐའ་བྱུང་གནས་འགྲོ་གསུམ་དང་།དམྱལ་བ་ཡང་སོས་ཀྱི་ལུས་ལན་ཁྲི་ཕྲག་མང་པོར་ཡང་ཤི་ཡང་སོས་བྱེད་པའི་ལུས་དེའི་ཕ་མའི་ཐོག་མཐའ་བྱུང་གནས་འགྲོ་གསུམ་གང་ལགས་ལྟོས་ཤིག་གསུངས་པས།ལུས་སྣང་ཙམ་ལས་བདེན་གྲུབ་ཅན་དུ་མ་གྲུབ་པར་ཐག་ཆོད་པ་བྱུང་གསུངས།ཡང་ཀྱཻ་བླ་མ་ལགས༴སོགས།ཆོད་པ་བྱུང་།ཀྱཻ་བླ་མ་ལགས་བདག་གི་ལུས་མལ་སར་གོས་ཀྱིས་གཡོགས་ནས་ཉལ་ཏེ།མི་ཡུལ་གནས་ཁང་དང་བཅས་པ་མི་འགྱུར་བར་གནས་ཀྱང་རྨི་ལམ་གྱི་སྣང་བ་སྣོད་བཅུད་དང་བཅས་པ་ཐམས་ཅད་ཡུལ་གཞན་ཞིག་ནས་ཤར་བ་ཡིན་པར་སེམས་འདུག་གིས་ཞུས་པས།ཡང་བླ་མའི་ཞལ་ནས་རྨི་ལམ་གྱི་སྐབས་ཀྱི་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ་བ་རི་རབ་ཁང་ཁྱིམ་ཡུལ་ལ་སོགས་པ་དང་།ནང་གཡོ་བ་བཅུད་ཀྱི་སེམས་ཅན་གྲངས་མང་བ་མཐོ་བ་མི་དང་དམའ་བ་སྲོག་ཆགས་ཡན་ཆད་དང་།བར་འདོད་ཡོན་ལྔའི་ཡུལ་སྣང་བཀོད་ལེགས་པ།མིག་གི་ཡུལ་དུ་གཟུགས།རྣ་བའི་ཡུལ་དུ་སྒྲ།སྣའི་ཡུལ་དུ་དྲི།ལྕེའི་ཡུལ་དུ་རོ།ལུས་ཀྱི་ཡུལ་དུ་རེག་བྱར་སྣང་བའི་རྨི་སྣང་དེ།དེ་རིང་གི་ལུས་འདིའི་མགོ་དང་ཡན་ལག་ཕྱི་ནང་སྟོད་སྨད་གང་གི་ནང་དུ་མཆེད་པའི་ཡུལ་ལ་ལྟོས་ཤིགལུས་ཀྱི་མགོ་ནང་དུ་གནས་པ་ཡིན་སྙམ་ན་ཀླད་པ་ལ་སོགས་པས་གང་ཡོད་པས་ན་རྨི་སྣང་གི་ཡུལ་ཡངས་པ་ཆེན་པོ་ཞིག་མགོ་ནང་དུ་ཚུད་དོན་ཡོད་པ་མ་ཡིན།དེ་བཞིན་དུ་ཡན་ལག་རྣམས་ཀྱང་རང་རང་གི་ཤ་ཁྲག་རུས་པ་རྐང་ལ་སོགས་པས་གང་ཡོད་པས་ན་ཡུལ་ཡངས་པ་ཆེན་པོ་ཞིག་ཚུད་དོན་མེད།ལུས་ཀྱི་སྟོད་ལ་གནས་པ་ཡིན་སྙམ་ན་སྟོད་ལ་ནི་གློ་བ་དང་མཆིན་པ་ལ་སོགས་པས་གང་ཡོད་པས་རྨི་སྣང་གི་ཡུལ་ཡངས་པ་ཆེན་པོ་ཞིག་ཆུད་དོན་མེད།ལུས་ཀྱི་སྨད་ལ་གནས་པ་ཡིན་སྙམ་ན་སྨད་ལ་རྒྱུ་མ་ལ་སོགས་པས་གང་ཡོད་པས་རྨི་སྣང་གི་ཡུལ་ཡངས་པ་ཆེན་པོ་ཞིག་ཆུད་དོན་མེད་གསུངས་པས།དེ་མ་ཡིན་པར་ཐག་ངེས་པར་ཆོད་པ་ཡིན་ནོ། །ཡང་བླ་མ་ལགས།ཡུལ་གཞན་ཞིག༴སོགས།མེད་པ་ཡིན་ནོ། །ཡང་བླ་མ་ལགས་ཡུལ་གཞན་ཞིག་ཏུ་རྣམ་པར་ཤེས་པ་སོང་བའི་ཚེ་རྨི་ལམ་གྱི་སྣང་བ་ཤར་བ་དང་།ཚུར་ལུས་ནང་དུ་ཞུགས་ཚེ་ཉིན་སྣང་ཤར་བ་ཡིན་སྙམ་གྱི་ཞེས་ཞུས་པས།བླ་མའི་ཞལ་ནས་འོ་ན་དེ་ལྟར་ལགས་ན་ལུས་གནས་ཁང་ལྟ་བུ་རུ་ཡོད་ཚེ་རྨི་ལམ་གྱི་སྐབས་རྣམ་པར་ཤེས་པ་འབྱུང་འཇུག་བྱེད་པའི་སྒོ་གནས་ཁང་གི་སྒོ་ལྟ་བུ་ཞིག་ཡོད་དགོས་པས།དེ་ལྟར་གནས་ཁང་གི་སྒོ་ལྟ་བུ་དེ་ངོས་ཟིན་དགོས་པས་དེ་ངོས་ཟུང་ལ་་ང་ལ་སྟོན་ཅིག་གསུངས་པས།དེ་ལོས་ཡོད་དང་མི་དྲན་པ་ཡིན་སྙམ་གྱི་ཞུས་པའི་ཚེ་ན།དཔེར་ན་གནས་ཁང་གི་སྒོ་ཞིག་ཏུ་ལན་གཅིག་འབྱུང་འཇུག་བྱས་ཀྱང་།དེ་ཕྱིན་ཆད་སྒོ་ངོས་ཟིན་པ་ཤུགས་ལ་འབྱུང་བ་ཡིན།ཁྱོད་ལོ་རེ་རེར་ཉིན་ཞག་བདུན་བརྒྱ་དང་ཉི་ཤུ་ཐམ་པར་འབྱིན་འཇུག་བྱས་པ་ལན་གཅིག་ངོས་མ་ཟིན་ཀྱང་ལན་གཅིག་ངོས་ཟིན་དགོས།དེ་ད་དུང་ངོས་མི་ཟིན་པ་ནི་སྒོ་རང་བཞིན་གྱིས་གྲུབ་པ་མེད་པའི་མཚང་ཤུགས་ལ་ཐོན་པ་ཡིན་གསུངས།དེས་ན་ཁྱོད་ཀྱིས་སེམས་ཀྱི་གནས་ས་ཡང་ངོས་ཟིན་དགོས་ཏེ།ལུས་ཀྱི་སྟོད་དུ་གནས་ན་སྨད་ལ་ཚེར་མ་ཟུག་པ་ཙམ་གྱིས་སྟོད་ལ་སྡུག་བསྔལ་དང་ཟུག་རྔུ་མྱོང་དོན་མེད།ལུས་ཀྱི་སྨད་དུ་གནས་ན་སྟོད་ལ་ཚེར་མ་ཟུག་པ་ཙམ་གྱིས་སྨན་ལ་ཟུག་རྔུ་སྡུག་བསྔལ་མྱོང་བའི་དོན་ཅི་ལ་ཡོད།དེས་ན་རྨི་ལམ་གྱི་སྐབས་དང་པོ་བུག་སྒོ་ནས་འབྱུང་འཇུག་བྱེད་པའི་རྣམ་པར་ཤེས་པ་ཕྲ་མོ་ཡུངས་འབྲུ་ལྟ་བུ་ཞིག་དང་།ཚུར་ལུས་ནང་དུ་ཞུགས་ཚེ་ཡར་འཕེལ་ཏེ་ལུས་ཁྱབ་པ་དང་།ད་ལྟ་མར་གྲིབ་སྟེ་བུག་སྒོ་ཕྲ་མོ་ནས་ཐོན་པ་ཙམ་དུ་ཆེ་ཆུང་བྱེད་པ་མི་རིགས་པ་ཡིན་ཀྱང་།ད་ཁྱོད་ཀྱིས་ཟེར་བ་ལྟར་རིགས་པ་དང་བཅས་པའི་དབང་དུ་བཏང་ན།བེམ་རིག་བྲལ་ནས་ཤི་བའི་དུས་སུ་ད་དུང་ན་སོ་གཞོན་པས་ཤི་མ་རན་བསམས་ཏེ།སླར་ཡང་རྣམ་པར་ཤེས་པ་བེམ་པོ་ཚུར་འཇུག་ན་ཆོག་ཀྱང་དེ་ཅིའི་ཕྱིར་མི་འཇུགཡུལ་གཞན་དུ་སོང་བའི་རྨི་ལམ་གྱི་སྣང་བའི་ཡུལ་དེ།དེ་རིང་ཉིན་མོའི་སྐབས་ཀྱི་ཡུལ་འདིའི་སྟེང་ན་ཡོད་དང་འོག་ན་ཡོད།ཕྱོགས་བཞི་མཚམས་བརྒྱད་གང་ན་ཡོད་པ་ཡིན།ཉིན་སྣང་གི་འབྱུང་བ་སྣོད་བཅུད་དང་།མཚན་མོ་རྨི་ལས་གྱི་འབྱུང་བ་སྣོད་བཅུད་གཅིག་རེད་དང་ཐ་དད་པ་རེད།གཅིག་ཡིན་བསམ་ན་གཉིད་ཀྱིས་མཚམས་བཅད་དམ་མ་བཅད།གཉིད་ཀྱིས་མཚམས་བཅད་ན་ཉིན་སྣང་དང་གཅིག་མ་ཡིན།མཚམས་མ་བཅད་ན་ཐ་དད་པ་མ་ཡིན།ཡང་ན་དེ་རིང་ཉིན་མོའི་སྣང་བ་དང་མདང་རྨི་ལམ་གྱི་སྣང་བ་གཉིས་སྟེང་འོག་ཏུ་ཡོད་དམ།ཕྱི་ནང་བྱས་སམ།དེ་གཉིས་གཅིག་གི་ཕྱོགས་སུ་མི་ངེས་པའི་ཐབས་མེད་པ་ཡིན་ནོ་གསུངས།ཡང་བདག་གི་བླ་མ་ལགས༴སོགས།དེས་སྟོན་ཏོ། །ཡང་བདག་གི་བླ་མ་ལགས།དེས་ན་ཐག་གང་ལ་གཅོད།ས་གང་གིས་འཛིན།བླ་མ་མཆོག་ཉིད་ཀྱིས་བསྟན་དུ་གསོལ།ཞེས་ཞུས་ཚེ།བླ་མའི་ཞལ་ནས།ཚེ་རབས་ཐོག་མཐའ་མེད་པའི་དུས་ཀུན་ཏུ་སྐྱེ་མ་མྱོང་བཞིན་དུ་སྐྱེ་སྣང་ཙམ་དུ་ཟད།འཆི་མ་མྱོང་བཞིན་དུ་འཆི་སྣང་ཙམ་དཔེར་ན་རྨི་སྣང་གནས་འགྱུར་ནས་ཉིན་སྣང་མཆེད་པ་ཙམ་དང།ཉིན་སྣང་གནས་འགྱུར་ནས་རྨི་སྣང་མཆེན་པ་ཙམ་ལས་སྐྱེ་འཆི་རང་ངོས་ནས་གྲུབ་པ་ཡོད་པ་མ་ཡིན།དེ་བཞིན་དུ་མིག་གི་ཡུལ་དུ་གཟུགས།རྣ་བའི་ཡུལ་དུ་སྒྲ།སྣའི་ཡུལ་དུ་དྲི།ལྕེའི་ཡུལ་དུ་རོ།ལུས་ཀྱི་ཡུལ་དུ་རེག་བྱ།ཡིད་ཀྱི་ཡུལ་དུ་སྣ་ཚོགས་ཆོས་ཁམས་རྒྱ་མཚོའི་སྣང་བ་དེ་དག་ཐམས་ཅད་མེད་བཞིན་དུ་མཐོང་ཐོས་ཚོར་མྱོང་མྱང་བ་ཐམས་ཅད་རང་སྣང་རང་ལ་ཤར་བ་ཙམ་ལས་གཞན་ན་བདེན་གྲུབ་ཏུ་སྤུ་རྩེ་ཙམ་ཡང་ཡོད་མ་མྱོང་གསུངས།དེ་དག་གཞན་ཞིག་ཡིན་ཏེ་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོ་རུ་མངོན་རྒྱུ་གཞན་རང་རྒྱུད་པར་ཡོད་དེ།གཟུགས་བཟང་པོ་མཐོང་ན་བཟང་པོའི་འདུ་ཤེས།གཟུགས་ངན་པ་མཐོང་ན་ངན་པའི་འདུ་ཤེས།གཟུགས་བར་པ་ལ་བཏང་སྙོམས་སུ་འདུ་ཤེས།དེ་བཞིན་དུ་སྒྲ་བཟང་པོ་ཐོས་ན་བཟང་པོའི་འདུ་ཤེས།སྒྲ་ངན་པ་ཐོས་ན་ངན༴སྒྲ་བར་པ་ཐོས་ན་བཏང་སྙོམས་སུ༴དྲི་བཟང་པོ་ཚོར་ན༴དྲི་ངན་པ་ཚོར་ན༴དྲི་བར་པ་ཚོར་ན་བཏང་སྙོམས་སུ༴རོ་བཟང་པོ་མྱོང་ན༴རོ་ངན་པ་མྱོང༴རོ་བར་པ་ལ་བཏང་སྙོམས་སུ༴རེག་བྱ་བཟང་པོ་མྱོང་ན༴རེག་བྱ་ངན་པ་ལ༴རེག་བྱ་བར་པ་ལ་བཏང་སྙོམས་སུ་འདུ་ཤེས་རྣམས་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོར་མངོན་རྒྱུ་ཡོད་སྙམ་ན།མདང་གི་རྨི་ལམ་གྱི་སྐབས་སུ་ཁྱོད་ཀྱི་མིག་འདིས་གཟུགས་བཟང་པོ་ལྷ་དང་མི་དང་བདེ་བར་གཤེགས་པའི་སྐུ་གཟུགས་ལ་སོགས་པ་དང་།གཟུགས་ངན་པ་ཡིད་དུ་མི་འོང་བའི་གཟིགས་ལ་སོགས་པ་མཐོང་ཡང་།དེ་རིང་ཉིན་མོའི་སྐབས་ཀྱི་མིག་འདིས་གཟུགས་གཅིག་ཀྱང་མཐོང་མ་མྱོང་།དེ་བཞིན་དུ་རྣ་བ་འདིས་སྒྲ་སྙན་པ་པི་ཝང་དང་གླིང་བུ་ལ་སོགས་པའི་སྒྲ་དང་།སྒྲ་ངན་པ་བོང་ལི་དང་ཁྱི་ལ་སོགས་པས་ངུ་ཟུག་བྱེད་པ་ཐོས་ཀྱང་།དེ་རིང་ཉིན་མོའི་སྐབས་ཀྱི་རྣ་བ་འདིས་སྒྲ་གཅིག་ཀྱང་ཐོས་མ་མྱོང་།སྣ་འདིས་དྲི་བཟང་པོའི་རིགས་གླ་རྩི་དང་ག་བུར་གུར་གུམ་ལ་སོགས་པ་དང་།དྲི་ངན་པའི་རིགས་རྟ་རོ་དང་ཁྱི་རོ་རུལ་པ་ལ་སོགས་པ་ཚོར་ཡང།དེ་རིང་ཉིན་མོའི་སྐབས་ཀྱི་སྣ་འདིས་དྲི་གཅིག་ཀྱང་ཚོར་མ་མྱོང་།ལྕེ་འདིས་རོ་མངར་བ་བུ་རམ་དང་ཀ་ར་སྦྲང་རྩི་ལ་སོགས་པ་བཟང་པོ་དང་།རོ་ངན་པའི་རིགས་ཁ་བ་དང་སྐྱུར་བ་ལ་སོགས་པ་མྱོང་ཡང་།དེ་རིང་ཉིན་མོའི་སྐབས་ཀྱི་ལྕེ་འདིས་རོ་གཅིག་ཀྱང་མྱོང་མ་མྱོང་།ལུས་འདིས་རེག་བྱ་བཟང་པོའི་གོས་དར་རས་ཕྲུག་ལ་སོགས་པ་འཇམ་པོའི་རིགས་དང་།རེག་བྱ་ངན་པ་རྩུབ་མོའི་རིགས་ལ་སོགས་པ་རེག་ཀྱང་།དེ་རིང་ཉིན་མོའི་སྐབས་ཀྱི་ལུས་འདིས་རེག་བྱ་གཅིག་ཀྱང་རེག་མ་མྱོང་།དེ་ལྟ་བུའི་སྣང་བ་སྣང་དུས་ཉིན་ནས་བདེན་གྲུབ་ཏུ་མ་མྱོང།དེའི་ཕྱིར་ན་དེ་གཉིས་འདྲ་མཚུངས་པ་དེས་ཀྱང་སྟོན་པར་འགྱུར་བ་ཡིན་གསུངས།ཚེ་འཁོར་བ༴སོགས།ཤེས་པར་བྱའོ། །ཚེ་འཁོར་བ་ཐོག་མ་མེད་པའི་དུས་ནས་གནས་འཕོ་ནས་གཞན་དུ་འགྲོ་མ་མྱོང་།གནས་གཞན་དུ་སྡོད་མ་མྱོང་བའི་ཚུལ་ནི་རྨི་ལམ་གྱི་སྣང་བས་སྟོན་ཏོ། །རྨི་ལམ་དང་ཉིན་སྣང་གཉིས་ཀའི་བདེན་རྫུན་མི་མཉམ་བསམ་ན།རྨི་ལམ་དོ་ནུབ་རྨིས་རྒྱུ་དེ་སང་ཉིན་ཡང་རྨིས་པ་མ་ཡིན།ཉིན་སྣང་དེ་རིང་ཡོད་རྒྱུ་དེ་སང་ཉིན་ཡང་ཡོད་བསམ་ན།ཁྱོད་ཆུང་དུས་ལོ་བཅུ་ལོན་ཚུན་ཆད་དུ་གྲོགས་སུ་དང་འགྲོགས།གཏམ་ཅི་བཤད།ཟས་ཅི་ཟོས།རྒྱུ་ཟས་གསོག་འཇོག་བྱས་པ་གང་ན་ཡོད།ཆུང་དུས་ལོ་བཅུ་ལོན་ཚུན་ཆད་དུ་རྨི་ལམ་གྱི་སྐབས་སུ་གྲོགས་སུ་དང་འགྲོགས།གཏམ་ཅི་བཤད།ཟས་ཅི་ཟོས།དེ་དུས་སུ་རྒྱུ་ཟས་བསོག་འཇོག་བྱས་པ་གང་ན་ཡོད།ཡོད་ན་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོ་རུ་མངོན་རྒྱུ་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེ་དག་ཐམས་ཅད་མི་དྲན་པ་བརྗེད་པའི་ཡུལ་དུ་གྱུར་པ་ལ།དྲན་པའི་ཡུལ་བདེན་རྫུན་ཡོད་མེད་འདྲ་འདྲ་ཡིན།རྨི་ལམ་གྱི་སྣང་བ་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་མཆེད་པ་དང་།ཉིན་མོའི་སྣང་བ་ཀུན་གཞིའི་ཡིད་ཀྱི་སྟེང་དུ་མཆེད་པ་ཡིན་པས།དེ་གཉིས་ཁ་ཕྱི་བལྟ་དང་ནང་བལྟའི་ཁྱད་པར་གྱིས་འཛིན་སྟངས་དམ་མི་དམ་ཞིག་ཡོད་པ་དེའི་ལན་གྱིས་ཡིན།དེའི་ཡུན་གྱི་རིང་ཐུང་ལ་བརྟག་ནའང་ཉིན་ཆུ་ཚོད་སུམ་ཅུ།མཚན་ཆུ་ཚོད་སུམ་ཅུ།ཉིན་ཞག་གཅིག་ལ་ཆུ་ཚོད་དྲུག་ཅུ་ཐམ་པ་ཡོད་པས་ཡུན་ཡང་འདྲ།གྲངས་ཀྱི་མང་ཉུང་ལ་བརྟགས་ནའང་ལོ་གཅིག་ལ་ཉིན་སྣང་སུམ་བརྒྱ་དང་དྲུག་ཅུ།མཚན་སྣང་སུམ་བརྒྱ་དང་དྲུག་ཅུ།ཉིན་ཞག་བདུན་བརྒྱ་དང་ཉི་ཤུ་ཐམ་པ་ཡོད་པས་གྲངས་ཡང་འདྲ་བ་ཡིན་ལ།རྟོག་དཔྱོད་ཞིབ་ཏུ་ཐོང་དང་ངེས་པར་ཐག་ཆོད་པར་འགྱུར་རོ་གསུངས།རི་རབ་ལྟ་བུའི་ཟས་ཤིག་ཟོས།རྒྱ་མཚོ་ལྟ་བུའི་སྐོམ་ཞིག་འཐུང་ཡང་འགྲང་སྣང་མེད་པ་དང་།གོས་ལྷོ་སྤྲིན་ཙམ་ཞིག་གྱོན་རུང་དྲོ་སྣང་མེད་པ་རྣམས་བྱིས་པ་འདི་སྣང་ཙམ་ཞིག་ལས་བདེན་གྲུབ་ཏུ་གྲུབ་མ་མྱོང་བའི་རྟགས་ཡིན།ལུས་སུ་སྣང་བ༴སོགས།མ་གྲུབ་པའོ། །ཚེ་འདིར་རྩེ་གཅིག་ཏུ་དམ་པའི་ཆོས་བསྒྲུབ་ན་རྣམ་མཁྱེན་གྱི་འབྲས་བུ་ཚེ་གཅིག་པོ་འདིའི་སྟེང་དུ་འགྲུབ་པར་འགྱུར་ནའང་།དེ་ལ་མི་བརྩོན་པ་པར་ལུས་མེད་པ་ལ་ལུས་སུ་སྣང་བ་འདིའི་ཆེད་དུ་ཁ་ལ་ཟ་རྒྱུ་རྒྱབ་ལ་གྱོན་རྒྱུ་སོགས་ལ་འབད་རྩོལ་བྱས་པས་རྣམ་མཁྱེན་གྱི་འབྲས་བུ་ཟ་བའི་ཟ་འདྲེ་ཡང་ཡིན།ཚེ་འདིར་དམ་པའི་ཆོས་ཁོ་ན་བསྒྲུབ་ན་སྐྱེ་འཆིའི་སྣང་བ་རྒྱུན་གཅོད་ཐུབ་ནའང་།དེ་མ་བྱས་པར་ཚེ་འདི་ཁོ་ནའི་དོན་འབའ་ཞིག་ཏུ་གཉེར་བའི་འཁོར་བ་ནས་ཁ་བརྒྱུད་པའི་སྐྱེ་བའི་སྣང་བ་སྟོན་ཏེ།སྐྱེ་བའི་མཐའ་ན་འཆི་བ་མེད་པའི་ཐབས་མེད་པ་ཡིན་པས་སྐྱེ་འཆིའི་སྣང་བ་རྒྱུན་མི་ཆད་པར་སྟོན་པའི་ཤི་གཤེད་ཀྱང་ཡིན།ཟས་སྐོམ་འགྲང་ཙམ་དང་གོས་ལྷག་སྐྱོབ་ཙམ་ལ་བརྟེན་ནས་ཚེ་གཅིག་ལ་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་བསྒྲུབ་ན་ཚེ་འདིར་ཐར་པའི་སྲོག་ཐོབ་པར་འགྱུར་ནའང་།དེ་མ་བྱས་པར་ལུས་སྣང་ཙམ་པ་ལ་ལུས་སུ་བཟུང་ནས་དེའི་ཆེད་དུ་གོས་བཟང་པོ་དྲོ་འཇམ་ཟས་བཟང་པོ་ཞིམ་པོ་དང་།བདེ་བ་ཁོ་ན་དོན་དུ་གཉེར་ཞིང་བཟང་པོ་ལ་རེ་བ་དང་།ངན་པ་ལ་དོགས་པ་དང་།དགྲ་ལ་སྡང་བ་དང་།གཉེན་ལ་ཆགས་པ་དགྲ་འདུལ་གཉེན་སྐྱོང་ལ་སོགས་པའི་ཚེ་འདིའི་བྱ་བ་འབའ་ཞིག་ལ་དོན་དུ་གཉེར་བས་ཐར་པའི་སྲོག་རྩ་བཅད་པའི་སྲོག་གཅོད་ཀྱང་ཡིན།ཚེ་འདིར་འོད་གསལ་རྫོགས་པ་ཆེན་པོའི་དོན་བསྒོམ་ན་གཏན་དུ་བདེ་བའི་རྣམ་མཁྱེན་གྱི་འབྲས་བུ་ཚེ་ལུས་གཅིག་པོ་འདིའི་སྟེང་ནས་ཐོབ་པར་འགྱུར་ནའང་།དེ་མ་བྱས་པས་རྣམ་མཁྱེན་གྱི་དབུགས་འཕྲོག་པས་དབུགས་ལེན་ཀྱང་ཡིན།ཚེ་འདིར་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་ཞུགས་ནས་དམ་ཚིག་མ་ཉམས་པར་ཚུལ་བཞིན་དུ་བསྲུང་ན་ཚེ་ལུས་འདི་ཉིད་ལ་རྡོ་རྗེ་འཆང་གི་གོ་འཕང་ཐོབ་ནུས་ནའང་།དེ་ཚུལ་བཞིན་དུ་མ་བསྲུང་ཞིང་ཚེ་འདིའི་དགྲ་འདུལ་གཉེན་སྐྱོང་མི་དགེའི་སྤྱོད་པ་ཁོ་ན་ལ་དུས་འདས་པའི་དབང་གིས་དམ་ལས་ཉམས་པར་བྱེད་པས་ན་དམ་སྲི་ཡང་ཡིན་ནོ། །དེས་ཕྱིར་ན་ཚོགས་དྲུག་གི་ཡུལ་སྣང་ལ་ཞེན་པ་ཐམས་ཅད་རི་དྭགས་ཀྱིས་སྨིག་རྒྱུ་ཆུ་རུ་མཐོང་ནས་རྒྱུག་པ་ལྟ་བུ་ལས་སྙིང་པོ་རྡུལ་ཕྲན་ཙམ་ཡང་མ་གྲུབ་པས་ན་ཡུལ་སྣང་ཐམས་ཅད་སྟོང་པའི་རང་བཞིན་དུ་རྟོགས་པར་བྱའོ། །འདི་ལྟར་སྣང་བའི་ཆོས་ཐམས་ཅད་སྣང་དུས་ཉིད་ནས་རང་བཞིན་མ་གྲུབ་པ་དཔེར་ན་ནམ་མཁའི་འཇའ་ཚོན་དང་གློག་འོད་ལྟ་བུ་ཡིན་ནོ། །ཡང་འདི་ལྟར་སྟོང་པར་ཤེས་ཀྱང་༴སོགས།རྟོགས་པར་བྱའོ། །དེ་ལྟར་སྟོང་པར་ཤེས་ཀྱང་སྟོང་པ་དེ་མེད་དུ་མི་འགྲོ་བར་སེམས་ན།དེ་མ་ཡིན་ཏེ་བསྒོམ་གྱི་ངོ་བོ་སྟོང་ཉིད་ཡིན་པས།དེའི་གནས་ལུགས་དང་ཡིན་ལུགས་ཐམས་ཅད་ཚུལ་བཞིན་དུ་མ་ཤེས་ན།ཕྱི་སྣང་བ་ལ་དངོས་པོར་འཐས།ནང་རང་ལུས་ལ་གཅེས་འཛིན་དུ་གོལ་ནས།སེམས་ཀྱི་གསལ་ཆ་ཙམ་ལ་གདིང་བཅས་ནས་བསྒོམས་ཀྱང་།སྟོང་ཉིད་ཇི་བཞིན་པར་མ་མཐོང་བའི་རྐྱེན་གྱིས་བསྒོམ་ཐམས་ཅད་ལུང་མ་བསྟན་གྱི་ཕྱོགས་སུ་ངེས་པ་ཡིན།དེས་ན་གཞི་སྟོང་ཉིད་ཀྱི་ལྟ་བ་ཇི་བཞིན་པ་ཤེས་ཤིང་རིག་པ་ནི་གནད་གལ་པོ་ཆེ་ཡིན་ནོ། །དེའི་ཕྱིར་ན་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་ཡིན་པ་དེ་ཤེས་ཤིང་རྟོགས་དགོས།ལར་ཁྱོད་ཀྱིས་ཟེར་བ་ལྟར་ཡིན་ན་ལྷ་བསྐྱེད་པ་ཙམ་གྱིས་ལུས་ལྷ་རུ་འགྱུར་བ་དང་།སྔགས་བཟླས་པ་ཙམ་གྱིས་ངག་གྲག་སྟོང་སྔགས་སུ་སྨིན་པ་དང་།སེམས་ཏིང་ངེ་འཛིན་བསྒོམ་པ་ཙམ་གྱིས་སེམས་འོད་གསལ་དུ་རྟོགས་པའི་ནུས་པ་ཡོད་དགོས་ཀྱང་།དེ་དག་རྣམས་གོ་ཙམ་རྟོགས་ཙམ་གྱིས་གྲོལ་བར་མི་འགྱུར་བས་ན།སྟོང་ཉིད་རྟོགས་ཙམ་གྱིས་དངོས་པོའི་ཆོས་ཐམས་ཅད་མེད་པར་འགྱུར་བ་དང་རྟོགས་དགོས་པའི་རྒྱུ་མཚན་ཡང་ཡོད་པ་མ་ཡིན།ཡང་འགའ་ཞིག་གིས་གདོད་ནས་སྟོང་ན་སྟོང་ས་གསུམ་ན་སྟོང་ཡོད་པ་ཡིན།སྟོང་པར་ཤེས་དང་མ་ཤེས་མེད་ཟེར་བ་འབྱུང་སྲིད་དེ།དེའི་ཕྱིར་ན་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད་དུ་ངོ་ཤེས་དགོས་ཏེ།རིག་དང་མ་རིག་ཤེས་དང་མ་ཤེས་གཉིས་ཀའི་ཁྱད་པར་གྱིས་འཁོར་བ་དང་འདས་པ་གྲོལ་བ་དང་འཁྲུལ་པ་ཐམས་ཅད་འབྱུང་བ་ཡིན།དེའི་ཕྱིར་ན་ཤེས་ཤིང་རིག་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་གསུངས།ཡང་འགའ་ཞིག་གིས༴སོགས།མེད་པ་ལྟ་བུའོ། །འགའ་ཞིག་གིས་རང་སྟོབས་ཀྱིས་མ་ཤེས་ན་བསླབ་སྦྱང་གིས་གོ་མི་ཆོད་ཟེར་བ་ཡང་འབྱུང་སྲིད་དེ།ཡེ་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་དུ་རང་སྟོབས་ཀྱིས་ལྟ་བ་མ་རྟོགས་ཤིང་མ་རིག་པའི་དབང་གིས་འཁོར་བར་འཁྱམས་པ་ཡིན།རང་སྟོབས་ཀྱི་ད་དུང་ཡང་རྟོགས་པར་མི་འགྱུར།དེའི་ཕྱིར་ན་བསླབ་ཅིང་སྦྱངས་ཏེ་རྒྱལ་བའི་བཀའ་ཚད་མ།བླ་མའི་མན་ངག་ཚད་མ།རང་གི་རིག་པ་ཚད་མ་རྣམ་པ་གསུམ་གྱི་སྒོ་ནས་རྒྱུད་ལུང་མན་ངག་ཐམས་ཅད་དང་མཐུན་པའི་ལྟ་བ་དང་སྟོང་ཉིད་རྟོགས་དགོས་པ་ཡིན་པས་ཤེས་པར་གྱིས་ཤིག།རྟོགས་པའི་རང་ངོས་ནས་བསླབ་ཅིང་སྦྱངས་ཏེ་དཀའ་བ་ཆེན་པོ་སྤྱད་ནས་སྟོང་ཉིད་རྟོགས་པ་དང་།དཀའ་བ་སྤུ་རྩེ་ཙམ་ཡང་མ་སྤྱད་པར་སྟོང་ཉིད་རྟོགས་པ་གཉིས་ལ་ཁྱད་པར་སྤུའི་རྩེ་མོ་ཙམ་ཡང་ཡོད་པ་མ་ཡིན།དཔེར་ན་དཀའ་བ་ཆེན་པོ་སྤྱད་ནས་གསེར་རྙེད་པ་དང་།དཀའ་བ་སྤུ་ཙམ་མ་སྤྱད་པར་གསེར་མལ་འོག་ནས་རྙེད་པ་གཉིས་ལ་གསེར་གྱི་ངོ་བོ་བཟང་ངན་མེད་པ་ལྟ་བུ་དང་།དཀའ་ཚེགས་དཀའ་ལས་བྱས་ནས་ལྷ་སའི་ཇོ་བོ་མཇལ་བ་དང་།དཀའ་ཚེགས་སྤུ་རྩེ་ཙམ་ཡང་མ་སྤྱད་པར་ལྷ་སའི་གླིང་གི་གང་ཟག་ཤིག་གིས་ཇོ་བོ་མཇལ་བ་གཉིས་ལ་བྱིན་རླབས་ཀྱི་ངོ་བོར་ཡོ་རིང་མེད་པ་ལྟ་བུ་དང་འདྲ་མཚུངས་སོ། །དེ་ལྟར་སྣང་བ་ཐམས་ཅད་སྟོང་ཉིད༴སོགས།སྟོན་ཏོ། །དེ་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སྟོང་ཉིད་ཆེན་པོ་གཅིག་གི་ངང་དུ་གཏན་ལ་དབབ་པར་བྱེད་པའི་དཔྱོད་བྱེད་ཀྱི་ཤེས་པ་དེ་ལ་སོ་སོར་རྟོག་པའི་ཤེས་རབ་ཅེས་བརྗོད་པ་དང་།འཁོར་འདས་སྟོང་ཉིད་ཆེན་པོ་རུ་ངེས་པར་ཐག་ཆོད་དེ་དེའི་རྗེས་ཤེས་རྒྱུན་ཆགས་པ་ལ་བདག་མེད་རྟོགས་པའི་ཤེས་རབ་ཅེས་བྱའོ། །དེས་ན་དང་པོ་ངོ་ཤེས་ཤིང་རྟོགས།བར་དུ་མྱོང་ཞིང་འདྲིས།ཐ་མ་གདིང་ཐོབ་པར་བྱ་བ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་གསུངས།གོ་ཙམ་རྟོགས་ཙམ་གྱི་གང་ཟག་ཅིག་གིས་ཁྱོད་ཀྱིས་ནི་སྟོང་ཉིད་རྟོགས་ཡོད་པ་ཡིན་ཏེ།ངས་ཁྱོད་ལ་མེས་བཙུགས་པས་ཚ་སྣང་།ཆུས་བརྒྱབ་པས་འཁྱག་སྣང་།མདའ་མདུང་དབྱུག་པ་སོགས་ཀྱིས་བརྒྱབ་པས་ན་སྣང་དང་ཚ་སྣང་ཡོད་ཟེར་ན།ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་ཀྱི་དབྱིངས་སུ་མ་ཟད་ཀྱི་བར་དུ་བདག་གཞན་དུ་འཛིན་པའི་གཉིས་སྣང་མི་ནུབ།དེ་མ་ནུབ་ཀྱི་བར་དུ་མེས་བཙུགས་ན་ཚ་སྣང་།ཆུས་བརྒྱབ་ན་འཁྱག་སྣང་།མདའ་མདུང་དབྱུག་པ་སོགས་ཀྱིས་བརྒྱབ་པས་ཚ་སྣང་དང་ན་སྣང་གི་ཕན་གནོད་ཀྱི་སྣང་བ་རྒྱུན་མི་ཆད་པར་འབྱུང་ཡང།དོན་ལ་ནི་དམྱལ་བའི་མེའི་ཚ་བས་མ་ཚིག།གྲང་དམྱལ་གྱི་གྲང་བས་མ་འཁྱག།ལྷ་མ་ཡིན་གྱི་མདའ་མདུང་དབྱུག་པས་བསྣུན་པས་མ་ཤི་བར་བདག་ཡོད་པ་ནི།སྣང་བ་དེ་དག་ཐམས་ཅད་སྣང་ཙམ་པ་ལས་བདེན་པར་གྲུབ་པ་མེད་པའི་མཚང་དེས་སྟོན་པ་ཡིན་ནོ། །ཞེས་གསུངས་ཤིང་མི་སྣང་བར་གྱུར་ཏོ། །གསུམ་པ་ཕན་གནོད་ཀྱི་མཚང་ལ་རྒོལ་བ་ནི།ཡང་རེ་ཞིག་གི་དུས་སུ༴སོགས།འགྱུར་པ་ཡིན།ཡང་རེ་ཞིག་གི་དུས་སུ་གྲུབ་ཆེན་ས་ར་ཧ་པ་དང་ཞལ་མཇལ་བའི་ཚེ།བདག་གིས་གྲུབ་པའི་དབང་ཕྱུག་ཆེན་པོ་ལགས།སྒྲིབ་པ་གང་གིས་སྦྱངས།ལྷ་ཇི་ལྟར་བསྒྲུབ།འདྲེ་བགེགས་གང་གིས་སྒྲོལ།བདག་བ་བཀའ་སྩལ་དུ་གསོལ་ཞུས་ཚེ་བཀའ་སྩལ་པ།ཀྱཻ་ཞེས་བོས་ཏེ་སྐྱེས་བུ་ཆེན་པོ་ཁྱོད་ཀྱིས་ཕན་གནོད་ཀྱི་མཚང་ལ་རྒོལ་དགོས་པས།སྒྲིབ་པ་ཞེས་བྱ་བ་ནི་གཞི་སྟོང་ཉིད་ཀྱི་ངོ་བོ་མ་རིག་པ་ལ་སྒྲིབ་པ་དང་།མི་རིག་པ་དེ་བརྟན་ཅིང་ལས་བྱས་པ་དེ་དག་ཐམས་ཅད་ཀུན་གཞིའི་ཁམས་སུ་འཐས་པ་ལ་བག་ཆགས་ཞེས་བརྗོད།དེ་ནི་ལུས་ཀྱིས་ཕྱག་དང་སྐོར་བ།ངག་གིས་ཁ་འདོན་བཟླས་བརྗོད་།སེམས་ཀྱིས་བསམ་པ་བཟང་པོའི་དགེ་སྦྱོར་ཙམ་ལ་འབད་པ་ལྟ་བུའི་རྩོལ་བ་བྱས་པས་སྦྱོང་བར་མི་འགྱུར་ཏེ།དཔེར་ན་གནམ་ངོས་སྤྲིན་དེངས་འདོད་དེ།ས་གཞིའི་རྡུལ་ཕྱགས་པ་དང་འདྲ་མཚུངས་པ་ཞིག་ཡིན།དེས་ན་མ་རིག་པའི་སྒྲིབ་པ་དང་བག་ཆགས་སྦྱོང་བར་བྱེད་འདོད་ན།འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཞི་ཆོས་ཉིད་ཆེན་པོར་གཏན་ལ་དབབ་པ་ན་མ་རིག་པའི་སྒྲིབ་པ་དང་བག་ཆགས་ངང་གིས་འདག་པར་འགྱུར་བ་ཡིན།དེས་ན་ཕན་བྱེད་ལུས་ངག་གི་དགེ་བ་དང་གནོད་བྱེད་ཀྱི་ལུས་ངག་ཡིད་གསུམ་གྱི་སྡིག་པ་གཉིས་གཏན་ལ་དབབ་དགོས་ཏེ།ཕན་བྱེད་ལུས་ངག་གི༴སོགས།ཙམ་དུ་ཟད་དོ། །དང་པོ་ཕན་བྱེད་ཀྱི་ལུས་ངག་ཡིད་གསུམ་གྱི་དགེ་བ་གཏན་ལ་དབབ་པ་དེ་ལ།ལུས་ཀྱིས་ཕྱག་དང་སྐོར་བ།ངག་གིས་ཁ་འདོན་བཟླས་བརྗོད།སེམས་ཀྱིས་བསམ་པ་བཟང་པོའི་དགེ་སྦྱོར་བྱས་ཚད་ཐམས་ཅད་འབྲུའི་ཕུང་པོ་བཞིན་དུ་སྤུངས་པ་དང་།རྒྱལ་པོའི་བང་མཛོད་བཞིན་དུ་བསགས་ཡོད་དགོས།ཡོད་ན་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོར་མངོན་རྒྱུ་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།ཕན་བྱེད་ལུས་ངག་ཡིད་གསུམ་གྱི་དགེ་བ་འདི་དང་པོ་བྱུང་བའི་ཁུངས་ཤིག་ཡོད་ན།ཕྱི་འབྱུང་བ་ལྔའི་ཁམས་ནས་བྱུང་བ་ཡིན་ན་འབྱུང་བ་སའི་ཁམས་ནས་བྱུང་ངམ།འབྱུང་བ་ཆུའི་ཁམས་ནས་བྱུང་ངམ།འབྱུང་བ་མེའི་ཁམས་ནས་བྱུང་ངམ།འབྱུང་བ་རླུང་གི་ཁམས་ནས་བྱུང་བ་ཡིན།བྱུང་ན་མངོན་སུམ་མིག་གིས༴སོགས།ཡོད་པ་མ་ཡིན།ཕན་བྱེད་ལུས་ངག་ཡིད་གསུམ་གྱི་དགེ་བ་འདི་དངོས་པོ་ཡོད་པ་ལས་བྱུང་ངམ།དངོས་པོ་མེད་པ་ལས་བྱུང་བ་ཡིན།དངོས་པོ་ཡོད་པ་ལས་བྱུང་ན་འདི་ནས་བྱུང་བ་ཡིན་ཟེར་རྒྱུའི་མངོན་སུམ་མིག་གིས༴སོགསམ་ཡིན།དངོས་པོ་མེད་པ་ལས་བྱུང་བ་ཡིན་ན་དངོས་པོ་མེད་པ་ལས་ལུས་ངག་ཡིད་གསུམ་གྱི་དགེ་བ་གཟུགས་ཅན་ཞིག་ཡོད་དགོས།དེ་ཡོད་ན་ལུངས་ངག་ཡིད་གསུམ་གྱི་དགེ་བ་འདིའི་གཟུགས་དབྱིབས་ཁ་དོག་སོགས་མངོན་སུམ་མིག་གིས༴སོགས།མ་ཡིན།ཕན་བྱེད་ལུས་ངག་ཡིད་གསུམ་གྱི་དགེ་བ་འདི་བར་དུ་གནས་པའི་ས་ཞིག་ཡོད་ན་མགོའི་སྐྲ་རྩེ་མན་ཆད།རྐང་གི་སེན་རྩེ་ཡན་ཆད་ཀྱི་བར་ལ་བརྟགས་ནས་གནས་ས་འདི་ཡིན་ཟེར་རྒྱུ་ཞིག་ཡོད་དགོས།ཡོན་ན་མངོན་སུམ་མིག་གིས༴སོགས།མ་ཡིན།ཕན་བྱེད་ལུས་ངག་ཡིད་གསུམ་གྱི་དགེ་བ་འདི་ཐ་མ་འགྲོ་བའི་ཡུལ་ཞིག་ཡོད་ན་ཤར་ལྷོ་ནུབ་བྱང་ཕྱོགས་བཞི་མཚམས་བརྒྱད་སྟེང་འོག་བར་གསུམ་གང་གི་ཕྱོགས་སུ་འགྲོ་ས་འགྲོ་ཡུལ་ཡོད།ཡོད་ན་མངོན་སུམ་མིག་གིས༴སོགས།མ་ཡིན།དེས་ན་བྱུང་གནས་འགྲོ་གསུམ་གྱིས་གཏན་ལ་ཕབ་ནས་མེད་པ་ཡིན་མ་གཏོགས།ཕན་བཏགས་པ་དེ་དགེ་བ་ཡིན་སྙམ་ན།སེམས་ཉིད་སྟོང་པའི་ཕྱི་ནང་བར་གསུམ་མགོ་འཇུག་གང་གི་ཐད་ནས་ཕན་བཏགས་ཏེ་དཀར་པོར་བཏང་བ་འདི་མངོན་སུམ་མིག་གིས༴སོགས།མ་ཡིན།དེས་ན་རང་གི་བློས་བཏགས་པ་ཙམ་མ་གཏོགས་དགེ་བ་རང་ངོས་ནས་བདེན་གྲུབ་ཅན་དུ་མ་གྲུབ་པ་ཡུལ་མེད་དུ་ཐག་ཆོད་ཚེ་གནས་སྐབས་སུ་འཁོར་བ་རུ་བསོད་ནམས་བསགས་པ་ཙམ་ཞིག་ལས་ཡོད་པ་མ་ཡིན།དེ་བཞིན་དུ་སྡིག་པ༴སོགས།མ་འདས་སོ། །དེ་བཞིན་དུ་ལུས་ངག་ཡིད་གསུམ་ལ་གནོད་པའི་སྡིག་པ་བསགས་པའི་ཕུང་པོ་འདི་འབྲུའི་ཕུང་པོ་བཞིན་དུ་སྤུངས་པ་དང་།རྒྱལ་པོའི་བང་མཛོད་བཞིན་དུ་བསགས་ཡོད་དགོས།ཡོད་ན་མངོན་སུམ་མིག་གིས༴སོགས།མ་ཡིན།བྱུང་གནས་འགྲོ་གསུམ་གོང་ལྟར་གཏན་ལ་ཕབ།གནོད་བསྐྱལ་བ་དེ་སྡིག་པ་ཡིན་སྙམ་ན།ཡང་སེམས་ཉིད་སྟོང་པའི་ཕྱི་ནང་མགོ་འཇུག་བར་གསུམ་གང་གི་ཐད་དུ་གནོད་པ་བྱས་པས་ནག་པོར་བཏང་བ་འདི་མངོན་སུམ་མིག་གིས༴སོགས།མ་ཡིན།དེས་ན་རང་གི་བློས་བཏགས་པ་ཙམ་མ་གཏོགས་སྡིག་པ་རང་ངོས་ནས་བདེན་པར་གྲུབ་པ་རྡུལ་ཙམ་ཡང་ཡོད་པ་མ་ཡིན།ཚེ་གཅིག་ཏུ་ལུངས་ངག་ཡིད་གསུམ་དགེ་སྦྱོར་ལ་འབད་པའི་སྐྱེས་བུ་ཞིག་དང་།ཚེ་གཅིག་ཏུ་ལུང་ངག་ཡིད་གསུམ་སྡིག་པ་ལ་སྤྱོད་པའི་སྐྱེས་བུ་དེ་གཉིས་ཀའི་ཤེས་རྒྱུད་ལ་ཞིབ་ཏུ་བརྟག་ན་གཉེན་ལ་ཆགས་པ་དང་།དགྲ་ལ་སྡང་བ་དང་།བཟང་པོ་ལ་རེ་བ་དང་།ངན་པ་ལ་དོགས་པའི་ཉེར་ལེན་ཐམས་ཅད་ལ་ཁྱད་པར་རྡུལ་ཙམ་མེད་ན་གྲོལ་ཀྱང་ཤེས་རྒྱུད་གྲོལ་བས་གྲོལ་ལ།འཁྲུལ་ཡང་ཤེས་རྒྱུད་འཁྲུལ་པས་འཁྲུལ་ཏེ་འཁོར་བར་འཁྱམས་པ་ཡིན།ཤེས་རྒྱུད་དེ་གཉིས་ཀ་ཁྱད་པར་མེད་ན་ཐམས་ཅད་འཁོར་བ་ལམས་མི་འདའ་སྟེ།གནས་སྐབས་ཀྱི་བདེ་བ་ཙམ་དང་།སྡུག་བསྔལ་ཙམ་ལས་ཁྱད་པར་མེད་ན་འཁོར་བའི་སྣོན་པ་ཙམ་ལས་མ་འདས་པ་ཡིན།འདི་ལྟར་དགེ་བ་གཏན་ལ༴སོགསཤེས་པར་བྱའོ། །དགེ་བ་གཏན་ལ་མ་ཕབ་ཀྱང་དགེ་བ་སྒྲུབ་མཁན་སུ་མི་འདུགསྡིག་པ་གཏན་ལ་མ་ཕབ་ཀྱང་ཀུན་གྱི་ཐུན་མོང་དུ་སྤྱད་འདུག་པས།དགེ་སྡིག་གཏན་ལ་ཕབ་པ་ལ་དགོས་པ་མི་འདུག་སྙམ་ན།དགེ་བ་མི་བསྒྲུབ་པའི་ཕྱིར་དང་།སྡིག་པ་བསྒྲུབ་པའི་ཕྱིར་དུ་ནི་གཏན་ལ་ཕབ་པ་མ་ཡིན་ཏེ།འདི་ལྟར་དགེ་བ་གཏན་ལ་མ་ཕབ་ན་རྣམ་པར་གྲོལ་བའི་ལམ་དང་།གནས་སྐབས་སུ་འཁོར་བར་བསོད་ནམས་བསགས་པའི་དགེ་བ་གཉིས་ནོར་ནས་རྣམ་མཁྱེན་གྱི་འབྲས་བུ་ཐོབ་པ་མ་ཡིན།སྡིག་པ་གཏན་ལ་མ་དབབ་ན་རང་ངོ་རང་གིས་མ་རིག་པ་ཉིད་སྒྲིབ་པ་དང་སྡིག་པ་འཁྲུལ་གཞི་ཡིན་པར་མི་ཤེས་ཏེ་འཁོར་བ་མཐའ་མེད་དུ་འཁྲུལ་པ་ལས་འོས་མེད་པའི་ཕྱིར་ན་དགེ་སྡིག་གཉིས་གཏན་ལ་དབབ་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན།དེས་ན་དགེ་སྡིག་གཉིས་གང་བསགས་ཀྱང་འབྲས་བུ་མི་འབྱུང་བ་ཡིན་སྙམ་ནའང་མ་ཡིན་ཏེ།འདི་དགེ་བ་ཡིན་སྙམ་པའི་རྣམ་རྟོག་དཀར་པོ་དེ་གཞི་བདེ་གཤེགས་སྙིང་པོའི་ཉག་ཕྲན་ཡིན་པའི་ཕྱིར་ན།ལུས་ངག་ཡིད་གསུམ་དགེ་བ་གང་བསགས་ཀྱང་འབྲས་བུ་བདེ་འགྲོ་ལྷ་མིའི་གོ་འཕང་ཙམ་ཐོབ་ནུས་པ་ཡིན་ཀྱང་།རྣམ་མཁྱེན་གྱི་ལམ་ལ་ནི་སྤུ་ཙམ་ཡང་ཉེ་བར་མི་འགྱུར་བའི་སྐྱོན་དེས་བཅིང་བར་འགྱུར་བ་དང་།གཞི་བསམ་སྦྱོར་བ་མཐར་ཐུག་བཞིའི་སྒོ་ནས་མི་དགེ་བའི་ལས་གང་བསགས་ཀྱང་།སྡིག་པའི་ཡན་ལག་ཁ་ཚང་བའི་དུག་གསུམ་གང་རུང་གི་ཀུན་སློང་ཤུགས་ཆེ་ཆུང་གི་དབང་གིས་འབྲས་བུ་ངན་སོང་གསུམ་དུ་འཕེན་པར་འགྱུར་བ་ཡིན་ཀྱང་།དེ་གཉིས་གང་ཡིན་ཡང་འཁོར་བ་ལས་མི་འདའ་བའི་ཕྱིར་ན་འཁོར་བར་བསོད་ནམས་བསགས་པ་ཙམ་ལས་མེད།ཕྱི་མ་དོན་དུ་གཉེར་ནས་མི་མེད་ཀྱི་ལུང་སྟོང་དུ་ཕྱིན་དེ་སྟོང་ཉིད་བསྒོམ་པའི་ཚེ་ན་མྱོང་ཞེན་གང་ཡང་མེད་པས་དེའི་བློ་ཡིད་མི་ཚིམས་ནས།གཞན་དགེ་བ་ཟབ་ཟབ་འདྲ་བའི་ཟག་བཅས་ཀྱི་དགེ་ལ་གཞོལ་བ་དང་།ཡང་སྟོང་ཉིད་བསྒོམ་པའི་ཡོན་ཏན་སོགས་མཐོང་ཚེ་སྟོང་ཉིད་ཀྱི་དོན་ལ་མཉམ་པར་འཇོག་པ་སོགས་བྱས་ཀྱང་།ཁབ་རྩེ་གཉིས་ཀྱིས་ཚེམ་དྲུབས་མི་འོང་བ་དང་།བློ་རྩེ་གཉིས་ཀྱིས་དོན་མི་གྲུབ་ཟེར་བའི་དཔེ་བཞིན་དུ།ཆོས་ཉིད་ཀྱི་དོན་ལ་གདིང་ཐོབ་མི་ནུས་པའི་སྐྱོན་དེས་བཅིང་བའི་ཕྱིར་ན་དགེ་སྡིག་གཉིས་གཏན་ལ་འབེབས་དགོས་པའི་རྒྱུ་མཚན་དེ་ཡིན་མ་གཏོགས།ཉོན་མོངས་པ་ཆགས་སྡང་རྨོངས་གསུམ་གྱི་ལས་རང་ཁར་སྤྱོད་པ་ལས་ནི་ཟག་བཅས་ཀྱི་དགེ་བ་སྣ་རེ་འགྲུབ་ཀྱང་དེས་ལོས་དགའ།དེ་མིན་ཆོས་ཉིད་ཀྱི་དོན་ནི་དགེ་བ་གང་གི་འགྲན་ཟླ་དང་བྲལ་བ་ཡིན།དེའི་དོན་ལ་མཉམ་པར་འཇོག་ཚེ་བློས་བྱས་ཡིད་དཔྱོད་ཀྱི་དགེ་བ་དང་།མི་དགེ་བའི་ལས་གཉིས་གང་གིས་ཀྱང་བྱར་མེད་ལ།ངོ་བོ་བསྒྲིབ་པའི་ཆ་ལ་བཟང་ངན་ཅུང་ཟད་ཀྱང་མེད་དེ།ཀུན་མཁྱེན་ཆེན་པོས།རང་བྱུང་རིག་པ་དོན་དམ་ཉི་མ་ལ། །དགེ་སྡིག་དཀར་ནག་གཉིས་ཀྱི་སྤྲིན་གྱིས་བསྒྲིབས། །བླང་དོར་འབད་རྩོལ་བྱེད་པའི་གློག་འཁྱུགས་ནས། །བདེ་སྡུག་འཁྲུལ་སྣང་ཆར་གྱི་རྒྱུན་བབས་པས།འཁོར་བའི་ས་བོན་འགྲོ་དྲུག་ལོ་ཐོག་རྒྱས། །ཀྱཻ་མ་ཉམ་ཐག་འགྲོ་ཀུན་སྙིང་རེ་རྗེ། །མཐར་ཐུག་ངེས་པ་དོན་གྱི་སྙིང་པོ་ལ། །གསེར་སྒྲོག་ཐག་སྒྲོག་འཆིང་བ་མཉམ་པ་ལྟར། །ཆོས་དང་ཆོས་མིན་སེམས་ཀྱིས་འཆིང་བ་མཉམ། །དཀར་ནག་སྤྲིན་ཚོགས་གང་ཡང་མེད་པ་ན། །ཆོས་དབྱིངས་མཁའ་ལ་དོན་དམ་ཉི་མ་ཤར། །ཞེས་གསུངས་པ་བཞིན་ཡིན་ནོ། །ཡང་ཕན་སྐྱོབ་ཀྱི་ལྷ༴སོགས།ཚུལ་དང་།ཕན་བྱེད་ཀྱི་ལྷ་གཏན་ལ་ཕབ་པར་བྱེད་པ་ལ།དང་པོ་བྱུང་ས།བར་དུ་གནས་ས།ཐ་མ་འགྲོ་ས་གསུམ་ལ་བརྟགས་པས་ཡུལ་མེད་པ་ཡིན།དབང་པོའི་ཡུལ་དུ་ལྷ་ཞེས་སྣང་བ་ཡིན་ན་ལྷའི་གཟུགས་སྒྲ་དྲོ་རོ་རེག་བྱ་འདི་ཡིན་ཟེར་རྒྱུ་ཞིག་དགོས་ཀྱང་དེ་ནི་བདེན་གྲུབ་ཅན་དུ་མེད།འབྱུང་བ་སྣོད་བཅུད་ཀྱི་ཁམས་ནས་བྱུང་བ་ཡིན་བསམ་ན།འབྱུང་བ་ས་ལྟ་བུ་ལ་མཚོད་ན་ས་དེ་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དང་ཆ་མེད་དུ་བཏང་ན་ཡང་ས་ཟེར་བ་ལས།ལྷ་ཟེར་བ་དེའི་ཁོང་ནས་བྱུང་ཚུལ་གཏན་ནས་ཡོད་པ་མ་ཡིན།དེ་བཞིན་དུ་འབྱུང་བ་རང་རང་གི་མིང་སོ་སོར་བཏགས་པ་ལས་ལྷ་ཟེར་བ་མ་ཡིན།ཐ་དད་པ་ཞིག་ཡིན་སྙམ་ན།ལྷ་དངོས་མེད་ཞིག་ཡིན་ན་བདག་དངོས་ཅན་ལ་ཕན་བཏགས་ཚུལ་མེད།ལྷ་དངོས་ཅན་ཞིག་ཡིན་ན་ལྷ་དེས་ཁྱོད་ལ་ཁ་འཛིན་དང་སྡོང་གྲོགས་བྱེད་དུས་མི་རིག་པའི་ཐབས་མེད།དེ་དུས་རིག་ན་ལྷ་དེའི་གཟུགས་དབྱིབས་ཁ་དོག་སོགས་མངོན་སུམ་མིག་གིས་མཐོང་རྒྱུ།དོན་དམ་ལག་པས་འཛིན་རྒྱུ།དབང་པོའི་སྒོ་རུ་མངོན་རྒྱུ་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།གཞི་བདག་དྲེགས་རྩལ་ཅན་ཞིག་ཡིན།རི་བོ་འདི་ལ་གནས་ཡོད།ཕན་བཏགས་ནི་ཞིག་ཡིན་བསམ་ན་ཕན་ཇི་ལྟར་བཏགས།རི་དེ་ལྷ་ཡིན་ན་སྲུང་སྐྱོབ་བྱེད་དུས་རི་བོ་དེ་ཐོན་ཡོང་ནས་ཁྱོད་ལ་སྲུང་སྐྱོབ་བྱེད་དགོས།དེ་མིན་ན་ཕན་བཏགས་ལུགས་མེད།རིའི་ཁུང་ན་ཡོད་པ་ཡིན་ན་ལམ་ཞིག་ལོས་ཡོད།མིན་ན་ས་བརྐོས་ནས་སོང་ན་དེར་ལོས་ཐོན།རི་དེའི་འོག་ཏུ་ཡོན་ན་ས་བརྐོས་ནས་བལྟས་ན་ལོས་རིག་དང་དེ་ནི་ཡོད་པ་མ་ཡིན།དེ་ཕ་ཁུ་ཆེ་རྒན་གྱི་རིང་ནས་མཆོད་གསོལ་བསང་དང་རླུང་རྟ་བྱས་ན་ཁ་འཛིན་སྡོང་གྲོགས་བྱེད་པ་ཡིན།མ་མཆོད་ན་ན་ཚ་དང་མི་འདོད་པ་འོང་བ་ཡིན་བསམ་ན།ལྷ་གཟུགས་མེད་ཀྱིས་གཟུགས་ཅན་ལ་ཕན་བཏགས་ལུགས་མེད།ལྷ་གཟུགས་ཅན་ཞིག་ཡིན་ན་བཟང་ཤིང་དང་དར་ཟབ་མཆོད་རྫས་སོགས་ཀྱི་བསང་མཆོད་བྱས་ཚེ་ལོངས་སྤྱོད་ནི་ཞིག་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།བསང་གི་དུད་པ་བར་སྣང་ལ་ཡལ།བསང་རྫས་བསྲེགས་པ་རྣམས་ཐལ་བར་ལོག་ནས་ཤུལ་དུ་ཡོད་པ་རླུང་གིས་ཁྱེར་བ་མ་གཏོགས།སུས་ཀྱང་མ་ཁྱེར་བར་ལུས་འདུགདེ་བཞིན་དུ་རླུང་རྟ་ཡིན་ཟེར་བ་དར་རས་ཁ་དོག་སྣ་ཚོགས་བཙུགས་པ་ཐམས་ཅད་ཀྱང་ལོ་ཆ་རེའི་ཕྲོ་རུ་ཡང་ལ་ལ་ཆུས་རུལ།ལ་ལ་འཐོར་ནས་ཆུ་ཆར་གྱིས་ཟོས་ནས་ཡལ་འགྲོ་བ་མ་གཏོགས་ལྷ་ཞེས་དངོས་སུ་སྤྱོད་མཁན་མེད་པ་མཐོང་ཆོས་སུ་ཡོད།ཡང་ན་ག་ཤེད་ན་རྫ་བྲག་ཤིན་ཏུ་འཇིགས་སུ་རུང་བ་ཞིག་ཡོད་པ་དེར་བདག་སོང་ནས་ས་རྐོ་རྡོ་ཀློག་བྱས་པའི་རྐྱེན་གྱིས་སེར་བ་དང་ཐོག་འབྲུག་གློག་གསུམ་བསམ་གྱིས་མི་ཁྱབ་པ་བྱས་ནས་ཅིག་མིན་ན་བདག་བསད་བཏང་བསམ་ན།དཔེར་ན་ཁྱོད་མདང་རྨི་ལམ་གྱི་སྐབས་སུ་གཞི་བདག་དྲེགས་རྩལ་ཤིན་ཏུ་འཇིགས་སུ་རུང་བ།རི་རྩེ་གངས་ཀྱིས་བཟུང་།རི་སྐེད་རྫ་རིས་བཟུང་།རི་རྩ་ནགས་ཀྱིས་བཟུང་ཡོད་པ་ཞིག་ལ་ཐོན་ནས་ལུང་གཉན་ཀྭིས་བཏབ།ཤིང་གཉན་སྟྭ་རིས་བཅད།རྩྭ་གཉན་ཟོར་བས་བྲེགས་གཉན་འཇོར་གྱིས་བརྐོས།ཆུ་གཉན་གཟའ་རིས་བཅུས་པ་སོགས་བྱས་ཚེ།དེ་ལ་རྐྱེན་བྱས་ནས་དེ་མ་ཐག་ཏུ་རྫ་སྐེད་ནས་སྨུག་པ་གཡག་རྔ་ཙམ་ཞིག་ཆད་དེ་གནམ་ལ་སོང་བས་སྐད་ཅིག་ཏུ་ཐོག་འབྲུག་གློག་གསུམ་བསམ་གྱིས་མི་ཁྱབ་པ་བྱུང་ནས་མི་བཟོད་པར་སྣང་ཡང་།དེ་རིང་ཉིན་མོའི་སྐབས་སུ་སེར་འབྲུ་རྡོག་མ་གཅིག་ཀྱང་འོང་མ་མྱོང་།འདི་དང་འདྲ་མཚུངས་པ་ཞིག་ཡིན་པས་ཕན་བྱེད་ཀྱི་ལྷ་ཡང་ཁྱོད་ཀྱི་སྣང་ཉམས་ཙམ་མ་གཏོགས།དོན་ལ་གཞི་རྩ་དང་བྲལ་བ་ཡེ་ནས་བདེན་གྲུབ་ཅན་དུ་རྡུལ་ཙམ་ཡང་གྲུབ་མ་མྱོང་།དེས་ན་ལྷ་ཞེས་བསྒྲུབ་རྒྱུ་མེད་པ་ཞིག་ཡིན་སྙམ་ན་དེ་ནི་མ་ཡིན་ཏེ།རང་གི་རྟོག་པའི་རྩལ་ལས་མེད་པ་ལ་ཡོད་པར་བསྒྲུབ་པ་ནི་མེད་པའི་དབྱིངས་ནས་དབང་པོའི་སྒོར་མངོན་སུམ་དུ་སྣང་བའི་ལྷ་བསྒྲུབ་པའི་རྒྱུ་རང་ལ་ཡོད་པས་དོན་གྱིས་འགྲུབ་པ་ཡིན།རང་ལ་ཡོད་པར་མི་ཤེས་པར་གཞན་ཕ་རོལ་ཞིག་ན་ལྷ་རང་རྒྱུད་པ་ཞིག་ཏུ་བཟུང་ནས་བསྒྲུབ་པ་ནི།དཔེར་ན་གཡག་རྭའི་ནང་དུ་ཕུ་བཏབ་པ་དང་།ལུང་སྟོང་དུ་ཀི་བཏབ་པ་ཁྱད་པར་སྤུ་རྩེ་ཙམ་ཡང་མེད།དེའི་ཕྱིར་ན་ལྷ་གང་བསྒྲུབ་ཀྱང་རང་གི་ཤེས་པ་གོ་མ་འགགས་པ་གཅིག་པུ་དེས་བསྒྲུབ་ན་སེམས་རྟོག་ཁོ་ནས་འགྲུབ་པ་ཡིན་གསུངས།གནོད་བྱེད་ཀྱི་འདྲེ་ཡང༴སོགས།སྟོན་ཏོ། །དེ་བཞིན་དུ་གནོད་བྱེད་ཀྱི་འདྲེ་ཞེས་བྱ་བ་དེ་ཡང་དང་པོ་བྱུང་ས་བར་དུ་གནས་ས་ཐ་མ་འགྲོ་ས་གསུམ་ལ་བརྟགས་པས་ཡུལ་མེད་པ་ཞིག་ཡིན།དབང་པོའི་ཡུལ་དུ་འདྲེ་ཞེས་སྣང་བ་ཡིན་ན།འདྲེའི་གཟུགས་སྒྲ་དྲི་རོ་རེག་བྱ་འདི་ཡིན་ཟེར་རྒྱུ་ཞིག་ཡོད་དགོས་ཀྱང་།དེ་ནི་བདེན་གྲུབ་ཅན་དུ་མ་གྲུབ་པ་ཞིག་ཡིན།འབྱུང་བ་སྣོད་བཅུད་ཀྱི་ཁམས་ནས་བྱུང་བ་ཡིན་བསམ་ན།འབྱུང་བ་ས་ལྟ་བུ་ལ་མཚོན་ན་ས་དེ་རྡུལ་དུ་ཕབ།རྡུལ་རྡུལ་ཕྲན་དང་།རྡུལ་ཕྲན་ཆ་མེད་དུ་བཏང་ན་ཡང་ས་ཟེར་བ་ལས།འདྲེ་ཞེས་འདིའི་ཁུང་ནས་འབྱུང་ཚུལ་གཏན་ནས་ཡོད་པ་མ་ཡིན།དེ་བཞིན་དུ་འབྱུང་བ་རང་རང་གི་མིང་བརྗོད་པ་མ་གཏོགས་འདྲེ་ཞེས་བརྗོད་པ་མེད།མི་ཞིག་གནས་བསམ་ན་མི་དེའི་མགོའི་སྐྲ་རྩེ་མན་ཆོད་རྐང་གི་སེན་རྩེ་ཡན་ཆོད་ཀྱི་བར་ལ་བརྟགས་ཤིང་དཔྱད་ན་གནས་པའི་ཡུལ་གཏན་ནས་མི་རྙེད།རྣམ་ཤེས་འདྲེ་ཡིན་བསམ་ན་མི་གཅིག་ལ་རྣམ་ཤེས་གཉིས་ཡོད་ཚུལ་མེད།ང་ལ་ནད་གཞི་ཡོད་པ་འདི་འདྲེ་ཡིན་བསམ་ན་འདྲེ་དེས་ནད་སྤར་ཆིང་བྱས་ནས་ཁྱོད་ཀྱི་ཁོག་པའི་ནང་དུ་བླུགས་པ་ཡིན་ནམ་ཡང་ན་མདའ་མདུང་ལ་སོགས་པས་བརྒྱབ་པ་ཡིན་ན་ཁྱོད་ཀྱི་ལན་བྱས་ན་ལོས་ཆོག་དང་དེ་ནི་ཡོད་པ་མིན།མདང་རྨི་ལམ་ན་བན་རྒན་གསེར་ཞྭ་ཅན་ཞིག་རྨིས་པ་དེ་རྒྱལ་པོ་ཡིན་བསམ་ན།དེ་རིང་ཉིན་མོའི་སྐབས་ཀྱི་བླ་རྒན་གསེར་ཞྭ་ཅན་ཐམས་ཅད་རྒྱས་པོ་ཡིན་དགོས་ཀྱང་དེ་མ་ཡིན།རྨི་ལམ་ན་རྒན་མོ་ཞིག་རྨིས་པས་དེ་འདྲེ་མོ་ཡིན་བསམ་ན།དེ་རིང་ཉིན་མོའི་སྐབས་ཀྱི་རྒན་མོ་ཡོད་ཚད་པོ་འདྲེ་མོ་ཡིན་དགོས་ཀྱང་དེ་ནི་མ་ཡིན།རྨི་ལམ་ན་བྱིས་པ་གོས་ངན་ཅན་ཞིག་རྨིས་པས་དེ་བསེ་རག་ཡིན་བསམ་ན།དེ་རིང་ཉིན་མོའི་སྐབས་ཀྱི་བྱིས་པ་ཐམས་ཅད་པོ་བསེ་རག་ཡིན་དགོས་ཀྱང་དེ་ནི་མ་ཡིན།དེས་ན་ནད་ཅིག་བྱུང་ཚད་པོ་འདྲེ་ཡིན་བསམ་ན།ཤ་ཟ་དུས་ལག་པ་གྲིས་བཅད་པ་དེ་ཡང་འདྲ་ཡིན་དགོས།དེ་བཞིན་དུ་ཟས་ཀྱིས་བརྒྱག་ཆེས་ན་དེ་ཡང་འདྲ་ཡིན་དགོས།ཉི་མའི་ནང་ལ་བསྡད་ན་དང་པོ་ཕན་སྣང་སྐྱེས་ཀྱང་རྗེས་སུ་ཚ་བས་མ་བཟོད་ན་དེ་ཡང་འདྲེ་ཡིན་དགོས་ཀྱང་དེ་ནི་མ་ཡིན།དེ་བཞིན་དུ་བདེ་བ་དང་སྡུག་བསྔལ་ཐམས་ཅད་སེམས་ཀྱི་སྣང་ཉམས་རྨི་ལམ་ལྟ་བུ་ལས་ལྷས་ཕན་བཏགས་པ་དང།འདྲེས་གནོད་བྱས་པ་གཉིས་གདགས་གཞིའི་སྟེང་ནས་ཅི་ཡང་མ་གྲུབ་ཅིང་།ཡུལ་མེད་དུ་སྟོང་པ་ལས་མེད་པར་མཐོང་བ་ཡིན།དེ་བཞིན་དུ་མི་རྣམས་འཁྲུལ་པའི་དབང་གིས་ལུས་ཀྱི་སྟོད་སྨད་གཉིས་ལ་ཡང་བཟང་ངན་དུ་འཛིན་ཅིང་ཞྭ་གཙང་མར་འཛིན་ཅིང་ཁྱིམ་སྟོད་ལ་བཞགལྷྭམ་ངན་པར་བཟུང་ནས་ཁྱིམ་སྨད་དུ་བཞགཁྱིམ་སྟོད་ལྷ་རུ་བཟུང་ནས་བཟང་པོ་དང་།ཁྱིམ་སྨད་འདྲེ་རུ་བཟུང་ནས་ངན་པ་རུ་འཛིན་ཞིང་དཔེར་ན་གཞན་གྱི་རྫས་ལྟ་བུ་ལ་མཚོན་ན།སྐྱེ་བོ་ནག་པོ་ཞིག་འོང་ན་ཁྱིམ་ཚང་ཁོང་རྩོག་ཞིག་ཡིན།དེ་ཡང་ཁྱིམ་སྟོད་ལ་མ་བཞག་གདོན་ནོ་སྨད་ན་ཞོག་ཟེར་བ་ཡིན།ཁྱིམ་སྟོད་ལྷ་རུ་བཟུང་བའི་ལྷ་དེ་སྣོད་ཁུག་ཐམས་ཅད་དུ་བཙལ་ཀྱང་ལྷ་ཚང་མི་རྙེད།ཁྱིམ་སྨད་འདྲེ་རུ་བཟུང་བའི་འདྲེ་དེ་བཙལ་ཀྱང་འདྲེ་ཚང་མི་རྙེད།དེའི་ཕྱིར་ན་ལྷ་འདྲེ་ཞེས་པ་ཡེ་ནས་གྲུབ་མ་མྱོང་ཀྱང་།མེད་ལ་ཡོད་པར་སྣང་བ་རང་གི་འཁྲུལ་པའི་སྣང་བ་ཙམ་མ་གཏོགས།བདེན་གྲུབ་ཅན་དུ་རྡུལ་ཙམ་ཡང་མེད།དེས་ན་བཟང་པོ་ལྷ་རུ་འཛིན་པའི་རེ་བ།ངན་པ་འདྲེ་རུ་འཛིན་པའི་དོགས་པ་རྒྱུན་མི་ཆད་པར་འབྱུང་ཡང་།རང་གི་བདག་འཛིན་གྱི་འཆིང་བ་དམ་པོའི་སྟོབས་ཀྱིས་བདེ་སྡུག་གི་ཉམས་རྒྱུན་མི་ཆད་པར་འབྱུང་བ་ཐམས་ཅད་འཁོར་བའི་གཤིས་ཉམས་ཁོ་ན་ལས་གཞན་དུ་གྲུབ་པ་རྡུལ་ཙམ་ཡང་ཡོད་པ་མ་ཡིན།དེས་ན་རྨི་ལམ་ཁོ་ནས་ཀྱང་སྟོན་ཏོ། །འདིའི་གནད་དོན༴སོགས།ངེས་པའོ། །འདིའི་གནད་དོན་དང་ཡིན་ལུགས་ཤེས་པ་ནི་སྒོམ་པ་ཐམས་ཅད་ཀྱི་གེགས་སེལ་ཡིན་ཏེ།གང་གི་གེགས་སེལ་དགོས་ན་སྒོམ་པ་ལ་ཡིད་མི་ཆེས་པ་དང་བློ་མི་གཏོད་པའི་གེགས་སེལ་བ་ཡིན།དེས་ན་ཆོས་ཉིད་ཀྱི་དོན་ལ་ཡིད་ཆེས་ཤིང་ཐེ་མི་ཚོམ་པའི་སྒོམ་པ་ཉམས་སུ་ལེན་པ་དང་།སྒོམ་པ་ཉམས་སུ་ལེན་པའི་མཐུས་གདིང་ཐོབ་པར་འགྱུར་བ་དང་།གདིང་ཐོབ་པའི་སྟོབས་ཀྱིས་མ་རིག་པའི་སྒྲིབ་པ་དང་བྲལ་ནས་རིག་པའི་ཡོ་ལང་ཆེན་པོར་དབང་བསྒྱུར་བའི་གདིང་ཐོབ་ནས་གྲོལ་བ་ཐོབ་པར་འགྱུར་རོ། །དེས་ན་ཞི་བྱེད་བདུད་གཅོད་ཟབ་མོའི་རྩ་བ་ཡིན་ཏེ།རང་རིག་ལས་གཞན་ན་ལྷ་རང་རྒྱུད་པ་མེད་པ་དང་།རྣམ་རྟོག་ལས་གཞན་འདྲེ་རང་རྒྱུད་པ་མེད་པར་ཐག་ཆོད་ན་བདུད་བཞི་དབྱིངས་སུ་གཅོད་པར་འགྱུར་བ་ཡིན།སྒྲུབ་པ་གཏོ་ཡས་པ་དག་ཡང་འདི་མེད་ཐབས་མེད་པ་ཡིན་ཏེ།ཆོས་ཐམས་ཅད་སྒྱུ་མ་ཙམ་དུ་རྟོགས་པར་གྱུར་ན་སྒྱུ་མ་ལྟ་བུའི་བསྒྲལ་འདྲེན་གྱིས་སྒྱུ་མ་ལྟ་བུའི་འགྲོ་བ་རྣམས་གནས་ངན་ལས་བསྒྲལ་ནས་འདྲེན་པར་ནུས་པའི་སྒྱུ་མའི་རྣལ་འབྱོར་དུ་འགྱུར་བ་ཡིན།མིའི་གདན་ཐོག་ནས་རང་གི་ཚོགས་རྫོགས་ཟེར་བའི་དཔེ་བཞིན་དུ།རང་གཞན་གྱི་དོན་གཉིས་རྒྱ་ཆེན་པོ་འགྲུབ་པ་ཡིན།དེ་ལྟར་མ་ཡིན་པར་ཉོན་མོངས་རང་ཁར་སྤྱོད་ནས་ཟན་སྒོང་ལ་ཕུར་པ་འདེབས་པའི་སྡང་ཞེན་ཙམ་གྱིས་ནི་འདྲེ་གདོན་འདུལ་བ་ལྟ་ཞོགགཞི་བསམ་སྦྱོར་བ་མཐར་ཐུག་གསུམ་གྱིས་སྡིག་པའི་ལས་རྫོགས་མ་རག་པར་གྱུར་ནས་ངན་སོང་གི་འབྲས་བུ་བསྐྱེད་པར་འགྱུར་བ་ཡིན་གསུངས་སོ། །ཀྱཻ་ཞེས་བོས་ནས་སེམས་མེད་རིག་པའི་ཁྱེའུ་ཆུང་ཁྱོད་ཀྱིས་གདུལ་བྱ་རྣམས་ལ་སྟོན་དང་གསང་ཆེན་ཐེག་པ་ཆེན་པོའི་རྣལ་འབྱོར་པ་ཤ་སྟག་འབྱུང་སྲིད་དོ། །ཅེས་གསུངས་ཤིང་མི་སྣང་བར་གྱུར་ཏོ། །བཞི་པ་རེ་དོགས་ཀྱི་རྫུན་ཕུག་རྟིབ་པ་ནི།ཡང་འོད་གསལ་དག་པའི༴སོགས།བདག་ཏུ་ལྟ་བ་ལས་མ་འདས།ཡང་འོད་གསལ་དག་པ་ཆོས་ཉིད་ཀྱི་སྣང་ངོར་རིག་སྐུ་དཔལ་ཆེན་ཕྱག་ན་རྡོ་རྗེ་དང་དངོས་སུ་ཞལ་མཇལ་བའི་ཚེ་ན་བདག་གིས་འདི་སྐད་ཞུས།ཀྱཻ་ཞེས་བོས་དེ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ་ལགས།སངས་རྒྱས་ཞེས་བྱ་བ་རང་གཞི་ཀུན་ཏུ་བཟང་པོ་རང་ཐོག་ཏུ་རང་སངས་རྒྱས་པ་ཡིན་ནམ།ཡང་ན་གཞན་ཞིག་གི་ཡུལ་ནས་ཡུལ་དུ་ཁ་བརྒྱུད་ནས་འགྲོ་རྒྱུ་ཡིན་ནམ་དེ་གཉིས་གང་གི་ཕྱོགས་སུ་ངེས་པ་ཡིན་ཞུས་ཚེ།དེ་ཉིད་ཀྱི་ཞལ་ནས།ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ།ཡུལ་ཡངས་པ་ཆེན་པོ་ཞིག་ཏུ་མི་རྗེ་རྒྱལ་པོ་གཟུགས་བཟང་ཞིང་ཡིད་དུ་འོང་བ་མཐོང་ན་མི་མཐུན་པ་མེད་པ།རྣམ་རྟོག་ཞི་བས་ཞི་བ།ཉོན་མོངས་པའི་ཚེ་གདུང་ཐམས་ཅད་དང་བྲལ་བས་བསིལ་བ་དྭངས་པ་རྙོག་པ་དང་བྲལ་བ།བཞིན་ལེགས་མཛེས་སྡུག་བལྟ་བས་ཆོག་མི་ཤེས་པ་ཞིག་ཡོད་པར་སེམས་ན་སངས་རྒྱས་དེའི་ཕ་མ་སུ་ཡིན།ཕ་མ་ལས་སྐྱེས་པ་ཞིག་ཡིན་ན་སྐྱེ་བའི་མཐའ་ཅན་ཡིན།འདི་ན་གནས་ནས་བཞུགས་ཡོད་བསམ་ན་རྟག་པའི་མཐའ་ཅན་ཡིན།རྟག་པའི་ཐ་མ་ཡང་དགག་པ་དང་བཅས་པ་ཞིག་ཡིན།དེ་ལྟར་སྐྱེ་འགག་གནས་གསུམ་དང་བཅས་པའི་སྐྱོན་དེ་གསུམ་གྱིས་བཅིང་ནས་བཟུང་སྟེ་སེམས་ཅན་དུ་ངེས་པར་གདོན་མི་ཟ་བ་ཡིན།དེ་བཞིན་དུ་ཞིང་ཁམས་ཞེས་ཡུལ་ཡངས་པ་ཆེན་པོ་སྣོད་ཀྱི་འཇིག་རྟེན་རྒྱ་ཆེ་བ།བཅུད་ཀྱི་སེམས་ཅན་གྲངས་མང་བ་ལ་མཚན་གཞི་བྱས་ན།དེའི་ཡུལ་ཆོས་ཀྱི་བདག་འཛིན་ཞེས་བརྗོད།ལུས་ཅན་གྱི་སངས་རྒྱས་ཀྱི་ལུས་དེ་གང་ཟག་གི་བདག་ཡིན་ཏེ།བདག་འཛིན་གཉིས་ཀ་ལས་མ་འདས་ན་སེམས་ཅན་དུ་གདོན་མི་ཟ་བར་འགྱུར་བ་ཡིན།སངས་རྒྱས་ལ་མི་ཡོད་པར༴སོགསཞེས་བྱའོ། །དེ་ལྟ་བུའི་སངས་རྒྱས་རང་མཚན་པ་དེ་ལ་མིག་ཡོད་པར་བསམ་ན།མིག་གི་རྣམ་པར་ཤེས་པ་ཡང་ཡོད་དགོས།མིག་མིག་གི་མིག་གི་དབང་པོ་མཆན།རྣམ་པར་ཤེས་པ་དང་བཅས་པ་གྲུབ་པ་ཞིག་ཡོད་ན།དེའི་གཟུགས་སུ་སྣང་བ་མི་མཆེད་བའི་ཐབས་ཡོད་པ་མ་ཡིན།གཟུགས་སུ་སྣང་མ་མཆེད་ནས་བཟུང་སྟེ།དེ་མིག་གི་གཟུང་བ་ཡུལ་ཡིན།ཡུལ་དེ་གྲུབ་ཕན་ཆད་གཟུགས་དེ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ཞིག་མི་འབྱུང་བའི་ཐམས་མེད།དེ་ནི་མིག་གི་འཛིན་པ་སེམས་ཡིན།སེམས་གང་ལ་ཡོད་པ་དེ་ལ་སེམས་ཅན་ཞེས་བརྗོད།དེ་ལྟ་བུའི་སངས་རྒྱས་རང་མཚན་པ་དེ་ལ་རྣ་བ་ཡོད་པར་བསམ་ན།རྣ་བའི་རྣམ་པར་ཤེས་པ་ཡང་ཡོད་དགོས།རྣ་བའི་རྣམ་པར་ཤེས་པ་དང་བཅས་པ་གྲུབ་པ་ཞིག་ཡོད་ན།སྒྲ་རུ་སྣང་བ་མི་མཆེད་པའི་ཐབས་མེད།སྒྲ་རུ་སྣང་བ་མཆེད་ནས་བཟུང་སྟེ།དེ་རྣ་བའི་གཟུང་བ་ཡུལ་ཡིན།ཡུལ་དེ་གྲུབ་ཕན་ཆད་སྒྲ་དེ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ཞིག་མི་འབྱུང་བའི་ཐབས་མེད་དེ་ནི་རྣ་བའི་འཛིན་པ་སེམས་ཡིན།སེམས་གང་ལ་ཡོད་པ་དེ་ལ་སེམས་ཅན་ཞེས་བརྗོད།དེ་ལྟ་བུའི་སངས་རྒྱས་རང་མཚན་པ་དེ་ལ་སྣ་ཡོད་པར་བསམ་ན།སྣའི་རྣམ་པར་ཤེས་པ་ཡང་ཡོད་དགོས།སྣ་ཡི་རྣམ་པར་ཤེས་པ་དང་བཅས་པ་གྲུབ་པ་ཞིག་ཡོད་ན།དྲི་རུ་སྣང་བ་མཆེད་པའི་ཐབས་མེད།དེ་ནི་སྣའི་འཛིན་པ་སེམས་ཡིན།སེམས་གང་ལ་ཡོད་པ་དེ་ལ་སེམས་ཅན་ཞེས་བརྗོད།དེ་ལྟ་བུའི་སངས་རྒྱས་རང་མཚན་པ་དེ་ལ་ལྕེ་ཡོད་པར་བསམ་ན།ལྕེའི་རྣམ་པར་ཤེས་པ་ཡང་ཡོད་དགོས།ལྕེ་ལྕེ་ཡི་རྣམ་པར་ཤེས་པ་དང་བཅས་པ་གྲུབ་པ་ཞིག་ཡོད་ན།རོ་རུ་སྣང་བ་མི་མཆེད་པའི་ཐབས་མེད།རོ་རུ་སྣང་བ་མཆེད་ནས་བཟུང་སྟེ།དེ་ལྕེའི་གཟུང་བ་ཡུལ་ཡིན།ཡུལ་དེ་གྲུབ་ཕན་ཆད་རོ་རུ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ཞིག་མི་འབྱུང་བའི་ཐབས་མེད།དེ་ནི་ལྕེའི་འཛིན་པ་སེམས་ཡིན།སེམས་གང་ལ་ཡོད་པ་དེ་ལ་སེམས་ཅན་ཞེས་བརྗོད།དེ་ལྟ་བུའི་སངས་རྒྱས་རང་མཚན་པ་དེ་ལ་ལུས་ཡོད་པར་བསམ་ན།ལུས་ཀྱི་རྣམ་པར་ཤེས་པ་ཡང་ཡོད་དགོས།ལུས་ལུས་ཀྱི་རྣམ་པར་ཤེས་པར་དང་བཅས་པ་གྲུབ་པ་ཞིག་ཡོད་ན།རེག་བྱའི་སྣང་བ་མི་མཆེད་པའི་ཐབས་མེད།རེག་བྱའི་སྣང་བ་མཆེད་ནས་བཟུང་སྟེ།དེ་ལུས་ཀྱི་གཟུང་བ་ཡུལ་ཡིན།ཡུལ་དེ་གྲུབ་ཕན་ཆད་རེག་བྱ་ཉེ་བར་ལེན་པའི་སེམས་རྟོག་ཕྲ་མོ་ཞིག་མི་འབྱུང་བའི་ཐབས་མེད།དེ་ནི་ལུས་ཀྱི་འཛིན་པ་སེམས་པ་ཡིན།སེམས་གང་ལ་ཡོད་པ་དེ་ལ་སེམས་ཅན་ཞེས་བརྗོད།སངས་རྒྱས་ཞེས་གཟུང་འཛིན༴སོགས།སེམས་ཅན་ནོ། །དེས་ན་སངས་རྒྱས་ནི་གཟུང་འཛིན་ལས་འདས་པའི་བདག་ཉིད་ཅན་ཞིག་དགོས་མ་གཏོགས།གཞན་སངས་རྒྱས་རང་རྒྱུད་པ་ཞིག་ཡོད་པར་སྲིད་ན་དེའི་ཡོན་ཏན་སེམས་ཅན་ལ་འཇུག་པ་ཡང་མི་དང་མི་ལྟ་བུའོ། །སངས་རྒྱས་དེའི་ཡོན་ཏན་སེམས་ཅན་གྱི་རྒྱུད་ལ་འཇུག་ཚུལ་མེད།སངས་རྒྱས་དེ་གཞན་ལ་ཆོས་སྟོན་པ་པོ་ཞིག་ཡིན་པས་སངས་རྒྱས་བཏགས་པ་ཡིན་བསམ་ན།སྟོན་པ་པོ་བདག་དང་བསྟོན་བྱའི་ཆོས་དང་སྟོན་ཡུལ་སེམས་ཅན་དུ་སྣང་སེམས་འཛིན་པ་ཡོན་ན།དེའི་སངས་རྒྱས་དེ་ནི་སེམས་ཅན་ལ་འཕགས་པའི་ཁྱད་ཆོས་ཏིལ་འབྲུ་ཙམ་ཡང་མེད་པས་ཐམས་ཅད་སེམས་ཅན་ཡིན་ནོ། །སངས་རྒྱས་དེ་ཡུལ་ས་བདེ་བ་གཟུགས་མཛེས་པ།འཛའ་གྲོགས་ལེགས་པ་ལོངས་སྤྱོད་དང་བདེ་སྐྱིད་ཆེ་བ།ཁྲོ་བ་དང་ཆགས་པ་མེད་པ་ཞིག་ཡིན་ཏེ།དེ་སངས་རྒྱས་ཀྱི་ཁྱད་ཆོས་ཡིན་བསམ་ན།གཟུགས་ཁམས་ཀྱི་ལྷ་ལས་མི་འཕགས་པས།དེའི་སངས་རྒྱས་དེ་ཡང་སེམས་ཅན་ལས་མ་འདས་པ་ཞིག་ཡིན།ངེས་པའི་དོན་དུ་རང་གི་གཞི་ཀུན་ཏུ༴སོགས།རྟོགས་ཤིགདེས་ན་སངས་རྒྱས་ཞེས་བྱ་བ་ནི་རང་གི་གཞི་ཀུན་ཏུ་བཟང་པོ་འདས་པའི་དུས་ན་འཁྲུལ་མ་མྱོང་།ད་ལྟའི་དུས་སུ་འཁྲུལ་པ་ལ་མི་གནས།མ་འོངས་པའི་དུས་ན་འཁྲུལ་དུ་མི་སྲིད་པའི་དུས་གསུམ་གྱི་བདེ་བར་གཤེགས་པ་འདི་ནི་སངས་རྒྱས་ཞེས་བརྗོད་པ་ཡིན།ཡུལ་གཞན་ཞིག་ནས་སངས་རྒྱས་རང་རྒྱུད་པ་ཞིག་འཇིག་རྟེན་ཁམས་སུ་བྱོན་མ་མྱོང་བ་དང་།དེས་ཆོས་སྟོན་མ་མྱོང་བ་རྒྱུད་ལུང་མན་ངག་མང་པོར་གསུངས་ཏེ།རྡོ་རྗེ་གཅོད་པ་ལས།གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ཞུགས་ལགས་པས། །སྐྱེ་བོ་དེ་དག་ང་མི་མཐོང་། །ཞེས་གསུངས་པ་བཞིན།གདུལ་བྱ་རང་སྣང་གི་སྟོན་པ་རང་ལ་ཤར་བ་ལས་ཡུལ་གཞན་ཞིག་ཏུ་སངས་རྒྱས་རང་རྒྱུད་པ་ཞིག་མེད་པའི་ཚུལ་ལ་ལྟོས་ཤིག་རྟོགས་ཤིག་གསུངས་སོ། །དོགས་ཡུལ་འཁོར་བ་གཏན་ལ་ཕབ་པ་དེ་ལ།ཡང་འཁོར་བའི་གནས་རིགས༴སོགས།འཁྲུལ་པ་ཡིན།འཁོར་བ་ཞེས་པ་ནི་དཔེར་ན་བུམ་པའི་ནང་དུ་བུང་བ་བཅུག་པ་བཞིན་དུ་ལན་རེ་བུམ་པའི་སྟོད་དུ་འཕུར།ལན་རེ་བུམ་པའི་སྨད་དུ་འཕུར།ལན་རེ་བུམ་པའི་སྐེད་དུ་འཕུར་བས་བུམ་པ་ལས་མ་འདས་པ་ཞིག་ཡིན།དེ་བཞིན་དུ་ཁམས་གསུམ་པོ་འདི་འཁོར་བ་ལས་མ་འདས་ཤིང་ཁམས་གསུམ་གྱི་གནས་སུ་རིགས་དྲུག་གི་ཡུལ་དང་སེམས་ཅན་དུ་གྲུབ་པ་ཡོད་ཅིང་།སེམས་ཅན་མང་པོ་གནས་ཡུལ་དེ་དག་རྣམས་སུ་སོང་ཞིང་གཅིག་ནས་གཅིག་ཏུ་ཡུལ་ཁ་བརྒྱུད་ནས་བདེ་བ་དང་སྡུག་བསྔལ་ངེས་པར་མྱོང་བར་སེམས་ན་དེ་ནི་ཤིན་ཏུ་མི་རིགས་ཏེ།སྔ་མའི་ལུས་རྟེན་ཤུལ་དུ་བོར་བ་ཡིན་ན་བར་སྲིད་ཀྱི་ལུས་དེ་གང་ནས་ལོན།བར་སྲིད་ཀྱི་ལུས་འདི་ཤུལ་དུ་བོར་བ་ཡིན་ན།དམྱལ་བ་ཚ་གྲང་མྱོང་བྱེད་ཀྱི་ལུས་དེ་གང་ནས་ལོན།དཔེར་ན་དམྱལ་བ་ཡང་སོས་ལྟ་བུར་སྐྱེས་ཚེ།ས་གཞི་ཐམས་ཅད་ལྕགས་སྲེག་གི་ས་གཞི།རི་བོ་ཐམས་ཅད་ལྕགས་སྲེག་གི་འཁོར་ཡུག།ལས་རྣམས་ཐམས་ཅད་གཤིན་རྗེའི་ཕོ་ཉ་སོད་སོད་དང་ཆོད་ཆོད་ཀྱི་སྒྲ་སྒྲོགས་པ་ཞིག་ཏུ།དམྱལ་བའི་སེམས་ཅན་གྲངས་མང་པོ་ཚོགས་ནས་གཅིག་གིས་གཅིག་མཐོང་བའི་ཚེ་ན་དགྲ་མི་ཤ་བོ་མཐོང་བ་ལྟར་གྲ་གཅོད་གསོད་པར་བྱས་ཚེ།ཡང་སྔར་བཞིན་ནམ་མཁའ་ནས་སོས་པར་གྱུར་ཅིགཅེས་པའི་སྒྲ་དེ་གྲག་མ་ཐག་ཏུ་སོས་པར་འགྱུར་བ་ཡིན་ན།དེ་དག་རྒྱུ་རྐྱེན་གང་ལས་བྱུང་།སྣང་ཙམ་ལས་བདེན་གྲུབ་ཏུ་མེད་དེ།རྒྱལ་སྲས་ཞི་བ་ལྷས།ལྕགས་སྲེག་ས་གཞི་སུ་ཡིས་བྱས། །མེ་ཚོགས་དེ་དག་ཅི་ལས་བྱུང་། །དེ་འདྲ་དེ་དག་ཐམས་ཅད་ཀུན། །སྡིག་སེམས་ཡིན་པར་ཐུབ་པས་གསུངས། །ཞེས་གསུངས་པ་བཞིན་ཡིན་ནོ། །ད་དུང་དམྱལ་བའི་གནས་སོགས་དང་སྡུག་བསྔལ་རང་རྒྱུད་པར་འདོད་ན།དཔེར་ན་དམྱལ་བ་ཚ་གྲང་མྱོང་བྱེད་ཀྱི་ལུས་གྲུབ་ནས་བཙོ་བསྲེགས་དང་གྲ་གཅོད་བྱས་པས་མི་འཆི་བ་ཆོས་ཅན།དེང་སང་གི་སེམས་ཅན་རྣམས་ལ་རྨ་དང་རྐང་ལག་ཚིག་པ་ཙམ་གྱི་འཆི་རྐྱེན་རང་ངོས་ནས་གྲུབ་ཡོད་ན།དམྱལ་བའི་གནས་སུ་བསྐལ་བའི་བར་དུ་བཙོ་བསྲེགས་དང་གྲ་གཅོད་བྱས་པས་མི་འཆི་བ་ཅིའི་ཕྱིར་རེད།དེ་བཞིན་དུ་དགུན་ཉིན་ཞག་རེ་ཙམ་གྱི་གྲང་ལྷག་གིས་འཆི་བ་བྱུང་ན་གྲང་དམྱལ་དུ་སྐྱེས་ནས་གྲང་བའི་སྡུག་བསྔལ་བསྐལ་བའི་བར་དུ་མྱོང་བས་མི་འཆི་བ་ཅིའི་ཕྱིར།ཟླ་ཤས་བདུན་ཤས་ཙམ་གྱིས་དེང་སང་གི་སེམས་ཅན་མུ་གེས་འཆི་སྲིད་ན།ཡི་དྭགས་ཀྱི་སེམས་ཅན་རྣམས་བཀྲེས་སྐོམ་གྱིས་གདུང་བ་བསྐལ་པའི་བར་དུ་མྱོང་ན་དེ་མི་འཆི་བ་ཅིའི་ཕྱིར།དེ་གཉིས་འགལ་བ་དང་བཅས་པ་ཐལ་བར་གྱུར་གྱིས།དེའི་ཕྱིར་ན་འགྲོ་བ་རིགས་དྲུག་གི་སེམས་ཅན་བར་སྲིད་དང་བཅས་པ་ཐམས་ཅད་ཀྱང་མདང་གསུམ་རྨི་ལམ་གྱི་སྣང་བ་མཆེད་པ་དང་ཤར་བ་ལྟ་བུར་སྣང་ཙམ་ཉིད་ནས་མེད་པ་དང་མ་གྲུབ་པ་ལ་སྣང་ཙམ་གྱིས་སྟོང་པ་ཡུལ་མེད་པ་ལ་བདེན་ཞེན་སྐྱེས་ནས་འཁྲུལ་པ་ཡིན།དེ་ལྟར་འཁྲུལ་སྣང༴སོགས།ཐོབ་པ་ཡིན་ནོ། །དེ་ལྟར་འཁྲུལ་སྣང་འཁྲུལ་འཛིན་དང་བཅས་པ་ཐམས་ཅད་བདེན་པར་མ་གྲུབ་ཅིང་།སྟོང་ཉིད་ཆེན་པོ་གཅིག་གི་རང་བཞིན།སྟོང་ཉིད་ཆེན་པོ་གཅིག་གི་ངང་དུ་རོ་གཅིག་ཅིང་།ཡུལ་མེད་ཟང་ཐལ་ཆེན་པོ་རྟོགས་པར་གཏན་ལ་ཕབ་ན་འཁོར་བ་དོང་ནས་སྤྲུགས་པ་ཡིན།ཅིའི་ཕྱིར་ཞེ་ན་ཁམས་གསུམ་འཁོར་བར་སྣང་བ་ཐམས་ཅད་ཀྱང་སེམས་ཅན་གཅིག་གི་འཁྲུལ་རྟོགས་ལས་མ་འདས་ཏེ།དཔེར་ན་རྨི་ལམ་གྱི་སྐྱེ་འགྲོ་དང་ནང་བ་ཐ་དད་པར་ཤར་ཡང་གང་ཟག་དེ་གཉིད་ལས་སད་མ་ཐག་དེ་དག་ཐམས་ཅད་གཞི་སངས་ལ་འགྲོ་བ་བཞིན་དུ།སེམས་ཅན་གཅིག་སངས་རྒྱས་ཚེ་སེམས་ཅན་ཐམས་ཅད་སངས་རྒྱས་པར་འདོད་དགོས།དེ་ལའང་གྲུབ་མཐའི་འདོད་ཚུལ་སྤྱི་དང་།རྣལ་འབྱོར་པས་རྟོགས་ཚུལ་དང་གཉིས་ལས།སྔ་མ་ལྟར་ན་གང་ཟག་སྒོས་བཙན་གྱི་སྣང་བ་བློ་རང་ངོས་ནས་ལྡོག་ཀྱང་།འཁྲུལ་པ་སྤྱི་བཙན་གྱི་སྣང་ཚུལ་རྣམས་མི་འཇིག་པར་འདོད་དགོས་ཏེ།ཕྱི་ནས་འགྲོ་བའི་དོན་མཛད་པའི་གདུལ་ཞིང་མེད་པར་ཐལ་བའི་སྐྱོན་སྤོང་བའི་ཕྱིར་དྲང་དོན་ཙམ་དུ་བསྟན་པ་ཡིན།ཕྱི་མ་ལྟར་ན་འཁོར་འདས་གཉིས་ཆོས་སུ་སྣང་བ་ཐམས་ཅད་ལྷུན་གྲུབ་བརྒྱད་ཀྱི་ཚུལ་ལས་མ་འདས་ཏེ།སངས་རྒྱས་པའི་ཚེ་ན་སྒོ་བརྒྱད་ནང་གསལ་དུ་ཐིམ་ནས་གཞོན་ནུ་བུམ་སྐུར་བཞུགས་པ་ཡིན་ལ།དེའི་ཚེ་ཕྱི་རོལ་ན་སྣང་བ་ཐ་དད་པར་མ་གྲུབ་སྟེ།གཉིད་སད་པས་རྨི་ལམ་ལྡོག་པ་བཞིན་ཡིན་ནོ། །རྣལ་འབྱོར་རང་ངོས་ནས་དེ་ལྟར་འདོད་དེ།སྣང་ཚུལ་ཐ་དད་པར་རྒྱུད་གཞན་དུ་ཡོད་པར་སེམས་ན།འཁོར་འདས་ཐམས་ཅད་རང་སྣང་ཉག་གཅིག་ལས་གཞན་མེད་པར་རྟོགས་པའི་མཉམ་ཉིད་ཀྱི་གནས་ལུགས་རྫུན་པར་འགྱུར་ཏེ།དག་མ་དག་གཉིས་སུ་ཡོད་པའི་ཕྱིར་རོ། །དེའི་ཕྱིར་ན་ངོ་བོ་ཆོས་ཉིད་ལ་ལྟོས་ནས་གང་དུ་སངས་མ་རྒྱས་པ་གཅིག་ཀྱང་མེད་དེ་ཐམས་ཅད་རིག་པའི་རང་སྣང་དུ་ཤེས་དགོས།རྣམ་པ་ཀུན་རྫོབ་ལ་ལྟོས་ནས་ཇི་ལྟར་བཞག་ཀྱང་རྟེན་འབྲེལ་ཙམ་དུ་འགལ་བ་མེད་དོ། །དོན་ལ་འཁོར་འདས་མཉམ་ཉིད་དུ་རྟོགས་པར་འདོད་ན་སངས་རྒྱས་ཞེས་ཡུལ་གཞན་ཞིག་ཏུ་ཡོད་པར་མི་སེམས་པར།རང་གི་གཞིའི་ངོ་བོ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཉིད་འདས་པའི་དུས་ན་འཁྲུལ་མ་མྱོང།ད་ལྟའི་དུས་ན་འཁྲུལ་ཕྱིར་མི་འབྲང་།མ་འོངས་པའི་དུས་ན་འཁྲུལ་དུ་མི་སྲིད་པའི་རང་གཞི་ཀུན་ཏུ་བཟང་པོ་དེ་ཉིད་མངོན་དུ་གྱུར་པ་ལས།གཞན་ན་སངས་རྒྱས་རང་རྒྱུད་པ་ཞིག་མེད་པར་ཐག་ཆོད་དེ།རིག་པ་རང་གི་རང་ལ་རང་གདིང་ཐོབ་པར་བྱས་ན་སངས་རྒྱས་དུ་མ་རང་གྲོལ་དུ་ཐོབ་པ་ཡང་དེ་ཡིན་ནོ། །ཀྱཻ་ཞེས་བོས་ཏེ་ནམ་མཁའི་དབང་ཕྱུག་ཀུན་ཁྱབ་རྡོ་རྗེ་ཁྱོད་ཀྱིས་འཁོར་འདས་ཀྱི་ཆོས་ཐམས་ཅད་ཅང་མེད་སྟོང་པ་རུ་གཏན་ལ་ཕབ་ནས་མེད་པའི་རང་བཞིན་རྟོགས་པར་གྱིས་ཤིགཅེས་གསུངས་ཤིང་མི་སྣང་བར་གྱུར་ཏོ། །གཉིས་པ་ཆོས་ཐམས་ཅད་གཞི་དབྱིངས་གཅིག་པུའི་རང་བཞིན་དུ་བསྟན་པ་ནི།དེ་ལྟར་བདག་གིས༴སོགས།རྣལ་འབྱོར་པར་འགྱུར་རོ། །སླར་ཡང་དེ་ལྟར་སྟོང་ཉིད་ཀྱི་དོན་བདག་གིས་དུས་ཡུན་རིང་པོ་ཞིག་ཏུ་གཏན་ལ་ཕབ་ནས་ཐམས་ཅད་མེད་དང་མ་གྲུབ་པར་ཐག་ཆོད་པ་ཙམ་བྱུང་ཡང་།ཕྱི་ནང་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་རང་ངོས་ནས་སྟོང་པར་ཤེས་ཀྱང་སྟོང་པ་གྲངས་མང་བ་ལུང་མ་བསྟན་དུ་ཡོད་པའི་སྐབས་ཤིག་ན།ལྷག་པའི་ལྷ་མཆོག་ཆེན་པོ་རྡོ་རྗེ་ཁྲོ་ལོད་དང་ཞལ་འཇལ་བའི་སྐབས་སུ་འཁོར་འདས་སྟོང་ཉིད་ཀྱི་རོལ་པར་རྟོགས་པའི་ཧཱུྃ་གླུ་གྱེར་བ་ལ།བདག་གིས་འདི་སྐད་ཞུས།ཀྱཻ་ལྷག་པའི་ལྷ་མཆོག་ཆེན་པོ་ལགས།ངས་འཁོར་འདས་ཐམས་ཅད་གཏན་ལ་ཕབ་ནས་སྟོང་པ་ཉིད་དུ་ཡིན་ལུགས་ཙམ་ཤེས་ཀྱང་།འཁོར་འདས་སྟོང་ཉིད་གཅིག་གི་རོལ་པ་རུ་ཐག་ཆོད་པའི་གདིང་ཐོབ་ཀྱི་བློ་བསྐྱེད་མ་བྱུང་བས།སྟོང་པ་ཕན་མེད་གནོད་མེད་འདུག་པ་འདི་ཅིས་ལན་པ་ཡིན་ཞེས་ཞུས་པས།བཀའ་སྩལ་པ།ཀྱཻ་ཞེས་བོས་ཏེ་སྐྱེས་བུ་ནམ་མཁའི་དབང་པོ་ཁྱོད་ཀྱིས་འཁོར་འདས་ཐམས་ཅད་སྟོང་པ་ཉིད་དུ་འགགས་སྡོམས་ཤིགས་ཡི་ཆུ་མེ་རླུང་གིརང་བཞིན་སྟོང་པ་ཉིད།རང་བཞིན་སྟོང་པ་ཉིད་ཀྱིས་ས་རུ་ཆུ་མེ་རླུང་དུ་སྣང་།གཟུགས་སྒྲ་ཀྱི་སྒྲ་ཡི་དྲི་ཡི་རོ་ཡི་རེག་བྱའི་རང་བཞིན་སྟོང་པ་ཉིད།རང་བཞིན་སྟོང་པ་ཉིད་ཀྱིས་གཟུགས་སུ་སྒྲ་རུ་དྲི་རུ་རོ་རུ་རེག་བྱར་སྣང་།སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་རང་བཞིན་སྟོང་པ་ཉིད།རང་བཞིན་སྟོང་པ་ཉིད་ཀྱིས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་སུ་སྣང་བ་ཡིན།སྟོང་པ་ཉིད་ངོ་བོ་ཉིད་དུ་འགགས་བསྡམ་པར་གྱིས་ཤིག།ས་ཡི་ཆུ་མེ་རླུང་གི་ངོ་བོ་སྟོང་པ་ཉིད།ངོ་བོ་སྟོང་པ་ཉིད་ཀྱི་ས་རུ་ཆུ་མེ་རླུང་དུ་སྣང་།གཟུགས་ཀྱི་སྒྲ་ཡི་དྲི་ཡི་རོ་ཡི་རེག་བྱའི་ངོ་བོ་སྟོང་པ་ཉིད།ངོ་བོ་སྟོང་པ་ཉིད་ཀྱིས་གཟུགས་སུ་སྒྲ་རུ་དྲི་རུ་རོ་རུ་རེག་བྱར་སྣང་།སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་ངོ་བོ་སྟོང་པ་ཉིད།ངོ་བོ་སྟོང་པ་ཉིད་ཀྱིས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་སུ་སྣང་བ་ཡིན།ངོ་བོ་ཉིད་གཞི་རུ་འགགས་བསྡམས་པར་གྱིས་ཤིགས་ཡི་ཆུ་མེ་རླུང་གི་སྣང་གཞི་སྟོང་པ་ཉིད།སྣང་གཞི་སྟོང་པ་ཉིད་ཀྱིས་ས་རུ་ཆུ་མེ་རླུང་དུ་སྣང་།གཟུགས་ཀྱི་སྒྲ་ཡི་དྲི་ཡི་རོ་ཡི་རེག་བྱའི་སྣང་གཞི་སྟོང་པ་ཉིད།སྣང་གཞི་སྟོང་པ་ཉིད་ཀྱིས་གཟུགས་སུ་སྒྲ་རུ་དྲི་རུ་རོ་རུ་རེག་བྱར་སྣང་།སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྣང་གཞི་སྟོང་པ་ཉིད།སྣང་གཞི་སྟོང་པ་ཉིད་ཀྱིས་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་སུ་སྣང་བ་ཡིན།འཁོར་འདས་གཞིའི་རོལ་པ་རུ་འགགས་སྡོམས་ཤིགདཔེར་ན་རྒྱ་མཚོའི་ནང་དུ་གཟའ་སྐར་གྱི་སྣང་བ་རྒྱ་ཆེ་ལ་གྲངས་མང་བ་ཇི་ལྟར་དུ་ཤར་ཡང་།རྒྱ་མཚོ་ལས་མ་འདས་ཤིང་རྒྱ་མཚོའི་རོལ་པ་དང་།སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱ་ཆེ་ལ་གྲངས་མང་བ་ཇི་ལྟར་དུ་སྣང་ཡང་།གཞིའི་ཆོས་ཉིད་ལས་མ་འདས་ཤིང་།གཞིའི་ཆོས་ཉིད་ཀྱི་རོལ་པ་ཡིན་པས་ན་རོལ་པ་དང་།འཁོར་འདས་ཀྱི་སྤྱི་ཆིངས་གཞི་ཉིད་དུ་འགགས་བསྡམ་པར་གྱིས་ཤིགདཔེར་ན་རྒྱ་མཚོའི་གཟའ་སྐར་དང་གཟུགས་བརྙན་གྱི་སྣང་བ་ཐམས་ཅད་ཆུ་ཉིད་དུ་འགགས་སྡོམས་དགོས།ཆུ་ལས་མ་འདས་པ་ཞིག་ཡིན་ཏེ།གཟའ་སྐར་དང་གཟུགས་བརྙན་ཐམས་ཅད་ཀྱི་སྤྱི་ཆིངས་ཆུ་ཉིད་དུ་འགགས་སྡོམས་དགོས།དེ་བཞིན་དུ་ནམ་མཁའི་ཁམས་སུ་སྣོད་བཅུད་ཀྱི་སྣང་བ་རྒྱ་ཆེ་བ་གྲངས་མང་བ་ཇི་ལྟར་དུ་ཤར་ཡང་ནམ་མཁའ་རུ་འགགས་སྡོམས་དགོས།ནམ་མཁའ་ལས་མ་འདས་པ་ཞིག་ཡིན་ཏེ།སྣོད་བཅུད་ཀྱི་སྣང་བ་རྒྱ་ཆེ་བ་གྲངས་མང་བ་ཇི་ལྟར་ཤར་ཡང་ཐམས་ཅད་ཀྱི་སྤྱི་ཆིངས་ནམ་མཁའ་ཉིད་དུ་འགགས་སྡོམས་དགོས།དེ་བཞིན་དུ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞིའི་ཆོས་ཉིད་དུ་འགགས་སྡོམས་དགོས།གཞིའི་ཆོས་ཉིད་ལས་མ་འདས་པ་ཞིག་ཡིན་ཏེ།སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྤྱི་ཆིངས་གཞི་ཉིད་དུ་འགགས་སྡོམས་དགོས།མདོར་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་དང་།ཆིངས་པ་དང་།ཁྱབ་པ་དང་།བརྡལ་བ་ཉིད་ཀྱི་དཔེ་དང་དཔེ་ཅན་ཡིན་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པར་གྱིས་ཤིག།དེས་འཁོར་འདས་འུབ་ཆུབ་ཀྱི་རྣལ་འབྱོར་པ་རུ་འགྱུར་རོ། །ཞེས་གསུངས་ཤིང་མི་སྣང་བར་གྱུར་ཏོ། །གྲོལ་འཁྲུལ་གྱི་རྣམ་དབྱེ་བསྟན་པ་ནི།དེ་ནས་ཡང་ལོ་ཁྱིམ་བདུན༴སོགས།བྱ་གྲུབ་བོ། །དེ་ནས་ཡང་ལོ་ཁྱིམ་བདུན་གྱི་རྗེས་སུ་རྨི་ལམ་དག་པའི་སྣང་ངོར་ཆོས་སྐུའི་སྟོན་པ་རྡོ་རྗེ་འཆང་དང་ཞལ་མཇལ་བའི་ཚེ་ན།བདག་གིས་ཞུས་པ།ཀྱཻ་ཞེས་བོས་ཏེ་སྟོན་པ་བཅོམ་ལྡན་འདས་ལགས།ཐར་པ་དང་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་ལམ་དུ་ཇི་ལྟར་གྲོལ་བ་དང་།མ་དག་པ་ཁམས་གསུམ་འཁོར་བའི་ལམ་དུ་ཇི་ལྟར་འཁྲུལ་པ་ཡིན།དེ་སྟོན་པ་ཉིད་ཀྱིས་བསྟན་དུ་གསོལ།ཞེས་ཞུས་པའི་ཚེ་ན།སྟོན་པ་ཉིད་ཀྱིས་བཀའ་སྩལ་པ།ཀྱཻ་ཞེས་བོས་ཏེ་སྐྱེས་བུ་ཆེན་པོ་ཁྱོད་ཉོན་ཅིགསངས་རྒྱས་ནི་གཞི་ལ་དབང་བསྒྱུར་བ་དང་།སེམས་ཅན་ནི་མ་རིག་པའི་དབང་གིས་འཁྲུལ་པ་སྟེ།དེ་གཉིས་ཀ་རིག་དང་མ་རིག་གཉིས་ཀྱིས་ཁྱད་པར་ལས་བྱུང་བ་ཡིན་ཏེ།ཇི་ལྟར་ཡིན་ཞེ་ན།སངས་རྒྱས་ནི་གཞི་བདེ་གཤེགས་སྙིང་པོའི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཐོང་ཞིང་རིག་པ་ནི་སངས་རྒྱས་སུ་འབྱུང་བ་དང་།སེམས་ཅན་ནི་མ་རིག་ཅིང་མ་རྟོགས་པའི་དབང་གིས་སེམས་ཅན་དུ་བྱུང་བ་ཡིན་ཏེ།དོན་ལ་ཡེ་གཞི་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཉིད་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་ཞིག་ཡིན་ཏེ།དེ་ལ་གཞིའི་རིག་པ་སྐུ་བཞི་ཡེ་ཤེས་ལྔ་རྫོགས་ཚུལ།ལམ་གྱི་རིག་པ་སྐུ་བཞི་ཡེ་ཤེས་ལྔ་འཆར་ཚུལ་དང་གཉིས་ལས།དང་པོ་གཞིའི་རིག་པ་སྐུ་བཞི་ཡེ་ཤེས་ལྔ་རྫོགས་ཚུལ་ནི།ངོ་བོ་སྟོང་པ་སྤྲོས་པའི་མཐའ་ཐམས་ཅད་དང་བྲལ་བའི་ཆ་དེ་ལ་ཆོས་སྐུ་དང་།རང་བཞིན་གྱི་གསལ་མདངས་མ་འགགས་པའི་ཆ་དེ་ལ་ལོངས་སྐུ་དང་།ཐུགས་རྗེ་རྩལ་སྣང་རང་སར་གྲོལ་བའི་ཆ་དེ་ལ་སྤྲུལ་སྐུ་དང་།དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་ཀྱི་གཞི་དེ་ཉིད་འཁོར་འདས་ཀུན་ལ་ཁྱབ་ཅིང་བརྡལ་བའི་ཆ་དེ་ལ་ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་དང་།སྟོང་པ་དེ་ཆོས་ཐམས་ཅད་ཀྱི་གོ་འབྱེད་པའི་ཆ་དེ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་།སྟོང་པ་དེ་སྟོང་པ་བེམ་སྟོང་དུ་མ་སོང་བར་དྭངས་གསལ་མེ་ལོང་ལྟ་བུའི་ཆ་དེ་ལ་དྭངས་གསལ་རྙོག་མ་དང་བྲལ་བས་མེ་ལོང་ལྟ་བུའི་ཡེ་ཤེས་དང་།གཞིའི་ཆོས་ཉིད་དེའི་དབྱིངས་སུ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་མེད་མཉམ་དག་མཉམ་གྱི་རོལ་པའི་ཆ་དེ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་།ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་གཞི་ལ་དབང་བསྒྱུར་ཏེ་གཞིའི་བཞུགས་ཚུལ་མཁྱེན།ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱིས་ལམ་ལ་དབང་བསྒྱུར་ཏེ་ལམ་གྱི་གནས་ཚུལ་མཁྱེན།ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཀྱི་གོ་མ་འགགས་པས་འཁོར་འདས་ལམ་གསུམ་ལ་དབང་བསྒྱུར་བའི་ཆ་དེ་ལ་སོ་སོར་རྟོག་པའི་ཡེ་ཤེས་དང་།དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་པ་དང་།ཀུན་རྫོབ་གློ་བུར་གྱི་དྲི་མའི་ཁམས་ཀྱི་ཆ་ནས་དག་པ་དང་།གཟུང་འཛིན་གཉིས་སྣང་གི་རྟོག་པ་རང་སར་གྲོལ་བའི་ཆ་དེ་ལ་བྱ་བ་གྲུབ་པའི་ཡེ་ཤེས་ཏེ་ཡེ་ཤེས་ལྔའི་བདག་ཉིད་ཅན་དུ་རང་བྱུང་ཉིད་དུ་གྲུབ་པའོ། །གཉིས་པ་ལམ་གྱི་རིག་པ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་ཉིད་ཉམས་སུ་ལེན་པ་ལ།དེ་ལྟར་རང་བྱུང་གི༴སོགས།བྱ་གྲུབ་ཡེ་ཤེས།དེ་ལྟར་རང་བྱུང་གི་སངས་རྒྱས་སུ་གྲོལ་བའི་ལམ་རིག་པ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་མངོན་དུ་བྱེད་པ་དེ་ལ།དེ་ཡང་རིག་པའི་ངོ་བོ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག།ཡུལ་མེད་ཟང་ཐལ་ཆེན་པོ་གཞི་མེད་རྩ་བྲལ་གྱི་རོལ་པ།འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་ཆེན་པོ་དེ་ཉིད་ཆོས་སྐུ་སྤྲོས་པ་དང་བྲལ་བ།དེའི་རང་བཞིན་རང་གསལ་གྱི་ཆ་དེ་ལ་ལོངས་སྐུ་དང་།ཡེ་ཤེས་ཀྱི་གསལ་སྒོ་མ་འགགས་པར་ངོ་རང་ཤེས་ཀྱི་ཤེས་པ་གོ་མ་འགགས་པ།ཧ་རང་གོའི་གོ་བ་གོ་མ་འགགས་པའི་ཆ་དེ་ལ་སྤྲུལ་སྐུ་དང་།དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་ཀྱི་གཞི་དེ་ཉིད་འཁོར་འདས་ཀྱི་སྤྱི་གཞིར་གྱུར་པའི་ཆ་དེ་ལ་ངོ་བོ་ཉིད་སྐུ་སྟེ་སྐུ་བཞི་དང་།དང་པོ་གཞི་ལྟ་བས་གཏན་ལ་དབབ་པའི་ཚེ་ན་འཁོར་འདས་ཆོས་ཉིད་ཀྱི་དབྱིངས་སུ་རོ་གཅིག་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་རྟོགས་པ་དེ་ལ་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དང་།སྟོང་པ་བེམ་སྟོང་དུ་མ་སོང་བ་དྭངས་གསལ་རྙོག་མ་དང་བྲལ་ཞིང་ཅིར་ཡང་འཆར་དུ་རུང་བ་མེ་ལོང་གི་གཡའ་དང་བྲལ་བ་ལྟ་བུ་དེ་ལ་མེ་ལོང་ལྟ་བུའི་ཡེ་ཤེས་དང་།འཁོར་འདས་སྟོང་ཉིད་ཆེན་པོ་རུ་མེད་མཉམ་དག་མཉམ་དུ་ཡོད་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་དེ་ལ་མཉམ་པ་ཉིད་ཀྱི་ཡེ་ཤེས་དང་།རིག་རྩལ་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་གསལ་སྒོ་གོ་མ་འགགས་པ་དེ་ལ་སོ་སོར་རྟོག་པའི་ཡེ་ཤེས་དང་།རིག་པ་ལ་རང་དབང་བསྒྱུར་བའི་ཚེ་ན།ངོ་བོ་ཡེ་དག་དང་།རང་བཞིན་རྣམ་དག་ཏུ་མཐོང་ཞིང་གཉིས་སྣང་གི་རྟོག་པ་ཐམས་ཅད་ཡེ་གྲོལ་འདུས་མ་བྱས་པའི་དབྱིངས་སུ་དག་ཅིང་དག་པ་གཉིས་ལྡན་གྱི་བྱ་བ་རང་གྲུབ་པ་དེ་ལ་བྱ་བ་གྲུབ་པའི་ཡེ་ཤེས་སོ། །ཤུགས་ལ་ཕྲིན་ལས་བཞི་ཡང་ལྷུན་གྱིས་གྲུབ་སྟེ།རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་བའི་ཚེ་ན་ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་དང་།དེས་བསྐྱེད་པའི་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་ཞི་བས་ན་ཞི་བའི་ཕྲིན་ལས་དང་།ལུང་དང་རྟོགས་པའི་ཡོན་ཏན་ཐམས་ཅད་རྒྱས་པས་ན་རྒྱས་པའི་ཕྲིན་ལས་དང་།སྣང་སྲིད་འཁོར་འདས་ཐམས་ཅད་རིག་པ་ཆོས་ཉིད་ཀྱི་ཀློང་དུ་དབང་བསྒྱུར་བས་ན་དབང་གི་ཕྲིན་ལས་དང་།གཟུང་འཛིན་གཉིས་སྣང་གི་རྟོག་པ་དང་།དེས་བསྐྱེད་པའི་དགྲ་གདོན་བགེགས་ཚོགས་ཐམས་ཅད་རིག་པ་ཆོས་ཉིད་ཀྱི་དབྱིངས་སུ་སྒྲོལ་བས་ན་དྲག་པོའི་ཕྲིན་ལས་ཏེ།ལས་བཞི་ལྷུན་གྱིས་གྲུབ་པ་ཡིན་ནོ། །འདིའི་ཡིན་ལུགས༴སོགས།བབས་པ་ལྟ་བུའོ། །འདིའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་ཤིང་སེམས་དང་རིག་པའི་དབྱེ་བ་སོ་སོར་འབྱེད་དགོས་ཏེ།འདིའི་ཡིན་ལུགས་མ་ཤེས་པས་ཤེས་པ་བཟོ་མེད་ཙམ་ལམ་དུ་བྱེད་པ་མང་ཡང་།ཕྱི་སྣང་བ་ལ་ལུང་མ་བསྟན་དུ་སོང་སྟེ་དངོས་པོ་མཚན་མ་ཅན་དུ་བཟུང་།ནང་རང་ལུས་ལ་ལུང་མ་བསྟན་དུ་སོང་སྟེ་རྟག་འཛིན་དངོས་པོར་འཛིན་ཞེན་གྱིས་འཆིང་བའི་དམ་དུ་འཁྱུད་པའི་བར་ན་གསལ་རིག་གི་ཤེས་པ་གོ་མ་འགགས་པ་དེ་བསྒོམ་གྱི་དམ་པར་བཟུང་ནས་ཉམས་སུ་ལེན་པ་མང་ཡང་།དཔེར་ན་འཁྱག་པའི་སྦུབས་སུ་ཆུད་པའི་ཆུ་ཐིགས་ལྟ་བུ་ཡིན།ཡང་ན་གྲང་ལྷག་གི་ངད་པས་འཁྱག་པར་འགྱུར་བ་དང་།ཡང་ན་དྲོད་ཀྱིས་རྒྱས་ཐེབས་ནས་ཆུ་རུ་འགྱུར་པ་ལ་ངེས་པ་མེད་པ་བཞིན་དུ།དེ་ལ་བརྟན་པ་ཐོབ་ཀྱང་གཟུགས་ཁམས་དང་གཟུགས་མེད་ཀྱི་ཁམས་ཏེ།ཁམས་གོང་མ་གཉིས་སུ་འཕེན་པའི་དགེ་བ་ཡིན་ཀྱང་།ཐར་པ་དང་རྣམ་མཁྱེན་གྱི་གོ་འཕང་མི་འཐོབ་པ་ནི་སྟོང་ཉིད་དང་ལྟ་བ་མ་རྟོགས་པའི་སྐྱོན་དེས་བཅིང་བ་ཡིན།འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཆོས་ཉིད་དེ་བཞིན་གྱི་ངང་དུ་རོ་གཅིག་ཅིང་མེད་མཉམ་དང་དག་མཉམ་གྱི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པ་ལ་ཇི་ལྟ་བ་མཁྱེན་པའི་ཤེས་རབ་དང་།རིག་པའི་ངོ་བོ་དེའི་ངང་དུ་གནས་ཀྱང་ཐོམ་ཡོ་རེ་བ་ཅི་ཡང་མི་གོ་བ་ཞིག་མ་ཡིན་པར།ཡུལ་གྱིས་མི་གོས་པ།ཡུལ་མི་འཛིན་པ།ཡུལ་མི་གཅོད་པ།ཡུལ་གྱི་དབང་དུ་མི་འགྱུར་བ་དེ་ནི་ཇི་སྙེད་པ་གཟིགས་པ་སྟེ།རིག་པ་རང་བྱུང་གི་ཡེ་ཤེས་ཡིན་པས་ཀུན་ཤེས་ཀུན་རིག་གི་ཤེས་པ་གོ་མ་འགགས་པར་རང་བྱུང་བ་ཡུལ་ལ་མི་འཇུག་པ་དཔེར་ན་དངུལ་ཆུའི་ཐིགས་པ་ཐང་དུ་ལྷུང་བ་ལྟ་བུའོ། །སེམས་ནི་འཁོར་འདས་རང་རྒྱུད་ཅན་བདེན་གྲུབ་པར་བལྟ་ཞིང་སྣང་བ་ལ་དངོས་པོར་འཛིན་པའི་གཞི་མ་རིག་པ་ཡིན།དེ་ལས་སེམས་བྱུང་གི་རྟོག་པ་ནི་སྐྱེ་འགགས་ཅན་ཡུལ་དང་འདྲེས་པ།ཡུལ་གྱིས་གོས་པ།ཡུལ་འཛིན་པ།ཡུལ་གཅོད་པ།ཡུལ་གྱི་དབང་དུ་འགྱུར་པ་དེ་ནི་དཔེར་ན་ས་སྐམ་དུ་ཆུ་ཐིགས་བབ་པ་ལྟ་བུའོ། །ཐོག་མའི་སྤྱི་གཞི་ནམ་མཁའ་ལྟ་བུ་ནི།ངོ་བོ་སྟོང་པ།རང་བཞིན་གསལ་བ།ཐུགས་རྗེ་ཅིར་ཡང་འཆར་དུ་རུང་བའི་ནུས་པ་ཅན་ཞིག་ཡིན།གཞི་དེའི་རང་བཞིན་གྱི་ཆ་ལུས་རླུང་འོད་ཟེར་ལྔའི་དྲྭ་བ་ཅན་གྱིས་ལྷུན་གྲུབ་འོད་ལྔའི་སྣང་བ་བསྐྱོད་དེ།ངོ་བོའི་འཆར་གཞི་བྱས་ཏེ་ཕྱི་གསལ་དུ་ཤར་བའི་ཚེ་ན།ཐུགས་རྗེའི་ཆ་ལས་ཡུལ་དུ་དཔྱོད་ནུས་པའི་ཤེས་པ་ཟུང་ཕྲ་བ་ཞིག་བྱུང་བ་དེ་ལ་མ་སྨིན་པའི་རིག་པ་ཡང་ཟེར།ངོ་འཕྲོད་ན་ཡར་སངས་རྒྱས་ཀྱི་ས་ཐོབ་པ་དང་།ངོ་མ་འཕྲོད་ན་མར་ཁམས་གསུམ་འཁོར་བའི་གནས་སུ་འཕེན་པར་བྱེད་དོ། །ཀུན་ཏུ་བཟང་པོས་སྐད་ཅིག་དང་པོར་ཤེས་པ་དེ་རིག་པར་སྐྱེས་ཏེ།སྐད་ཅིག་གཉིས་པར་འོད་ལྔ་རང་སྣང་དུ་ཤེས།སྐད་ཅིག་གསུམ་པར་གཞི་ཐོག་ཏུ་ཐིམ་ནས།དོན་གཉིས་མཐར་ཕྱིན་གྱི་སངས་རྒྱས་ཀུན་ཏུ་བཟང་པོའི་གོ་འཕང་མངོན་དུ་བརྙེས་པ་ཡིན།དེ་ཡང་གཞོན་ནུ་བུམ་སྐུའི་ཁྱད་ཆོས་དྲུག་དང་ལྡན་ཏེ།ཁྱད་ཆོས་དྲུག་ནི་གཞི་ལས་འཕགས་པ།རང་ངོར་སྣང་བ།བྱེ་བྲག་བྱེད་པ།བྱེད་ཐོག་ཏུ་གྲོལ་བ།གཞན་ལས་མ་བྱུང་བ།རང་སར་གནས་པ་དང་དྲུག་གོ།གཞི་ལས་འཕགས་པ་ནི།ཀུན་གཞི་ལས་འཕགས་ཏེ་འོད་ལྔ་ལྷུན་གྲུབ་ཀྱི་འཁོར་ལོར་ཤར་བས་ན་གཞི་ལས་འཕགས་པ་དང་།འོད་ལྔ་དེ་རིག་པའི་རང་ངོར་སྣང་བ་ནི་རང་ངོར་སྣང་བ་དང་།འོད་ལྔ་རང་སྣང་དུ་ངོ་ཤེས་ཏེ་འཁྲུལ་གྲོལ་གྱི་སྐབས་འབྱེད་པས་ན་བྱེ་བྲག་བྱེད་པ་དང་།བྱེད་ཐོག་ཏུ་གདིང་ཐོབ་ནས་སངས་རྒྱས་པར་འགྱུར་བས་ན་བྱེད་ཐོག་ཏུ་གྲོལ་བ་དང་།འབྲས་བུའི་ཆོས་ཉེར་ལྔ་ལ་སོགས་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་རང་ལ་རྫོགས་པས་ན་གཞན་ལས་མ་བྱུང་བ་དང་།གཞི་ལུང་མ་བསྟན་དུ་སྣང་ཙམ་ལས།དོན་དུ་སངས་རྒྱས་རང་ས་ན་གནས་པ་དེ་མངོན་དུ་གྱུར་པ་ཡིན་པའི་ཕྱིར་ན་རང་སར་གནས་པ་སྟེ་ཁྱད་ཆོས་དྲུག་དང་ལྡན་པའོ། །ཀུན་ཏུ་བཟང་པོའི་ཆོས་དྲུག་བརྙེས་ཚུལ་ནི།སེམས་ལས་མ་བྱུང་སྟེ།སེམས་དང་སེམས་བྱུང་གི་རྟོག་པ་ཐམས་ཅད་འཕྲལ་དུ་སྤང་མ་དགོས་པར།གཞི་ལ་མི་གནས་པར་རང་ཐོག་ཏུ་རང་སངས་རྒྱས་པ་ཡིན།ལུང་ལས་མ་བྱུང་སྟེ།མན་ངག་སྟོན་པའི་བླ་མ་གཞན་མེད་དེ་རིག་པ་རང་བྱུང་གི་ཡེ་ཤེས་རང་ཉིད་གདམས་པར་ཤར་བ་ཡིན།རྒྱུ་ལས་མ་བྱུང་སྟེ།ཀུན་ཏུ་བཟང་པོས་ཟག་བཅས་ཀྱི་དགེ་བ་རྡུལ་ཙམ་ཡང་མ་བྱས་པར།རང་ཐོག་ཏུ་འབྲས་བུའི་ཆོས་མཐར་ཕྱིན་ནས་གྲོལ་བ་ཡིན།རང་སྣང་སྟེ།འོད་ལྔ་ལྷུན་གྲུབ་ཀྱི་འཁོར་ལོ་རིག་པ་རང་ངོར་སྣང་བ་ཡིན།རང་ཤར་ཏེ།རིག་པ་རང་ཉིད་འོད་ལྔའི་ཚུལ་དུ་རང་ཤར་བ་ཡིན།རང་གྲོལ་ཏེ།རིག་པ་རང་གིས་རང་ངོ་མཐོང་ནས་རང་ཐོག་ཏུ་རང་གྲོལ་བ་ཡིན་ཏེ།དེ་ལྟར་གཞོན་ནུ་བུམ་སྐུའི་ཁྱད་ཆོས་དྲུག་དང་།ཀུན་ཏུ་བཟང་པོའི་ཆོས་དྲུག་བརྙེས་ནས་གཞི་ལ་རང་དབང་བསྒྱུར་བ་དག་པ་གཞིའི་སངས་རྒྱས་སུ་མངོན་དུ་མཛད་པ་ཡིན་ནོ། །མ་དག་པ་འཁོར་བའི་ལམ་དུ་ཇི་ལྟར་འཁྲུལ་ཚུལ་ནི།གཞི་ལ་རང་དབང༴སོགས།སྣང་བ་ཡིན་ནོ། །ཤེས་རབ་སྲོག་ཏུ་ཤར་བའི་རླུང་རླུང་དང་ཐུགས་རྗེའི་ཡེ་ཤེས་འདྲེས་པ་མཆན།གིས་རྟ་བྱས་ནས་འོད་ལྔ་ཕྱིར་གསལ་དུ་ཤར་བའི་ཚེ་ན།ཤེས་པ་དེ་ཉིད་མ་རིག་པས་བསྒྲིབས་པ་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་དང་།འོད་ལྔ་རང་སྣང་དུ་ངོ་མ་ཤེས་པས་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་།ཡུལ་དང་ཡུལ་ཅན་སོ་སོར་འབྱེད་པ་ཀུན་ཏུ་བཏགས་པའི་མ་རིག་པ་སྟེ།མ་རིག་པ་རྣམ་པ་གསུམ་ནི་རྒྱུའི་རྐྱེན་ཡིན།དེ་ཡང་རྐྱེན་བཞི་སོ་སོར་དབྱེ་ན།གཞི་ཉིད་འོད་ལྔར་ཤར་བ་རྒྱུའི་རྐྱེན་དང་།ཤེས་པ་དཔྱོད་བྱེད་ཀྱི་ཆ་ལ་བདག་པོའི་རྐྱེན་དང་།ཡུལ་དང་ཡུལ་ཅན་སོ་སོར་འབྱེད་པ་དམིགས་པའི་རྐྱེན་དང་།གསུམ་པོ་དུས་མཚུངས་པ་ན་འཁོར་བའི་སྣང་བ་གློ་བུར་དུ་མཆེད་པ་དེ་མ་ཐག་པའི་རྐྱེན་ཏེ་རྐྱེན་བཞི་ཡིན།སྔ་མ་ལྟར་མ་རིག་པ་གསུམ་རྒྱུ་ཡིན་པ་དང་།དེ་མ་ཐག་པ་རྐྱེན་དུ་བཞག་པས་རྒྱུ་གསུམ་རྐྱེན་བཞིར་བཞག་པ་ཡང་ཡོད་དེ།ཀུན་མཁྱེན་འཇིགས་མེད་གླིང་པས།གཞི་ཉིད་ཁྱིམ་ལྟར་གནས་པ་རྒྱུ་ཡི་རྐྱེན། །དེ་ལ་རྟོག་དཔྱོད་ཤར་བ་བདག་པོའི་རྐྱེན། །དེ་ལས་ཡུལ་དང་ཡུལ་ཅན་དམིགས་པའི་རྐྱེན། །གསུམ་པོ་དུས་མཚུངས་དེ་མ་ཐག་པའི་རྐྱེན། །ཞེས་གསུངས་པ་བཞིན་ནོ། །དེ་ལ་འོད་ལྔ་རང་སྣང་ཡིན་པར་མ་ཤེས་ཏེ།དག་པ་གཞིའི་སངས་རྒྱས་ཀྱི་རང་ངོ་མ་རིག་པས་བསྒྲིབས་པ་ལས་གཞིའི་ངང་མདངས་ཀྱི་སྐུ་དང་ཡེ་ཤེས་ཐམས་ཅད་ནང་མདངས་སུ་ནུབ་སྟེ།ཕྱི་མདངས་ཕྱི་རུ་འཕོས་ཏེ་འོད་ལྔ་མཆེད་པའི་ཚུལ་ནི་འདི་ལྟ་སྟེ།དེ་ལ་ཆོས་དབྱིངས་ཡེ་ཤེས་མ་རིག་པས་བསྒྲིབས་པའི་ཚེ་ན་ངང་མདངས་རང་བཞིན་འོད་ལྔའི་སྣང་བ་ཀྱི་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་ནང་མདངསནང་གསལ་གྱི་སྐུ་དང་ཡེ་ཤེས་ཡིན།མཆན།སུ་ནུབ་སྟེ།ཕྱི་མདངས་ཕྱི་རུ་ཤར་བ་ནི་འོད་མཐིང་གའི་རྣམ་པར་སྣང་བ་ཡིན།དེ་ནི་ནང་འབྱུང་ཡང་ཡིན།འབྱུང་བ་ནམ་མཁའི་དྭངས་མ་ཡང་ཡིན།འབྱུང་ཆེན་ཡང་ཡིན།འོད་དེ་ལ་མཐིང་གའོ་སྙམ་པའི་བདེན་འཛིན་དང་དངོས་ཞེན་སྐྱེས་པའི་ཚེ་ན་བྱུང་བ་ནམ་མཁའ་ཡང་ཡིན།ཕྱི་འབྱུང་ཡང་ཡིན།འབྱུང་ཕྲན་ཡང་ཡིན།འབྱུང་བ་སྙིགས་མ་ཡང་ཡིན་ནོ། །མེ་ལོང་ཡེ་ཤེས་མ་རིག་པས་བསྒྲིབས་པའི་ཚེ་ན་ངང་མདངས་ཀྱི་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་ནང་མདངས་སུ་ནུབ་སྟེ།ཕྱི་མདངས་ཕྱི་རུ་ཤར་བ་ནི་འོད་དཀར་པོའི་རྣམ་པར་སྣང་བ་ཡིན།དེ་ནི་འབྱུང་བ་ཆུའི་དྭངས་མ་ཡང་ཡིན།འབྱུང་ཆེན་ཡང་ཡིན།ནང་འབྱུང་ཡང་ཡིན།འོད་དེ་ལ་དཀར་པོའོ་སྙམ་པའི་དངོས་འཛིན་དང་བདེན་ཞེན་སྐྱེས་པའི་ཚེ་ན་འབྱུང་བ་ཆུ་ཡང་ཡིན།འབྱུང་བ་སྙིགས་མ་ཡང་ཡིན།འབྱུང་ཆུང་ཡང་ཡིན།ཕྱི་འབྱུང་ཡང་ཡིན།འབྱུང་ཕྲན་ཡང་ཡིན་ནོ། །མཉམ་ཉིད་ཡེ་ཤེས་མ་རིག་པས་བསྒྲིབས་པའི་ཚེ་ན་ངང་མདངས་ཀྱི་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་ནང་མདངས་སུ་ནུབ་སྟེ།ཕྱི་མདངས་ཕྱི་རུ་ཤར་བ་ནི་འོད་སེར་པོའི་རྣམ་པར་སྣང་བ་ཡིན།དེ་ནི་འབྱུང་བ་སའི་དྭངས་མ་ཡང་ཡིན།ནང་འབྱུང་ཡང་ཡིན།འབྱུང་ཆེན་ཡང་ཡིན།འོད་དེ་ལ་སེར་པོའོ་སྙམ་པའི་དངོས་འཛིན་དང་བདེན་ཞེན་གྱིས་འཐས་པའི་ཚེ་ན་འབྱུང་བ་ས་ཡང་ཡིན།འབྱུང་བ་སྙིགས་མ་ཡང་ཡིན།འབྱུང་ཆུང་ཡང་ཡིན།ཕྱི་འབྱུང་ཡང་ཡིན།འབྱུང་ཕྲན་ཡང་ཡིན་ནོ། །སོར་རྟོག་ཡེ་ཤེས་མ་རིག་པས་བསྒྲིབས་པའི་ཚེ་ན་ངང་མདངས་ཀྱི་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་ནང་མདངས་སུ་ནུབ་སྟེ།ཕྱི་མདངས་ཕྱི་རུ་ཤར་བ་ནི་འོད་མདངས་དམར་པོའི་རྣམ་པར་སྣང་བ་ཡིན།དེ་ནི་འབྱུང་བ་མེའི་དྭངས་མ་ཡང་ཡིན།ནང་འབྱུང་ཡང་ཡིན།འབྱུང་ཆེན་ཡང་ཡིན།འོད་དེ་ལ་དམར་པོའོ་སྙམ་པའི་དངོས་འཛིན་དང་བདེན་ཞེན་གྱིས་འཆིང་བའི་ཚེ་ན་འབྱུང་བ་མེ་ཡང་ཡིན།འབྱུང་བ་སྙིགས་མ་ཡང་ཡིན།འབྱུང་ཆུང་ཡང་ཡིན།ཕྱི་འབྱུང་ཡང་ཡིན།འབྱུང་ཕྲན་ཡང་ཡིན་ནོ། །བྱ་གྲུབ་ཡེ་ཤེས་མ་རིག་པས་བསྒྲིབས་པའི་ཚེ་ན་ངང་མདངས་ཀྱི་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་ནང་མདངས་སུ་ནུབ་སྟེ།ཕྱི་མདངས་ཕྱི་རུ་ཤར་བ་ནི་འོད་མདངས་ལྗང་གུའི་རྣམ་པར་སྣང་བ་ཡིན།དེ་ནི་འབྱུང་བ་རླུང་གི་དྭངས་མ་ཡང་ཡིན།ནང་འབྱུང་ཡང་ཡིན།འབྱུང་ཆེན་ཡང་ཡིན།འོད་དེ་ལ་ལྗང་གུའོ་སྙམ་པའི་དངོས་པོར་བཏགས་ཏེ་བདེན་པར་བཟུང་བའི་ཚེ་ན་འབྱུང་བ་རླུང་ཡང་ཡིན།འབྱུང་བ་སྙིགས་མ་ཡང་ཡིན།འབྱུང་ཆུང་ཡང་ཡིན།ཕྱི་འབྱུང་ཡང་ཡིན།འབྱུང་ཕྲན་ཡང་ཡིན།ངང་མདངས་ནང་མདངས་སུ་ནུབ་སྟེ།ཕྱི་མདངས་ཕྱི་རུ་ཤར་བ་ནི་དཔེར་ན་ཉི་མ་རྒས་པའི་འོད་ཐག་ཕྱི་རུ་གཤམ་པ་ལྟ་བུ་ཞིག་ཡིན་ནོ། །དེ་ལྟར་ན་འོད་མདངས་དེ་དག་ནང་ན་གནས་པའི་རྐྱེན་དེའི་ཕྱི་རུ་ཁ་དོག་སྣ་ཚོགས་དང་འབྱུང་བ་ལྔའི་སྣང་བ་རྒྱུན་མི་འཆད་པར་སྣང་བའི་དོན་དེ་ཡིན།འཁྲུལ་པའི་གཞི་ལྔ༴སོགས།མཆེད་པ་ལྟ་བུའོ། །ཕྱི་འབྱུང་ལྔར་འཐས་པ་ལ་རྒྱུ་བྱས་ཏེ།འཁྲུལ་པའི་གཞི་ལྔ་དེ་དག་གི་རྩལ་དུ་ཤར་བ་ནི་འདི་ལྟར་ཡིན་ཏེ།དེ་ནི་འཁོར་འདས་ཀུན་གྱི་གཞི་མ།སྡུག་བསྔལ་ཀུན་གྱི་གཞི་མ།བག་ཆགས་ཀུན་གྱི་གཞི་མ།ལས་སྣ་ཚོགས་པའི་གཞི་མ་ཡིན།གཞི་མ་རིག་པས་བསྒྲིབས་པ་ལས་ཀུན་གཞི་མཚན་ཉིད་པ་བེམ་སྟོང་ནམ་མཁའ་ལྟ་བུ་ཅི་ཡང་མི་སེམས་པ་ཅི་ཡང་མི་སྣང་བ་གདངས་རྩལ་གྱི་གོ་འགགས་པ།དཔེར་ན་གཉིད་འཐུག་པོ་དང་བརྒྱལ་བའི་གནས་སྐབས་ལྟ་བུ་དེ་ལ་ཀུན་གཞི་ཞེས་བརྗོད།དེའི་ངང་དུ་འབྱམས་ཀླས་པ་ནི་ཉོན་མོངས་པ་གཏི་མུག་གི་ངོ་བོ་སྟེ་མ་རིག་པའི་ཡོ་ལང་ཆེན་པོ་ཡིན།ཀུན་གཞིའི་ངོ་བོ་མ་རིག་པ་དང་།རྩལ་གཏི་མུག་ཏུ་འབྱུང་།འདིས་གང་ལ་བསྒྲིབ་ན་རྣམ་པར་སྣང་མཛད་ཀྱི་སྐུ་ལ་བསྒྲིབས།གང་དུ་བསྒྲིབ་ན་གཟུགས་ཀྱི་ཕུང་པོ་རུ་བསྒྲིབས།དེ་ལས་བསྐལ་པ་ལས་ཀྱི་རླུང་འགུལ་བ་ནི་ཉོན་མོངས་པ་ཕྲག་དོག་གི་ངོ་བོ་ཡིན།དེའི་ངོ་བོ་མ་རིག་པ་ཡིན།རྩལ་ཕྲག་དོན་ཏུ་འབྱུང་།འདིས་གང་ལ་བསྒྲིབ་ན་དོན་ཡོད་གྲུབ་པའི་སྐུ་ལ་བསྒྲིབས།གང་དུ་བསྒྲིབ་ན་འདུ་བྱེད་ཀྱི་ཕུང་པོ་རུ་བསྒྲིབས།ལས་རླུང་དེའི་བྱེད་ལས་ཀྱིས་ཀུན་གཞིའི་ཁམས་སུ་སྟོང་པ་ལས་གསལ་ཆ་ཐོན་པ་ཀུན་གཞིའི་རྣམ་ཤེས་ཡིན།དེ་ཉོན་མོངས་པ་ཞེ་སྡང་གི་ངོ་བོར་གནས་པ་ཡིན།འདིའི་ངོ་བོ་མ་རིག་པ་ཡིན།རྩལ་ཞེ་སྡང་དུ་འབྱུང་།འདིས་གང་ལ་བསྒྲིབ་ན་རྡོ་རྗེ་སེམས་དཔའི་སྐུ་ལ་བསྒྲིབས།གང་དུ་བསྒྲིབ་ན་རྣམ་པར་ཤེས་པའི་ཕུང་པོ་རུ་བསྒྲིབས།དེ་ལས་བདག་སྣང་ཙམ་པ་དེ་ལ་ངར་འཛིན་སྐྱེས་པ་ཉོན་ཡིད་ཡིན།དེ་ཉོན་མོངས་པ་ང་རྒྱལ་གྱི་ངོ་བོར་གནས་པ་ཡིན།འདིའི་ངོ་བོ་མ་རིག་པ་ཡིན།རྩལ་ང་རྒྱལ་དུ་འབྱུང་།འདིས་གང་ལ་བསྒྲིབ་ན་རིན་ཆེན་འབྱུང་ལྡན་གྱི་སྐུ་ལ་བསྒྲིབས།གང་དུ་བསྒྲིབ་ན་ཚོར་བའི་ཕུང་པོ་རུ་བསྒྲིབས།དེ་ལས་ཡིད་ལངས་ཏེ་གཞི་བེམ་སྟོང་ལ་སྣང་བ་མཆེད་རུང་གི་ནུས་པ་བཞག་ཅིང་གསལ་ཆ་བཏོན་པ་དེ་ལ་ཡིད་ཅེས་བརྗོད།དེ་ཉོན་མོངས་པ་འདོད་ཆགས་ཀྱི་ངོ་བོ་རུ་གནས་པ་ཡིན།འདིའི་ངོ་བོ་མ་རིག་པ་ཡིན།རྩལ་འདོད་ཆགས་སུ་འབྱུང་།འདིས་གང་ལ་བསྒྲིབ་ན་སྣང་བ་མཐའ་ཡས་ཀྱི་སྐུ་ལ་བསྒྲིབས།གང་དུ་བསྒྲིབ་ན་འདུ་ཤེས་ཀྱི་ཕུང་པོ་རུ་བསྒྲིབས།དེ་ལྟར་འབྱུང་བ་འོད་ལྔ་དང་འབྱུང་འགྱུར་འབྱུང་ལྔ་དང་ཕུང་པོར་སྣང་བའི་ཚེ་ན་ཡང་ཐབས་དང་ཤེས་རབ་གཉིས་སུ་མེད་པ་ཞིག་ཡིན་ཏེ།ཇི་ལྟར་ཡིན་ན་འོད་ལྔ་ཡུམ་ལ།འབྱུང་བ་ལྔ་ཡབ་དང་།འབྱུང་བ་ལྔ་ཡུམ་ལ།ཕུང་པོ་ལྔ་ཡབ།སྟོང་པ་ཡུམ་ལ།སྣང་བ་ཡབ་སྟེ། །ཐབས་ཤེས་ཟུང་འཇུག་ཏུ་གནས་པ་ཡིན་ཏེ།ཀརྨ་གླིང་པས།སྣང་སྲིད་རྣམ་དག་ལྷ་དང་ལྷ་མོའི་དབྱིངས། །འབྱུང་དང་འབྱུངཡེ་ཤེས་ལྔའི་ངང་གདངས་ལས་འོད་ལྔ་འབྱུང་བ་དང་།འཛིན་པ་ཞུགས་པས་འབྱུང་ལྔ་སོགས་སུ་འགྱུར་བའོ། །མཆན།འགྱུར་ཡབ་ཡུམ་ལྷུན་རྫོགས་རྣམས། །ཞེས་པ་དང་།རྒྱུད་ལས།ཐབས་དང་ཤེས་རབ་གཉིས་མེད་ཀློང་དུ་བསྐང་། །གསུངས་པ་བཞིན་དུ་གདོད་ནས་རྣམ་པར་དག་པ་ལྷའི་རང་བཞིན་དུ་གནས་ཀྱང་།ཀུན་ཏུ་རྟོག་པའི་དབང་གིས་འབྱུང་བ་དང་ཕུང་པོར་སྣང་བ་ཡིན།འཁྲུལ་པའི་གཞི་ལྔ་པོ་དེ་དག་ཐམས་ཅད་ནང་མདངས་ལས་ངོ་བོ་ལྔ་ཕྱི་རྩལ་དུ་ཤར་བ་ཡིན།དེ་དག་གི་རྩལ་དུ་ཤར་བའི་དུག་ལྔའི་ངོ་བོ་མེ་ལྟ་བུ་ལས་ཉོན་མོངས་པའི་རྟོག་ཚོགས་མེ་སྟག་མཆེད་པ་ལྟ་བུར་སྣང་བ་ཡིན།དེ་ལྟར་ཀུན་གཞི་དང༴སོགས།སྲིད་ཀྱི་སྐབས་སྟོན་ཏོ། །དེ་ལྟར་ཀུན་གཞི་དང་ཡིད་མཉམ་པར་བརྡལ་བའི་སྟོང་གསལ་གྱི་ཆ་དེ་ལ་གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་མཆེད་པའི་ཡུལ་གོ་མ་འགགས་པ་དྲུག་ཏུ་ཡོད་པ་དེ་ལ་ཡིད་ཅེས་བརྗོད་པ་ཡིན།དེ་ནས་ལས་རླུང་གཡོ་བའི་རྐྱེན་དང་གཞི་འཆར་རུང་གི་ནུས་པ་ཅན་གཉིས་ཀ་རྒྱུ་རྐྱེན་དུས་འཛོམ་པ་ལས་གཞི་ལ་རྟེན་ཅིང་གཞི་རང་ལས་མི་གཞན་པར་འབྲེལ་བའི་གཟུགས་སུ་སྣང་བ་རྣམ་པ་སྣ་ཚོགས་པ་མཆེད་པ་ཡིན།གཟུགས་སྣང་མཆེད་པའི་ཡུལ་གང་ཡིན་པ་དེ་ལ་མིག་གི་རྣམ་པར་ཤེས་པ་ཐ་སྙད་དུ་བརྗོད་པ་ཙམ་ཞིག་ལས་མེད་དོ། །དཔེར་ན་སྣང་ཡུལ་རྒྱ་མཚོ་ལྟ་བུ་ལ་ཡུལ་ཞེས་བྱ་བ་དང་།གཟུགས་སྣང་དང་གཟུགས་བརྙན་དང་གཟའ་སྐར་ལྟ་བུ་ལ་གཟུང་བ་ཞེས་བྱའོ། །འཛིན་པ་ནི་གཟུགས་དེ་ལ་མིང་སོ་སོར་བཏགས་དོན་སོ་སོར་བཟུང་དངོས་པོ་སོ་སོར་བལྟས་ནས་བདེ་སྡུག་བར་མ་གསུམ་ཉེ་བར་ལེན་པའི་རྣམ་པར་རྟོག་པ་ཤར་བ་ནི།ཡིད་ཀྱི་རྣམ་ཤེས་ཕྲ་མོ་སྟེ་མིག་གི་འཛིན་པ་སེམས་ཞེས་བྱ་བའོ། །དེ་བཞིན་དུ་ཡིད་དྭངས་ཤིང་གསལ་བའི་དབྱིངས་སུ་སྒྲ་མཆེད་པའི་ཡུལ་གོ་མ་འགགས་པ་དེ་ལ་ཡུལ་ཞེས་བྱ་བ་དང་།ལས་རླུང་གཡོ་བའི་བྱེད་ལས་ཀྱིས་སྒྲ་རུ་སྣང་བ་མཆེད་པ་དེ་ལ་གཟུང་བ་ཞེས་བྱ་སྟེ།སྒྲ་དེ་ལ་མིང་སོ་སོར་བཏགས་དོན་སོ་སོར་བཟུང་དངོས་པོ་སོ་སོར་བལྟས་ནས་བདེ་སྡུག་བར་མ་གསུམ་ཉེ་བར་ལེན་པའི་ཡིད་ཀྱི་ཤེས་པ་དེ་ལ་རྣ་བའི་འཛིན་པ་ཞེས་བྱ་བ་དང་།དེ་ཡང་གོང་བཞིན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལས་འབྱུང་བ་ཡིན།རྒྱུ་གཞི་དབྱིངས་དྭངས་གསལ་འཆར་རུང་གི་ནུས་པ་ཅན་དེ་ལ་རྒྱུ་བྱས།རྐྱེན་ལས་རླུང་གཡོ་བའི་ཆོ་འཕྲུལ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་སྒྲའི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་གཞི་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་གཞི་དང་སྒྲའི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་སྒྲའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།དེ་བཞིན་དུ་ཡིད་དྭངས་གསལ་རྙོག་མ་དང་བྲལ་བའི་དབྱིངས་སུ་དྲི་རུ་སྣང་བ་མཆེད་པའི་ཡུལ་གོ་མ་འགགས་པ་དེ་ལ་ཡུལ་ཞེས་བརྗོད།ལས་རླུང་གཡོ་བའི་བྱེད་ལས་ཀྱིས་དྲི་རུ་སྣང་བ་མཆེད་པ་དེ་ལ་གཟུང་བ་ཞེས་བརྗོད།དྲི་དེ་ལ་མིང་སོ་སོར་བཏགས་དོན་སོ་སོར་བཟུང་དངོས་པོ་སོ་སོར་བལྟས་ནས་བདེ་སྡུག་བར་མ་གསུམ་ཉེ་བར་ལེན་པའི་ཡིད་ཀྱི་ཤེས་པ་དེ་ལ་སྣའི་འཛིན་པ་སེམས་ཞེས་བརྗོད།དེ་ཡང་གོང་བཞིན་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལས་འབྱུང་བ་ཡིན།རྒྱུ་གཞི་དབྱིངས་དྭངས་གསལ་འཆར་རུང་གི་ནུས་པ་ཅན་དེ་ལ་རྒྱུ་བྱས།རྐྱེན་ལས་རླུང་གཡོ་བའི་ཆོ་འཕྲུལ་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་དུས་འཛོམ་པའི་ཚེ་ན་རྟེན་འབྲེལ་དྲིའི་སྣང་བ་མེད་བཞིན་དུ་འབྱུང་།རྟེན་གང་ལ་བརྟེན་ན་གཞི་ལ་བརྟེན།འབྲེལ་སུ་དང་འབྲེལ་ན་གཞི་དང་དྲིའི་སྣང་བ་གཉིས་མེད་ཟུང་འཇུག་ཏུ་འབྲེལ།འབྱུང་ཅི་འབྱུང་ན་དྲིའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།དེ་བཞིན་དུ་ཡིད་དྭངས་ཤིང་གསལ་བའི་དབྱིངས་སུ་རོ་རུ་སྣང་བ་མཆེད་པའི་ཡུལ་གོ་མ་འགགས་པ་དེ་ལ་ཡུལ་ཞེས་བརྗོད།ལས་རླུང་གཡོ་བའི་བྱེད་ལས་ཀྱི་རོ་རུ་སྣང་བ་མཆེད་པ་དེ་ལ་གཟུང་བ་ཞེས་བརྗོད།རོ་དེ་ལ་མིང་སོ་སོར་བཏགས་དོན་སོ་སོར་བཟུང་དངོས་པོ་སོ་སོར་བལྟས་ནས་བདེ་སྡུག་བར་མ་གསུམ་ཉེ་བར་ལེན་པའི་ཡིད་ཀྱི་ཤེས་པ་དེ་ལ་ལྕེའི་འཛིན་པ་སེམས་ཞེས་བརྗོད།དེ་ཡང་རྒྱུ་རྐྱེན་ཚོགས་པའི༴རྒྱུ་གཞི་དབྱིངས༴རྐྱེན་ལས་རླུང༴དེ་གཉིས༴རྟེན་འབྲེལ་རོའི་སྣང་བ༴རྟེན་གང་ལ༴འབྲེལ་སུ་དང་འབྲེལ་ན་གཞི་དང་རོའི་སྣང་བ༴འབྱུང་ཅི་འབྱུང་ན་རོའི་སྣང་བ༴དེ་བཞིན་དུ་ཡིད་དྭངས་ཤིང་གསལ་བའི་དབྱིངས་སུ་རེག་བྱའི་སྣང་བ་མཆེད་པའི་ཡུལ་གོ་མ་འགགས་པ་དེ་ལ་ཡུལ་ཞེས་བརྗོད།ལས་རླུང་གཡོ་བའི་བྱེད་ལས་ཀྱིས་རེག་བྱར་སྣང་བ་མཆེད་པ་དེ་ལ་གཟུང་བ་ཞེས་བརྗོད།རེག་བྱ་དེ་ལ་མིང་སོ་སོར་བཏགས་དོན་སོ་སོར་བཟུང་དངོས་པོ་སོ་སོར་བལྟས་ནས་བདེ་སྡུག་བར་མ་གསུམ་ཉེ་བར་ལེན་པའི་ཡིད་ཀྱི་ཤེས་པ་དེ་ལ་ལུས་ཀྱི་འཛིན་པ་སེམས་ཞེས་བརྗོད།དེ་ཡང་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ལས་བྱུང་བ་ཡིན།རྒྱུ་གཞི་དབྱིངས༴རྐྱེན་ལས་རླུང༴དེ་གཉིས༴རྟེན་འབྲེལ་རེག་བྱའི༴རྟེན་གང་ལ༴འབྲེལ་སུ་དང་འབྲེལ་ན་གཞི་དང་རེག་བྱའི༴འབྱུང་ཅི་འབྱུང་ན་རེག་བྱའི་སྣང་བ་མེད་བཞིན་དུ་འབྱུང་བ་ཡིན།མདོར་ན་ཡུལ་ཐུག་འཕྲད་ལ་ཤེས་པ་ཐུག་འཕྲད་དུ་སོང་བ་ལ་སྒོ་ལྔའི་རྣམ་པར་ཤེས་པ་རྒྱུ་རུ་གོ་དགོས།དེ་དག་ཐམས་ཅད་ཀྱང་གཞི་དང་ཡིད་གཉིས་རྣམ་པར་བརྡལ་བའི་སྟོང་གསལ་གྱི་ཆ་ལ་རྒྱུ་བྱས།ལས་རླུང་གཡོ་བའི་ཆོ་འཕྲུལ་ལ་རྐྱེན་བྱས།རྒྱུ་རྐྱེན་གཉིས་དུས་འཛོམ་པ་ལས།གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བ་རྣམས་རྟེན་འབྲེལ་ཙམ་དུ་སྣང་བ་ཡིན་པར་གོ་དགོས་པ་མ་གཏོགས།བུག་སྒོ་ཐ་དད་པར་སྣང་བར་སེམས་ན་རྨི་ལམ་དང་བར་སྲིད་ཀྱི་སྣང་བར་རགས་པའི་ལུས་མེད་ཀྱང་སྣང་བ་སྣ་ཚོགས་པར་མཆེད་པ་ཡིན་པའི་ཚུལ་ལ་བརྟག་ནས་ཤེས་དགོས་པ་ཡིན།ལས་ཀྱི་དབང་གིས་སྣང་ཚུལ་ཐ་དད་དུ་སྣང་ཡང་།སྒོ་ལྔའི་རྣམ་ཤེས་ལ་བཟང་ངན་མེད་པར་ཡུལ་དེ་འཛིན་པ་ལ་ཁྱད་མེད་པ་ནི།དཔེར་ན་ཆུ་གཅིག་པུ་ལ་ཡང་ལྷས་བདུད་རྩི།མིས་ཆུ།དུད་འགྲོས་བཏུང་བ་དང་གནས་ཁང་།ཡི་དྭགས་ཀྱིས་རྣག་ཁྲག།དམྱལ་བས་མེ་མདག་དང་ཁྲོ་ཆུར་སྣང་བ་ཐ་དད་པ་ཡིན་ཀྱང་།དོན་དུ་ཆུ་གཅིག་ལས་མེད་པའི་ཚུལ་གྱིས་སྣང་བ་ནི་རྟེན་འབྲེལ་ཙམ་ཡིན་ནོ། །དེ་ལྟར་ཕྱི་ནང་གསང་བའི་གཟུང་འཛིན་དུ་འཐས་ཏེ་འཁྲུལ་པ་ཡིན།དེ་ཡང་ཕྱི་སྣོད་བཅུད་ཀྱིས་བསྡུས་པའི་གཟུགས་རྟོག་རགས་པ་ནི་གཟུང་བ་ཡུལ་དང་།བཟང་ངན་བར་གསུམ་ཉེ་བར་ལེན་པའི་ཡིད་ཀྱི་ཤེས་པ་ནི་འཛིན་པ་སེམས་ཏེ་ཕྱིའི་གཟུང་འཛིན་དང་།སྒོ་ལྔ་དང་ཡུལ་ཐུག་འཕྲད་ལྟ་བུ་དང་།ཡིད་ངོར་དོན་སྤྱི་བློ་ངོར་ཤར་བ་དཔེར་ན་དུང་སྙམ་པའི་ཤེས་ཡུལ་འཕྲད་པ་ནང་གི་གཟུང་འཛིན་དང་།དུས་དང་རྣམ་པ་ཀུན་ཏུ་བདག་སྣང་བག་ལ་ཉལ་བ་དང་།ཉོན་ཡིད་སྔ་མའི་གཟུགས་ཆོས་སྣོད་བཅུད་དུ་སྣང་བ་རགས་པར་མེད་ཀྱང་།ཕྲ་བ་ལྐོག་གྱུར་དུ་མཆེད་པ་ནི་གཟུང་བ་དང་།ང་ཡིར་འཛིན་པའི་བདག་རྟོག་ཕྲ་བ་དེ་ནི་འཛིན་པ་སེམས་ཏེ་གསང་བའི་གཟུང་འཛིན་ཡིན།དེ་དག་གི་རྩ་བར་གྱུར་པ་ནི་གསང་བའི་གཟུང་འཛིན་ཡིན་ལ།དེ་ལས་མཆེད་པ་ནི་ནང་དང་ཕྱིའི་གཟུང་འཛིན་གཉིས་ཡིན།དོན་ལ་གསང་བའི་གཟུང་འཛིན་འཐས་པ་ལས་གཟུང་འཛིན་གསུམ་ཐ་དད་དུ་ཡོད་པ་མ་ཡིན་ནོ། །འགའ་ཞིག་གིས་སྣང་བ༴སོགས།དུབ་པ་ཡིན་ནོ། །ཡང་འགའ་ཞིག་གིས་སྣང་བ་སེམས་སུ་འདོད་པ་ཡང་ཡོད་དེ།དེ་དག་རྣམས་ཀྱི་ལུགས་སུ་ནི་སྣང་བ་ཐམས་ཅད་རྣམ་རྟོག་དང་རང་སེམས་དངོས་སུ་སྟོན་ཀྱང་སྣང་བ་དང་སེམས་གཉིས་གཅིག་མ་ཡིན།སྣང་ཙམ་ཉིད་ནས་གནས་སུ་འགྱུར་བའི་ཚུལ་དེས་སྟོན་པ་ཡིན།སྣང་བ་དང་སེམས་གཉིས་གཅིག་ཡིན་ན་སེམས་ཀྱིས་རྒྱ་གར་བསམ་ཚེ་སྣང་བ་ཡང་རྒྱ་གར་དུ་ཐོན་དགོས།སེམས་ཀྱིས་རྒྱ་ནག་བསམ་ཚེ་སྣང་བ་ཡང་རྒྱ་ནག་ཏུ་འགྲོ་དགོས་པ་དང་།སེམས་འགགས་ཚེ་སྣང་བ་ཡང་འགགས་ནས་འགྲོ་དགོས་པ་ཡིན་ཀྱང་དེ་ནི་མ་ཡིན།ཐ་དད་པ་ཞིག་ཡིན་སྙམ་ན་མ་ཡིན་ཏེ།སེམས་མེད་ན་སྣང་བ་སྣང་བར་མི་འགྱུར་ཏེ།སྣང་མཁན་གྱི་སེམས་མེད་པའི་ཕྱིར།དེས་ན་ཇི་ལྟར་སྣང་ཞེ་ན་གོང་ལྟར་རྒྱུ་རྐྱེན་ཚོགས་པའི་རྟེན་འབྲེལ་ཙམ་ཡིན་ཏེ།དཔེར་ན་རྒྱ་མཚོ་གཟའ་སྐར་མ་ཡིན།རྒྱ་མཚོ་ལས་གཞན་པའི་གཟའ་སྐར་གྲུབ་པ་མེད།ཆུ་ཟླ་དང་ཆུའི་གཟུགས་བརྙན་མ་གྲུབ་པར་རྒྱུ་རྐྱེན་འཕྲད་པའི་རྟེན་འབྲེལ་དུ་སྣང་བ་རུ་ཐག་གཅོད་པ་དེ་དག་དཔེ་དང་དཔེ་ཅན་གྱི་ཚུལ་དུ་ཤེས་དགོས་སོ། །དེ་ལྟར་ཚོགས་བརྒྱད་ཀྱི་སྣང་བ་ལུགས་སུ་འབྱུང་བས་འཁོར་བ་ཡོངས་སུ་མཆེད་པ་ཡིན།ཡང་ལུགས་སུ་ལྡོག་པས་སྲིད་པའི་རྩེ་རུ་དུབ་པ་ཡིན་ཏེ།ཇི་ལྟར་ཡིན་ཞེ་ན་ཀུན་རྫོབ་ཏུ་བསྐལ་པ་འདི་ཆགས་པའི་དུས་སུ་སྟོང་པ་རྟེན་མེད་ཀྱི་ཁམས་སུ་རླུང་རི་ནག་པོ་རྡོ་རྗེ་རྒྱ་གྲམ་པ་ཞིག་ཆགས།དེའི་སྟེང་དུ་ཞི་བ་གསལ་དག་གི་རྒྱ་མཚོ་ཆགས།དེའི་སྟེང་དུ་དབང་ཆེན་གསེར་གྱི་ས་གཞི་ཆགས།དེ་དག་གི་གཤིས་སུ་མེའི་དཀྱིལ་འཁོར་ཟླ་གམ་པ་ཞིག་ཆགས།རླན་དང་དྲོད་འཛོམ་པ་ལས་བཅུད་ཀྱི་སེམས་ཅན་རྣམས་ཀྱང་གཟུགས་མེད་གཟུགས་དང་འདོད་པའི་ཁམས་སུ་རིམ་བཞིན་མས་རིམ་དུ་ཆགས་པ་ཡིན་ཟེར་ཡང་།དོན་དམ་དུ་དེ་ལྟར་མ་ཡིན་ཏེ་སྟོང་པ་རྟེན་མེད་པ་ནི་ཀུན་གཞི་བེམ་སྟོང་།རླུང་རི་ནག་པོ་རྡོ་རྗེ་རྒྱ་གྲམ་པ་ནི་འཛིན་པ་ལས་ཀྱི་རླུང་།ཞི་བ་གསལ་དག་གི་རྒྱ་མཚོ་ཞེས་པ་ནི་ཀུན་གཞིའི་རྣམ་ཤེས།དབང་ཆེན་གསེར་གྱི་ས་གཞི་ཞེས་པ་ནི་ཉོན་ཡིད།དེ་དག་གི་གཤིས་སུ་མེའི་དཀྱིལ་འཁོར་ཟླ་གམ་པར་གནས་ཞེས་པ་ནི་ཡིད་ཀྱི་རྣམ་ཤེས།རླན་དང་དྲོད་འཛོམ་ཞེས་པ་ནི་གཞི་དབྱིངས་དྭངས་གསལ་དང་ཡིད་ཤེས་གཉིས་དུས་འཛོམ་པ།གཟུགས་མེད་གཟུགས་ཁམས་འདོད་པའི་ཁམས་ཏེ་རིམ་བཞིན་ཆགས་ཞེས་པ་ནི།ཀུན་གཞི་གཟུགས་མེད།རྣམ་ཤེས་གཟུགས་ཁམས།ཡིད་དང་སྒོ་ལྔ་འདོད་པའི་ཁམས་སུ་གྲུབ་པ་ཡིན།དེ་ཡང་ལུས་སུ་སྣང་བ་འདོད་ཁམས།ངག་ཕྱེད་སྣང་བ་གཟུགས་ཁམས།ཡིད་མི་སྣང་བ་གཟུགས་མེད་ཀྱི་ཁམས་ཏེ་ཁམས་གསུམ་དུ་བཤད་པ་ཡིན་ནོ། །དེ་ནས་ཀུན་རྫོབ་ཏུ་མཐར་མེ་བདུན་ཆུ་གཅིག་རླུང་གིས་འཇིག་ཅེས་པ་ནི་ངེས་དོན་དུ་རྣམ་ཤེས་ཚོགས་དྲུག་ཡིད་ཤེས་སུ་ཐིམ་པ་མེས་འཇིག་པ་དང་།ཡིད་ཤེས་མཆེད་པ་ཀུན་གཞིའི་རྣམ་ཤེས་སུ་ཐིམ་པ་ཆུས་འཇིག་པ་དང་།ཀུན་གཞིའི་རྣམ་ཤེས་ལས་རླུང་དུ་ཐིམ་ནས་ལས་རླུང་གི་འཛིན་པ་དབྱིངས་སུ་ནུབ་པ་ནི་རླུང་གིས་གཏོར་བ་དང་།མཐར་སྟོང་པ་རྟེན་མེད་དུ་གྱུར་ཅ་ེས་པ་ནི་ཀུན་གཞི་སྟོང་ཆེན་གྱི་དབྱིངས་སུ་བརྒྱལ་བ་ཡིན་ནོ། །དེའི་ཕྱིར་ན་རྣལ་འབྱོར་པས་ཉིན་ཞག་གཅིག་གིས་བསྐལ་པ་ཆགས་གནས་འཇིག་སྟོང་བཞི་རྫོགས་ཚུལ་དེ་ལྟར་ཡིན་པར་ཤེས་དགོས་པ་ཡིན།དེ་ལྟར་སྣང་སྲིད་འཁོར་འདས༴སོགས།མན་ངག་གོ།དེ་ལྟར་སྣང་སྲིད་འཁོར་འདས་སུ་སྣང་བའི་གྲོལ་འཁྲུལ་གྱི་རྣམ་པ་སྒྱུ་མ་ལྟར་འཆར་ཡང་ཐམས་ཅད་གཞི་དབྱིངས་ངོ་བོ་ཉིད་ཀྱི་རང་བཞིན་ལས་མི་གཞན་པར་གཞི་ཉིད་དུ་རོ་གཅིག་པས།གཅིག་པུར་འགགས་བསྡམ་པ་ནི།དཔེར་ན་རྒྱ་མཚོ་དྭངས་གསལ་གྱི་ཆ་ལ་གཟའ་དང་སྐར་མ་སོགས་ཀྱི་གཟུགས་བརྙན་གྱི་སྣང་བ་སྣ་ཚོགས་པ་སྣང་ཡང་།དོན་ལ་ནི་ཆུ་ཉིད་དུ་རོ་གཅིག་པ་ལྟ་བུ་ནི་དཔེ་དང་དཔེ་ཅན་གྱི་ཚུལ་དུ་ཤེས་པར་གྱིས་ཤིགདེས་ན་སྣང་བའི་ཆོས་ཐམས་ཅད་རང་སྣང་རང་ལ་ཤར་བ་ཙམ་ལས་ཡུལ་རང་ངོས་ནས་གྲུབ་པ་རྡུལ་ཙམ་ཡང་མེད་པར་ཐག་ཆོད་པ་ནི་རྒྱལ་བ་རྡོ་རྗེ་འཆང་གི་མན་ངག་ཟབ་མོ་ཡིན་ནོ། །ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ། །གསུམ་པ་ཕྱལ་བ་མཉམ་ཉིད་སྤྲོས་པའི་སྐྱོན་གྱིས་མ་གོས་པར་བསྟན་པ་ནི།ཡང་དུས་རེ་ཞིག་གི་ཚེ་རིག་འཛིན༴སོགས།ཚུལ་ལ་ལྟོས་ཤིགཡང་དུས་རེ་ཞིག་གི་ཚེ་རིག་འཛིན་ཆེན་པོ་ཧཱུྃ་ཆེན་ཀ་ར་དང་ཞལ་མཇལ་བའི་ཚེ་ན།བདག་གིས་སྣང་བའི་བཀོད་པ་འདི་ཇི་ལྟ་བུ་ལགས།ཞེས་ཞུས་པའི་ཚེ་ན།བཀའ་སྩལ་པ།ཀྱཻ་ཞེས་བོས་ཏེ་སྐྱེས་བུ་ཆེན་པོ་སྒོ་ལྔའི་རྣམ་ཤེས་དེ་དཔེར་ན་ནམ་མཁའ་ལྟ་བུ་ཅིར་ཡང་མཆེད་དུ་རུང་བ་ཞིག་ཡིན་ལ།རྣམ་པར་རྟོག་པ་དེ་དཔེར་ན་སྒྱུ་མའི་རྫས་སྔགས་ལྟ་བུ་ཞིག་ཡིན།སྒོ་ལྔའི་རྣམ་ཤེས་དང་རྣམ་པར་རྟོག་པ་གཉིས་དུས་འཛོམ་པ་ལས་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན།ནང་གཡོ་བ་བཅུད་ཀྱི་སེམས་ཅན།བར་འདོད་ཡོན་ལྔའི་སྣང་བའི་བཀོད་པ་དེ་དག་ཐམས་ཅད་ནི།དཔེར་ན་སྒྱུ་མའི་ཆོ་འཕྲུལ་ལྟ་བུ་ཡིན།དེ་ཉེ་བར་ལེན་པའི་ཡིད་ཀྱི་ཤེས་པ་དེ་དཔེར་ན་ལྟད་མོ་མཁན་ལྟ་བུ་ཡིན།དེའི་རང་བཞིན་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་དགོས།དེ་ལྟར་རྟོགས་པའི་རྣལ་འབྱོར་པས་དཔེར་ན་མཆོད་རྫས་དང་སྦྱིན་པའི་རྫས་ཐམས་ཅད་སྒྱུ་མའི་རྫས་ལྟ་བུ་དེ་སྦྱང་སྔགས་ཀྱིས་སྟོང་ཉིད་དུ་སྦྱངས་ནས།སྤེལ་སྔགས་ཀྱིས་མཆོད་པ་དང་སྦྱིན་པའི་ཡུལ་བཀོད་པ་དེའི་དབང་པོ་དྲུག་གི་ཡུལ་དུ་འདོད་ཡོན་གྱི་སྣང་བ་དཔག་ཏུ་མེད་པ་མཆེད་པར་བྱས་ཏེ་མཆོད་པས་མཉེས་པར་བསམ་པས།རྣལ་འབྱོར་ལམ་གྱི་ཚོགས་གཉིས་ཤུགས་ལ་རྫོགས་པར་འགྱུར་པའི་ཕྱིར་ན་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱི་སྒོ་དམ་པ་ཡིན་ཏེ།དེ་ཡང་ཇི་སྐད་དུ།རིན་ཆེན་རིགས་ཀྱི་དམ་ཚིག་ཏུ། །སྦྱིན་པ་རྣམ་བཞི་རྟག་ཏུ་བྱིན། །ཞེས་གསུངས་པས།དབང་གི་སྔོན་འགྲོའི་དམ་ཚིག་ཁས་བླང་ནས་རྟག་ཏུ་བརྩོན་པ་གལ་ཆེ་ལ།དེའི་ཕྱིར་དང་པོ་བསང་ལྟ་བུ་ལ།བདག་སྒྱུ་མ་མཁན་ལྟ་བུ་ཡི་དམ་གང་རུང་གི་སྐུ་རུ་ལམ་གྱིས་གསལ།སྒྱུ་མའི་རྫས་སྔགས་ལྟ་བུར་སྦྱང་སྔགས་ཀྱིས་བསངས་རྫས་མེ་ཐབ་དང་བཅས་པ་སྟོང་པར་སྦྱངས།སྤེལ་སྔགས་ཀྱིས་གཟུགས་སྒྲ་དྲི་རོ་རེག་བྱའི་དངོས་པོ་མ་ཚང་བ་མེད་པས།ས་དང་བར་སྣང་ནམ་མཁའི་ཁམས་གང་བར་བསམ་ལ་ནམ་མཁའ་མཛོད་དུ་བསྒྱུར་བ་སྒྱུ་འཕྲུལ་དང་།ལྟད་མོ་མཁན་ལྟ་བུ་ནི་དཀོན་མཆོག་སྲི་ཞུའི་མགྲོན་ནམ་མཁའ་ལ་སྐར་ཚོགས་བཀྲ་བ་བཞིན་དང་།མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་བར་སྣང་ལ་སྤྲིན་དཔུང་འཐིབས་པ་བཞིན་དང་།ས་གཞི་ལས་ཅུང་ཟད་འཕགས་པར་བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་མཁའ་ལ་ཉི་རྡུལ་འཁྲིགས་པ་བཞིན་དང་།ས་གཞིའི་སྟེང་དུ་རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལྷ་མིའི་ཁྲོམ་ཚོགས་པ་ལྟར་འདུས་པར་བསམ་ནས།མགྲོན་དེ་དག་གི་དབང་པོ་དྲུག་ཆུ་སྣོད་ལྟ་བུའི་ཀློང་དུ་བསང་རྫས་བཤམས་པའི་དངོས་པོ་ཡིད་ལ་གང་འདོད་པའི་ལོངས་སྤྱོད་དུ་སྤྲུལ་ནས་ཕུལ་ཏེ།དབང་པོ་དྲུག་དབྱིངས་སུ་མ་ཞིག་གི་བར་དུ་གཟའ་སྐར་ཤར་བ་བཞིན།ཟད་མི་ཤེས་པར་འབྱུང་བའི་རང་བཞིན་ཅན་དུ་གྱུར་པར་བསམ་ལ།དེ་དག་ཐམས་ཅད་དགའ་ཞིང་མགུ་ནས་མཉེས་ཏེ།བག་ཆགས་དགརྨུག་པ་སངས་ནས་ཅི་བསྒོའི་བཀའ་ཉན་ཅིང་སྡོང་གྲོགས་མཐུན་རྐྱེན་བསྒྲུབ་པར་བསམ།མཐར་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར།མཆོད་མཁན་བདགམཆོད་པའི་རྫས།མཆོད་ཡུལ་གྱི་མགྲོན་ཐམས་ཅད་མི་དམིགས་པའི་ངང་ལ་བཞག་ནས་བསྔོ་སྨོན་གྱིས་རྒྱས་གདབ་བོ། །སྔ་དྲོ་ཆུ་སྦྱིན་ནི།ཡང་བདག་སྒྱུ་མ་ལྟ་བུའི་ཡི་དམ་རྒྱལ་བ་ཤཱཀྱ་ཐུབ་པའམ།ཐུགས་རྗེ་ཆེན་པོ་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་མ་འདྲེས་ཡོངས་སུ་རྫོགས་པ་ཇི་ལྟ་བ་བཞིན་དུ་གསལ།དེ་བཞིན་དུ་རྫས་རྣམས་སྦྱང་སྔགས་ཀྱིས་ཆུ་སྣོད་དང་བཅས་པ་སྟོང་པར་སྦྱངས།སྟོང་པའི་ངང་ལས་ཏྲཾཿལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་རྫས་དེ་ཉིད་བསྐྱེད་པའི་སྟེང་དུ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་བརྩེགས་མར་གསལ།སྤེལ་སྔགས་ཀྱིས་སྤེལ་བ་དང་།ཆབ་ཅིག་ཏུ་དབྱིངས་ནས་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་ཆར་བབ་པ་དང་།བདག་ཡི་དམ་ལྷའི་ཕྱག་གི་མཐིལ་ནས་བདུད་རྩིའི་རྒྱུན་བྱུང་བ་སྣོད་ནང་གི་ས་བོན་ལ་ཐིམ་པས་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩི་དཀར་ལ་དམར་བ་ཅུང་ཟད་སྔོ་ཤས་ཆགས་པ།ཚོགས་དྲུག་གི་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱའི་མཆོད་རྫས་མ་ཚང་བ་མེད་པར་གསལ་ནས།དཀོན་མཆོག་སྲི་ཞུ།མགོན་པོ་ཡོན་ཏན།བགེགས་རིགས་ལན་ཆགས།རིགས་དྲུག་སྙིང་རྗེའི་མགྲོན་དེ་དག་ལ་ཕུལ་བས་ལྗགས་རྡོ་རྗེ་དང་འོད་ཟེར་གྱི་སྦུ་གུའི་རྣམ་པ་ཅན་གྱིས་གསོལ་ནས་ཕམ་རྒྱལ་འཐབ་རྩོད་མེད་པར་ཐོབ་སྟེ་དགའ་ཞིང་མགུ་ནས་ཡི་རང་བར་བསམ།ལྷག་མ་ཡི་དྭགས་ཀྱི་རྒྱལ་པོ་ཁ་ལ་མེ་འབར་བ་མང་པོ་བསམ་ལ་བསྔོས་པས་ཐམས་ཅད་ངོམས་ཤིང་ཚིམས་ནས་འཁྲུལ་སྣང་བག་ཆགས་ངན་པ་ཐམས་ཅད་ཀྱི་རྒྱུན་ཆད་ནས་སངས་རྒྱས་པར་བསམ་མོ། །མཐར་དབྱིངས་སུ་བསྡུ་ཞིང་བསྔོ་སྨོན་བྱའོ། །དགོང་མོའི་དུས་སུ་གསུར་སྦྱིན་པ་ནི།བདག་ཡི་དམ་འཕགས་པ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་ལོངས་སྐུའི་རྒྱན་ཆས་ཅན་འཇའ་ལུས་སྒྱུ་མའི་སྐུ་རུ་གསལ།མདུན་གྱི་གསུར་རྫས་མེ་ཐབ་དང་བཅས་པ་སྟོང་པར་སྦྱངས།སྟོང་པའི་ངང་ལས་རཾ་ལས་མེ་ཐབ་རྒྱ་ཆེ་ལ་ཁྱོན་ཡངས་པའི་ནང་དུ་གསུར་རྫས་རྣམས་མགྲོན་རིགས་ཀུན་གྱི་དབང་པོ་དྲུག་གི་དབྱིངས་སུ་གཟུགས་སྒྲ་དྲི་རོ་རེག་བྱ་མི་ཟད་པ་ནམ་མཁའ་མཛོད་དུ་སྤྲུལ་ནས།ལྟད་མོ་མཁན་ལྟ་བུའི་མགྲོན་བཞི་སྤྱན་དྲངས།དེ་དག་གང་ལ་གང་མཁོའི་ལོངས་སྤྱོད་འབད་མེད་དུ་ཐོབ་ནས།མགྲོན་གོང་མ་གཉིས་ཀྱི་ཐུགས་བདེ་སྟོང་གི་རོས་ཚིམས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ།འོག་མ་གཉིས་པོ་གྲོལ་བ་ཐོབ་པར་བསམ།མཐར་འཁོར་གསུམ་དམིགས་པ་མེད་པའི་ངང་དུ་རྒྱས་བཏབ་ནས་དགེ་བ་བསྔོའོ། །སྲོད་ལ་ལུས་སྦྱིན་ནི།ལུས་སྦྱིན་པ་འདི་ནི་མཆོད་སྦྱིན་ཐམས་ཅད་ཀྱི་ཕུལ་དུ་གྱུར་པ་ཡིན་ཏེ།སྔོན་རྒྱལ་པོ་སྙིང་སྟོབས་ཆེན་པོས་སྟག་མོ་ལ་སྐུ་ལུས་སྦྱིན་པར་བཏང་བ་དང་།རྒྱལ་པོ་བྱམས་པའི་སྟོབས་ཀྱིས་གནོད་སྦྱིན་ཤ་ཟ་སྤུན་ལྔ་ལ་སྐུ་ལུས་སྦྱིན་པར་བཏང་བ་དང་།ལྷ་ལྕམ་མན་དྷེ་བཟང་མོས་སྐུ་ལུས་སྟག་མོ་ལ་སྦྱིན་པར་བཏང་པ་དང་།དྲི་མེད་ཀུན་ལྡན་གྱིས་བུ་དང་ཆུང་མ་སྦྱིན་པར་བཏང་བ་རྣམས་ནི་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་པོ་ཆེ་སྟེ་དངོས་སུ་སྤྱོད་པ་དཀོན་ཏེ།དེ་ཡང་མ་ཅིག་གིས།རྟ་དང་གླང་པོ་བརྒྱ་འགྱུར།བུ་དང་ཆུང་མ་སྟོང་འགྱུར།ལུས་ཀྱི་མཆོད་སྦྱིན་འབུམ་འགྱུར།ཞེས་གསུངས་པ་བཞིན།འཇིག་རྟེན་འདི་ན་གཅེས་པའི་མཆོག་ལུས་འདི་ཡིན་ཏེ།དེ་སྦྱིན་པར་བཏང་ན་དམིགས་བཅས་བསོད་ནམས་ཀྱི་ཚོགས་དེ་ལ་བརྟེན་ནས་དམིགས་མེད་ཡེ་ཤེས་ཀྱི་ཚོགས་ངང་གིས་རྫོགས་པ་ཡིན་པས།དང་པོ་རང་གི་ལུས་འདི་ཆེ་བ་ཚོ་བ་སྣུམ་པ་བཀྲག་མདངས་དང་ལྡན་པ་སྟོང་གསུམ་དང་མཉམ་པ་གཅིག་ཏུ་བསྐྱེད།དེའི་དབུས་སུ་རྩ་དབུ་མ་ཁང་སྟོང་དུ་ཀྭ་བ་བཙུགས་པ་ལྟ་བུ།ཡར་སྣེ་སྤྱི་བོར་རྒྱ་མཐོང་གི་ཁ་ཕྱེས་པ་ལྟ་བུ།མར་སྣེ་ལྟེ་འོག་གཉེར་པོ་ཆེ་ན་སྨྱུག་མའི་ཚིགས་འགགས་པ་ལྟར་དུ་ཡོད་པ།དེ་ཡང་མཚན་ཉིད་བཞི་དང་ལྡན་པའི་སྙིང་གའི་ཐད་དུ་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་བྱ་མ་སར་གྱི་སྒོ་ང་ལྟ་བུ་གསལ་ལ་འཚེར་བ་སྣུམ་ལ་འདྲིལ་བ།འཕར་ལིང་ལིང་བྱེད་པ་ཞིག་ཏུ་གསལ་ཏེ་སྐར་མདའ་ཆད་པ་ལྟར།ཕཊཿདང་པོས་དབྱིངས་སུ་བསྲེས།གཉིས་པས་དབྱིངས་ནས་བཞེངས།གསུམ་པས་སྐད་ཅིག་གིས་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་མ་ཅིག་ཁྲོས་མ་ནག་མོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ།ཕྱག་གཡས་པས་སྣང་བ་དབང་སྡུད་ཀྱི་གྲི་གུག་ནམ་མཁར་ཕྱར་བ།གཡོན་པས་ཁམས་གསུམ་ཁྲག་ཏུ་རོལ་པའི་ཐོད་ཁྲག་ཐུགས་ཀར་འཛིན་པ།ཞགས་གཡས་བསྐུམས་པའི་རྟིང་པ་བྷ་གར་གཏད་ཅིང་།གཡོན་བརྐྱངས་པའི་ཚུལ་གྱིས་པད་ཉི་རོའི་གདན་ལ་བརྫིས་པ།ཞལ་གདངས་ལྗགས་འདྲིལ་རྣོ་དཀར་གྱི་མཆེ་བ་གཙིགས་པ།སྨ་ར་དང་སྨིན་མ་ལས་རྡོ་རྗེའི་མེ་འབར་བ།སྤྱན་གསུམ་སྡང་མིག་ཏུ་གཡོ་ཞིང་།ཁྲོ་གཉེར་ཆུའི་རླབས་བཞིན་དུ་འཁྲིགས་པ།དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོ་རུ་འཁྱིལ་བའི་ཀློང་ན།ཕག་ཞལ་ནག་པོའི་ངུར་སྒྲ་སྒྲོགས་པས་སེམས་ཅན་ཐམས་ཅད་གཏི་མུག་གི་གཉིད་ལས་དཀྲོགས་པར་བྱེད་པ།ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱཾ་རྩེ་གསུམ་མཆན་ཁུང་གཡོན་དུ་བརྟེན་པ།དུར་ཁྲོད་ཆས་བརྒྱད་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ།ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་ན་སྣང་སྟོང་ཡེ་ཤེས་སྒྱུ་མའི་སྐུ་རུ་བསྒོམ།དེའི་ཕྱག་གཡས་གྲི་གུག་ཚད་པ་ཙམ་གྱིས་རོ་དེ་ཐང་ལ་འགྱེལ་བའི་ལྤགས་པ་ཧྲལ་གྱིས་བཤུས་ནས་ས་གཞི་དང་མཉམ་པར་བརྡལ།དེའི་སྟེང་དུ་སྐུ་གསུམ་གྱི་མཚོན་པའི་རང་བྱུང་གི་ཐོད་སྒྱེད་སྐམ་རློན་རྙིང་གསུམ་རི་རབ་དང་མཉམ་པ་གསུམ་གྱི་ཁར་ཐོད་པ་དེ་སྒར་གྱིས་བཀོག་ནས་ཐོད་སྒྱེད་ཀྱི་སྟེང་དུ་བཀལ་བའི་ནང་དུ་གཟུགས་ཕུང་འཕང་ནས་བསིལ་བུར་བྱས་པས་ཐོད་སྒྱེད་ཀྱི་འོག་ཏུ་ཡཾཿལས་རླུང་རཾཿལས་མེ་རླུང་གཡོས།མེ་འབར་བས་ཐོད་པ་དྲོས་ཏེ་ཞུ་ཞིང་ཁོལ་བའི་ལྦུ་བ་ཕྱི་རོལ་དུ་ལུད་པས་ཞིང་ལྤགས་ཀྱི་གཞི་ལ་བབ་པས།བཟའ་བ་ཤ་ཡི་རི་བོ།བཏུང་བ་ཁྲག་གི་རྒྱ་མཚོ།བཅའ་བ་རུས་པའི་གྲམ་ཁྲོད།ལྡག་པ་ཚིལ་དང་་ཞུན་གྱི་ཕུང་པོ། །གཞིབ་པ་རྐང་དང་ལྷ་བ།ཤར་ལྷོ་ནུབ་བྱང་ས་དང་བར་སྣང་ཐམས་ཅད་གང་བ།འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོ་ནམ་མཁའ་མཛོད་དུ་སྤེལ་ནས།དབྱིངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་གྱིས་བརླབ་པའི་ཡི་གེ་ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གི་རྣམ་པར་ཆར་བཞིན་དུ་བབ་ནས་བདུད་རྩི་ལ་ཐིམ་པས་བདུད་རྩི་དེ་ཉིད་དཀར་ལ་དམར་བ་ཅུང་ཟད་སྔོ་བའི་ཉམས་ཅན།ཁ་ལ་རེག་པ་ཙམ་གྱིས་མྱོང་གྲོལ་ཡེ་ཤེས་ཀྱི་བདུད་རྩི་ཆེན་པོར་བྱིན་གྱིས་བརླབས།ལྦུ་རླངས་ལས་ཕྱི་ནང་གསང་བའི་མཆོད་རྫས་བསམ་གྱིས་མི་ཁྱབ་པར་སྤྲུལ་ཏེ།ཕཊཿདང་རྐང་གླིང་གི་སྒྲ་དང་པོས་མགྲོན་རྣམས་ཀྱིས་ཐོས།གཉིས་པས་གནས་ནས་ཆས།གསུམ་པས་ཐིབ་ཀྱིས་འདུས་པར་བསམ།ནམ་མཁའ་ལ་དཀོན་མཆོག་སྲི་ཞུའི་མགྲོན་སངས་རྒྱས་ཆོས་དང་དགེ་འདུན།བླ་མ་ཡི་དམ་མཁའ་འགྲོ།ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ།བརྒྱུད་པ་གསུམ་ལྡན་གྱི་བླ་མ་དམ་པ་ཐམས་ཅད་སྐར་ཚོགས་བཀྲ་བ་བཞིན་དང་།བར་སྣང་ལ་མགོན་པོ་ཡོན་ཏན་གྱི་མགྲོན་ལྷ་བརྒྱད་ཀླུ་བརྒྱད་གཟའ་བརྒྱད་འཇིགས་བྱེད་དགུ།ཕྱོགས་སྐྱོང་བཅུ།རྒྱུ་སྐར་ཉེར་བརྒྱད།རྒྱལ་ཆེན་སྡེ་བཞི་སོགས་སྤྲིན་དཔུང་འཐིབས་པ་བཞིན་དང་།ས་གཞི་ལས་ཅུང་ཟད་འཕགས་པའི་སྟེང་དུ་བགེགས་རིགས་ལན་ཆགས་ཀྱི་མགྲོན་ཕོ་གདོན་རྒྱལ་པོའི་སྡེ་ཚོགས།མོ་གདོན་འདྲེ་མོའི་སྡེ་ཚོགས།ཀླུ་གདོན་ས་བདག་གི་སྡེ་ཚོགས།ཕུང་སྲི་གྲི་བོ་བཅོ་བརྒྱད།བྱིས་པའི་གདོན་ཆེན་བཅོ་ལྔ།འཕྲོག་མ་མ་བུ་ལྔ་བརྒྱ།སྲིད་པ་ཆགས་པའི་འདྲེ་དགུ།གཙུག་ལག་ཁང་གི་གདོན་བཅུ།གློ་བུར་ལྷགས་པའི་འདྲེ་ཕྲན་ལ་སོགས་པ་ཐམས་ཅད་ནམ་མཁའ་ལ་ཉི་རྡུལ་འཁྲིགས་པ་བཞིན་དང་།ས་གཞིའི་ཁམས་སུ་རིགས་དྲུག་སྙིང་རྗེའི་མགྲོན་དམྱལ་བ།ཡི་དྭགས།དུད་འགྲོ།ལྷ་མིན།མི་དང་།ལྷ་སོགས་ལྷ་མིའི་ཁྲོམ་ཚོགས་པ་བཞིན་དུ་བསྐྱེད།རང་གི་ཐུགས་ཀ་ནས་ལས་བྱེད་ཀྱི་མཁའ་འགྲོ་མ་གྲངས་མེད་སྤྲོས་ཏེ།དེ་དག་གི་ཕྱག་གཡས་པས་རིན་པོ་ཆེའི་སྐྱོགས་གཟར་གྱིས་བཅུས་ནས་གཡོན་པའི་ཀ་པཱ་ལར་བླུགས་ཏེ་ཕུལ་བས།དཀོན་མཆོག་སྲི་ཞུའི་མགྲོན་རྣམས་ཀྱི་ལྗགས་ནོར་བུ་རྡོ་རྗེ་པདྨ་འོད་ཟེར་གྱི་སྦུ་གུའི་རྣམ་པར་བྱུང་ནས་བདུད་རྩིའི་བཅུད་གསོལ་བས་ཐུགས་བདེ་སྟོང་གི་རོས་ཚིམས་ནས།ཚོགས་གཉིས་རྫོགས་ཤིང་སྒྲིབ་གཉིས་བྱང་།མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསམ།མགོན་པོ་ཡོན་ཏན་གྱི་མགྲོན་རྣམས་ཀྱི་ལྗགས་རལ་གྲིའི་སྦུ་གུ་ཅན་གྱིས་བདུད་རྩིའི་བཅུད་གསོལ་ནས་ཐུགས་བདེ་སྟོང་གི་རོས་ཚིམས།ཉམས་ཆག་བསྐང་།ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་ནས་ཕྱི་ནང་གསང་བའི་བར་ཆད་སེལ་བར་བསམ།བགེགས་རིགས་ལན་ཆགས་ཀྱི་མགྲོན་རྣམས་ལ་ཤ་ཁྲག་དཀར་མངར་བདུད་རྩི་སོགས་བསྔོས་པས་ཕམ་རྒྱལ་འཐབ་རྩོད་མེད་པར་ཐོབ་ནས།ལན་ཆགས་བུ་ལོན་ཤ་མཁོན་བྱུང་།ཀུན་ཀྱང་གདུག་སེམས་ཁྲོས་འཁྲུགས་ཀྱི་ཀུན་སྤྱོད་ངན་པ་ཐམས་ཅད་ཞི་ནས་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྒྱུད་ལ་སྐྱེས།ལས་ངན་འཁྲུལ་པའི་རྒྱུ་རྐྱེན་བག་ཆགས་དང་བཅས་པ་སྟོངས་ཏེ་སངས་རྒྱས་ཐོབ་པར་བསམ།རིགས་དྲུག་སྙིང་རྗེའི་མགྲོན་རྣམས་ལ་རང་རང་གི་སྡུག་བསྔལ་སེལ་བའི་ཆོས་སྨན།ལས་ངན་སྦྱང་བའི་ཆུ་རྒྱུན།མོས་པ་ཚིམས་པའི་འདོད་ཡོན་ལ་སོགས་པ་གང་འདོད་དུ་བསྒྱུར་ནས་བསྔོས་པས་ངོམས་ཤིང་ཚིམས་ནས་རིགས་དྲུག་སོ་སོའི་སྡུག་བསྔལ་ཐམས་ཅད་དང་བྲལ།སྡིག་སྒྲིབ་བག་ཆགས་ཐམས་ཅད་དག་ནས།མངོན་དགའ་ལ་སོགས་པའི་རིགས་ལྔའི་ཞིང་ཁམས་སུ་སྟོན་འཁོར་གྱི་སྣང་བ་མཆེད་དེ་འཁོར་བ་དོང་ནས་སྤྲུགས་པར་བསྒོམ།སླར་ཡང་ལྷག་མ་ཉལ་ཉུལ་ཐམས་ཅད་ཐོད་པའི་ནང་དུ་བསྡུས་ཏེ།ཡེ་ཤེས་ཀྱི་བདུད་རྩིར་བྱིན་གྱིས་བརླབས་ནས།ལྷག་མགྲོན་ཁས་ཞན་པ།དབང་ཆུང་བ།བང་བུལ་བ།ཞ་བོ།འོན་པ།ལོང་བ།ལྐུག་པ་རྣམས་ལ་སྦྱིན་པས།རང་རང་གི་མོས་སྤྱོད་དང་མཐུན་པའི་ལོངས་སྤྱོད་ཀྱིས་ཚིམས་ནས་སོ་སོའི་སྡུག་བསྔལ་དང་བྲལ་ཏེ།ཁས་ཞན་པ་རྣམས་ཁས་དྲག་གི་སྟོབས་དང་ལྡན།དབང་ཆུང་བ་རྣམས་རང་དབང་ཕུན་ཚོགས་ཀྱི་དབང་དང་ལྡན།བང་བུལ་བ་རྣམས་མྱུར་མགྱོགས་ཀྱི་དྲག་རྩལ་དང་ལྡན།ཞ་བོ་རྣམས་རྫུ་འཕྲུལ་གྱི་རྐང་པ་དང་ལྡན།ལོང་བ་རྣམས་ཡེ་ཤེས་ཀྱི་སྤྱན་དང་ལྡན།འོན་པ་རྣམས་ཀུན་ཐོས་རྣ་བའི་དབང་པོ་དང་ལྡན།ལྐུག་པ་རྣམས་སྨྲ་མཁས་ཀྱི་ལྕེ་དང་ལྡན།དགའ་ཡ་ལེ།འཛུམ་མུ་ལེ།ཐམས་ཅད་ཀྱི་རྒྱུད་ལ་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་མཆོག་ཏུ་སྐྱེ་བར་བསམ་པ་དང་།གཞན་ཡང་འོང་མི་ཁོམ་པའི་མགྲོན།གནོད་སྦྱིན་གཞོང་ཐོགས།ཕྲེང་ཐོགས།རི་རྩེ་འཛིན།ཡི་དྭགས་རྒན་མོ་གཏེར་སྲུང་མ་རྣམས་དང་།འོང་མི་ཉན་པའི་མགྲོན།བདུད་ཕོ་ཐོད་ཁུར།བདུད་མོ་ནད་བདགས་བདག་ལྟོ་འཕྱེ།ས་བདག་ཕོལ་མིག་སོགས་རང་རང་གི་ལས་སྣང་སྡུག་བསྔལ་ཁོ་ན་ལ་སྤྱོད་པ་རྣམས་ལ།བདུད་རྩི་རང་གནས་སུ་འགྱེད་པས་ཐམས་ཅད་ངོམས་ཤིང་ཚིམས་ནས།འཁྲུལ་སྣང་སྡུག་བསྔལ་གྱི་འཇིགས་པ་མཐའ་དག་རྨི་ལམ་སད་པ་བཞིན་དུ་དབྱིངས་སུ་སངས་ནས་རྫོགས་པའི་བྱང་ཆུབ་ཐོབ་པར་བསམ།མཐར་བསྔོ་བ་པོ་བདགབསྔོ་བའི་ཡུལ་མགྲོན་བཞི་དང་།བསྔོ་བའི་རྫས་སྒྱུ་མ་ལྟ་བུའི་འཕྲུལ་སྣང་དང་བཅས་པ་ཐམས་ཅད་ཕཊཿདང་པོས་སྤྲུལ་སྐུའི་དབྱིངས་སུ་བསྲེ།གཉིས་པས་ལོངས་སྐུའི་དབྱིངས་སུ་བསྲེ།གསུམ་པས་ཆོས་སྐུའི་དབྱིངས་སུ་བསྲེས་ནས་དམིགས་མེད་ཟང་ཐལ་རྗེན་པའི་གཤིས་སུ་ཅུང་ཟད་མཉམ་པར་བཞགསླར་ཡང་ཆུ་ལས་ཆུ་བུར་རྡོལ་བ་བཞིན་དུ་རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་མདུན་དུ་སྣང་སྲིད་ལྷ་འདྲེ་ཐམས་ཅད་འདུས་པར་བསམ་ལ།ཆོས་བཤད།སྐུ་ལས་འོད་ཟེར་དཀར་པོ་འཕྲོས་པས་ཕོ་ཐམས་ཅད་སྤྱན་རས་གཟིགས།མོ་ཐམས་ཅད་རྗེ་བཙུན་སྒྲོལ་མའི་གོ་འཕང་ཐོབ་པར་བསམ་ནས།དེ་དག་ཐམས་ཅད་ཀྱི་ལག་པས་ཕྱག་རྒྱ་རུག་རུག།རྐང་པས་བསྐོར་བ་ཀྱི་ལི་ལི་རྒོད་ཁྱུ་ནམ་མཁར་འཕུར་བ་བཞིན་འུར་དེངས་ཀྱིས་བདེ་བ་ཅན་དུ་གཤེགས་པར་བསམ་ལ་དམིགས་མེད་ཀྱི་ངང་དུ་རྒྱས་གདབ་ལ་དགེ་བ་རྫོགས་བྱང་དུ་བསྔོའོ། །ཡང་བཀའ་སྲུང་ལ་གསོལ་མཆོད་བྱེད་པའི་ཚེ་ནའང་།སྒྱུ་མའི་འཕྲུལ་ལྟ་བུའི་ཡིད་སྤྲུལ་མེད་ན་ལྷ་མི་མཉེས་ཤིང་གནོད་པ་ལས་ཕན་པ་མི་འབྱུང་བ་དེའི་ཕྱིར།དང་པོ་རང་ཉིད་ཡི་དམ་གང་རུང་གི་སྐུར་གསལ་བའི་ཐུགས་ཀ་ནས་འོད་ནག་པོ་འཇིག་རྟེན་ཁྱབ་པ་ཙམ་འཕྲོས་པས་གནོད་བྱེད་དགྲ་བགེགས་ཐམས་ཅད་འུབ་ཀྱིས་བསྡུས་ནས་གཏོར་མ་དང་གཉིས་མེད་དུ་གྱུར་བར་བསམ་ལ།འགུགས་གཞུག་བྱས་པས་ཞིང་བཅུའི་དགྲ་བགེགས་རྣམས་འདུས་ཤིང་རྫོགས་པར་བསམ།མཐར་དབྱིངས་ནས་ཡེ་ཤེས་ཀྱི་རང་རྩལ་ཐུན་མཚོན་སྣ་ཚོགས་ཀྱི་ཆར་བབ་པས་ཉམས་པ་བསྒྲལ་བའི་ཤ་ཡི་རི་བོ་ཁྲག་གི་རྒྱ་མཚོ་ནམ་མཁའི་མཐའ་དང་མཉམ་པར་བསམ།དེ་ནས་སྦྱང་སྔགས་ཀྱིས་མཆོད་རྫས་ཀྱི་དངོས་པོ་མ་དག་པ་ཐམས་ཅད་སྟོང་པར་སྦྱངས།སྟོང་པའི་ངང་དེ་ལས་རང་གི་ཐུགས་ཀ་ནས་ཨཱཿགཅིག་སྤྲོས་པ་ལས་ཀ་པཱ་ལ་ཡངས་ཤིང་རྒྱ་ཆེ་བ་ཕྱི་དཀར་ཞིང་ནང་དམར་བ་སྟོང་གསུམ་དང་མཉམ་པའི་ནང་དུ།འབྱུང་ལྔའི་དྭངས་བཅུད་དང་གཏོར་རྫས་ཀྱི་དངོས་པོ་རྣམས་ཚུར་འདུས་པ་ལས།ཤའི་རི་བོ།ཁྲག་གི་རྒྱ་མཚོ།རུས་པའི་གྲམ་ཁྲོད།དཀར་གསུམ་མངར་གསུམ་གྱི་རི་དང་།འོ་མ་ཞོ་ཡི་རྒྱ་མཚོ།ཤིང་ཐོག་དང་འབྲས་བུ་རྣམ་པ་སྣ་ཚོགས།མཆོད་སྒྲུབ་རྟེན་བསྐང་མཐུན་རྫས་ཀྱི་རིགས་རྣམ་པ་སྣ་ཚོགས།རི་དྭགས་གཡུང་དྭགས་ཆུ་གནས་བྱ་གཅན་གྱི་རིགས་རྣམ་པ་སྣ་ཚོགས།བཙན་པའི་གོརྣོ་བའི་མཚོན།རེག་འཇམ་མཛེས་པའི་གོས་དར་སྣ་ཚོགས།གཞན་ཡང་ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀྟ་རྒྱལ་སྲིད་སྣ་བདུན་ལ་སོགས་པའི་མཆོད་པའི་དངོས་པོ་བསམ་གྱིས་མི་ཁྱབ་ཅིང་ཟད་མི་ཤེས་པ།རང་རང་གི་མོས་པ་དང་མཐུན་པར་དེ་མ་ཐག་ཏུ་འགྱུར་ནུས་པའི་རང་བཞིན་དུ་བསྒོམ།སྔགས་དྲུག་ཕྱག་དྲུག་གི་བྱིན་གྱིས་བརླབས།རང་གི་མདུན་དུ་བཀོད་པ་ཕུན་སུམ་ཚོགས་པ་ཡེ་ཤེས་ཀྱི་རང་མདངས་མེ་དང་འཇའ་འོད་དུད་སྤྲིན་འཁྲིགས་པའི་ཀློང་དུ།བཀའ་སྲུང་མགོན་པོ་ཕོ་རྒྱུད།ལྷ་མོ་མོ་རྒྱུད།དྲེགས་བྱེད་སྡེ་བརྒྱད།གང་ཡིན་གཞུང་ཚིག་ལྟར་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་མགྱོགས་པའི་རྟ་ལ་ཞོན་པ།བཙན་པའི་གོ་ཁྲབ་གྱོན་པ།རྣོ་བའི་མཚོན་ཆ་ཐོགས་པ།ཁྲོས་འཁྲུགས་རྔམས་པའི་དཔའ་ཟིལ་དང་ལྡན་པར་བསྐྱེད་ལ།བར་སྐབས་སུ་འབྱུང་བ་ལྔའི་ཁམས་ནས་རང་འདྲ་བའི་བཀའ་སྲུང་དཔག་ཏུ་མེད་པ་སྤྱན་དྲངས་ནས་བསྐྱེད་པའི་ལྷ་དེ་ལ་ཐིམ་པར་ཡང་ཡང་བསམ་མི་ཚིག་གིས་བར་མ་ཆོད།སྟན་གྱི་དྲོད་མ་ཡལ།མི་བརྗེད་པར་མིང་ནས་ཏིར་ཏིར་བོས་ནས་བསྒྲུབ་ན་མེད་པའི་དབྱིངས་ནས་ཡོད་པར་འགྲུབ་པ་ནི།དཔེར་ན་ས་རྡོ་ཤིང་གསུམ་འཛོམ་པའི་ཁང་པ་བརྩིགས་པ་ལྟ་བུ་མངོན་སུམ་དུ་འགྲུབ་པ་ཡིན་ནོ། །འདི་ལྟར་དྲེགས་པ་རང་རྒྱུད་པར་བསྟན་པ་རྣམས་ཀྱང་གཞན་དུ་གྲུབ་པ་མེད་དེ།རིག་པའི་རྩལ་སྣང་ཐམས་ཅད་རྒྱལ་བ་ཐབས་མཁས་པ་ཐུགས་རྗེ་ཆེ་བ་རྣམས་ཀྱིས་གསང་སྔགས་བཀའ་ཡི་སྲུང་མར་བཏགས་པ་ཙམ་ལས་ལོགས་ན་མེད་དོ། །དེ་ཡང་སྒྱུ་མ་དང་སྒྱུ་འཕྲུལ་ལྟ་བུར་ཤེས་ནས་གསོལ་མཆོད་བྱས་པས།དེ་དག་གི་ལྗགས་མཚོན་ཆའི་འོད་ཀྱི་སྦུ་གུ་ཅན་གྱིས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ།ཐུགས་བདེ་སྟོང་གི་རོས་ཚིམས་ནས་གཟི་བྱིན་ནུས་སྟོབས་མཆོག་ཏུ་འབར་ནས།རྣལ་འབྱོར་སྒྲུབ་པ་པོའི་ཕྲིན་ལས་རྣམ་པ་བཞི་ཐོགས་པ་མེད་པར་བསྒྲུབ་པར་བསམ་མོ། །གཞན་ཡང་ནས་སོགས་མཆོད་ཅིང་འབུལ་བའི་སྐབས།རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་མཆོད་པའི་སྤྲིན་རབ་འབྱམས་དཔག་ཏུ་མེད་པ་འཕྲོས་ཏེ་ཆོས་སྐྱོང་རྣམས་མཆོད་ཅིང་མཉེས་པར་བསམ།མཐར་གང་འདོད་ཀྱི་ཕྲིན་ལས་བཅོལ་ཞིང་གཤེགས་བསྡུ་སོགས་མི་བྱ་བར།བྱང་ཆུབ་མ་ཐོབ་ཀྱི་བར་དུ་ས་ལམ་གྱི་བར་ཆད་ངན་པ་ཐམས་ཅད་བསལ་ནས་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་གོང་འཕེལ་དུ་སྤེལ་བར་གྲོགས་དམ་མཛད་པར་བསམ་ལ།བླ་རྡོ་སྲོག་འཁོར་གྱི་དབྱིངས་སུ་བརྟན་བཞུགས་བྱའོ། །ལར་ཆོས་སྐྱོང་བསྒྲུབ་པའི་ཚེ་རྟག་བརྟན་ཐེར་ཟུག་ཅན་དུ་བསྒོམ་དགོས།མཐར་རང་ཉིད་འཆི་བའི་ཚེ་ན་སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན་དུ་དབྱིངས་སུ་ཞིག་པར་བསམ་ན་བསྡུ་གཤེགས་སོགས་མི་དགོས།དེ་ལྟར་འཁོར་འདས་སྒྱུ་མར་རྟོགས་པའི་རྣལ་འབྱོར་པའི་སྤྱོད་ཡུལ་བླ་ན་མེད་པའོ། །ཡང་ཆོས་ཐམས་ཅད་སྒྱུ་མ་ལྟ་བུར་རྟོགས་པའི་རྣལ་འབྱོར་པས།རང་ལས་མི་གཞན་པར་རང་སྣང་དུ་ཤར་བའི་སེམས་ཅན་རྣམས་ཀྱི་སྣང་བ་གནས་སུ་བསྒྱུར་ནས།ཐོག་མ་མེད་པའི་དུས་ནས་བསགས་པའི་མྱོང་དང་མྱོང་འགྱུར་གྱི་ལས་བྱས་པ་ཐམས་ཅད།ཐབས་ཁྱད་པར་ཅན་གྱིས་རྗེས་སུ་བཟུང་བའི་ཕྱིར་དུ།དྲི་ཟའི་གྲོང་ཁྱེར་གྱི་སྣང་བ་ལྟ་བུར་གདུག་པ་ཅན་དྲག་པོས་ཚར་གཅོད་པ་ལ་དྲག་པོའི་ཕྲིན་ལས་ཀྱི་སྣང་བ་དང་།ཆགས་པ་ཅན་བརྩེ་བའི་སྙིང་རྗེ་ཆེན་པོའི་རྗེས་སུ་འཛིན་པ་ལ་ཞི་བའི་ཕྲིན་ལས་ཀྱི་སྣང་བ་བཀོད་དེ།བསྐལ་མང་སྐད་ཅིག་ལ་བསྒྱུར་ནས།གདུག་པ་ཅན་རྣམས་ཚེ་ཁྲུས་གནས་གསུམ་གྱི་དགོངས་པས་ཚར་གཅོད་པ་དང་།ཆགས་པ་ཅན་རྣམས་གནས་སྤར་གྱི་སྒོ་ནས་རྗེས་སུ་འཛིན་པར་བྱས་པས་རྨི་ལམ་དབྱིངས་སུ་སད་པ་ལྟར་ཀ་དག་འཁྲུལ་མི་ཤེས་པའི་དབྱིངས་སུ་བཙན་ཐབས་སུ་སྦྱོར་བར་བྱེད་ནུས་པ་ཡིན་ཏེ།དེ་ལྟར་སྒྱུ་མའི་རྣལ་འབྱོར་ཆེན་པོ་ལ་དབང་བསྒྱུར་ནུས་པ་ཡང་ཆོས་ཐམས་ཅད་སྒྱུ་མར་རྟོགས་པའི་གནད་ལས་བྱུང་བ་ཡིན་ནོ། །དེ་ལ་དང་པོ་གདུག་པ་ཅན་དྲག་པོས་ཚར་གཅོད་པ་བསྒྲལ་བའི་ལས་ལ།རྫོང་འཕྲང་སྲོག་གསུམ་འདི་ཤིན་ཏུ་གལ་ཆེ་ལ།ལྟ་བའི་རྫོང་ནི་འཁོར་འདས་རང་སྣང་ལས་མི་གཞན་པར་ཤེས་པ་ནི་ལྟ་བའི་རྫོང་ཆེན་ཡིན།སྒོམ་པའི་འཕྲང་ནི་ཡི་དམ་ལྷའི་ཏིང་ངེ་འཛིན་དང་མི་འབྲལ་བ་རིག་པ་སེམས་སུ་མི་འཁྲུལ་པ་ཡིན།དམིགས་པའི་སྲོག་ནི་ཚེ་ཁྲུས་ཀྱི་གནད་དང་ལྡན་དགོས་པ་ཡིན།དེ་ལ་གསལ་བ་གསུམ་ནི།བདག་ཡི་དམ་གང་རུང་གི་སྐུར་ལམ་གྱིས་གསལ་བའི་སྐུ་སྟོད་ཀྱི་ཆ་ལ་བཀའ་བརྒྱུད་བླ་མ།རྐེད་པ་བར་གྱི་ཆ་ལ་ཡི་དམ་ལྷ་ཚོགས།སྐུ་སྨད་ཀྱི་ཆ་ལ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་རྒྱ་མཚོ་ལ་གཟའ་སྐར་བཀྲ་བ་ལྟར་བསྐྱེད་ལ།ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཡི་དམ་ལྷའི་རང་བཞིན་དུ་གྱུར་ནས་དེ་དག་ཐམས་ཅད་ཀྱིས་དགྲ་བགེགས་བསད་པ་དང་སྒྲོལ་བའི་ལས་བྱེད་པར་བསམ་པ་ནི་རང་ལ་མི་ལྡོག་པའི་གནད་དང་།ཕུར་པ་དེ་ཉིད་སྲས་མཆོག་རྡོ་རྗེ་གཞོན་ནུ་སྐུ་སྟོད་ཁྲོ་རྒྱལ་ཞལ་གསུམ་ཕྱག་དྲུག།སྐུ་སྨད་གནམ་ལྕགས་ཀྱི་ཕུར་བུ་ཟུར་གསུམ་པ་མགར་གྱི་སོལ་མལ་ནས་བྱུང་བ་ལྟ་བུ་ཆུ་སྲིན་གྱི་ཁ་ནས་སྦྲུལ་གྱི་ཆུན་པོ་སྐྱུགས་པ་ཞིག་ཏུ་བསྐྱེད་ལ།དེའི་རྒྱ་མདུད་གོང་མ་ལ་ཞི་བ་རིགས་ལྔའི་ཕོ་བྲང་དང་བཅས་པ།ཆངས་ཟུང་ལ་ཁྲག་འཐུང་ལྷ་དགུའི་ཕོ་བྲང་དང་བཅས་པ།རྒྱ་མདུད་འོག་མ་ལ་དཔལ་གྱི་ཕུར་སྲུང་གི་ཕོ་བྲང་དང་བཅས་པ་གསལ་གདབ་ལ།དེའི་གནས་གསུམ་ཡི་གེ་གསུམ་ལས་འོད་ཟེར་འཕྲོས་པས་རྒྱལ་བ་རྣམས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ནས་ཕུར་པ་ལ་ཐིམ་པས་སྐུ་འགྱིང་བ་ཙམ།གསུང་བསྒྲགས་པ་ཙམ།ཐུགས་གཡོ་བ་ཙམ་གྱིས་ཁམས་གསུམ་དུས་གཅིག་ཏུ་སྒྲོལ་བའི་དབང་ཐོབ་པར་བསམ་པ་ནི་མི་སྡུག་པའི་གནད་དང་།དམིགས་བྱ་དགྲ་བགེགས་དངོས་སུ་གསལ་བ་ནི།བདག་ཡི་དམ་ལྷའི་ཐུགས་ཀ་ནས་ཡི་གེ་ཨེཿཡིག་མཐིང་ནག་གཅིག་ཆད་པ་ལས།ལས་ཀྱི་གཤིན་རྗེའི་བཤའ་ཁང་ནག་པོ་དུག་ལྔའི་རང་གཟུགས་ཅན།ནང་ན་གཏི་མུག་གི་མུན་པ་འཐིབས་པ།འོག་ན་འདོད་ཆགས་ཀྱི་ཁྲག་མཚོ་ཁོལ་བ།བར་ན་ཕྲག་དོག་གི་རླུང་ནག་འཚུབས་པ།ཟུར་ན་ང་རྒྱལ་གྱི་བྲག་རི་ཚག་རྡིལ་དུ་རྙིལ་བ།ཕྱི་ན་ཞེ་སྡང་གི་མེ་དཔུང་འབར་བ།སྐུ་གསུམ་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ཟུར་གསུམ།དུག་གསུམ་དབྱིངས་སུ་སྒྲོལ་བའི་བང་རིམ་གསུམ་དང་ལྡན་པ།བདུད་དང་གཤིན་རྗེའི་དཔུང་གིས་ཀྱང་མི་ཚུགས་པ།དེའི་ཕྱི་མཁར་ཐབས་སུ་ཡོད་པ་ལ།དྲག་པོ་རྩང་གི་དྲྭ་མིག་རིས་སུ་བཙུགས་པ།དེའི་ནང་དུ་དགྲ་ལ་ནྲྀཿདང་བགེགས་ལ་ཏྲིཿདེ་ལས་འོད་འཕྲོས་པས་དགྲ་བགེགས་ཀྱི་བླ་ཚེ་སྲོག་གསུམ་སྟོང་གསུམ་སྲིད་པའི་ཁམས་གང་ན་ཡོད་ཀྱང་སྐད་ཅིག་ལ་བསྡུས་ནས་ཐིམ་པར་བསམ།དེ་གནས་སུ་གྱུར་པ་ལས་དགྲ་བགེགས་དེ་ཉིད་ཁ་ངུ་བ།མིག་ཤི་མིགལག་པ་མྱ་ངན་གྱི་ཕྱག་རྒྱ་ཅན་རྐང་ལག་ལྕགས་སྒྲོག་གིས་བསྡམ་པ།བྱང་སེམས་དཀར་དམར་ཐུར་དུ་བབ་པ།གཅེར་བུ་བྱང་ཐང་ལ་བོར་བ་ལྟ་བུ།མགོན་མེད་སྐྱབས་དང་བྲལ་བ།ཉམ་ཐག་དབུགས་དང་བྲལ་ལ་ཁད་འདར་ཕྲི་ལི་ལི་བྱེད་པར་བསམ་ལ།གཞན་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་འདི་དག་དགྲ་བོའི་བླ་ཚེ་སྲོག་གི་རང་བཞིན་གང་ལ་བབ་ཀྱང་དགྲ་བོ་མི་འཆི་མི་སྲིད་པའི་རང་བཞིན་དུ་དམིགས་པ་ནི་གཞན་ལ་མི་འབྱམས་པའི་གནད་དམ་པའོ། །གསོ་བ་གསུམ་གྱི་དང་པོ་བདག་གསོ་བ་ནི།རང་ཡི་དམ་ལྷར་གསལ་བའི་ཐུགས་ཀ་ནས་ཧཱུྃ་ཡིག་དཔག་ཏུ་མེད་པ་འཕྲོས་ཏེ་འཁོར་འདས་ཀྱི་དབྱིངས་ཐམས་ཅད་ལྟེམས་ཀྱིས་གང་ནས།སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་ཁམས་ཁམས་གསུམ་སྣོད་བཅུད་དང་བཅས་པ་ཐམས་ཅད་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་ཧཱུྃ་ཡིག་རྣམས་ལ་ཐིམ།དེ་དག་ཚུར་འདུས་ཏེ་རང་ལ་ཐིམ་པས་འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོ་རུ་གྱུར་པར་བསྒོམ།ཕུར་པ་གསོ་བ་ནི།ཕུར་པ་སྲས་མཆོག་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བ་ལས།ཕུར་པའི་ཚྭ་ཚྭ་མེ་ལས་མེ་སྟག་ཆད་པ་ལྟར་འཕྲོས་ཏེ།སྣང་སྲིད་འཁོར་འདས་ཐམས་ཅད་ཡོངས་སུ་གང་ནས་གོང་བཞིན་འཁོར་འདས་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ།ཕུར་པ་ལ་ཐིམ་སྟེ་འཁོར་འདས་ཐམས་ཅད་ཀྱི་མཐུ་དང་ནུས་སྟོབས་རྩལ་ཤུགས་ཐམས་ཅད་འདུས་ཤིང་རྫོགས་པར་བསམ།དགྲ་བགེགས་གསོ་བ་ནི་ལིང་ག་དགྲ་བགེགས་དངོས་སུ་གསལ་བ་ལས་འོད་ནག་པོ་འཕྲོས་ཏེ་དགྲ་བགེགས་གནོད་བྱེད་ཐམས་ཅད་ཀྱི་བླ་ཚེ་སྲོག་གསུམ་བསོད་ནམས་ལོངས་སྤྱོད་དང་བཅས་པ་ཆུ་ཐིགས་ཧུབ་ཀྱིས་དྲངས་པ་ལྟར་བསྡུས་ནས་ལིང་ག་ལ་བསྟིམ་པས་གནོད་བྱེད་ཀུན་འདུས་ཤིང་རྫོགས་པར་བསམ་མོ། །སླར་ཡང་ཕོ་ཉ་སྦྲན་པ་ནི།རང་ལྷར་གསལ་བའི་ཐུགས་ཀ་ནས་ཕོ་ཉ་ལྕགས་ཀྱུ་ཞགས་པ་ལྕགས་སྒྲོག་དྲིལ་བུ་ཐོགས་པ་གྲངས་མེད་པ་བསྐལ་པ་འཇིག་པའི་ལས་རླུང་ནག་པོ་དང་བཅས་པ་འཕྲོས་པས།དགྲ་བགེགས་ཀྱི་བླ་ཚེ་སྲོག་གསུམ་ཐམས་ཅད་ནམ་མཁའ་ནས་ཤོག་སྐྱ་རླུང་གིས་བསྐྱོད་པ་བཞིན་དང་།བར་སྣང་ནས་ན་བུན་འཐོར་རླུང་གིས་དེད་པ་ལྟར་དང་།ས་གཞི་ནས་ཤ་ཁྱིས་རི་དྭགས་དེད་པ་ལྟར་ལིང་ག་ལ་ཐིམ་པར་བསམ།དེ་ལྟ་བུའི་འགུགས་པ་བདུན་རེའི་མཚམས་སུ་དགྲ་བོའི་བླ་ཡང་ཡང་ལེན་དགོས་ཏེ།གང་བཀུག་ན་རྣམ་ཤེས་བཀུགབླ་རྣམ་ཤེས་ལ་སྒོ་ཁྱི་བདག་པོར་འཁོར་བ་ལྟར་འཁོར་ཏེ་འགུགས་འཆིང་སྡོམ་མྱོས་ལྷ་སྔགས་ཏིང་ངེ་འཛིན་གྱིས་བཅིང་ནས།གང་གསོད་ན་བླ་གསོད་དགོས།ལུས་སེམས་ཀྱི་འབྲེལ་ཐག་ཕ་མྱེས་ཀྱི་བཙུན་ལྷ་ཟེར་བ་ཡང་དེ་ཡིན།གང་གཅོད་ན་སྲོག་གཅོད་དགོས་པ་ཡིན།སྐབས་སྐབས་སུ་ཕྱག་གི་ཕུར་པ་ཚད་པ་ཙམ་གྱིས་དགྲ་བགེགས་ཀྱི་ཕུང་ཁམས་སྐྱེ་མཆེད་ཞོ་ལྟར་དཀྲུགས་པས་འོ་མ་ལས་མར་ཐོན་པ་ལྟར་བླའི་ངོ་བོ་ནྲྀཿཡིག་དཀར་པོར་གྱུར་ནས།ཕུར་པའི་ཁོང་གསེང་ནས་ཡར་ཆུ་ཐིགས་ཧུབ་ཀྱིས་དྲངས་པ་ལྟར།བདག་ཡི་དམ་གྱི་གདན་ཉི་ཟླའི་གོ་མཚམས་སུ་ཡང་ཡང་བསྟིམ།དེ་ལྟར་འགུགས་གྲངས་རྟགས་ཐོན་པ་བསྐྱར་ནས་མཐར་བླ་རྟགས་ཐོན་ཚེ།བཅིང་བའི་ལས་ནི།བདག་མདུན་གྱི་ཐུགས་ཀ་ནས་འོད་སྔོ་དམར་བྱད་ཐག་གི་རྣམ་པར་འཕྲོས་ནས་དགྲ་བོའི་བླ་ཚེ་སྲོག་གསུམ་ལུས་ངག་ཡིད་གསུམ་ཀུན་ནས་དཀྲིས་ཤིང་དམ་དུ་བཅིངས་ཏེ་འཕར་ལྡང་འགུལ་བསྐྱོད་ཀྱི་རྩལ་ཤུགས་མཐུ་ནུས་ཐམས་ཅད་བསྡམ་ཞིང་གཅུན་ཏེ་དཔེར་ན་རྡོ་ཐང་ལ་འཕང་བ་ལྟར་གྱུར་པར་དམིགས།ལྷ་དབྱེ་ལ།ལར་ལྷ་དབྱེ་འདི་བསྒྲལ་རན་དུས་ལས་དབྱེ་མི་སྔ་བར་སྔོན་དུ་བླ་ཡང་ཡང་བླང་ཞིང་མཐར་དབྱེ་བ་ལས་སྔ་ན་བླ་གཙེན་ཞིང་ལྷ་དང་མཉམ་དུ་ཤོར་དོགས་ཡོད་པ་ཡིན་ནོ། །དབྱེ་བ་དངོས་ལ་བྲུབ་ཁུང་གི་ཁར་དབྱེ་སྒྲོ་གཉིས་སྐད་ཅིག་གིས་ཕྲ་མེན་མ་འུག་པའི་གདོང་དང་བྱ་རོག་གི་གདོང་ཅན་གཉིས་བུད་མེད་ཀྱི་ལུས་ལ་བྱ་སྤུ་སྐྱེས་པ་དགྲ་བགེགས་ཀྱི་ལྷ་རྣམས་མྱོས་ཤིང་བརྒྱལ་བར་བྱེད་པའི་དྲི་ངན་འཕྲོ་ཞིང་།དེ་གཉིས་ཀྱིས་ངར་སྐད་སྒྲོགས་ཤིང་བྲུབ་ཁུང་གི་ཁར་འཛིང་འཐབ་དང་གཤོག་རླབས་གཡོ་བའི་རྐྱེན་གྱིས་དགྲ་བགེགས་ལ་མགོན་སྐྱབས་བྱེད་པའི་ལྷ་སྲུང་ཐམས་ཅད་བརྒྱལ་ཞིང་སྨྱོ་འབོག་ཏུ་སོང་ནས་དགྲ་བགེགས་རྣམས་ཤུལ་དུ་བོར་ནས་བྲོས་སུ་ཡོད་པའི་ཕྱི་ནས་ཕྲ་མེན་མ་གཉིས་ལས་རག་འདྲ་བ་དཔག་ཏུ་མེད་པ་འཕྲོས་ནས་ཐམས་ཅད་ཀྱི་སྡེར་མོས་བྲད།གཤོག་པས་གཡབ།མཆུ་ཡིས་བཅད་ཅིང་ཟ་བཞིན་མཐའི་རྒྱ་མཚོའི་ཕ་མཐར་གླིང་བར་མུན་པའི་སྨག་དང་རི་རབ་ཀྱི་ཟོམ་དུ་བསྐྲད་དེ་ཕྱིར་མི་ལྡོག་པར་མགོ་རྨོངས་པར་བསམ་ལ།དབྱེ་སྔགས་བཟླ་བཞིན་སྒྲོ་ཡིས་གཡབ་ལ་རྫས་བདུག་གོ། །སྨྱོར་གཞུག་ནི།ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་རླུང་གཅིག་ཏུ་བསྡུས་ཏེ་རླུང་ཁ་དོག་ནག་པོའི་རྣམ་པར་དགྲ་བགེགས་ཀྱི་སྲིན་ལག་གི་རྩེ་ནས་ཞུགས་ཏེ་སྲོག་རྩའི་ནང་དུ་སོང་ཞིང་གཡོ་བའི་སྟོབས་ཀྱིས་རབ་ཏུ་མྱོས་ཤིང་འབོག་པར་བསམ་པའི་དམིགས་པ་དང་ཛྭ་ལ་པ་ཡ་སོགས་བརྗོད།དེ་ནས་ཚེ་ལུང་ཁྲུས་ལུང་གནས་ལུང་སོགས་ནི་ཡང་སྔར་བཞིན་ཕུར་པ་སྲས་མཆོག་ཏུ་གསལ་བ་དགྲ་བགེགས་ཀྱི་གཟུགས་ལ་ཚད་པ་ཙམ་གྱིས་ཕུང་ཁམས་སྐྱེ་མཆེད་ཞོ་ལྟར་དཀྲུགས་པས་འོ་མ་ལས་མར་ཐོན་པ་བཞིན་དུ་དགྲ་བོའི་བླའི་ངོ་བོ་ནྲིཿཡིག་དཀར་པོ་འོད་དང་བཅས་པ་ཞིག་ཏུ་གྱུར་ཏེ་ཆུ་ཐིགས་ཧུབ་ཀྱིས་བཏབ་པ་བཞིན་དུ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་ཕུར་པ་ལ་ཐིམ་པས་རྐྱལ་པ་ཞོས་གང་བ་ལྟར་ཕུར་པ་ངང་མེར་གྱིས་གང་བར་བསམ་པ་ནི་ཕུར་པ་བླ་ཡིས་འཚེངས་པ་དང་།སླར་ཡང་ཕུང་ཁམས་སྐྱེ་མཆེད་དཀྲུགས་པ་ཙམ་གྱིས་ཚེ་བསོད་ནམས་ཀྱི་ངོ་བོ་ནྲིཿཡིག་ལྗང་གུ་འོད་དང་ལྡན་པ་ཞིག་ཏུ་གྱུར་ཏེ་ཕུར་པའི་རྩེ་མོར་འུབ་ཀྱིས་འདུས་ཏེ་དྲི་མ་དང་ཉེས་སྐྱོན་ཐམས་ཅད་ཁོང་གསེང་ནས་སྦྱངས་ཏེ་ཕུར་པའི་ཡར་རྩེ་ནས་བྱུང་ཞིང་རང་ལ་ཐིམ་པས་ཚེ་བསོད་རབ་ཏུ་རྒྱས་པར་བསམ་པ་ནི་རྣམ་འབྱོར་པ་ཚེ་ལྷག་གིས་འཚེངས་པ་དང་།ཡང་ཕུར་པའི་རྩེ་ནས་འོད་ཟེར་དཀར་པོ་འཕྲོས་པས་དགྲ་བགེགས་ཀྱི་རྒྱུད་ཀྱི་སྡིག་སྒྲིབ་ལས་ཉོན་ཐམས་ཅད་སངས་ཀྱིས་དག་པར་བསམ་པ་ཁྲུས་ལུང་དང་།ཡང་ཕུར་པ་དགྲ་བགེགས་ཀྱི་སྙིང་གར་བཏབ་པའི་དུས་སུ་དགྲ་བགེགས་ཀྱི་རྣམ་པར་ཤེས་པ་སྦུབ་ཆུས་འདྲེན་པ་བཞིན་དུ་ཐིག་ལེ་དཀར་པོ་ཨཿཡིག་གིས་མཚན་པ་ཅན་ཞིག་ཏུ་གྱུར་པར་ཕུར་པའི་ཁོང་གསེང་ནས་ཡར་འདྲེན་ཅིང་དྲངས་པའི་ཚེ་ན་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཤེལ་དཀར་གྱི་དྲི་མ་ཕྱིས་པ་ལྟར་སངས་ཀྱིས་དག་ནས་ཕཊཿབརྗོད་པས་རྒྱ་མདུད་འོག་མ་ནས་སྤྲུལ་སྐུའི་དགོངས་པར་འཕོས།ཆངས་ཟུང་ནས་ལོངས་སྐུའི་དགོངས་པར་འཕོས།རྒྱ་མདུད་གོང་མ་ནས་ཆོས་སྐུའི་དགོངས་པར་འཕོས་ནས་སྐར་མདའ་ཆད་པ་བཞིན་དུ་མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཐིམ་པས་སྐུ་བཞི་ཡེ་ཤེས་ལྔའི་དགོངས་ཀློང་དུ་སངས་རྒྱས་པར་བསམ་པ་དགྲ་བོ་གནས་ཀྱི་འཚེངས་པ།མཐར་གཟུགས་ཕུང་གི་སྟེང་དུ་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་ཀྱི་སྤྲུལ་པའི་ཐུན་མཚོན་སྣ་ཚོགས་ཀྱིས་ཆར་ཕབ་ནས།དུག་གསུམ་སྐུ་གསུམ་གྱི་ཀློང་དང་།དུག་ལྔ་ཡེ་ཤེས་ལྔའི་ཀློང་དང་།ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་བརྒྱད་ཁྲིའི་ཀློང་དུ་བསྒྲལ་བར་བསམ་པ་ནི་ཐུན་གདབ་པའི་དམིགས་པ་ཡིན་ནོ། །གཏུན་དུ་བརྡུང་བ་ནི་གཏུན་ཁྲོ་མོ་རོལ་བྱེད་ནག་མོའི་མཁའ་གསང་དུ་དགྲ་བགེགས་ཀྱི་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྡུས་ཏེ་ཐབས་མཆོག་ཁྲོ་བོ་འཐག་བྱེད་འབར་བའི་གཏུན་བུས་བརྡུང་ནས་རྡུལ་ཕྲན་དང་ཕྱེ་མ་རུ་འཐག་པར་བསམ་ལ་ཏ་ཐཱ་ཡའི་སྔགས་ལན་གསུམ་དང་།དམིགས་པ་ཏིང་ངེ་འཛིན་གྱི་གནད་ཀྱིས་བརྡུང་བའོ། །ཤ་ཁྲག་དེ་དག་ངོ་བོ་ཡེ་ཤེས་ཀྱི་བདུད་རྩི་ལ་རྣམ་པ་ཤའི་རི་བོ་ཁྲག་གི་རྒྱ་མཚོ་རུ་གྱུར་ནས་ཕུད་ཀྱིས་ཡི་དམ་ལྷ་ཚོགས་རྣམས་ལ་མཆོད་ཅིང་ཐུགས་བདེ་སྟོང་གི་རོས་ཚིམས་ནས་ཚོགས་གཉིས་རྫོགས་པར་བསམ་པ་དང་།ལྷག་མ་ཤ་རི་ཁྲག་གི་རྒྱ་མཚོར་གྱུར་པ་བཀའ་སྲུང་ཆོས་སྐྱོང་ཐམས་ཅད་ཀྱི་ཞལ་མཉམ་ཉིད་ཧོམ་ཁུང་ཡངས་པར་བསྟབས་ཤིང་།འགགས་མེད་རོལ་པ་ཆེན་པོའི་མགྲིན་པར་བརྒྱུད་དེ།ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་ལྟོ་བར་བྲུབ་ནས་ལྷག་མ་མ་ལུས་པར་གསོལ་པས་ཤིན་ཏུ་མཉེས་པར་བསམ་པ་ནི་སྲུང་མ་ཤ་ཁྲག་གིས་འཚེངས་པ་སྟེ་འཚེངས་པ་བཞི་ཡིན་ནོ། །དེ་ལྟ་བུའི་གནད་དང་ལྡན་ན་སྔགས་པ་ཨེ་ཁང་ཁར་སངས་རྒྱས་ཟེར་བའང་ཡིན་ཏེ།མ་ལྡན་ན་བྱིས་པས་རྩེད་མོ་ཙམ་ལས་དོན་འབྲས་ཅི་ཡང་མེད་པས་ལྟ་སྒོམ་གྱི་གནད་དང་ལྡན་པ་གལ་ཆེའོ། །གཉིས་པ་ཆགས་པ་ཅན་སྙིང་རྗེ་ཆེན་པོས་རྗེས་སུ་འཛིན་པ་གནས་སྦྱོང་གི་རིམ་པ་ནི།དེ་ནས་ཚེ་འདས་གནས་ནས་འདྲེན་པ་དང་།བསྒྲལ་འདྲེན་གཉིས་ལ་ཞི་དྲག་གི་ཚུལ་ཙམ་མ་གཏོགས་དོན་ལ་ཁྱད་པར་མེད།དང་པོ་རང་ཡི་དམ་གང་རུང་གི་སྐུར་གསལ་བའི་མདུན་དུ་ཡེ་ཤེས་ལྔའི་འོད་ཀྱི་གུར་ཁང་སྒོ་དང་སྲུབ་མེད་པ་ཡར་གྱི་ཟང་ཐལ་མ་གཏོགས་འགྲོ་ས་གང་ཡང་མེད་པའི་དབུས་སུ་ནྲིཿཡིག་དཀར་པོ་གཅིག་བསྐྱེད་དེ།དེ་ལས་འོད་ཟེར་འཕྲོས་པས་ཚེ་འདས་ཀྱི་རྣམ་ཤེས་ཁམས་གསུམ་སྐྱེ་བ་རྣམ་བཞི་རིགས་དྲུག་སྲིད་པ་བར་མ་དོ་གང་ན་ཡོད་ཀྱང་ནྲིཿལ་ཐིམ་པ་ཡོངས་སུ་གྱུར་པ་ལས།དམིགས་ཡུལ་དེ་ནི་གསོན་པོའི་གནས་སྐབས་དང་འདྲ་བ་ཁམས་དང་སྐྱེ་མཆེད་ཚང་ཞིང་གཟུགས་མཛེས་གཞོན་ཚུལ་པུས་བཙུག་ཐལ་སྦྱར་གྱི་བར་དུ་མེ་ཏོག་པདྨ་འདབ་བརྒྱད་ཕྱག་རྟེན་གྱི་སླད་དུ་བསྣམས་ནས་ལྷའི་གོས་པཉྩ་ལི་ཀ་གྱོན་ཅིང་།དད་པ་དང་གུས་པའི་ཚུལ་གྱིས་བག་ཕེབས་པའི་ངང་དུ་གནས་པར་དམིགས་དགོས་པ་ཡིན།ཚེ་འདས་ཀྱི་རྣམ་ཤེས་རྟེན་མེད་གང་བསམ་གྱིས་སར་སླེབ་པ་ཡིན་པས་ཏིང་ངེ་འཛིན་གྱི་བསྐྱེད་བསྟིམ་གནད་དུ་ཆེ་དགོས་གསུངས་པས།དེ་ལ་བདག་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུའི་དབྱིབས་ལྟར་འཕྲོས་པས་དམིགས་ཡུལ་གྱི་རྣམ་ཤེས་ཁམས་གསུམ་སྲིད་གསུམ་གར་གནས་ཀྱང་ཉ་མོ་ལྕགས་ཀྱུས་འཐེན་པ་བཞིན་དུ་བཀུག་ནས་མིང་བྱང་ལ་ཡང་ཡང་ཐིམ་པར་བསམ།དེ་ནས་ཚེ་འདས་དེའི་ཐར་པ་དང་རྣམ་མཁྱེན་ལ་གེགས་དང་བར་ཆད་བྱེད་པའི་གདོན་བགེགས་རྣམས་ཀྱི་དབང་པོ་དྲུག་གི་སྤྱོད་ཡུལ་དུ་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འདོད་དགུའི་ལོངས་སྤྱོད་མ་ཚང་བ་མེད་པར་སྤྲུལ་ནས་སྦྱིན་པས་ལན་ཆགས་སྦྱངས།བུ་ལོན་སོད།ཤ་མཁོན་བྱང་།དགའ་མགུ་ཡི་རང་ཚིམས་ནས་གེགས་དང་བར་ཆད་མི་བྱེད་པར་རང་རང་གི་གནས་སུ་སོང་བར་བསམ།གལ་ཏེ་མི་འགྲོ་ཞིང་འཚེ་བར་བྱེད་ན།རང་ཉིད་ཡི་དམ་ལྷར་གསལ་བའི་སྐུའི་བ་སྤུའི་བུ་ག་དང་གནས་ཐམས་ཅད་ནས་ཁྲོ་ཚོགས་དྲི་ངན་མེ་དཔུང་དང་ཐུན་རྫས་སོགས་འཕྲོས་ནས་བགེགས་ཐམས་ཅད་མཐའི་རྒྱ་མཚོ་ཆེན་པོའི་ཕ་མཐའ་རུ་བསྐྲད་པར་བསམ།ཚུལ་འདུས་བསྲུང་བའི་འཁོར་ལོ་རིམ་པ་ལྔའམ་དྲུག་གིས་གཏམས་པར་བསམ་ནས་ཅིས་ཀྱང་མི་ཆོད་མི་ཤིགས་པའི་རང་བཞིན་དུ་གྱུར་ནས་གཤེད་དང་བགེགས་ཀྱིས་ནམ་ཡང་མི་མཐོང་བར་བསམ་མོ། །དེ་ནས་ཚེ་འདས་ཉིད་ལ་ཆོས་བཤད་ཅིང་།སྐུ་གསུམ་གྱི་རང་བཞིན་བུམ་ཆུས་ཁྲུས་བྱས་པས་དུག་གསུམ་གྱི་སྒྲིབ་པ་དག་པར་བསམ།སྐུ་ལྔ་དང་ཡེ་ཤེས་ལྔ་དང་ཕ་རོལ་ཕྱིན་དྲུག་གི་རང་བཞིན་ཡེ་ཤེས་ཀྱི་བདུད་རྩིའི་ཁྲུས་བྱས་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་སངས་ཀྱིས་དག་ནས་ཤེལ་དཀར་གྱི་རྡུལ་ཕྱིས་པ་དྲི་མ་ཆུས་བཀྲུས་པ་ལྟར་སངས་ཀྱིས་དག་པར་བསམ་མོ། །དེ་ནས་གནས་ནས་འདྲེན་པ་ལ་དང་པོ་ཞེ་སྡང་།སེར་སྣ།གཏི་མུགཕྲག་དོགང་རྒྱལ།འདོད་ཆགས་ཀྱི་སྒོ་ནས་ལས་ངན་བསགས་པའི་འབྲས་བུ་བསྐལ་པར་དམྱལ་བ།ཡི་དྭགས།དུད་འགྲོ།ལྷ་མིན།ལྷ།མི་ལ་སོགས་པའི་སྡུག་བསྔལ་མྱོང་དགོས་པ་རྣམས་དུས་གཅིག་ཏུ་བསྐལ་མང་སྐད་ཅིག་ལ་བསྒྱུར་ནས།དམྱལ་བ།ཡི་དྭགས།དུད་འགྲོ།ལྷ་མིན།ལྷ།མི་རྣམས་ཀྱི་སྣང་བ་མཆེད་པར་བྱས་ནས།དམྱལ་བའི་ཐུབ་པ་སོགས་ཐུབ་ཆེན་དྲུག་ལ་མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤྲུལ་ནས་ཕུལ་བས་ཚོགས་རྫོགས་སྒྲིབ་པ་སྦྱངས།དམྱལ་བ་ཚ་གྲང་།ཡི་དྭགས་བཀྲེས་སྐོམ།དུད་འགྲོ་བླུན་རྨོངས།ལྷ་མིན་འཐབ་རྩོད།ལྷ་འཆི་འཕོ་ལྟུང་བ།མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ལས་སྐྱོབ་པའི་དེད་དཔོན་བྱེད་པར་བསམ་ནས་སྐྱེལ་མ་བཅོལ།ལན་ཆགས་འཇལ་བ་ནི།ཚེ་འདས་དེའི་ཚེ་རབས་ཐོག་མ་མེད་པའི་དུས་ནས་ཉོན་མོངས་པ་ཞེ་སྡང་།སེར་སྣ།གཏི་མུགཕྲག་དོགང་རྒྱལ།འདོད་ཆགས་སོགས་ཀྱི་ལས་བསགས་པའི་ཚེ་ན་སྲོག་བཅད་འཕྲོག་བཅོམ་སོགས་བྱས་པའི་རྣམ་སྨིན་གྱིས་ལན་ཆགས་ཀྱི་བདག་པོ་བདག་མོ་རྣམས་ལ་འདོད་འབྱུང་གི་གཏོར་མ་བསྔོས་པས་ཐམས་ཅད་ངོམས་ཤིང་ཚིམས་ནས་ལན་ཆགས་བྱང་།བུ་ལོན་སོད།ཤ་མཁོན་དེངས་ནས་སངས་རྒྱས་པར་བསམ་པའོ། །ཁྲུས་ལུང་ནི།བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའ་ལ་སོགས་པའི་རྡོ་རྗེ་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་མེ་ལོང་ཡེ་ཤེས།བཅོམ་ལྡན་འདས་སྣང་བ་མཐའ་ཡས་ལ་སོགས་པའི་པདྨ་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་སོ་སོར་རྟོག་པའི་ཡེ་ཤེས།རྣམ་པར་སྣང་མཛད་ལ་སོགས་པའི་སངས་རྒྱས་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས།དོན་ཡོད་གྲུབ་པ་ལ་སོགས་པའི་ལས་ཀྱི་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་བྱ་བ་གྲུབ་པའི་ཡེ་ཤེས།རིན་ཆེན་འབྱུང་ལྡན་ལ་སོགས་པའི་རིན་ཆེན་རིགས་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་མཉམ་པ་ཉིད་ཀྱི་ཡེ་ཤེས།ཤཱཀྱ་ཐུབ་པ་ལ་སོགས་པའི་སངས་རྒྱས་རྣམས་ཀྱི་ཐུགས་རང་བྱུང་གི་ཡེ་ཤེས་ཆེན་པོའི་བྱིན་གྱིས་རླབས་པའི་ཆུ་རྒྱུན་གྱིས་ཁྲུས་བྱས་པས་ཉོན་མོངས་པ་ཞེ་སྡང་།སེར་སྣ།གཏི་མུགཕྲག་དོགང་རྒྱལ།འདོད་ཆགས་ཀྱི་ཀུན་ནས་བསླང་བའི་རྒྱུ་ས་བོན་བག་ཆགས་ཐམས་ཅད་ཤེལ་སྒོང་གི་རྡུལ་མེ་ལོང་གི་གཡའ་དྲི་མ་ཆུས་བཀྲུས་པ་ལྟར་སངས་ཀྱིས་དག་པར་དམིགས།ཚེ་ལུང་ནི།བདག་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་བསྐལ་པ་དུས་མཐའི་མེ་ལྟ་བུ་བྱུང་ནས་དམྱལ་བ།ཡི་དྭགས།དུད་འགྲོ།ལྷ་མིན།ལྷ།མི་སོགས་སུ་སྐྱེ་བའི་རྒྱུ་ས་བོན་བག་ཆགས་དང་བཅས་པ་རྐང་མཐིལ་དུ་དམྱལ་བའི་ས་བོན་ཡི་གེ་དུཿནག་པོ།གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེཿདམར་ནགལྟེ་བར་དུད་འགྲོའི་ས་བོན་ཏྲིཿཐལ་སྐྱ།མགྲིན་པར་ལྷ་མ་ཡིན་གྱི་ས་བོན་སུམཿལྗང་སྐྱ།སྤྱི་བོར་ལྷ་ཡི་ས་བོན་ཨཿདཀར་པོ།སྙིང་གར་མིའི་ས་བོན་ནྲྀཿལྗང་ནག་གི་རྣམ་པར་གནས་པ་སྤུ་ཤད་ཕྲ་མོ་མེ་ལ་བསྲེགས་པ་བཞིན་གཞོབ་ཐུལ་གྱི་བསྲེགས་ནས་སྐད་ཅིག་ལ་གཉིད་འཐུག་པོའི་གནས་སྐབས་ལྟར་ཐིབ་ཀྱིས་བརྒྱལ་བར་བསམ།བརྒྱལ་བ་དེ་སངས་པའི་ཚེ་ན་སྣང་བ་གནས་འགྱུར་ནས་དཀྱིལ་འཁོར་གྱི་ཤར་སྒོའི་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད།སླར་ཡང་དཀྱིལ་འཁོར་ཤར་སྒོ་ནས་རིམ་པར་ཕྱག་འཚལ།སྒོ་བ་རྣམས་ལ་གསོལ་བ་བཏབ།དཀྱིལ་འཁོར་གྱི་ལྷ་རྣམས་མཇལ་བའི་ཚེ་ན་རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་རཾཿཡིག་དམར་པོ་བྱིན་རླབས་ཀྱི་དྲོད་དང་ལྡན་པ་འཕྲོས་ནས་སློབ་མར་ཕོག་པས་རྣམ་སྨིན་བག་ཆགས་ཀྱི་ཕུང་པོ་ཐུལ་གྱིས་བསྲེགས།རྣམ་པར་ཤེས་པ་ཨཿཡིག་དཀར་པོའི་རྣམ་པར་གྱུར་པ་མདུན་བསྐྱེད་གཙོ་བོའི་ཞལ་དུ་ཆུ་ཐིགས་ཧུབ་ཀྱིས་འདྲེན་པ་ལྟར་དྲངས་ནས་སྐུའི་དབྱིབས་བརྒྱུད་ཡུམ་གྱི་རྩིབ་ལོགས་གཡོན་ནས་ཐོན་ཏེ་ཡི་དམ་ལྷའི་སྐུར་གྱུར་ནས་སྔར་བཞིན་ཤར་སྒོའི་དབང་སྟེགས་ལ་འཁོད་པར་བསམ།ཡང་སློབ་མ་དེ་ཉིད་ལྷར་བསྐྱེད་ནས་དབྱིངས་ནས་ཡེ་ཤེས་དབབ་བསྟིམ་བྱས་ཏེ་རིམ་བཞིན་ཐུན་མོང་རིག་པའི་དབང་ལྔ།སྐུ་གསུང་ཐུགས་དབང་དབང་བཞི་རྗེས་འབྲེལ་དང་བཅས་པ་གཏད་དུས་ནི།བདག་མདུན་གྱི་ཐུགས་ཀ་ནས་ལྷ་གཉིས་པ་རེ་མཆེད་ནས་སློབ་མའི་གནས་རྣམས་སུ་ཐིམ་པས་དབང་བཞི་ཡོངས་སུ་རྫོགས་པ་ཐོབ་པར་བསམ།དེ་ནས་འདོད་ཡོན་བཟའ་བཏུང་གིས་ཚིམས་པར་བྱ་བ་ནི།བཤམས་པའི་དངོས་པོ་མི་དམིགས་པ་སྟོང་པར་སྦྱངས།སྟོང་པའི་ངང་ལས་ཨོཾ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡི་གེ་འབྲུ་གསུམ་འོད་དུ་ཞུ་བ་ལས།འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོ་དབང་པོ་དྲུག་གི་ཡུལ་དུ་འདོད་དགུའི་ལོངས་སྤྱོད་མ་ཚང་བ་མེད་པར་སྤྲུལ་ནས་འབུལ་བར་བྱའོ། །ཡོན་འབུལ་བ་ནི།བཅོམ་ལྡན་འདས་བདེ་གཤེགས་རྒྱལ་བ་རིགས་ལྔ་ལ་ཚེ་འདས་ཀྱི་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ཡོན་དུ་ཕུལ་བས་ཚོགས་རྫོགས།སྒྲིབ་པ་སྦྱངས།ཕུང་པོ་ལྔ་བདེ་གཤེགས་རིགས་ལྔ།ཁམས་ལྔ་དབྱིངས་ཕྱུག་ཡུམ་ལྔ།ཉོན་མོངས་པ་ལྔ་ཡེ་ཤེས་ལྔའི་རང་བཞིན་དུ་སངས་རྒྱས་པར་བསམ་པ་དང་།མར་མེ་བསྔོ་བ་ནི།ཡེ་ཤེས་ལྔའི་བདག་ཉིད་མར་མེ་བསྔོས་པས་ཚེ་འདས་ཀྱི་མ་རིག་པའི་མུན་ཁམས་ཐམས་ཅད་སངས་ནས་ཡེ་ཤེས་ལྔའི་སྣང་བ་མཆོག་ཏུ་རྒྱས་པར་བསམ་པ་ཡིན་ནོ། །དེ་ནས་གནས་སྤར་ནི།ཚེ་འདས་སྔར་བཞིན་ལྷར་གསལ་བའི་ལུས་དབུས་སུ་དབུ་མ་མཚན་ཉིད་བཞི་ལྡན་དུ་བསྒོམ་པའི་སྙིང་གར་ཚིགས་ཀྱིས་བཅད་པའི་སྟེང་དུ། །རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་ཐིག་ལེ་དཀར་པོ་ཨཿཡིག་གིས་མཚན་པ་ཅན་ཞིག་ཏུ་གྱུར་ཏེ།ཕཊཿདང་པོས་ཞིང་ཁམས་ཀྱི་སྣང་བ་མཆེད།གཉིས་པས་ངོ་ཤེས།གསུམ་པས་གདིང་ཐོབ་རྩལ་རྫོགས་བརྟན་པ་ཐོབ་པར་བསམ་མོ། །སླར་ཡང་མིང་བྱང་དེ་ཉིད་ལ་ཉོན་ཤེས་ཀྱི་དྲི་མ་ཐམས་ཅད་འདུས་པར་དམིགས་ནས།དུག་གསུམ་སྐུ་གསུམ།དུག་ལྔ་ཡེ་ཤེས་ལྔ།ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་བརྒྱད་ཁྲིའི་མེས་བསྲེགས་ནས་འཁོར་བའི་ལྷག་མ་དབྱིངས་སུ་སྡུད་པར་བསམ།དེ་ལྟ་བུའི་སྒྱུ་མ་ལྟ་བུའི་རྣལ་འབྱོར་གྱིས་སྒྱུ་འཕྲུལ་ལྟ་བུའི་བསྒྲལ་འདྲེན་བྱེད་པ་ཆོས་ཐམས་ཅད་སྒྱུ་མ་རྨི་ལམ་ལྟ་བུར་རྟོགས་པའི་ཆེད་དུ་བསྟན་པ་ཡིན།མེད་ལ་ཡོད་པར་སྣང་བ་རང་གི་གྲིབ་མ་ལ་རང་ཞེ་སྡང་བ་དང་འདྲ་བ་ཡུལ་ལ་མངོན་པར་ཞེན་ནས་སྣ་ཚོགས་ཆོས་ཁམས་རྒྱ་མཚོར་སྣང་ནས་འཁྲུལ་པ་ཡིན་ཀྱང་།དཔེར་ན་ཆུ་ལ་གཟའ་སྐར་གྱི་བྱེ་བྲག་ཇི་ལྟར་མང་ཡང་དོན་ལ་ཆུ་གཅིག་གིས་རོལ་པ་བཞིན།འཁོར་འདས་ཀྱི་སྣང་བ་ཐམས་ཅད་སེམས་ཉིད་གཅིག་གིས་ཆིངས་པའི་ཚུལ་ལ་ལྟོས་ཤིགཕྱལ་བ་དངོས་ལ།གཞི་ཕྱལ་བ།ལམ་ཕྱལ་བ།འབྲས་བུ་ཕྱལ་བ་སྟེ་གསུམ་ལས།དང་པོ་ནི།གཞི་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོ་ཅན་ཏེ།སེམས་ཅན་མ་འཁྲུལ་པའི་སྔ་རོལ་ཀྱང་སྐྱོན་དང་དྲི་མ་བག་ཆགས་གང་གིས་ཀྱང་གོས་མ་མྱོང་བའི་ཕྱིར་ན་གཞི་ཕྱལ་བ།གཉིས་པ་ནི།སེམས་ཅན་འཁྲུལ་པའི་གནས་སྐབས་ན་ཡང་འཁྲུལ་པའི་དབང་གིས་གཞིའི་མཚན་ཉིད་མ་མཐོང་བ་ཙམ་བས།གཞི་རང་བཞིན་གྱི་རྣམ་པར་དག་པ་སྐུ་དང་ཡེ་ཤེས་ཆེན་པོའི་རང་བཞིན་དུ་བཞུགས་པ་ནི་ལམ་ཕྱལ་བ།གསུམ་པ་ནི།མཐར་ཐུག་སངས་རྒྱས་པའི་ཚེ་ན་ཡང་།གཞི་ཡེ་ནས་སྐྱོན་དང་དྲི་མ་བག་ཆགས་གང་གིས་ཀྱང་གོས་མ་མྱོང་བའི་བདག་ཉིད་ཅན་དེ་མངོན་དུ་གྱུར་པ་ལས་གསར་དུ་ཡོན་ཏན་བཞག་པ་ནི་གང་ཡང་མེད་དེ།དཔེར་ན་ཉི་མ་སྤྲིན་གྱིས་མ་བསྒྲིབས་པའི་སྔ་རོལ་དང་།བསྒྲིབས་པའི་གནས་སྐབས་དང་།སྤྲིན་དང་བྲལ་བའི་གནས་སྐབས་གསུམ་ལ་ཉི་མའི་ངོ་བོ་ལ་བཟང་ངན་ང་དུའང་འགྱུར་བ་མེད་པ་བཞིན་ཡིན་ཏེ།མགོན་པོ་བྱམས་པས།ཇི་ལྟར་སྔར་བཞིན་ཕྱིས་དེ་བཞིན། །འགྱུར་བ་མེད་པའི་དེ་བཞིན་ཉིད། །ཅེས་དང་།མངོན་རྟོགས་རྒྱན་ལས།སྔ་མ་ཕྱི་མ་ཁྱད་མེད་ཅིང་། །དེ་བཞིན་ཉིད་ནི་དག་གྱུར་པ། །ཞེས་གསུངས་པ་བཞིན་ཡིན་ནོ། །སེམས་ཉིད་བདེ་གཤེགས་སྙིང་པོ༴སོགས།མ་གོས་པའོ། །དེ་བཞིན་དུ་སེམས་ཉིད་བདེ་གཤེགས་སྙིང་པོ་ཞེས་བྱ་བ་འདི་ནི་སྟོང་པ་སྐྱོན་གྱིས་མ་གོས་པ་དེ་བཞིན་ཉིད་ཀྱི་བདག་ཉིད་ཅན་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན།རང་རིག་ལས་གཞན་པའི་སངས་རྒྱས་རང་རྒྱུད་པ་ཞིག་གཏན་ནས་མེད་ཀྱང་།གལ་སྲིད་ཡོད་པའི་དབང་དུ་བཏང་སྟེ།དཔེར་ན་སངས་རྒྱས་ནམ་མཁའ་གང་བ་ཞིག་ཡོད་པར་སྲིད་ན།དེའི་ཡེ་ཤེས་དང་ཡོན་ཏན་གྱིས་གཞི་བདེ་གཤེགས་སྙིང་པོ་དེ་བཟང་དགོས་སྙམ་ཀྱང་།ཕན་བཏགས་པའི་ཡུལ་མེད་པས་སྟོང་པ་ཉིད་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན།རང་སྣང་ལས་གཞན་པའི་སེམས་ཅན་རང་རྒྱུད་པ་ཞིག་གཏན་ནས་ཡོད་པ་མིན་ཀྱང་།གལ་སྲིད་ཡོད་པའི་དབང་དུ་བཏང་སྟེ།སེམས་ཅན་རང་རྒྱུད་པའང་དེ་ལྟར་ནམ་མཁའི་མཐའ་དང་མཉམ་པ་ཙམ་ཡོད་སྲིད་ན།དེའི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པས་གཞི་བདེ་གཤེགས་སྙིང་པོ་དེ་ངན་དགོས་སྙམ་ཀྱང་།གནོད་པ་བྱེད་པའི་ཡུལ་མེད་པས་སྟོང་པ་ཉིད་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན།དེ་ལྟ་བུའི་གཞིའི་ཆོས་སྐུ་བདེ་བར་གཤེགས་པའི་སྙིང་པོ་ཅན་འདི་ནི་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ།རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ་ཞིག་ཡིན།དང་པོ་སྤྲོས་པའི་མཐའ་བརྒྱད་དང་བྲལ་ཚུལ་ནི།དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས།གང་གི་རྟེན་ཅིང་འབྲེལ་བར་འབྱུང་། །འགགས་པ་མེད་པ་སྐྱེ་མེད་པ། །ཆད་པ་མེད་པ་རྟག་མེད་པ། །འོང་བ་མེད་པ་འགྲོ་མེད་པ། །ཐ་དད་དོན་མིན་དོན་གཅིག་མིན། །སྤྲོས་པ་ཉེར་ཞི་ཞི་བརྟན་པ། །རྫོགས་པའི་སངས་རྒྱས་སྨན་རྣམས་ཀྱི། །དམ་པ་དེ་ལ་ཕྱག་འཚལ་ལོ། །གསུངས་པ་བཞིན་དུ།གཞི་བདེ་གཤེགས་སྙིང་པོ་དེ་སྐྱེ་བའི་གནས་ཡུལ་བདག་པོ་ཐམས་ཅད་དང་བྲལ་བའི་བདག་ཉིད་ཞིག་ཡིན།གཞི་བདེ་གཤེགས་སྙིང་པོ་དེ་ས་ཆུ་མེ་རླུང་ལས་སྐྱེས་སམ་སྙམ་ན་མ་ཡིན་ཏེ།བདེ་གཤེགས་སྙིང་པོ་ལས་ས་རུ་ཆུ་མེ་རླུང་དུ་སྣང་སྟེ།ས་ཆུ་མེ་རླུང་བདེ་གཤེགས་སྙིང་པོའི་རོལ་པ་ཡིན།དེ་བཞིན་དུ་བདེ་གཤེགས་སྙིང་པོ་དེ་ནམ་མཁའ་ལས་སྐྱེས་སམ་སྙམ་ན་མ་ཡིན་ཏེ།བདེ་གཤེགས་སྙིང་པོ་ལས་ནམ་མཁའ་སྣང་སྟེ།ནམ་མཁའ་བདེ་གཤེགས་སྙིང་པོའི་རོལ་པ་ཡིན།བདེ་གཤེགས་སྙིང་པོ་ལས་འབྱུང་བ་དེ་དག་ཏུ་སྣང་བ་དང་།འབྱུང་བ་དེ་དག་བདེ་གཤེགས་སྙིང་པོའི་རོལ་པ་ཡིན་ཏེ།དེའི་ཕྱིར་ན་ཕྱི་འབྱུང་བ་ལྔའི་ཁམས་ནས་བདེ་གཤེགས་སྙིང་པོ་མ་སྐྱེས།ལར་སྣང་བའི་ཆོས་གང་ལའང་བརྟགས་ཤིང་དཔྱད་ན་སྐྱེ་བ་ད་ལྟ་བ་མེད་དེ།དཔེར་ན་མེ་ཏོག་ལྟ་བུ་ལ་མཚོན་ན།དང་པོ་སྐྱེ་ཡོང་དུས་དེ་སྐྱེ་བ་ད་ལྟ་བ་ཡིན་སྙམ་ན་མ་ཡིན་ཏེ།སྐྱེ་ཟིན་པ་རྣམས་ནི་སྐྱེས་བ་འདས་པ་དང་།ད་གཟོད་སྐྱེ་དགོས་པ་རྣམས་ནི་སྐྱེ་བ་མ་འོངས་པ་ཡིན་ཏེ།དེའི་བར་ན་སྐྱེ་བ་ད་ལྟ་བ་ཞིག་ཡོད་པ་མ་ཡིན་ཏེ།རས་ཆུང་པས།འདས་པའི་རྟོག་པ་འགགས་ནས་སོང་། །མ་འོངས་རྟོག་པ་མ་བྱུང་བས། །ད་ལྟ་བ་ལ་ངོས་བཟུང་མེད། །གསུངས་པ་བཞིན་དུ།བདེ་གཤེགས་སྙིང་པོ་སྐྱེ་བའི་མཐའ་རུ་མ་ལྷུང་བའི་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན་ནོ། །སེམས་ཉིད་བདེ་གཤེགས་སྙིང་པོ་དེ་འགགས་པའི་དུས་བདག་པོ་ལས་འདས་པ་ཞིག་ཡིན།ཅིར་སྣང་བའི་ཆོས་གང་ལའང་བརྟགས་ཤིང་དཔྱད་ན་འགག་པ་ད་ལྟ་བ་མེད་དེ།དཔེར་ན་མེ་ཏོག་ལྟ་བུ་ལ་མཚོན་ན་དང་པོ་སྐྱེས་ཟིན་པ་དེ་འགགས་པ་ད་ལྟ་བ་ཞིག་ཡིན་སྙམ་ན་མ་ཡིན་ཏེ།སྐྱེས་ཟིན་པ་རྣམས་ནི་འགགས་པ་འདས་པ་དང་།ད་གཟོད་སྐྱེས་དགོས་པ་རྣམས་ནི་འགག་པ་མ་འོངས་པ་ཡིན།དེའི་བར་ན་འགག་པ་ད་ལྟ་བ་ཞིག་ཡོད་པ་མ་ཡིན།དེའི་ཕྱིར་ན་བདེ་གཤེགས་སྙིང་པོ་འགགས་པ་དང་བྲལ་བའི་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན་ནོ། །སེམས་ཉིད་བདེ་གཤེགས་སྙིང་པོ་དེ་དངོས་པོ་ཡོད་པའི་བསྡུས་པ་ཞིག་ཡིན་སྙམ་ན་མ་ཡིན་ཏེ།ཡོད་པ་དངོས་པོའི་ཕྱོགས་སུ་མ་ལྷུང་བར་རྒྱལ་བ་རྫོགས་པའི་སངས་རྒྱས་བཅོམ་འདས་ཀྱི་སྤྱན་གྱིས་ཀྱང་མ་གཟིགས་མི་གཟིགས་གཟིགས་པར་མི་འགྱུར་བའི་ཕྱིར་ན།རྟག་པའི་མཐའ་དང་བྲལ་བ་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན་ནོ། །གཞི་བདེ་གཤེགས་སྙིང་པོ་དེ་མེད་པ་ཅང་མེད་ཞིག་ཡིན་སྙམ་ན་མ་ཡིན་ཏེ།མེད་པ་ཅང་མེད་དུ་མ་སོང་བར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཀྱི་སྤྱི་གཞི་དམ་པར་གྱུར་པས་ན་ཆད་པའི་མཐའ་རུ་མ་ལྷུང་བ་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན་ཏེ།རིག་འཛིན་འཇིགས་མེད་གླིང་པས།ཡོད་པ་མ་ཡིན་རྒྱལ་བས་འདི་མ་གཟིགས། །མེད་པ་མ་ཡིན་འཁོར་འདས་ཀུན་གྱི་གཞི། །ཞེས་གསུངས་པ་བཞིན་ཡིན་ལ།བདེ་གཤེགས་སྙིང་པོ་དེ་འགྲོ་བའི་གནས་ཡུལ་བདག་པོ་ཐམས་ཅད་ལས་འདས་པའི་བདག་ཉིད་ཅན་ཞིག་ཡིན་ནོ། །ཆོས་སྐུ་བདེ་གཤེགས་སྙིང་པོ་དེ་ཤར་དུ་ལྷོ་རུ་ནུབ་ཏུ་བྱང་དུ་སོང་ངམ་སྙམ་ན་མ་ཡིན་ཏེ།བདེ་གཤེགས་སྙིང་པོ་ལས་ཤར་དུ་ལྷོ་རུ་ནུབ་ཏུ་བྱང་དུ་སྣང་སྟེ།ཤར་ལྷོ་ནུབ་བྱང་བདེ་གཤེགས་སྙིང་པོའི་རོལ་པ་ཡིན།དཔེར་ན་འཇིག་རྟེན་པའི་ཆོས་ལའང་འགྲོ་བ་ད་ལྟ་བ་ཞིག་མེད་དེ།རྡོག་པ་ཡར་བཀྱག་པའི་ཚེ་ན་འགྲོ་བ་ད་ལྟ་བ་ཡིན་སྙམ་ན།ས་ལ་བརྫིས་ཟིན་པ་རྣམས་ནི་འགྲོ་བ་འདས་པ་ཡིན།ད་འགྲོ་དགོས་པ་ནི་འགྲོ་བ་མ་འོངས་པ་ཡིན།དེའི་བར་ན་འགྲོ་བ་ད་ལྟ་བ་ཞིག་མེད་དེ།དེའི་ཕྱིར་ན་བདེ་གཤེགས་སྙིང་པོ་འགྲོ་བའི་མཐའ་རུ་མ་ལྷུང་བ་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན་ནོ། །གཞི་བདེ་གཤེགས་སྙིང་པོ་དེ་འོང་བའི་གནས་ཡུལ་བདག་པོ་མ་གྲུབ་པ་ཞིག་ཡིན།བདེ་གཤེགས་སྙིང་པོ་དེ་ཤར་ལྷོ་ནུབ་བྱང་ནས་འོང་ངམ་སྙམ་ན་མ་ཡིན་ཏེ།བདེ་གཤེགས་སྙིང་པོ་ལས་ཤར་དུ་ལྷོ་རུ་ནུབ་ཏུ་བྱང་དུ་སྣང་སྟེ།ཤར་ལྷོ་ནུབ་བྱང་བདེ་གཤེགས་སྙིང་པོའི་རོལ་པ་ཡིན།འཇིག་རྟེན་པའི་ཆོས་ལའང་།བརྟགས་ཤིང་དཔྱད་ན་འོང་བ་ད་ལྟ་བ་ཞིག་མེད་དེ།རྡོག་པ་ཡར་བཀྱག་པའི་ཚེ་ན་འོང་བ་ད་ལྟ་བ་ཡིན་སྙམ་ན་མ་ཡིན་ཏེ།ས་ལ་བརྫིས་ཟིན་པ་རྣམས་ནི་འོང་བ་འདས་པ་ཡིན།ད་འགྲོ་དགོས་པ་ནི་འོང་བ་མ་འོངས་པ་ཡིན།དེའི་བར་ན་འོང་བ་ད་ལྟ་བ་ཞིག་མེད་དེ།དེའི་ཕྱིར་ན་གཞི་བདེ་གཤེགས་སྙིང་པོ་འོང་བའི་མཐའ་དང་བྲལ་བ་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན་ནོ། །ཆོས་སྐུ་བདེ་གཤེགས་སྙིང་པོ་དེ་དོན་གཅིག་པའི་བདག་ཉིད་ཅན་ཞིག་ཡིན་སྙམ་ན་མ་ཡིན་ཏེ།གཞི་བདེ་གཤེགས་སྙིང་པོའི་ཀློང་དུ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་རྒྱ་མཚོའི་ནང་དུ་གཟའ་སྐར་ཤར་བ་ལྟ་བུར་མ་འདྲེས་སོ་སོར་ཤར་ཞིང་གསལ་བའི་ཕྱིར་ན་དོན་གཅིག་པའི་མཐའ་དང་བྲལ་བ་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན་ནོ། །འཁོར་འདས་ཀྱི་རྣམ་པ་རྒྱ་ཆེ་ལ་གྲངས་མང་བ་ཇི་ལྟར་དུ་ཤར་ཡང་རྒྱ་མཚོའི་གཟའ་སྐར་རྒྱ་མཚོ་ལས་མི་གཞན་པ་བཞིན་དུ་བཞི་བདེ་གཤེགས་སྙིང་པོ་ཉིད་དུ་རོ་གཅིག་པའི་ཕྱིར་ན་ཐ་དད་པའི་མཐའ་དང་བྲལ་བ་སྟེ་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན་ནོ། །དེའི་ཕྱིར་ན་སེམས་ཉིད་བདེ་གཤེགས་སྙིང་པོ་འདི་ནི་སྤྲོས་པའི་མཐའ་བརྒྱད་པོ་གང་དུ་མ་ལྟུང་བ་ཕྱལ་བ་སྐྱོན་གྱིས་མ་གོས་པ་ཞིག་ཡིན་ནོ། །གཉིས་པ་རྣམ་ཐར་གསུམ་དང་ལྡན་ཚུལ་ནི།ཡང་སྟེ་འོག༴སོགས།སྨོན་པ་མེད་པའོ། །ཡང་སྟེང་འོག་ཕྱོགས་མཚམས་བར་དང་དུས་ལས་འདས་པའི་སྟོང་པ་ཞིག་ཡིན།མི་རྣམས་འཁྲུལ་པའི་དབང་གིས་སྟེང་འོག་ཕྱོགས་མཚམས་ལ་སོགས་བཟུང་བ་ཡིན་ཀྱང་།དོན་དུ་སྟེང་འོག་ཕྱོགས་མཚམས་ལ་སོགས་པ་མེད་དེ།དཔེར་ན་ཤར་ཞེས་བཏགས་པའི་ཤར་རིའི་རྩེ་མོར་ཕྱིན་པའི་ཚེ་ན།ཤར་རི་དེ་དབུས་རིར་ལོག་ཡོད།དེ་ཕད་ཆད་ན་ཡང་ཤར་རི་ཞིག་ཡོད།སྔར་གྱི་དབུས་འདི་ནུབ་རི་ལ་ལོག་ཡོད་པ་ཡིན་ནོ། །དེ་བཞིན་དུ་ཕྱོགས་མཚམས་སྟེང་འོག་ཀུན་ལ་འགྲེས་སོ། །དེའི་ཕྱིར་ན་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ངོས་བཟུང་མེད་པ་ཞིག་ཡིན།ངོས་བཟུང་མེད་པ་ལ་ངོས་བཟུང་ཡོད་པ་འཛིན་པ་ནི་རང་གིས་རང་ལ་རྫུན་སྨྲས་པ་ཡིན་ཏེ།ཨོ་རྒྱན་ཆེན་པོས།ཕྱོགས་མེད་ཕྱོགས་སུ་འཛིན་པའི་འགྲོ་བ་རྣམས། །རང་གིས་རང་བཅིང་འཁྲུལ་པ་སྙིང་རེ་རྗེ། །ཞེས་གསུངས་པ་བཞིན་ཡིན་ནོ། །སྟོང་པ་ཉིད་འཁོར་འདས་ཡོངས་ལ་ཁྱབ་ཅིང་ཡོངས་སུ་བརྡལ་བའི་ཕྱིར་ན་སྟོང་པ་ཞིག་ཡིན།ཕྱི་སྣང་བ་ཐམས་ཅད་མེད་ལ་ཡོད་པར་བཏགས་པ་དོན་དུ་དངོས་མཚན་བདེན་གྲུབ་མ་མཆིས་པའི་ཕྱིར་ན་ཕྱི་སྟོང་པ་ཉིད་ཡིན་ནོ། །ནང་རང་གི་སེམས་ཉིད་ལ་བརྟགས་ན་ཡང་།སྐྱེ་འགག་གནས་གསུམ་དང་བྲལ་ཞིང་གཞི་དང་རྩ་བ་ཐམས་ཅད་ལས་འདས་པའི་ཕྱིར་ན་ནང་སྟོང་པ་ཉིད་ཡིན།ཕྱི་སྣང་བ་དང་ནང་འཛིན་པ་ཞེས་ཐ་དད་དུ་བཏགས་པ་ཙམ་ལས།གཟུང་འཛིན་གཉིས་སུ་མི་ཕྱེད་པའམ་མ་གྲུབ་པས་བརྡལ་ཁྱབ་ཆེན་པོ་ཉིད་ཡིན་པའི་ཕྱིར་ན་དོར་བ་མེད་པའི་སྟོང་པ་ཉིད་དེ་རྣམ་པར་ཐར་པའི་སྒོ་སྟོང་པ་ཉིད་ཡིན་ནོ། །གཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོ་གཟུགས་དབྱིབས་ཁ་དོག་གི་མཚན་མ་མ་གྲུབ།ཚིག་ཏུ་བརྗོད་བྱའི་མཚན་མ་དང་བྲལ་བ་སྨྲ་བསམ་བརྗོད་མེད།དཔེ་ཡིས་མི་མཚོན་པ་མཚུངས་ཟླ་ལས་འདས་པ་ཞིག་ཡིན།དེ་ནི་དོན་གྱི་སྟོན་བྱའི་དངོས་པོས་སྟོང་པ་སྟེ།རྣམ་པར་ཐར་པའི་སྒོ་མཚན་མ་མེད་པ་ཞིག་ཡིན་ནོ། །ཆོས་ཉིད་བདེ་གཤེགས་སྙིང་པོ་དེ་ནི་འདས་པའི་དུས་ན་འཁྲུལ་མ་མྱོང་།ད་ལྟའི་དུས་སུ་འཁྲུལ་པ་ལ་མི་གནས།མ་འོངས་པའི་དུས་ན་འཁྲུལ་དུ་མི་སྲིད་པའི་དུས་གསུམ་དུ་བདེ་བར་གཤེགས་པ་ཞིག་ཡིན།དེ་ལ་ལུས་ཀྱི་ཕྱག་དང་སྐོར་བ།ངག་གི་ཁ་འདོན་བཟླས་བརྗོད།སེམས་ཀྱི་བསམ་པ་བཟང་པོ་སྒོམ་པ་དང་།བློ་སྦྱོང་བ་དང་།འཇིག་རྟེན་པའི་བསམ་གཏན་དང་།ཏིང་ངེ་འཛིན་གྱི་དགེ་སྦྱོར་ཙམ་གྱི་འབྲས་བུས་ཡུལ་ཞིང་ཁམས་གཞན་དུ་འགྲོ་ཞིང་གྲོལ་བར་སེམས་ན་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་འགྲོ་འོང་གི་ཡུལ་དང་བདག་པོར་སེམས་པ་ནི་ཤིན་ཏུ་མགོ་འཁོར་ཞིང་བློ་རྨོངས་པར་གྱུར་པ་ཡིན་ནོ། །དེས་ན་ལམ་གང་ཡིན་ན་རང་ཐོག་ཏུ་རང་ས་བཟུང་པ་ཉིད་ལམ་ཡིན་ནོ། །རྟོགས་པ་གང་ཡིན་ན་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས།བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་གྱུར་ཏེ་ཆོས་ཉིད་རང་གི་ངོ་བོ་དང་གནས་ལུགས་དང་ཡིན་ལུགས་ཤེས་པ་ལ་ནི་རྟོགས་པ་ཉིད་ཡིན་ནོ། །གྲོལ་བ་གང་ཡིན་ན་རང་ངོ་རུ་རང་སངས་རྒྱས་པ་ལས།ཡུལ་འཕོ་བསྒྲོད་དང་གྲོལ་ས་གཞན་དུ་མི་རེ་བ་ནི་གྲོལ་བ་ངེས་པ་ཉིད་ཡིན་ནོ། །གྲོལ་ས་དང་གྲོལ་ཡུལ་གཞན་དུ་འཛིན་ཅིང་འབད་རྩོལ་བྱེད་པ་རྣམས་ནི་ཤིན་ཏུ་འཁྲུལ་པ་ཡིན་ནོ། །རྒྱུ་མཚན་དེའི་ཕྱིར་ན་རང་ཐོག་ཏུ་རང་དམ་བཅའ་བ་ལས།འབྲས་བུ་གཞན་ཞིག་ལ་ཡིད་སྨོན་ཙམ་ཡང་མེད་པ་ནི་རྣམ་པར་ཐར་པའི་སྒོ་སྨོན་པ་མེད་པ་ཉིད་ཡིན་ནོ། །ཀྱཻ་ཞེས་བོས་ཏེ་ཁྱེའུ་ཆུང་རིག་པའི་དབང་པོ་ཁྱོད་ཀྱིས་འདི་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཉིད་གཅིག་གིས་ཆིངས་པའི་ཚུལ་གྱིས་མཉམ་པ་ཉིད་དུ་རྟོགས་པར་བཤད་པ་རྣམས་ཀྱང་ཐོས་པ་ཙམ་གྱིས་གྲོལ་བར་མི་འགྱུར་ཏེ།བཤད་ཟིན་པ་དེ་དག་གི་གནས་ལུགས་དང་ཡིན་ལུགས་ཀྱི་ངང་ཚུལ་ལ་བརྟག་དཔྱད་གོམས་འདྲིས་ཀྱི་སྒོ་ནས་རང་རྒྱུད་ལ་མྱོང་བ་གཏིང་ནས་ཐོན་པ་ཞིག་བྱས་ཏེ།སེམས་ཉིད་མི་འགྱུར་བའི་གདིང་ཚད་བཞི་མངོན་དུ་གྱུར་པར་མཛོད་ལ།རྗེས་སུ་འཇུག་པའི་སྐྱེས་བུ་སྔོན་སྨོན་ལས་འཕྲོ་འཛོམ་པ་རྫོགས་པ་ཆེན་པོའི་ཆོས་ལ་དབང་བྱེད་པའི་སྣོད་དང་ལྡན་པ་རིགས་ཅན་སྐལ་བཟང་རྣམས་ལ་འདི་དོན་ཚུལ་བཞིན་དུ་སྟོན་ལ།དེ་དག་གིས་རྩེ་གཅིག་ཏུ་ཉམས་སུ་བླང་ན་རིག་འཛིན་ཧཱུཾ་ཆེན་ཀ་རས་ཁོང་གི་དགོངས་རྒྱུད་ཀྱི་བྱིན་རླབས་ཐམས་ཅད།དཔེར་ན་སཱཙྪ་བརྐོས་ཕོར་བཞིན་དུ་འཕོས་ཏེ།དུས་རིང་པོར་མི་ཐོགས་པར་ཚེ་ལུས་གཅིག་གི་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་བརྙེས་ནས་གྲོལ་བ་ཐོབ་པར་གདོན་མི་ཟའོ། །ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ། །བཞི་པ་ཡོན་ཏན་མ་ལུས་པ་ནང་གདངས་ལྷུན་གྲུབ་རིན་པོ་ཆེའི་བདག་ཉིད་དུ་ཡོངས་སུ་གྲུབ་པའི་ཚུལ་བཤད་པ་ནི།ཡང་འོད་གསལ་ཉམས་ཀྱི་སྣང་ངོར༴སོགས།དྲང་དོན་ཡིན་ནོ། །ཡང་འོད་གསལ་ཉམས་ཀྱི་སྣང་ངོར་འཇམ་དཔལ་སྨྲ་བའི་སེང་གེ་དང་ཞལ་མཇལ་བའི་ཚེ་ན།བདག་གིས་འདི་སྐད་ཞུས།ཀྱཻ་ཞེས་བོས་ཏེ་སྟོན་པ་འཇིག་རྟེན་མགོན་པོ་ལགས།སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་རང་སྣང་ལས་མི་གཞན་པའི་ངང་དང་ཚུལ་ཇི་ལྟ་བ་བཞིན་དུ་ཁོང་གིས་ཐག་ཆོད་ཀྱང་།སངས་རྒྱས་ཐམས་ཅད་ཀྱི་མིང་དང་ཞིང་ཁམས་ཐ་དད་དུ་ཡོད་པ་རྣམས་ཡུལ་རང་རྒྱུད་དུ་གྲུབ་དང་མ་གྲུབ་པའི་ཚུལ་བདག་བསྟན་དུ་གསོལ།ཞེས་ཞུས་པའི་ཚེ་ན།སྟོན་པ་ཉིད་ཀྱིས་བཀའ་སྩལ་པ།ཀྱཻ་སྐྱེས་བུ་ཆེན་པོ་ཁྱོད་ཉོན་ཅིགགཞིའི་ཆོས་སྐུ་བདེ་གཤེགས་སྙིང་པོའི་ནང་གདངས་ལྷུན་གྲུབ་རིན་པོ་ཆེའི་ཡོན་ཏན་ཐམས་ཅད་ལ་གཞི་བྱས་ཏེ།སངས་རྒྱས་དང་སངས་རྒྱས་ཀྱི་ཞིང་དང་ལྷ་ཡབ་ཡུམ་གཞལ་ཡས་ཁང་དང་བཅས་པར་བསྟན་པ་རྣམས་གཞི་རང་ལ་རང་ཆས་སུ་རྫོགས་པ་ནི་ཤེས་རབ་དང་།ཡུལ་གཞན་ཞིག་ཏུ་དེ་ལྟར་གྲུབ་པར་བསྟན་པ་ནི་ཐབས་ཡིན།གཞི་རང་ལ་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་རྫོགས་པར་བྱས་པ་ནི་དོན་དམ་པ་དང་།གཞན་དུ་ཡུལ་སྣོད་བཅུད་ཅན་ཡོད་པར་འཆད་པ་ཀུན་རྫོབ་ཡིན།དེ་བཞིན་དུ་ཡང་གཞི་བདེ་གཤེགས་སྙིང་པོ་རང་གི་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ནི་ངེས་པའི་དོན་དང་།ཡུལ་གཞན་དུ་སངས་རྒྱས་ཀྱི་ཞིང་དང་ལྷ་ཕོ་མོའི་མིང་དང་དངོས་པོ་མཚན་མ་ཅན་དུ་འཆད་པ་ཐམས་ཅད་དྲང་དོན་ཡིན་ནོ། །འཁོར་བའི་སྒོར་བསྟུན་ནས༴སོགས།མ་འདས་པ་སྟེ།འཁོར་བའི་སྒོར་བསྟུན་ནས་དོན་དམ་ཀུན་རྫོབ་ཏུ་བསྟན་པ་ནི་འདི་ལྟ་སྟེ།སྤྱིར་འཁོར་འདས་གཉིས་ཀ་ལྷུན་གྲུབ་རིན་པོ་ཆེའི་རྩལ་ལས་ཤར་བ་དང་།བདེ་གཤེགས་སྙིང་པོའི་རང་རྩལ་ཁོ་ན་ཡིན་ཏེ།འཁོར་འདས་ཐམས་ཅད་རང་གི་ཆོ་འཕྲུལ་ལས་མ་འདས་པའི་ཕྱིར་རོ། །དེའི་ན་གདུལ་བྱ་རྟག་འཛིན་ཅན་རྣམས་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་བརྟེན་ནས།དོན་དམ་སྤྲོས་བྲལ་གྱི་དབྱིངས་སུ་ཁ་དྲངས་པའི་ཐབས་སུ་འཁོར་བའི་སྒོ་དང་བསྟུན་ནས་འཆད་པ་ཐམས་ཅད་ཀུན་རྫོབ་ཡིན་ནོ། །དེས་ན་སེམས་ཅན་འཁྲུལ་པའི་སྣང་ཆ་ལའང་བསོད་ནམས་བསགས་པའི་སྒོ་དུ་མར་ཤར་བ་ཡིན་ཏེ།དཔེར་ན་ཕྱག་འཚལ་བ་ལྟ་བུ་ལ་ཡང་ཡར་ལངས་པ་དང་སར་སྡོད་པ་ཙམ་ནི་བསོད་ནམས་བསགས་པ་མི་ཡིན་ཀྱང་།ཕྱག་འཚལ་བསམ་པའི་དད་གུས་དང་མོས་པ་བྱེད་པའི་རྣམ་རྟོག་དཀར་པོ་ཞིག་སྐྱེས་པ་དེས་བསོད་ནམས་ཀྱི་ཕུང་པོ་བསྐྱེད་པའི་དོན་ཡང་།གཞི་བདེ་བར་གཤེགས་པའི་ཉག་ཕྲན་གཅིག་ཡིན་པའི་ཕྱིར་དང་།དེ་བཞིན་དུ་སྐོར་བ་བྱེད་པའང་གོམ་པའི་འདེགས་འཇོག་ཙམ་དང་།ཡོན་ཆབ་ཕུལ་བ་ཡང་ཆུ་ཕོར་འཇལ་བྱེད་པ་དང་།ངག་གིས་བཟླས་བརྗོད་བྱེད་པ་ཡང་ཚིག་ལབ་ལབ་བྱས་པ་ཙམ་ནི་དགེ་བ་མ་ཡིན་ཏེ།དེ་དག་ལ་རྣམ་རྟོག་དཀར་དུང་ངེ་བ་ཞིག་སྐྱེ་བ་དེ་ཆོས་སྐུ་བདེ་གཤེགས་སྙིང་པོའི་ཉག་ཕྲན་གཅིག་ཡིན་པས་དོན་གྱི་དགེ་བར་འགྱུར་བ་ཡིན།དེ་བཞིན་དུ་མི་དགེ་བའི་ལས་ཤིག་བསགས་པ་ལ་ཡང་།གཞི་སེམས་ཅན་ཡིན་པར་ཤེས་པ་དང་།བསམ་པ་གསོད་སེམས་དྲག་པོས་ཀུན་ནས་སློང་སྟེ།སྦྱོར་བ་ཕ་རོལ་གྱི་སེམས་ཅན་ལ་དངོས་སུ་ལག་ལེན་དུ་བཏབ་པ་དང་།མཐར་ཐུག་སྲོག་གི་དབང་པོ་འགགས་པར་བྱས་པའམ།དེ་ལ་རྗེས་སུ་ཡི་རང་བྱས་པས་མི་དགེ་བར་འགྱུར་བ་དང་།དེ་བཞིན་དུ་རྨི་ལམ་དུ་ཡང་ལྷ་ཁང་ལྟ་བུ་ལ་བསོད་ནམས་བསགས་པ་རྨིས་ནས་སང་ཉིན་ངས་དེ་ལྟར་བྱས་སོ་སྙམ་པའི་དགའ་བ་བྱས་ན་དགེ་བར་འགྱུར་བ་དང་།སྡིག་པ་ཡང་དེ་བཞིན་ནོ། །རྣམ་རྟོག་བཟང་ངན་གང་ཤར་ཡང་ཐམས་ཅད་བདེ་བར་གཤེགས་པའི་ཉག་ཕྲན་གཅིག་ཡིན་པས།དགེ་སྡིག་དང་།བདེ་སྡུག་གི་སྣང་བ་སྣ་ཚོགས་པར་ཤར་བ་ཡང་དེའི་དོན་ཡིན་ནོ། །དེར་མ་ཟད་ཕྱི་རོལ་མུ་སྟེགས་པས་ཀྱང་རང་འབྲས་རེ་རློམས་ནས་རང་ལམ་ལ་འབད་རྩོལ་བྱས་པས་རང་འབྲས་རེ་ཐོབ་པར་འགྱུར་བ་ཡིན་པས།དེས་ཀྱང་རང་ལམ་ནས་བདེན་པ་དང་།བདེ་བར་གཤེགས་པའི་སྙིང་པོ་ཅན་དེའི་ཉག་ཕྲན་རེ་ཡིན་པས་མུ་སྟེགས་པ་ལ་ཡང་སྨད་པར་མི་བྱའོ། །ཞེས་གསུངས།དེ་བཞིན་དུ་བོན་པོ་ལ་ཡང་ནང་པའི་བཀའ་ཆེན་ལ་འདྲ་བླང་ནས་ཁམས་ཆེན་ཟེར་བ་ཞིག་ཡོད་པ་ཡིན།ཤིན་ཏུ་བརྩོན་པ་དང་ལྡན་ན་བོ་ལེབ་རྟོགས་ལྡན་ཟེར་བ་ཞིག་ཨ་ཁྲིད་ཐིག་ལེ་ཉེར་གཅིག་གི་སྒོ་ནས་འཇའ་ལུས་སུ་འགྲུབ་པར་བཤད་པས་ན་བོན་པོ་ལ་ཡང་སྨད་པར་བྱ་བ་མ་ཡིན་གསུངས།དེ་བཞིན་དུ་ཉན་ཐོས་ཐེག་པ་ནས་ཐེག་པ་ཐམས་ཅད་ཀྱང་བདེ་གཤེགས་སྙིང་པོ་ལ་ལམ་བྱས་པས།ཁམས་དང་དབང་པོ་བསམ་པའི་བྱེ་བྲག་གི་རང་འབྲས་རེ་ཀུན་ལ་ཐོབ་པ་ཡོད་པས་ཐམས་ཅད་བདེན་པ་ཡིན་ཡང་།དེ་དག་ཐམས་ཅད་ཀྱིས་བདེ་བར་གཤེགས་པའི་སྙིང་པོ་ལས་རང་ལམ་རེ་བྱས་ཀྱང་ལམ་དངོས་ནི་སུས་ཀྱང་མཐོང་བ་མེད་དེ།དཔེར་ན་རྒྱ་མཚོ་ཆེན་པོ་ལ་སེམས་ཅན་བསམ་གྱིས་མི་ཁྱབ་པས་ཁ་དང་ལྟོ་བ་ཆེ་ཆུང་གིས་རང་སྐལ་རེ་ལོངས་སུ་སྤྱོད་ནའང་།རྒྱ་མཚོ་ཧུབ་ཀྱིས་ལོན་པའི་དུས་མེད་པ་ལྟར་ཡིན་ནོ། །སེམས་བསྐྱེད་པ་ཡང་ལས་དང་པོ་པ་རྣམས་ཀྱིས་བློ་རྒྱ་བསྐྱེད་པའི་ཐབས་བསམ་གྱིས་མི་ཁྱབ་པ་ཡིན་པས་སེམས་བསྐྱེད་པ་ནི་ལས་དང་པོ་པ་ལ་གལ་ཤིན་ཏུ་ཆེ།ལུས་ངག་གི་དགེ་བ་བརྒྱ་སྟོང་ཁྲི་འབུམ་གྱིས་ཀྱང་ཆར་མི་ཕོད་པ་ཡིན་ཀྱང་།སྟོང་ཉིད་རྟོགས་ན་སྙིང་རྗེ་གཞན་ནས་བསྒོམ་མི་དགོས་མོད།འོན་ཀྱང་དེང་སང་ཕལ་ཆེར་གྱིས་སྟོང་ཉིད་རྟོགས་ཀྱང་སྙིང་རྗེ་གཞན་ནས་བསྒོམ་དགོས་ཟེར་བ་རྣམས་ནི་མེ་རང་ལ་ཡོད་ཀྱང་ཚ་བ་གཞན་ནས་ཚོལ་དགོས་ཟེར་བ་དང་འདྲ་བ་ཡིན།སྟོང་ཉིད་རྟོགས་པའི་རྣལ་འབྱོར་པ་དེ་ལ་སྙིང་རྗེ་སའི་ཡུལ་དང་།སྙིང་རྗེ་མཁན་གཉིས་ཐ་དད་པར་མེད་དེ་ཡུལ་མེད་ཟང་ཐལ་ཆེན་པོར་སོང་བས་ན་དོན་དམ་བྱང་ཆུབ་ཀྱི་སེམས་མངོན་དུ་གྱུར་པ་ཡིན།དེ་ལས་གཞན་པའི་རྣམ་རྟོག་ཞིག་གིས་གཞི་ལ་ལྷན་པ་འདེབས་པ་ནི་སངས་རྒྱས་སེམས་ཅན་ལ་རེ་བ་ཡིན་པས་ཤིན་ཏུ་ཐབས་རྡུག་པ་ཡིན།སངས་རྒྱས་ཀྱི་བཀའ་ལ་མཐར་ཐུག་ཏུ་མེད་དེ།དྲང་དོན་དང་།ངེས་དོན་དང་།ལྡེམ་དགོངས།དགོངས་མིན་སོགས་བསམ་གྱིས་མི་ཁྱབ་པས།སངས་རྒྱས་ཀྱི་གསུང་ཚིག་བཞི་ཙམ་ལ་ཡང་མཁས་པ་མང་པོས་འགྲེལ་པ་བྱས་ཀྱང་དོན་རྟོགས་པ་ཤིན་ཏུ་དཀའ།དཔེར་ན་རྒྱ་མཚོ་ལ་སེམས་ཅན་མང་པོས་བཏུང་ཡང་ཧུབ་ཀྱིས་མི་ལོན་པ་ལྟ་བུ་ཡིན།ཐམས་ཅད་རང་སྣང་དང་བདེ་བར་གཤེགས་པའི་ཆོ་འཕྲུལ་ལས་མ་འདས་སོ། །འཇམ་དཔལ་གྱིས།ས་ལ་སྲོག་ཏུ་འདུ་ཤེས་པ་དང་།ཆུ་ལ་སྲོག་ཏུ་འདུ་ཤེས་པའོ། །ཞེས་གསུངས་པ་བཞིན།སེམས་ཅན་ལ་ལ་དག་གིས་ས་ལ་སྲོག་ཏུ་འདུ་ཤེས་པ་དང་།ལ་ལས་ཆུ་ལ་སྲོག་ཏུ་འདུ་ཤེས་པ་དང་།ལ་ལས་རླུང་ལ་སྲོག་ཏུ་འདུ་ཤེས་པ་དང་།ལ་ལས་ནམ་མཁའ་ལ་སྲོག་ཏུ་འདུ་ཤེས་པ་སོགས་ཡིན་ཏེ།ད་ལྟ་བཅུད་ལེན་གྲུབ་པའི་རྣལ་འབྱོར་བདག་གིས་ཀྱང་རླུང་དང་ནམ་མཁའ་སོགས་ཟས་སུ་བསྒོམ་པས་འཚོ་བ་ལྟ་བུ་ཡིན།དེའི་ཕྱིར་ན་གདུལ་བྱ་སྐལ་མེད་རྟག་འཛིན་ཅན་རྣམ་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་ཁ་དྲངས་ནས་དོན་དམ་རྩོལ་མེད་ཀྱི་དབྱིངས་སུ་འདྲེན་པའི་ཐབས་ལ་དགོངས་ནས།གཞི་བདེ་གཤེགས་སྙིང་པོའི་སྐུ་དང་ཡེ་ཤེས་ཐམས་ཅད་མཚན་མར་བཅོས་ཏེ་བསྒྲུབ་བྱའི་ལྷ་དང་གཞལ་ཡས་ཁང་སོགས་འཁོར་བའི་སྒོ་དང་བསྟུན་ནས།ཡུལ་ཕ་གི་བ་ཞིག་ན་ཞིང་ཁམས་ཞེས་བྱ་བའི་ཡུལ་ཡངས་པ་ཅན་ཞིག་ཡོད་པར།བསྟན་ནས་འཆད་པ་ཐམས་ཅད་ཐབས་ཀྱི་ལམ་ཡིན་ནོ། །དེ་ལ་མི་རྣམས་རུས་ལ་ཞེན་ནས་དམུ་ཚ་སྒ།ཨ་ལྕགས་འགྲུ།ཨ་སྤོ་སྡོང་།བསེ་ཁྱུང་དབྲ།དཔའ་སྔ་གཉིས་གཅིག་ཏུ་བརྩིས་པའི་རུས་ཆེན་ལྔའི་རྒྱུད་ལ་འཁྲུལ་པ་རྣམས་འདྲེན་པའི་ཕྱིར་དུ།རྒྱལ་བ་ཐམས་ཅད་ཀྱང་སྐུ་ལྔའི་ཆིངས་ཀྱིས་བཅིང་ནས་བསྟན་པ་ནི།དེ་ལྟར་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་གཞི་དབྱིངས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ཀློང་ཆེན་པོར་སྣོད་བཅུད་ཀྱིས་བསྡུས་པའི་ཆོས་ཐམས་ཅད།དཔེར་ན་རྒྱ་མཚོའི་གཟའ་སྐར་ཐམས་ཅད་ཀྱི་ཆོས་ཉིད་ཆུ་ཡིན་པ་དང་།སྣོད་བཅུད་ཐམས་ཅད་ཀྱི་ཆོས་ཉིད་ནམ་མཁའ་ཡིན་པ་བཞིན་དུ།ཆོས་ཅན་གྱི་སྣང་བ་ཐམས་ཅད་གཞིའི་ཆོས་ཉིད་ལས་མི་གཞན་པར་མ་བཅོས་རང་ཆས་སུ་ཡོད་པའི་ཆོས་ཉིད་ཆེན་པོ་དེ་ལ་ཆོས་དང་།ཁམས་དང་དབང་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་།ལམ་གྱི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་དང་།ཉམས་ཀྱི་མྱོང་བ་བསམ་གྱིས་མི་ཁྱབ་པ་དང་།འབྲས་བུའི་ཐོབ་བྱ་བསམ་གྱིས་མི་ཁྱབ་པ་བསགས་ཏེ་སྤུངས་པ་ལྟ་བུར་རང་ཆས་སུ་ཡོད་པ་ལ་ནི་སྐུ་ཞེས་བརྗོད་དོ། །གཞི་བདེ་གཤེགས་སྙིང་པོའི་དབྱིངས་སུ་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོན་ཏན་གྱི་རོལ་པ་ཐམས་ཅད་གཞིའི་ཆོས་ཉིད་ཆེན་པོར་ཡེ་ནས་ལོངས་སྤྱོད་དུ་རང་ཆས་སུ་རྫོགས་པ་ལ་ལོངས་སྤྱོད་རྫོགས་པ་དང་།སེམས་ཅན་མ་རིག་ལས་ཉོན་གྱིས་བསྒྲིབས་པ་རྣམས་ལའང་ངར་འཛིན་གྱི་ཤེས་པ་སྐྱེས་ཙམ་ནས་རྨི་སྣང་དག་ཉིན་སྣང་དང་ཕྱི་མའི་སྣང་བ་ཐམས་ཅད་དང་།སྣོད་བཅུད་འདོད་ཡོན་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབ་པར་ལོངས་སྤྱོད་དུ་རང་རྫོགས་པ་དང་།སངས་རྒྱས་པའི་ཚེ་ནའང་དག་པ་དང་གྲོལ་བ་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབ་པར་ལོངས་སྤྱོད་དུ་རང་ཆས་སུ་རྫོགས་པས་ན་ལོངས་སྤྱོད་རྫོགས་པ་དང་།ཤེས་རབ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་སྤུངས་པ་ལྟ་བུར་ལྷུན་གྱིས་གྲུབ་པའི་ཕྱིར་ན་སྐུ་ཞེས་བྱའོ། །གཞི་བདེ་གཤེགས་སྙིང་པོའི་ངང་ལས་སྤྲུལ་པ་འགྱེད་སྙམ་གྱི་བློ་ཡིད་མ་གཡོས་ཤིང་།གཞི་རང་ལས་མི་གཞན་པའི་སྟོན་པ་སྤྲུལ་སྐུ་དང་།བཟོ་སྤྲུལ་སྐུ་དང་།སྐྱེ་བ་སྤྲུལ་སྐུ་དང་།བེམ་པོ་སྤྲུལ་སྐུ་རྣམས་ནི་ངར་འཛིན་གྱི་ཤེས་པ་ཆུ་སྣོད་ལྟ་བུ་དང་།བདེ་གཤེགས་སྙིང་པོའི་དབྱིངས་ཀྱི་ཡོན་ཏན་ནམ་མཁའི་གཟའ་སྐར་ལྟ་བུ་དུས་འཛོམ་པའི་ཚེ་རྟེན་འབྲེལ་སྤྲུལ་པ་རྣམ་བཞིར་སྣང་བ་ཡིན་ཏེ།སྟོན་པ་སྤྲུལ་སྐུ་ནི།རང་གི་ངར་འཛིན་གྱི་ཆུ་སྣོད་དྭངས་པ་ལ་བདེ་གཤེགས་སྙིང་པོ་དབྱིངས་ཀྱི་རོལ་པ་ནམ་མཁའི་གཟའ་སྐར་ལྟ་བུར་འཆར་བ་ནི།ད་ལྟ་རང་ལ་རང་གནས་ཀྱི་ཡེ་ཤེས་ཀྱི་དོན་སྟོན་པར་བྱེད་པའི་བླ་མ་དགེ་བའི་བཤེས་གཉེན་དང་།དེ་བཞིན་དུ་ཡི་གེ་ལ་བརྟེན་ནས་རྟོགས་ཀྱང་འདྲ་ལ།ཉིན་སྣང་མཚན་སྣང་ཉམས་སོགས་ལ་བརྟེན་ནས་རང་གནས་མངོན་དུ་གྱུར་པའི་ཐབས་སོགས་ལ་གདུལ་བྱ་རང་སྣང་གི་སྟོན་པ་རང་ལ་སྣང་བ་ཡིན་ནོ། །སྐྱེ་བ་སྤྲུལ་སྐུ་ནི།རང་གི་ངར་འཛིན་གྱི་རྣམ་པར་རྟོག་པ་ལས་སྐྱེས་པའི་བདག་ལ་གྲོགས་སུ་ལོངས་སྤྱོད་པའི་ཡུལ་དུ་རང་ལྟ་བུའི་རྐང་གཉིས་དང་།གཞན་ལྟ་བུའི་རྐང་མང་དང་།རྐང་མེད་དང་།འདབས་ཆགས་དང་།སྡེར་ཆགས་དང་།རྨིག་ཆགས་དང་།ཁ་ལ་རྭ་ཅོ་ཅན་དང་།མགོ་ལ་རྭ་ཅོ་ཅན་ལ་སོགས་པ་སྲོག་ཆགས་རྣམ་པ་སྣ་ཚོགས་པ་སྐྱེ་འཆི་འགྲོ་འོང་གི་རྣམ་འགྱུར་ལྟར་རྒྱུན་མི་ཆད་པར་སྣང་བ་ཐམས་ཅད་སྐྱེ་བ་སྤྲུལ་སྐུ་ཞེས་བརྗོད་དོ། །བཟོ་སྤྲུལ་སྐུ་ནི།བསོད་ནམས་བསགས་པའི་སྐྱེས་བུའི་ངར་འཛིན་གྱི་ཆུ་སྣོད་དྭངས་པ་ལ།སྐུ་རྟེན་རིས་སུ་བྲིས་པ།འབུར་དུ་བཏོད་པ།གསུང་རྟེན་གླེགས་བམ་དང་།ཐུགས་རྟེན་མཆོད་རྟེན་སོགས་རང་གི་བདེ་གཤེགས་སྙིང་པོའི་སྤྲུལ་པ་རང་ལ་ཤར་བ་བཟོ་སྤྲུལ་སྐུ་ཞེས་བརྗོད་དོ། །བེམ་པོ་སྤྲུལ་སྐུ་ནི།བདག་སྣང་ཙམ་ཉིད་ནས་བདག་གི་ལོངས་སྤྱོད་ཀྱི་ཡུལ་དུ་གྱུར་པ་གོས་དང་རྒྱན་དང་ཆས་ཀ་ལ་སོགས་པའི་མཁོ་བའི་ཡོ་བྱད་དང་།མི་མཁོ་བའི་རྫས་དངོས་པོ་བསམ་གྱིས་མི་ཁྱབ་པ་སྣང་བའི་ཆོས་རྣམས་ནི་བེམ་པོ་སྤྲུལ་སྐུ་ཞེས་བརྗོད་པ་ཡིན།སྤྲུལ་སྐུ་རྣམ་པ་བཞི་པོ་དེ་དག་ནི་ངར་འཛིན་གྱི་ཤེས་པའི་ཡུལ་དུ་གྱུར་པའི་ཀློང་དུ་བདེ་གཤེགས་སྙིང་པོའི་སྤྲུལ་པ་རང་ཤར་བ་ནི་ཆུ་སྣོད་དང་ནམ་མཁའི་གཟའ་སྐར་ཤར་བ་རྒྱུ་རྐྱེན་ལྷན་གཅིག་ཚོགས་པ་ལ་རྟེན་འབྲེལ་ཆུའི་གཟའ་སྐར་ལྟ་བུར་སྣང་བ་ཡིན་པས།གདུལ་བྱའི་བདག་འཛིན་དབྱིངས་སུ་མ་ཞིག་གི་བར་དུ་སྤྲུལ་པའི་སྐུ་ཡང་རྒྱུན་མི་ཆད་པར་འཆར་བ་ནི།དཔེར་ན་ཆུ་དྭངས་གསལ་ལའང་ཆུ་དེ་མ་སྐམ་གྱི་བར་དུ་གཟུགས་བརྙན་ངེས་པ་མེད་པར་རྒྱུན་མི་ཆད་པར་སྣང་བ་ལྟ་བུ་ཞིག་ཡིན།དོན་ལ་སྣོད་བཅུད་སྐུ་གསུམ་གྱི་རོལ་པ་ལས་མ་འདས་པ་ཞིག་ཡིན་ཏེ།ངོ་བོ་སྟོང་པའི༴སོགས།ལམ་ཞེས་བྱའོ། །དེ་ཡང་ངོ་བོ་སྟོང་པའི་ཆ་ལ་ཆོས་སྐུ།རང་བཞིན་ལྷུན་གྲུབ་ཀྱི་ཆ་ལ་ལོངས་སྐུ།སྣང་བ་ཐམས་ཅད་མ་འདྲེས་སོ་སོར་སྣང་བའི་ཆ་ལ་སྤྲུལ་སྐུ་དང་།དེས་ན་མ་དག་འཁོར་བར་སྣང་བའི་རང་དུས་ཉིད་ནས་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱིས་མ་བསྡུས་པའི་ཆོས་ནི་གང་ཡང་མེད་དེ།དག་པ་རབ་འབྱམས་སུ་ཡེ་སངས་རྒྱས་པ་ཡིན།ཇི་ལྟར་ཡིན་ཞེ་ན་སྣང་བ་ཐམས་ཅད་སྐུའི་དབྱིངས་དང་།ལྷུན་གྲུབ་གསུང་གི་དབྱིངས་དང་།ངོ་བོ་ཐུགས་ཀྱི་དབྱིངས་སུ་རྫོགས་པ་དང་།དེ་བཞིན་དུ་འདོད་ཁམས་སྤྲུལ་སྐུའི་དབྱིངས་དང་།གཟུགས་ཁམས་ལོངས་སྐུའི་དབྱིངས་དང་།གཟུགས་མེད་ཁམས་ཆོས་སྐུའི་དབྱིངས་སུ་ཡེ་ནས་དག་ཟིན་པ་ཡིན་ནོ། །དེ་བཞིན་དུ་གཞི་ཉིད་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་གྱུར་ཅིང་ངོ་བོ་ཉིད་དུ་ཐམས་ཅད་རོ་གཅིག་པས་ངོ་བོ་ཉིད་ཅེས་བྱའོ། །དེ་ཡང་ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས་བདེ་བར་གཤེགས་པ་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་འདྲིལ་བའི་བདག་ཉིད་ཆེན་པོ་འདི།འཁོར་འདས་ཐམས་ཅད་ངོ་བོ་ཉིད་དུ་རོ་གཅིག་པའི་དབྱིངས་ཉིད་ངོ་བོ་ཉིད་དང་།ངོ་བོ་ཉིད་ཀྱི་དབྱིངས་དེར་ཡེ་ཤེས་ཡོན་ཏན་ཐམས་ཅད་བསགས་ནས་སྤུངས་པ་ལྟ་བུར་ཡོད་པ་ལ་སྐུ་ཞེས་བརྗོད།དེ་བཞིན་དུ་དུས་གསུམ་འཕོ་བ་མེད་ཅིང་ངོ་བོ་གཞན་དུ་མི་འགྱུར་བས་མི་འགྱུར་རྡོ་རྗེ་སྟེ།གཞི་བདེ་བར་གཤེགས་པའི་སྙིང་པོ་དུས་གསུམ་ཀུན་ཏུ་གཡོ་བ་དང་འཕོ་འགྱུར་མེད་པ་བཟང་ངན་གང་དུའང་མི་འགྱུར་བས་མི་འགྱུར་བ་དང་།མི་ཤིགས་པ་རྡོ་རྗེ་ཆོས་བདུན་དང་ལྡན་པས་རྡོ་རྗེ་ཞེས་བྱ་སྟེ།དེ་ཡང་ཉོན་མོངས་པ་དང་ལས་ཉོན་བག་ཆགས་ཐམས་ཅད་ཀྱིས་མི་ཆོད་པ་དང་།ཡུལ་དང་རྐྱེན་ཐམས་ཅད་ཀྱིས་ནམ་ཡང་མི་ཤིགས་པ་དང་།འཁོར་འདས་ཐམས་ཅད་ཀྱི་ཡེ་གཞི་ཆེན་པོ་རང་ངོ་ཀ་དག་ཏུ་གནས་པས་བདེན་པ།སྐྱོན་ངན་པ་ཐམས་ཅད་དང་ཡོན་ཏན་བཟང་པོ་གང་གིས་ཀྱང་སླད་མི་འཇུག་པས་སྲ་བ།དུས་གསུམ་དུ་གནས་དང་དུས་ཀྱི་མི་འཕོ་བར་གཡོ་འགུལ་དང་བྲལ་བས་བརྟན་པ།ཤེས་བྱའི་སྒྲིབ་པ་ཕྲ་མོ་ཡན་ཆད་ཆོས་ཉིད་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ་འབིག་ནུས་པས་ཐམས་ཅད་དུ་ཐོགས་པ་མེད་པ།འཁོར་འདས་གང་གིས་བསྒྱུར་དུ་མི་བཏུབ་པས་ཐམས་ཅད་ལས་མ་ཕམ་པ་སྟེ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་ཡིན་ནོ། །དཔེར་ན་ཀུན་རྫོབ་རྫས་ཀྱི་རྡོ་རྗེ་ལ་ཡང་རྡོ་རྗེའི་དམ་བཅའ་བཞི་དང་ལྡན་པར་བཤད་དེ།དེ་ཡང་ལྷ་ཚངས་པ་དང་བརྒྱ་བྱིན་ལ་སོགས་པ་རྣམས་ཀྱི་ཕྱག་མཚན་རྣམས་འཕེན་མི་སྲིད།འཕང་བས་མི་ཕོག་མི་སྲིད།ཕོག་པས་མི་ཆོད་མི་སྲིད།ཆོད་ཚད་མི་འཆི་མི་སྲིད་པ་བཞིན་དུ།དོན་དམ་མི་ཤིགས་པའི་རྡོ་རྗེ་ལ་ཡང་།རྡོ་རྗེའི་དམ་བཅའ་བཞི་དང་ལྡན་ཏེ།དེ་ཇི་ལྟར་ཡིན་ཞེ་ན་དོན་དམ་པའི་གནས་ལུགས་དང་ཡིན་ལུགས་ཐམས་ཅད་ཚུལ་བཞིན་དུ་སྔོན་སྨོན་ལས་འཕྲོ་འཛོམ་པའི་སྐལ་ལྡན་སྐྱེས་བུ་རྣམས་ཀྱིས་རྟོགས་པ་མ་གཏོགས།སེམས་ཅན་གང་རུང་རུང་དག་གིས་འདིའི་དོན་རྟོགས་མི་སྲིད་པ་དང་།ཚུལ་བཞིན་རྟོགས་ནས་ཉམས་སུ་བླང་ན་འཁོར་འདས་མཉམ་ཉིད་དུ་རོལ་པའི་གདིང་མི་ཐོབ་མི་སྲིད་པ་དང་།གདིང་བཞིའི་དྲོད་ཚད་ཐོབ་ཚེ་སྐུ་གསུམ་མཉམ་ཉིད་ཀྱི་དབྱིངས་སུ་མི་གྲོལ་མི་སྲིད་པ་དང་།གྲོལ་ཚད་ནང་གསལ་གཞོན་ནུ་བུམ་སྐུར་སངས་མི་རྒྱས་མི་སྲིད་པས་རྡོ་རྗེའི་དམ་བཅའ་བཞི་དང་ལྡན་པ་ཡིན་པས་ན་མི་འགྱུར་རྡོ་རྗེའི་སྐུ་ཞེས་བརྗོད་པ་སྟེ།དོན་ལ་སྐུ་ལྔ་པོ་དེ་དག་གཞི་རང་ལས་མི་གཞན་པར་རང་ཆས་སུ་ཡོད་པར་བསྟན་པ་ནི་དོན་དམ་པ་ཡིན་ཏེ།དེ་དག་ཡུལ་གཞན་དུ་སྐུ་དང་ཞིང་ཁམས་ལ་སོགས་པ་ཐ་དད་དུ་ཡོད་པར་འཆད་པ་རྣམས་ནི་ཀུན་རྫོབ་དྲང་དོན་ཐབས་ཀྱི་ལམ་ཞེས་བྱ་བར་བསྟན་པའོ། །འགྲོ་བ་མི་རྣམས༴སོགས།ཁྱབ་པ་ལ་བརྗོད་པའོ། །འགྲོ་བ་མི་རྣམས་རིགས་ལ་མངོན་པར་ཞེན་ནས་གྲོང་ཁྱེར་འབུམ་ཕྲག་ཡན་ཆད་ཀྱི་གཙོ་བོ་ལ་རྒྱལ་རིགས་དང་།ཁྲི་ཕྲག་མན་ཆད་ཀྱི་གཙོ་བོ་ལ་རྗེ་རིགས་དང་།འབངས་ཀྱི་རིགས་སུ་གཏོགས་པ་ལ་འབངས་རིགས།སྤྱོད་པ་དང་ཁ་ཟས་གཙང་མར་བཟའ་བ་དང་བློ་དཀར་པོའི་ཕྱོགས་སུ་ངེས་པ་ལ་བྲམ་ཟེའི་རིགས།ཤ་ཁྲག་ལ་ཟས་སུ་སྤྱོད་ཅིང་སྤྱོད་པ་ནག་པོར་སྤྱོད་པ་ལ་གདོལ་པའི་རིགས་ཏེ།དེ་ལྟར་རིགས་ལྔར་ཞེན་པ་བཟློག་ཅིང་ཁ་དྲངས་པའི་ཕྱིར་དུ།དེ་དང་ཚུལ་བསྟུན་ཏེ་ལྷ་ལ་ཡང་རིགས་བརྗོད་པ་ནི།གཞིའི་ངོ་བོར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་གཉིས་སུ་མེད་པར་རོ་གཅིག་པའི་དབྱིངས་ཆེན་པོ་མ་རིག་པའི་བག་ཆགས་ཀྱི་དྲི་མ་དབྱིངས་སུ་སངས་པས་སངས།ཡེ་ཤེས་དང་ཡོན་ཏན་གྱི་ངང་རྒྱས་པས་ན་རྒྱས།ངོ་བོའི་ཆ་ལས་འཕྲུལ་པ་སྣ་ཚོགས་པར་བཀོད་པ་ལ་རིགས་ཞེས་བརྗོད་དོ། །དེ་བཞིན་དུ་གཞི་གཞོམ་གཞིག་ཐམས་ཅད་དང་བྲལ་བའི་མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ་དང་།མི་ཤིགས་པ་རྡོ་རྗེ་ལྟ་བུའི་ཆ་ལས་འཕྲུལ་སྣ་ཚོགས་པར་བཀོད་པ་ལ་རྡོ་རྗེའི་རིགས་ཞེས་བརྗོད་དོ། །རིན་ཆེན་རིགས་ནི་དཔེར་ན་ཡིད་བཞིན་གྱི་ནོར་བུས་ཡིད་ལ་ཅི་འདོད་པ་ཐམས་ཅད་སྟེར་བས་རིན་ཐང་བྲལ་བ་བཞིན་དུ།གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་སྐུ་དང་ཡེ་ཤེས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་གདུལ་བྱ་རང་རང་གི་བློ་ཡིད་རྒྱུད་དང་བསྟུན་པའི་ལམ་གྱི་འཇུག་སྒོ་བསམ་གྱིས་མི་ཁྱབ་པ་རྣམས་ཀྱི་འབྱུང་ཁུངས་སུ་གྱུར་བས་ན་རིན་པོ་ཆེའི་རིགས་ཞེས་བརྗོད།དེ་བཞིན་དུ་མེ་ཏོག་པདྨ་འདམ་ལས་སྐྱེས་ཀྱང་འདམ་གྱི་སྐྱོན་དང་བྲལ་བ་བཞིན་དུ།གཞི་བདེ་གཤེགས་སྙིང་པོ་སྲིད་པ་གསུམ་གྱི་སྐྱོན་དང་དྲི་མས་མ་གོས་པ་ལ་པདྨའི་རིགས་ཞེས་བརྗོད།གཞི་བདེ་གཤེགས་སྙིང་པོའི་ངང་དུ་ལས་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབ་པར་ཡོངས་སུ་གྲུབ་པས་ལས་ཀྱི་རིགས་ཞེས་བརྗོད།དེ་ལྟར་རིགས་ཐམས་ཅད་གཞི་རང་དང་ཐ་མི་དད་པར་རང་ཆས་སུ་རྫོགས་པ་དོན་དམ་པ་དང་།རིགས་ཐ་དད་དུ་བཅོས་པ་ནི་ཀུན་རྫོབ་དྲང་དོན་དུ་བསྟན་པ་ཡིན་ནོ། །དེ་ཡང་རིགས་ཞེས་བྱ་བ་ནི་དཔེར་ན་རྒྱལ་པོ་ཆེན་པོའི་མིང་གིས་མངའ་འོག་ཏུ་ཡོད་པ་ཐམས་ཅད་ཆིངས་པ་དང་།རུས་གཅིག་གི་རུས་དེའི་བསྡུས་པ་རྣམས་ལ་ཆིངས་ཞིང་ཁྱབ་པ་ལ་རིགས་ཞེས་བརྗོད་དོ། །མི་རྣམས་ཡུལ་ལ༴སོགས།མི་གཞན་པ་ལ་བྱའོ། །དེ་བཞིན་དུ་མི་རྣམས་ཡུལ་ཞེན་བཟློག་ཅིང་ཁ་དྲངས་པའི་ཕྱིར་དུ་ལྷ་ལ་ཡང་ཡུལ་ཞིང་ཁམས་ལྔ་རུ་བསྟན་པ་ནི།གཞི་དབྱིངས་བདེ་གཤེགས་སྙིང་པོའི་དབྱིངས་སུ་ཡེ་ཤེས་དང་ཡོན་ཏན་ལྷུན་འཐུག་པོར་བཀོད་པ་གྲངས་དང་མཐས་མི་གཏུགས་པའི་ཆ་ལ་སྟུག་པོ་བཀོད་པའི་ཞིང་ཁམས་ཞེས་བརྗོད།གཞི་དབྱིངས་དྭངས་གསལ་རྙོག་མ་དང་བྲལ་བའི་ངང་དུ་ཡུལ་རྐྱེན་བདག་པོས་མ་བསྐྱེད་པའི་དགའ་བ་ཆེན་པོ་དང་ལྡན་པའི་ཆ་ལ་མངོན་པར་དགའ་བའི་ཞིང་ཁམས་ཞེས་བརྗོད།ཡེ་ཤེས་དང་ཡོན་ཏན་ལམ་དང་འབྲས་བུའི་ཆོས་ཐམས་ཅད་གཞི་རང་ལ་རང་ཆས་སུ་རྫོགས་པའི་དཔལ་ཕུན་སུམ་ཚོགས་པ་དང་ལྡན་པས་ན་དཔལ་དང་ལྡན་པའི་ཞིང་ཁམས་ཞེས་བརྗོད།གཞི་དབྱིངས་ཆོས་ཉིད་བདེ་བ་ཆེན་པོའི་རང་བཞིན་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་དང་ལྡན་པ་ལ་བདེ་བ་ཅན་གྱི་ཞིང་ཁམས་ཞེས་བརྗོད།གཞི་ཉིད་ལ་དག་པ་དང་གྲོལ་བའི་ཡེ་ཤེས་ཀྱི་ཆ་དང་།ཡོན་ཏན་གྱི་ལས་ཐམས་ཅད་བྱ་རྩོལ་མེད་པར་རང་བྱུང་དུ་རྫོགས་པས་ལས་རབ་རྫོགས་པའི་ཞིང་ཁམས་ཞེས་བརྗོད།ཞིང་ཞེས་བྱ་བ་དབྱིངས་རྣམ་པར་དག་པ་ལ་བརྗོད་པ་དང་།ཁམས་ཞེས་བྱ་བ་དབྱིངས་དེ་ལས་མི་གཞན་པའི་ཡེ་ཤེས་ཡོན་ཏན་ཐམས་ཅད་ལ་ཁམས་ཞེས་བྱའོ། །མི་རྣམས་གནས་ཁང་ལ་ཞེན་པ་ཟློག་ཅིང་ཁ་དྲངས་པའི་ཕྱིར་དུ་ལྷ་ལ་ཡང་གཞལ་ཡས་ཁང་ཡོད་པར་བསྟན་པ་ནི།གཞིའི་ཡོན་ཏན༴སོགས།ཁང་པའོ། །གཞིའི་ཡེ་ཤེས་དང་ཡོན་ཏན་གཞལ་དུ་མེད་ཅིང་བློས་སྤྱོད་ཡུལ་དང་བྲལ་བས་ན་གཞལ་ཡས་ཞེས་བརྗོད།གཞི་དེས་འཁོར་འདས་ཡོངས་ལ་ཁང་ཞིང་ཁྱབ་པས་ན་ཁང་པ་ཞེས་བརྗོད་པ་ཡིན་ནོ། །མི་རྣམས་ཕོ་ལ་ཞེན་པ་བཟློག་ཅིང་ཁ་དྲངས་པའི་ཕྱིར་དུ་ལྷ་ལ་ཡང་ཕོ་ཡོད་བརྗོད་པ་ནི།གཞི་དབྱིངས་ཁྱབ་བརྡལ༴སོགས།ཞེས་བྱའོ། །གཞི་དབྱིངས་ཁྱབ་བརྡལ་གྱི་རང་མདངས་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་ལྐོག་གྱུར་དུ་སོང་བ་ཁྱབ་བྱེད་ཀུན་གཟིགས་ཀྱི་ཤེས་རབ་ཆེན་པོ་མངོན་དུ་གྱུར་པའི་ཚེ་ན་གཞི་བདེ་གཤེགས་སྙིང་པོའི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་གྱི་རྣམ་པ་ཐམས་ཅད་མངོན་སུམ་དུ་སྣང་བར་མཛད་པས་ན་རྣམ་པར་སྣང་མཛད་ཅེས་བརྗོད།གཞི་ཉིད་མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པའི་བདག་ཉིད་ཆེན་པོ་འདས་མ་འོངས་ད་ལྟ་དུས་གསུམ་ཀུན་ཏུ་འཕོ་འགྱུར་གཡོ་འགུལ་དང་བྲལ་བས་ན་མི་བསྐྱོད་རྡོ་རྗེ།དེ་བཞིན་དུ་དོན་དམ་པར་གཞི་དབྱིངས་ལྷུན་གྲུབ་རིན་པོ་ཆེ་སྐུ་དང་ཡེ་ཤེས་ཀྱི་ཀློང་མཛོད་ཆེན་པོ་ལ་རིན་ཆེན་དང་།སྐུ་དང་ཡེ་ཤེས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཀྱི་འབྱུང་གནས་སུ་གྱུར་ཅིང་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པར་ལྡན་པས་ན་རིན་ཆེན་འབྱུང་ལྡན།གཞི་སྣང་ཚད་མེད་ཅིང་མཐའ་ཡས་པ་སྐུ་དང་ཡེ་ཤེས་སུ་བཀོད་པ་ལ་སྣང་བ་མཐའ་ཡས།དེ་བཞིན་དུ་གཞི་དབྱིངས་ཉིད་ལ་ཡང་དག་པའི་ཆོས་ཐམས་ཅད་ཀྱི་དོན་རང་ཆས་སུ་ཡོད་པ་ལ་དོན་ཡོད།ཕྲིན་ལས་ཐམས་ཅད་ཡོངས་སུ་གྲུབ་པ་ལ་དོན་ཡོད་གྲུབ་པ་ཞེས་བརྗོད་དོ། །མི་རྣམས་མོ་ལ་མངོན་པར་ཞེན་པ་ལས་བཟློག་ཅིང་ཁ་དྲངས་པའི་ཕྱིར་དུ་ལྷ་ལ་ཡང་མཁའ་འགྲོ་ཡོད་པར་བསྟན་པ་ནི།དོན་གྱི་རྡོ་རྗེ་སྟོང་པ༴སོགས།ཞེས་བྱའོ། །དོན་དམ་སྟོང་པ་ཉིད་ཀྱི་དབྱིངས་ཆེན་པོ་མི་ཤིགས་པའི་རྡོ་རྗེའི་ཆོས་བདུན་དང་ལྡན་པས་རྡོ་རྗེ།ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་མཁའ་ལ་སྣང་སྲིད་འཁོར་འདས་ཀྱི་ཆོས་ཐམས་ཅད་འགྲོ་འོང་གི་རྣམ་འགྱུར་ལྟར་སྣང་བས་རྡོ་རྗེ་མཁའ་འགྲོ།དཔེར་ན་རིན་པོ་ཆེའི་མཛོད་ཁང་ལ་གང་འདོད་ཀྱི་འདོད་དགུ་རང་བྱུང་བ་ལྟར།གཞི་དབྱིངས་བརྡལ་ཁྱབ་ཆེན་པོའི་དབྱིངས་སུ་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་འབད་རྩོལ་དང་བྲལ་བར་རང་བྱུང་བའི་ཆ་ལ་རིན་ཆེན་མཁའ་འགྲོ།ཇི་ལྟར་མེ་ཏོག་པདྨ་འདམ་གྱིས་མ་གོས་པ་བཞིན་དུ།གཞི་བདེ་གཤེགས་སྙིང་པོ་ཆགས་པའི་ཆོས་ཀྱིས་མ་གོས་ཤིང་སྐྱོན་ཐམས་ཅད་དང་བྲལ་བའི་ཆ་ལ་པདྨ་དང་།ཆོས་ཉིད་ཀྱི་མཁའ་ལ་ཐུགས་རྗེའི་རྩལ་ལས་ཐབས་ཀྱི་འཇུག་སྒོ་དུ་མར་འཆར་བས་པདྨ་མཁའ་འགྲོ།གཞིའི་ཡོན་ཏན་ལྷུན་གྲུབ་སྐུ་དང་ཡེ་ཤེས་ལ་སོགས་པ་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་བསྒྲུབ་མ་དགོས་པར།གཞི་རང་གི་ཆོས་ཉིད་དུ་ཡེ་ནས་རང་བྱུང་བའི་ཆ་ལ་ལས་ཀྱི་མཁའ་འགྲོ།གཞི་བདེ་གཤེགས་སྙིང་པོའི་ངང་དེར་ཉོན་མོངས་པ་དང་ཤེས་བྱའི་དྲི་མ་གང་གིས་ཀྱང་གོས་མ་མྱོང་བར་དབྱིངས་སུ་སངས་པས་ན་སངས།སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་ངང་རྒྱས་པའི་ཆ་ལ་རྒྱས།སྟོང་ཉིད་སངས་རྒྱས་མཁའ་འགྲོའི་མཁའ་ཀློང་དུ་འཁོར་འདས་ཀྱི་སྣང་བ་ཐམས་ཅད་འགྲོ་འོང་གི་རྣམ་པར་སྣང་བས་ན་སངས་རྒྱས་མཁའ་འགྲོ་ཞེས་བརྗོད་པ་ཡིན་ནོ། །དེ་ལྟར་སྐུ་ཡི་རྣམ་པར་ཞལ་ཕྱག་སྐུ་མདོག་སོ་སོར་དབུས་དང་ཕྱོགས་སུ་བཞུགས་ཟེར་བ་ཀུན་རྫོབ་དྲང་དོན་དང་།མེ་དང་ཚ་བ།ཆུ་དང་རླན།རླུང་དང་བསིལ།གསེར་དང་དེའི་མདངས་བཞིན་གཞི་རང་ལ་སྐུ་དང་ཡེ་ཤེས་ཆེན་པོར་རྫོགས་ཀྱང་།ཞལ་ཕྱག་གི་མཚན་མ་དང་བྲལ་བ་ཆོས་སྐུ་ཐིག་ལེ་ཉག་གཅིག་ཆེན་པོར་བཞུགས་པར་འཆད་པ་དོན་དམ་ངེས་པའི་དོན་དང་།ལྔ་ཚན་ལྔའི་ཡོན་ཏན་ཐམས་ཅད་ཀྱང་ཚིག་ཏུ་བརྗོད་པ་ཙམ་ལས་དངོས་ཅན་དུ་མ་གྲུབ་པ་དོན་དམ་པ་ཡིན་ཏེ།ནམ་མཁའ་ནམ་མཁའི་རང་བཞིན་དུ་སྣང་བ་ཐབས་ཏེ་ཀུན་རྫོབ་དང་།ནམ་མཁའ་རང་བཞིན་གྱིས་མ་གྲུབ་པའི་ངང་མངོན་དུ་གྱུར་པ་དོན་དམ་པ་དང་ཤེས་རབ་ཡིན་ནོ། །དེ་ནས་ཐབས་ཤེས་ཀྱིས་མདོ་བཤད་པ་ནི།དེ་ལྟར་གཞིའི་ཆོས་སྐུ༴སོགས།འདས་པ་ནི།དོན་དམ་པར་བདེ་བར་གཤེགས་པའི་སྙིང་པོའི་རིག་པ་མངོན་དུ་བྱེད་པ་ཙམ་ལས་ཞལ་ཕྱག་མཚན་མར་མ་གྲུབ་ཅིང་མིང་གི་འཇུག་པ་མེད་པ་ཆོས་སྐུ་མཚན་མ་དང་བྲལ་བ་ལགས་ཏེ།དེའི་ངང་མངོན་དུ་བྱེད་པ་ཉིད་ནི་དོན་དམ་པའི་སྒྲུབ་པ་ཐམས་ཅད་འདིར་འདུས་ཤིང་རྫོགས་པ་ཡིན་ཡང་།གདུལ་བྱ་རྟག་འཛིན་ཅན་རྣམས་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་བརྟེན་ནས་ཆོས་ཉིད་སྤྲོས་བྲལ་གྱི་དབྱིངས་སུ་ཁ་དྲངས་པའི་ཐབས་སུ་འཁོར་བའི་སྒོ་དང་བསྟུན་ནས།རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རོལ་པར་མིང་དང་དངོས་པོ་མཚན་མ་ཅན་དུ་བསྟན་ནས་བཤད་པ་ལ།དང་པོ་སྐྱབས་སུ་འགྲོ་བ་ནི།གཞིའི་རིག་པ་དཀོན་མཆོག༴སོགས།མེད་པ་ཡིན།དེ་ཡང་དོན་དམ་པར་ཡེ་གཞི་བདེ་གཤེགས་སྙིང་པོའི་གནས་ལུགས་དང་ཡིན་ལུགས་ཐམས་ཅད་ཚུལ་བཞིན་དུ་ཤེས་ཤིང་རྟོགས་པའི་མཐར་རང་རིག་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ལས་ནམ་ཡང་མི་འདའ་བར་རང་ཐོག་ཏུ་རང་དམ་བཅའ་བ་ནི་གཞི་ལ་དབང་བསྒྱུར་བའི་རིག་པ་དཀོན་མཆོག་ཀུན་འདུས་ཀྱི་ངོ་བོ་ཡིན་ཏེ།དེ་གང་ཞེ་ན་རིག་པའི་ངོ་བོ་སྟོང་པ་ཆོས་སྐུ།རང་བཞིན་གསལ་བ་ལོངས་སྐུ།ཐུགས་རྗེའི་ཀུན་ལ་ཁྱབ་པ་ལ་སྤྲུལ་སྐུ་སྟེ་སྐུ་གསུམ་ཀུན་འདུས་དང་།ལས་ཉོན་བག་ཆགས་ཐམས་ཅད་ཀྱིས་ཡེ་ནས་མ་གོས་པས་སངས་པ་དང་།སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་རང་ཆས་སུ་ཡོད་པས་རྒྱས་ཞེས་ཏེ་སངས་རྒྱས་དང་།རིག་པའི་རང་གདངས་སྐུ་དང་ལྷུན་གྲུབ་ཀྱི་རོལ་པ་ལ་ཆོས་དང་།ལྷུན་གྲུབ་ཀྱི་རོལ་པ་དང་བདེ་བར་གཤེགས་པའི་སྙིང་པོ་གཉིས་དབྱེར་མེད་པར་འདུན་པས་དགེ་འདུན་ཏེ་དཀོན་མཆོག་ཀུན་འདུས་ཡང་ཡིན།འཁོར་འདས་གཉིས་ཀྱི་གྲུབ་གཞིར་གྱུར་པ་དང་རྟོགས་བྱའི་ཆོས་ཐམས་ཅད་ཀྱི་མཐར་ཐུག་པས་ན་བླ་མ་དང་།གཞི་དེའི་ངང་དེ་ལས་མི་འདའ་བར་རང་དམ་བཅའ་བ་ཡི་དམ་དང་།ཆོས་ཉིད་ཀྱི་མཁའ་ལ་འཁོར་འདས་ཐམས་ཅད་འགྲོ་འོང་བྲལ་བར་བཞུགས་པས་མཁའ་འགྲོ་སྟེ་རྩ་གསུམ་ཀུན་འདུས་ཡང་ཡིན་ཏེ།ཇི་སྐད་དུ།དག་ཐོབ་བྲལ་བའི་སེམས་སངས་རྒྱས། །མི་འགྱུར་དྲི་མེད་ཆོས་དང་ནི། །ཡོན་ཏན་ལྷུན་རྫོགས་དགེ་འདུན་ཉིད། །ཡིན་ཕྱིར་རང་གི་སེམས་ཉིད་འཕགས། །ཞེས་དང་།རིག་འཛིན་འཇིགས་མེད་གླིང་པས།རང་བྱུང་གི་རིག་པ་བཅོས་མེད་འདི། །སྐྱབས་ཡུལ་གྱི་ངོ་བོར་མ་རིག་པས། །ཞེས་གསུངས་པ་བཞིན་དུ།དེ་ལྟ་བུའི་རིག་པ་ཡེ་ཤེས་ཀྱི་ངང་དེ་དང་སྐད་ཅིག་ཀྱང་འབྲལ་བ་མེད་པ་ལ་གནས་ལུགས་དོན་གྱི་སྐྱབས་འགྲོ་བླ་ན་མེད་པ་ཞེས་བྱ་སྟེ།དེ་ལ་བསྐྱབ་བྱ།སྐྱོབ་བྱེད་ཐམས་ཅད་དང་བྲལ་བ་ཡིན་ནོ། །དེའི་དོད་དུ་འཁོར་བའི་སྒོ་དང་བསྟུན་པ་ནི།དཔེར་ན་རྒྱལ་པོ་ལ་མགོ་བཏགས་ནས་ཡུལ་ཁམས་དེར་ཅི་བདེར་སྡོད་ན་གཞན་གྱིས་གནོད་པ་བྱེད་མི་ཆོག་པ་ལྟར།དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་བགེགས་དང་བར་ཆད་མི་འབྱུང་བ་ཡིན་པས།དེ་ལ་དང་པོ་མདུན་གྱི་ནམ་མཁར་དཔལ་ཆེན་རྡོ་རྗེ་གཞོན་ནུ་ལ་རྒྱལ་བ་སྲས་བཅས་ཀྱིས་བསྐོར་བར་གསལ་བའི་གནས་གསུམ་ལས་འོད་འཕྲོས་པས་དབྱིངས་ནས་ལྷ་དེ་འདྲ་བ་སྤྱན་དྲངས་ནས་བསྟིམ་མོ། །རང་གི་མཐར་ཕ་མ་གདོན་བགེགས་སོགས་ཀྱིས་གཙོར་བྱས་པའི་སེམས་ཅན་ཐམས་ཅད་ཀྱིས་བསྐོར་བ་ལ།ལྷ་ཚོགས་རྣམས་ཀྱིས་བདག་སོགས་སེམས་ཅན་ཐམས་ཅད་ལ་ཞལ་གྱིས་ཕྱོགས།སྤྱན་གྱིས་གཟིགས།ཐུགས་བརྩེ་བ་ཆེན་པོས་དགོངས་ནས་བཞུགས་པར་གསལ་བའི་མདུན་དུ།བདག་དང་སེམས་ཅན་ཐམས་ཅད་ཀྱི་ལུས་གུས་པས་ཕྱག་འཚལ།ངག་གུས་པས་སྐྱབས་འགྲོའི་ཚིག་བརྗོད།ཡིད་གུས་པས་ཇི་མཛད་ཁྱོད་ཤེས་ཀྱི་བློ་གཏད་ལིང་བསྐྱུར་གྱི་སྐྱབས་སུ་འགྲོ་བ་ནི་ཀུན་རྫོབ་ཙམ་མོ། །སེམས་བསྐྱེད་ནི།ཚེ་རབས་ཐོག་མ༴སོགས།གྱུར་པའོ། །དེ་ཡང་དོན་དམ་པར་སེམས་ཞེས་པ་ནི་ཚེ་རབས་ཐོག་མ་མེད་པའི་དུས་ནས་བདག་གཅིག་པུར་དམིགས་ཏེ།ངར་འཛིན་གྱིས་རང་ཉིད་བསླུས་ནས་བདག་གཞན་བདེན་གྲུབ་ཏུ་བཟུང་ཞིང་ཡུལ་ལ་མངོན་པར་ཞེན་ནས་འཁྲུལ་ངོར་འཐས་པའི་དབང་གིས་བློ་རྒྱ་ཤིན་ཏུ་ཆུང་བ་གུ་དོག་པའི་རྐྱེན་གྱིས་བདེ་སྡུག་བར་གསུམ་ཐམས་ཅད་ཉེ་བར་ལེན་ཅིང་།འདོད་ཞེན་རྒྱུན་མི་ཆད་པར་འབྱུང་བ་ལ་ནི་སེམས་ཞེས་བྱ་སྟེ།མ་བསྐྱེད་ཡིན་ལུགས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ནི་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མངོན་དུ་གྱུར་ཚེ།འཁོར་འདས་ཐམས་ཅད་རིག་པ་གཅིག་གི་ཡོ་ལང་དུ་རྟོགས་ཤིང་བྱར་མེད་སྤྲོས་པ་དང་བྲལ་བའི་དབྱིངས་ཉིད་མངོན་དུ་བྱེད་ཅིང་།གང་སྣང་ཆོས་སྐུའི་རོལ་པ་རུ་ཐག་བཅད་ནས་སེམས་ཀྱི་རྒྱ་བསྐྱེད་པས།འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རོལ་པ་ཆེན་པོར་གྱུར་པ་ནི་སེམས་བསྐྱེད་ཐམས་ཅད་ཀྱི་འབྲས་བུ།ཆོས་ཐམས་ཅད་ཀྱི་དམ་པར་གྱུར་པ་ཡིན་ཏེ།དེ་ལ་དང་པོ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་འཁོར་འདས་ཐམས་ཅད་ཀྱི་ཡིན་ལུགས་གཏན་ལ་ཕབ་པ་ནི་སྨོན་སེམས་དང་།མཐར་འཁོར་འདས་འུབ་ཆུབ་ཀྱི་རོལ་པ་མངོན་དུ་བྱེད་པ་ལ་འཇུག་སེམས་ཞེས་བྱ་བ་ཡིན།དེའི་དོད་དུ་བདག་གིས་ཁམས་གསུམ་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་འདོན་ཅིང་།ཐར་པ་དང་རྣམ་མཁྱེན་གྱི་ས་ལ་བཀོད་པར་བྱའོ་བསམ་པའི་སྙིང་རྗེ་དང་།བྱམས་པ་དང་།དགའ་བ་དང་།བཏང་སྙོམས་སོགས་སེམས་ཅན་གྱི་དོན་བསྒྲུབ་པར་བྱ་བ་ལ་དམ་བཅའ་བ་ནི་སྨོན་སེམས་དང་།སེམས་ཅན་ཐམས་ཅད་ཀྱི་དོན་དུ་དམིགས་ནས་ཕ་རོལ་ཏུ་ཕྱིན་པ་དྲུག་དང་།ཐབས་ཟབ་མོས་ལྷ་བསྒོམ་སྔགས་བཟླས་ལྷུར་ལེན་བྱེད་པ་ལ་འཇུག་པ་སེམས་བསྐྱེད་ཅེས་བྱའོ། །བགེགས་བསྐྲད་ལ།གཟུང་འཛིན་གྱི་སེམས་ནི༴སོགསབསྐྲད་ཅིང་།དེ་ཡང་ཆོས་ཉིད་དེ་བཞིན་ཉིད་ཀྱི་རང་ཞལ་སྒྲིབ་པར་བྱེད་པའི་གདོན་བགེགས་ནི།ཁམས་གསུམ་འཁོར་བའི་འདྲེ་ཆེན་ངར་འཛིན་ཡིན་ཏེ།དེ་ལས་མཆེད་པའི་རྣམ་རྟོག་བཟང་པོ་ཐམས་ཅད་ནི་དཀར་ཕྱོགས་སྲིད་པའི་ལྷ་འདྲེ་དང་།ངན་པ་ཐམས་ཅད་ནི་ནག་ཕྱོགས་གདུག་པའི་འདྲེ་སྲིན་དང་།ཞེན་པའི་རྟོག་ཚོགས་ཕྲ་མོ་ནི་བགེགས་རིགས་ལན་ཆགས་ཀྱི་བདག་པོ་བདག་མོ་ལྟ་བུ་རུ་རྒྱུ་བ་ལས།འདྲེ་གདོན་ཆེ་འབྲིང་ཆུང་གསུམ་གཞན་དུ་རྡུལ་ཙམ་མ་གྲུབ་པ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས་ཡུལ་མེད་སྟོང་བ་ཉིད་དུ་བསྐྲད་པ་ནི་དོན་དམ་པ་ཡིན་ཏེ།དེའི་དོད་དུ་བྱང་ཆུབ་བསྒྲུབ་པ་ལ་བར་ཆད་བྱེད་པའི་བགེགས་ཚོགས་རྣམས་ལ་ལན་ཆགས་གླུད་གཏོར་ཐམས་ཅད་ཆོས་ཉིད་སྒྱུ་འཕྲུལ་རོལ་པའི་ཏིང་ངེ་འཛིན་གྱིས་དགའ་ལྡན་རྣམ་པར་རྒྱལ་བའི་ལྷའི་ལོངས་སྤྱོད་ལྟ་བུར་བསམ་གྱིས་མི་ཁྱབ་པར་སྤྲུལ་ནས་ཚིམས་པར་བྱས་པས་རང་གནས་སུ་སོང་བར་བསམ་པ་དང་།ད་དུང་བཀའ་ལ་མི་ཉན་པའི་རིགས་དེ་དག་ཐམས་ཅད་བདག་དཔལ་ཆེན་པོའི་སྐུ་ལས་ཁྲོ་མཚོན་མེ་ལྕེའི་ཚོགས་གྲངས་མེད་པར་འཕྲོས་པས་རྒྱ་མཚོ་ཆེན་པོའི་ཐ་མཐའ་གླིང་བར་མུན་པའི་སྨག་རུམ་དུ་བསྐྲད་པར་བསམ་པ་དང་།དེ་དག་གི་རང་སྣང་གནས་འགྱུར་ནས་རང་རང་གི་གནས་ཡིན་པར་བསམ་པ་ནི་ཀུན་རྫོབ་ཙམ་ཡིན་ནོ། །སྲུང་གུར་ནི།བདག་མེད་རྟོགས་པའི༴སོགས།ཡིན།དེ་ཡང་དོན་དམ་པར་བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་གྱུར་ཅིང་འཁོར་འདས་ཐམས་ཅད་བྱང་ཆུབ་སེམས་ཀྱི་རོལ་པ་རུ་ཤེས་པས།གནོད་བྱེད་དང་གནོད་ཡུལ་ཐམས་ཅད་གདོད་ནས་མ་གྲུབ་པར་ཐག་ཆོད་པ་ནི་བྱང་ཆུབ་སེམས་ཀྱི་སྲུང་འཁོར་གཞོམ་གཞིག་དང་བྲལ་བ་ཉིད་དོན་དམ་པའི་སྲུང་གུར་ཡེ་ནས་ཡིན་ཏེ་གནོད་བྱེད་ཐམས་ཅད་རང་སར་གྲོལ་ནས་ཡུལ་མེད་དུ་གཏོང་བ་ཡིན།དེའི་དོད་དུ་ཕར་འཕྲོས་བའི་ཁྲོ་མཚོན་མེད་ལྕེ་ཐམས་ཅད་ཚུར་འདུས་པ།རྡོ་རྗེ།འཁོར་ལོ།རིན་པོ་ཆེ་དང་།པདྨ་དང་།རྒྱ་གྲམ།མེ་རི་སོགས་སྲུང་བའི་འཁོར་ལོར་གྱུར་པའི་ནང་དུ།བདག་དང་བསྲུང་བྱ་རྣམས་ཚུད་ཅིང་ལྷར་གསལ་བས་གདོན་བགེགས་གང་གིས་ཀྱང་གླགས་མི་རྙེད་པར་བསམ་པ་ནི་ཀུན་རྫོབ་ཙམ་མོ། །བྱིན་འབེབས་ནི།མ་རིག་པའི༴སོགས།ཉིད་དང་།དེ་ཡང་མ་དག་འཁྲུལ་པའི་སེམས་སྣང་ཐམས་ཅད་གཏན་ལ་ཕབ་ནས་གཞིའི་གནས་ལུགས་དང་ཡིན་ལུགས་ཀྱི་ངང་མངོན་དུ་གྱུར་ཅིང་།མ་རིག་པའི་མུན་ཁམས་གཞི་ལ་སངས་ནས་རིག་པ་ཡེ་ཤེས་ཆེན་པོར་དབང་འབྱོར་བ་ནི་དོན་གྱི་བྱིན་ཆེན་དབབ་པ་ཉིད་ཀྱང་ཡིན་ནོ། །དེའི་དོད་དུ་རང་གི་དད་གུས་དྲག་པོའི་ཤུགས་ཀྱིས་སྙིང་ག་ནས་འོད་ཟེར་འཕྲོས་པས།རྒྱལ་བ་སྲས་བཅས་ཀྱི་ཐུགས་རྒྱུད་བསྐུལ་ནས་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ།དབང་བྱིན་དངོས་གྲུབ་ཐབས་ཅན་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་སྤྲིན་འཐིབས་པ་ལྟ་བུའི་རྣམ་པར་སྐུ་ཕྱག་རྒྱ་ཕྲ་མོ།གསུང་ཡིག་འབྲུ་སྣ་ཚོགས།ཐུགས་ཕྱག་མཚན་སྣ་ཚོགས་པའི་རྣམ་པར་བྱུང་ནས་བདག་གནས་སྒྲུབ་པའི་རྫས་ཡོ་བྱད་རྣམས་ལ་ཐིམ་པས་གནས་རང་སྣང་དོན་གྱི་འོག་མིན་ཆེན་པོ་དང་།གནས་ཁང་ཡེ་ཤེས་ལྔ་ལས་གྲུབ་པའི་གཞལ་ཡང་ཁང་དང་།སྒྲུབ་རྫས་ཡེ་ཤེས་ཀྱི་བདུད་རྩི་དང་།སྒྲུབ་པ་པོ་རྣམས་ཀྱི་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་བྱིན་གྱིས་བརླབས་པར་བསམ་པ་ནི་ཀུན་རྫོབ་ཙམ་ཡིན་ནོ། །མཆོད་རྫས་བྱིན་བརླབས་ནི།སྣང་་་་་་་བ་རིག་པའི༴སོགས།ཉིད་ཀྱང་ཡིན།དེ་ལ་དོན་དམ་པར་ཆོས་སྐུ་སྤྲོས་མཐའ་དང་བྲལ་བའི་དབྱིངས་ཀྱི་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་རང་བྱུང་བའི་ངང་མངོན་དུ་གྱུར་ཅིང་།སྣང་པའི་ཆོས་ཐམས་ཅད་རིག་པ་ཡེ་ཤེས་ཆེན་པོའི་རྒྱན་དུ་ཤར་བའི་ངང་ཚུལ་ཇི་བཞིན་པར་རྟོགས་པས་རང་བྱུང་འདོད་ཡོན་གྱི་སྣང་བ་ཐམས་ཅད་མ་བཤམས་ཡེ་བཀོད་ཀྱི་མཆོད་པར་ཤེས་པ་ཉིད་ནི་དོན་དམ་པ་ཡིན་ཏེ།དེའི་དོད་དུ་སེམས་ཅན་འཁྲུལ་པའི་དབང་ཡུལ་དུ་འདོད་ཡོན་གྱི་སྣང་བ་རང་བྱུང་བ་རྣམས་སྐུ་གསུམ་གྱི་ཡེ་ཤེས་ཆེན་པོས་རྒྱས་གདབ་ནས་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཐམས་ཅད་དུ་མཆོད་པའི་སྤྲིན་རྒྱ་མཚོ་ཆེན་པོ་ཕྱི་ཉེར་སྤྱོད་བདུན་གྱི་མཆོད་པ།ནང་འདོད་ཡོན་ལྔའི་མཆོད་པ།གསང་བ་སྨན་གཏོར་རཀྟའི་མཆོད་པ།ཡང་གསང་སྦྱོར་སྒྲོལ་དེ་ཁོ་ན་ཉིད་ཀྱི་མཆོད་པ་སོགས་འདོད་ཡོན་མི་ཟད་པ་རྒྱན་གྱི་འཁོར་ལོའི་རོལ་པ་རྒྱུན་མི་འཆད་པར་སྤྲོ་ཞིང་འབྱུང་བའི་རང་བཞིན་ཅན་དུ་གྱུར་བར་བསམ་པ་ནི་ཀུན་རྫོབ་ཙམ་ཡིན་ནོ། །དང་པོ་དངོས་གཞིའི་ལྷ་བསྐྱེད་པ་ནི།ཀུན་གཞི་ཆོས་སྐུར༴སོགས།རྫོགས་པའོ། །ཀུན་གཞི་ཆོས་སྐུར་འཕོས་ནས་གདོད་མའི་ཡེ་གཞི་སངས་རྒྱས་ཀུན་ཏུ་བཟང་པོ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཅན་དེ་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་པ་ནི་ཇི་ལྟ་བ་མཁྱེན་པའི་ཤེས་རབ་དང་།ཀུན་ཤེས་ཀུན་རིག་གི་ཤེས་པ་གོ་མ་འགགས་པའི་ཀུན་གསལ་གྱི་རིག་པ་མཁྱེན་པ་མ་འགགས་པའི་ཆ་དེ་ནི་ཇི་སྙེད་པ་གཟིགས་པའི་ཤེས་རབ་ཆེན་པོ་སྟེ།ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་ཆེན་པོ་མངོན་དུ་གྱུར་པ་ནི་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི་གསང་བ་འདུས་པ་སྟེ།དོན་གྱི་སྒྲུབ་པ་ཟབ་མོ་ཡིན་ནོ། །དེ་ལྟར་མ་རྟོགས་པའི་སེམས་ཅན་རྣམས་ཀྱི་རྟོག་པ་ཉིང་འཁྲུལ་དུ་ཤར་བ་ཡུལ་རང་རྒྱུད་པར་འཐས་ཤིང་གདོན་གསུམ་གྱི་ཆོ་འཕྲུལ་འདྲེ་སྲིན་གདུག་པ་ཅན་གྱི་རྣམ་པར་ཤར་བ་དང་།བཀའ་སྲུང་དྲེགས་པའི་ཚོགས་ཀྱང་གཞན་རང་རྒྱུད་ཅན་དུ་བཟུང་ནས་འཁྲུལ་པ་ཡིན།རིག་པ་ཅུང་ཟད་ངོ་འཕྲོད་ཅིང་རྟོགས་ཙམ་གྱི་གང་ཟག་རྣམས་ཀྱིས་ནི་གདུག་པ་ཅན་གདོན་གསུམ་ཆོ་འཕྲུལ་འབངས་འཁོར་བཅས་པ་ཡང་།རང་གི་དུག་གསུམ་གྱི་རྩལ་ཙམ་ལས་རང་རྒྱུད་པ་མེད་པར་ཤེས་ཤིང་རྟོགས་པ་དང་།བཀའ་སྲུང་ཆོས་སྐྱོང་རིག་པའི་རྩལ་ལས་གཞན་ན་མེད་པར་ཤེས་ཤིང་།བསྒྲུབ་གཞི་རང་ལ་རྫོགས་པའི་ངང་ཚུལ་མཐོང་བས་རང་རྒྱུད་དུ་མི་གོལ་བ་དང་།ས་བརྒྱད་པ་ཐོབ་པ་ཙམ་ནས་དབང་པོ་གནས་འགྱུར་གྱི་ཡོན་ཏན་ཁྱད་པར་ཅན་ཐོབ་ནས།མ་དག་པའི་སྣང་བ་རང་འགགས་ཏེ་ཡུལ་སྣང་ཐམས་ཅད་ཞིང་ཁམས་དང་།གཟུགས་སྣང་ཐམས་ཅད་བྱང་ཆུབ་སེམས་དཔའ་སེམས་མའི་རང་བཞིན་དུ་མཐོང་བ་ཡིན།དེ་ལྟར་དག་པ་ས་གསུམ་ལ་དབང་བསྒྱུར་ཕན་ཆད་ཀུན་གཞི་ཚོགས་བརྒྱད་ཡེ་ཤེས་སུ་གནས་འགྱུར་བའི་ཡོན་ཏན་གྱི་སྣང་བ་ཁྱད་པར་བ་ཡིན།ས་བཅུའི་རྒྱུན་གྱི་ཐ་མར་བག་ཆགས་ཀྱི་སྒྲིབ་པ་ཕྲ་མོ་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱིས་བཅོམ་ནས་བཅུ་གཅིག་ཀུན་ཏུ་འོད་དུ་སངས་རྒྱས་པ་དང་།དེ་ནས་བཅུ་གཉིས་མ་ཆགས་པདྨ་ཅན་དང་།བཅུ་གསུམ་རྡོ་རྗེ་འཛིན་པ་ལ་སོགས་པར་སངས་རྒྱས་པའི་ཡོན་ཏན་མངོན་དུ་མཛད་པ་ལ་ནི་སངས་རྒྱས་ཀྱི་ས་བརྗོད་དོ། །དེ་ཡང་ཞིང་དང་ཞིང་ཁམས་ཀྱི་བཀོད་པ་དང་།སངས་རྒྱས་ཀྱི་སྐུ་མཚན་དང་དཔེ་བྱད་ཀྱིས་བརྒྱན་པར་སྣང་ཞིང་སྟོན་འཁོར་ཐ་དད་པའི་ཚུལ་དུ་ཡོད་པར་བསྟན་པ་ནི་ཐབས་ཀྱི་ལམ་ཡིན་ནོ། །དེ་ཡང་བྱེ་བྲག་ཏུ་ཅུང་ཟད་བཤད་ན་གཏི་མུག་གི་རྩལ་ལས་ཀླུ་གདོན་ས་བདག་གི་སྡེ་ཚོགས་དང་།ཞེ་སྡང་གི་རྩལ་ལས་ཕོ་གདོན་རྒྱལ་པོའི་སྡེ་ཚོགས་དང་།འདོད་ཆགས་ཀྱི་རྩལ་ལས་མོ་གདོན་འདྲེ་མོའི་སྡེ་ཚོགས་དང་།ཉོན་མོངས་པ་བརྒྱད་ཁྲི་བཞི་སྟོང་གི་རྩལ་ལས།གཙོ་བོའི་གདོན་ཆེན་བཅོ་བརྒྱད།བྱིས་པའི་གདོན་བཅོ་ལྔ།འཕྲོག་མ་མ་བུ་ལྔ་བརྒྱ་སོགས་གཉུག་མར་གནས་པའི་འདྲེ་རྒན།གློ་བུར་ལྷགས་པའི་འདྲེ་ཕྲན་གྱི་རྣམ་པར་མཆེད་པ་ཡིན།དེ་བཞིན་དུ་ཆོས་སྐྱོང་ལ་ཡང་ཀུན་གཞི་མ་རིག་པའི་རང་བཞིན་དབང་ཕྱུག་ཆེན་པོ།ཀུན་གཞིའི་རྣམ་ཤེས་སྟོང་གསལ་གྱི་ཆ་ནི་མོ་རྒྱུད་ཀྱི་ཚོགས་དང་།ཚོགས་བརྒྱད་སྡེ་བརྒྱད་དང་།ཉོན་ཡིད་གཟའ་དང་།ཡིད་གནོད་སྦྱིན་སོགས་ཀྱི་རྣམ་པར་གཙོ་དང་འཁོར་གྱི་རོལ་པ་རུ་ཤར་བར་བཤད་པ་ནི་ཐབས་ཀྱི་སྒོ་ཙམ་ལས་རང་རྒྱུད་པ་ནི་མེད་དེ།དེའི་ཕྱིར་ན་བསྒྲུབ་གཞི་རང་ལ་ཡོད་པའི་བསྒྲུབ་པས་འགྲུབ་པ་ཡང་དེའི་གནད་ལས་བྱུང་བའོ། །བྱང་ཆུབ་སེམས་དཔའ་ཡང་ཡུལ་རང་རྒྱུད་པར་མེད་དེ་མིང་དུ་བཏགས་པ་ཙམ་མི་འགལ་བའི་ཚུལ་ནི།འཇམ་པའི་དབྱངས་བྱ་བ་ཡང་གཞི་བདེ་གཤེགས་སྙིང་པོ་ཉོན་མོངས་པའི་རྩུབ་རག་ཐམས་ཅད་དང་བྲལ་བས་ན་འཇམ།ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་དཔལ་དང་ལྡན་པས་ན་དཔལ།གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་ན་དབྱངས་ཞེས་བརྗོད་པ་ཡིན།དེ་བཞིན་དུ་སྤྱན་རས་གཟིགས་ལ་ཡང་ཀུན་མཁྱེན་གྱི་ཡེ་ཤེས་མངོན་དུ་གྱུར་པས་ན་སྤྱན།ཀུན་གཟིགས་ཡེ་ཤེས་ཆེན་པོ་ཕྱོགས་དང་རིས་སུ་མ་ཆད་པ་དང་།ཆགས་ཐོགས་མེད་པར་ཆོས་ཐམས་ཅད་མ་འདྲེས་ས་ལེར་མཁྱེན་པས་གཟིགས་ཞེས་བརྗོད་པ་ཡིན།དེ་བཞིན་དུ་མཐུ་ཆེན་ཐོབ་ཀྱང་མ་དག་པའི་སྣང་སེམས་ཐམས་ཅད་དག་པའི་ས་རུ་སྒྲོལ་བའི་མཐུ་མངའ་བ་ལ་མཐུ་ཆེན་ཐོབ་ཅེས་བརྗོད་པ་སོགས་ནི་དོན་དམ་པ་དང་།དེ་དག་གཞན་ན་ཡོད་པར་བརྗོད་པ་ནི།ཀུན་རྫོབ་ཐབས་ཀྱི་ལམ་ཡིན་ནོ། །མདོར་ན་གདོད་མ་གཞིའི་ཆོས་སྐུ་ཆེན་པོ་མངོན་དུ་གྱུར་པའི་སངས་རྒྱས་རྣམས་ཀྱི་རང་བྱུང་གི་ཡེ་ཤེས་ཆེན་པོའི་རྩལ་དུ་ཤར་བ་རྣམས་དུམ་བུར་བཅད་དེ་ཐབས་ཀྱི་ལམ་དུ་བཅོས་པ་ཙམ་ཡིན་ནོ། །དོན་དམ་པར་གཞི་རང་གི་གནས་ལུགས་དང་ཡིན་ལུགས་ཤེས་པས་མཐར་རང་ངོར་རང་དམ་བཅས་ནས་མངོན་གྱུར་གྱི་ངང་དེ་ལས་གཞན་དུ་མི་འདའ་བ་ནི་དོན་གྱི་སྒྲུབ་པ་ཟབ་མོ་ཡིན་ཏེ།སྒྲུབ་དང་དཀྱིལ་འཁོར་ཐམས་ཅད་འདིར་འདུས་ཤིང་རྫོགས་པ་ཡིན་ནོ། །ད་ནི་དེ་དག་གི་དོད་དུ་དངོས་གཞི་རྟེན་ཞིང་ཁམས་གཞལ་ཡས་ཁང་།བརྟེན་པ་ལྷ་རྣམས་བསྒོམ་པའི་སྔ་ཐོག་ཏུ་མ་དག་པ་ལས་ཀྱི་བསྐལ་པ་དབྱིངས་སུ་བཤིག་སྟེ་དག་པ་ཡེ་ཤེས་ཀྱི་ལྷ་སྣང་བཀོད་དགོས་པ་ལས།དཔེར་ན་རྨི་ལམ་གྱི་སྣང་བ་དང་ཉིན་མོའི་སྣང་བ་གཉིས་ཀ་དུས་གཅིག་ལ་འཆར་བ་མ་ཡིན་པ་དང་།མིའི་ཡུལ་སྣང་དང་དམྱལ་བའི་ཡུལ་དུས་གཅིག་ཏུ་མཆེད་མི་སྲིད་པ་བཞིན་དུ།མ་དག་འཁོར་བའི་སྣང་བ་དང་ཡེ་ཤེས་ལྷའི་ཞིང་ཁམས་རྣམས་དུས་གཅིག་ཏུ་གྲུབ་མི་སྲིད་པའི་ཕྱིར།དང་པོ་ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན།ནང་གཡོ་བ་བཅུད་ཀྱི་སེམས་ཅན།བར་འདོད་ཡོན་ལྔའི་ཡུལ་སྣང་དང་བཅས་པ་ཐམས་ཅད་སྒྱུ་བའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་དུ་ཆོས་ཉིད་སྟོང་པ་ཉིད་ཀྱི་རང་བཞིན་དུ་ཞིག་པར་བསམ་ལ།སྟོང་པའི་དབྱིངས་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་བྱེད་པ་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ཞེས་བྱ་བའོ། །དེ་ཡང་སྟོང་པའི་ངང་དང་ཚུལ་དང་ཡིན་ལུགས་མི་ཤེས་པ་རྣམས་ཀྱིས་མི་སྟོང་པ་ལ་སྟོང་ཚུལ་དུ་རྒྱུས་འདེབས་པ་ཙམ་ལས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དངོས་སུ་ནི་མངོན་དུ་མི་འགྱུར་བ་ཡིན་ནོ། །དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་དངོས་ནི་ལྟ་བ་སྟོང་ཉིད་རྟོགས་པའི་རྣལ་འབྱོར་ཁོ་ནའི་སྤྱོད་ཡུལ་དུ་གྱུར་པའོ། །སླར་ཡང་བརྡལ་ཁྱབ་ཀྱི་ཡེ་ཤེས་ཆེན་པོ་གཞིའི་ཡིན་ལུགས་མངོན་དུ་གྱུར་པ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རྒྱ་མཚོའི་ནང་གི་གཟའ་སྐར་ལྟ་བུར་རོལ་པ་ཆེན་པོ་མངོན་དུ་གྱུར་ཏེ་ཀུན་ཏུ་སྣང་བར་བྱ་བ་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན་ཞེས་བྱ་སྟེ།འདི་ནི་ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་པའི་རྣལ་འབྱོར་ཁོ་ནའི་སྤྱོད་ཡུལ་ལས་གཞན་གྱིས་ནི་མ་ཡིན།གཞན་དག་གི་བློ་ཡིད་ཀྱིས་སེམས་ཅན་ལ་དམིགས་པའམ་མི་དམིགས་པའི་སྙིང་རྗེ་བསྒོམ་པ་ནི་དམིགས་བསམ་ཅན་དུ་གྱུར་ཏེ།ཀུན་ཏུ་སྣང་བ་མངོན་དུ་མི་འགྱུར་བས་དེའི་དོད་དུ་བཞག་པ་ཙམ་ཡིན་པས་ཤེས་པར་མཛོད།རྒྱུའི་ཏིང་ངེ་འཛིན་ཞེས་བྱ་བ་ནི་སྐད་ཅིག་དེ་ཉིད་ལ་ནམ་མཁར་འཇའ་ཚོན་མེད་པ་ལ་འཇའ་ཚོན་འཕྲལ་དུ་ཤར་བ་དང་།ཆུ་ལ་གཟའ་སྐར་མེད་པ་ལ་གཟའ་སྐར་འཕྲལ་དུ་ཤར་བ་བཞིན་དུ།ཆོས་ཉིད་བརྡལ་ཁྱབ་སྤྲོས་པ་དང་བྲལ་བའི་དབྱིངས་ནས་རིག་པ་རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་འོད་དང་འོད་ཟེར་འབར་བ་རུ་གསལ་བ་རྟེན་དང་བརྟེན་པའི་རང་བཞིན་ཐམས་ཅད་འཕྲུལ་པའི་རྒྱུ་ཡིན་ཏེ།དེ་ལྟར་དེ་བཞིན་ཉིད་དང་ཀུན་སྣང་གི་ཏིང་ངེ་འཛིན་གཉིས་ཇི་བཞིན་པར་བསྟན་པ་ནི་བློ་ཡིད་རྣམ་པར་རྟོག་པའི་ཡུལ་ལས་འདས་པ་སྟོང་པ་ཉིད་དང་རིག་པའི་ཡེ་ཤེས་སོ། །རྒྱུའི་ཏིང་ངེ་འཛིན་ནི་དམིགས་གསལ་གཉིས་ལྡན་གྱིས་འཕྲུལ་པ་ཡིན་ནོ། །དེ་ནས་རྒྱུའི་ཡི་གེ་ཧཱུྃ་མཐིང་ནག་གསལ་བ་དེ་ལས་འབྱུང་ལྔ་གནས་སུ་དག་པའི་མཚོན་ཕྱིར་ཨེཿཡཾཿབཾཿལཾཿརཾཿརྣམས་འཕྲོས་པས།ཨེཿཡོངས་སུ་གྱུར་པ་ལས་ནམ་མཁའ་དྭངས་གསལ་འཆར་རུང་གི་ནུས་པ་ཅན་དང་།ཡཾཿལས་སྟོང་པ་རྟེན་མེད་ཀྱི་ཁམས་སུ་རླུང་རི་ནག་པོ་རྡོ་རྗེ་རྒྱ་གྲམ་གྱི་རྣམ་པ་དང་།བཾཿལས་ཞི་བ་གསལ་དག་གི་རྒྱ་མཚོ་ཆུའི་དཀྱིལ་འཁོར་ཟླུམ་ལ་འཁྱིལ་བ།ལཾཿལས་དབང་ཆེན་གསེར་གྱི་ས་གཞི་གྲུ་བཞི་པ།རཾཿལས་དེ་ཐམས་ཅད་ཀྱི་གཤིས་སུ་མེའི་རང་བཞིན་དྲོད་ཀྱི་རྣམ་པ་ཟླ་གམ་པར་གནས་པ་རྣམས་དང་།ཁམས་གསུམ་ལས་རྣམ་པར་རྒྱལ་བའི་བརྡར་ཀེཾཿལས་རུས་པའི་རི་རབ་སུམ་བརྩེགས་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ།དེའི་སྟེང་དུ་འོག་གཞི་སྣ་ཚོགས་རྡོ་རྗེའི་ལྟེ་བར་རྒྱུའི་ཡེ་གེ་དེ་ལས་བྷྲཱུྃ་གཅིག་འཕྲོས་པ་ཡོངས་སུ་གྱུར་པ་ལས།མ་དག་རྟོག་གཉིས་ཀྱི་སྒོ་འགགས་པའི་ཕྱིར་དུ་ཕོ་བྲང་ཞི་དྲག་ཕྱི་ནང་གི་ཚུལ་དུ་བསྐྱེད་པ་ལ།ཕྱི་ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ཁང་ཆེན་པོ་ཡེ་ཤེས་ལྔ་མཚོན་པའི་རྩིག་པ་རིམ་པ་ལྔ་དང་ལྡན་པ།སྐུ་བཞི་མཚོན་ཕྱིར་ཕྱི་གྲུ་བཞི་པ།ཡེ་ཤེས་བཞི་མཚོན་བྱེད་ཕྱོགས་བཞི་ཤར་དཀར་ལ།ལྷོ་སེར་པོ།ནུབ་དམར་པ།བྱང་ལྗང་འོད་དུ་འབར་བ།ཐབས་བདེ་བ་ཆེན་པོ་དང་ཤེས་རབ་སྟོང་པ་ཉིད་ཀྱིས་མཚོན་པའི་སྒོ་ཁང་གཡས་གཡོན་དུ་ཉི་ཟླའི་སེང་སྐར་བཀྲ་བ།ཚད་མེད་བཞི་མཚོན་ཕྱིར་སྒོ་བཞི་ཕྲིན་ལས་བཞིའི་དབྱིབས་དང་ལྡན་པ།ཡེ་ཤེས་ཀྱི་སྣང་བ་མ་འགགས་པའི་མཚོན་བྱེད་རིན་ཆེན་སྣ་ཚོགས་ལས་གྲུབ་པའི་ཐེམ་སྐས་དང་།གྲུ་ཆད་གློ་འབུར་གཉིས་རིགས་བཞིའི་ཁ་དོག་མཛེས་པ།འདོད་ཡོན་གྱི་སྣང་བ་མ་སྤང་རྒྱན་དུ་ཤར་བ་མཚོན་ཕྱིར་རྩིག་རྨང་དུ་འདོད་སྣམ་དང་།གཞི་སྣང་ལྷུན་གྱིས་གྲུབ་པའི་མཚོན་བྱེད་ཁ་ཁྱེར་དུ་ཕ་གུ་དྲྭ་ཕྱེད་ཤར་བུ་མདའ་ཡབ་སོགས་མཛེས་ཤིང་ཡིད་དུ་འོང་བ་དང་། །ཆོས་དབྱིངས་ཡེ་ཤེས་ཀྱི་མཚོན་ཕྱིར་བཻ་ཌཱུཪྻའི་ཡ་ཕུབ་དང་།བདེ་སྟོང་འཕོ་འགྱུར་མེད་པའི་བརྡར་བུམ་པ་དང་བྲེ།ས་ལམ་གྱི་རིམ་པ་ཐམས་ཅད་གཅིག་ཏུ་རྫོགས་པའི་མཚོན་དོན་ཆོས་འཁོར་དང་གདུགས།ཨ་ཏིའི་ཐེག་གསུམ་རྫོགས་ཕྱིར་ཉི་ཟླ་ནོར་བུའི་ཏོག་གིས་མཛེས་པ།ཆོས་ཅན་ཆོས་ཉིད་ཀྱི་ཀློང་དུ་རོལ་བའི་བརྡར་སྒོ་བཞིའི་སྟེང་དུ་རྟ་རྐང་ཆུ་སྐྱེས་སྒྲོམ་ཟར་ཚག་སྣ་འཕྱང་ཆུན་འཕྱང་ཤར་བུ་རྒྱ་ཕུབ་སྟེ་རྟ་བབས་བརྒྱད།དེའི་སྟེང་དུ་རི་དྭགས་ཆོས་ཉན།པདྨ་ཆོས་འཁོར་གདུགས་སོགས་ཀྱིས་བརྒྱན་པ།རྟོག་ཚོགས་གནས་སུ་དག་པ་མཚོན་ཕྱིར་ཟུར་བཞིའི་སྟེང་དུ་མཆོད་རྟེན་བཞིའི་འོག་ཏུ་ཆུ་སྲིན་གྱི་ཁ་བཞི་ནས་ཁྲག་གི་ཞམ་ཆུ་འབེབས་པ།དེ་དག་གི་བར་རྣམས་སུ་མི་མགོས་བརྒྱན་པའི་ཁ་ནས་རུས་པའི་དྲྭ་བ་དང་དྲྭ་ཕྱེད་ཀྱིས་བརྒྱན་པ།རྒྱུ་དྲུག་འཁོར་བ་དབྱིངས་སུ་གཞིག་པ་མཚོན་བྱེད་བསྐལ་བའི་མེ་རླུང་རབ་ཏུ་འབར་བ།མ་དག་འཁྲུལ་པའི་འཁོར་ལོ་རྣམས་གཞོམ་པའི་ཕྱིར་དུ་ཕོ་ཉ་དང་ཐུན་མཚོན་སོགས་བུ་ཡུག་ལྟར་འཚུབས་ཤིང་འཇིགས་སུ་རུང་བ།ཚོགས་ཡུལ་གནས་སུ་དག་བའི་ཆ་དུར་ཁྲོད་ཀྱི་བཀོད་པ་ཡོངས་སུ་རྫོགས་པའི་ཕྱི་རོལ་དུ།ཡེ་ཤེས་ཀྱི་རང་སྣང་ལས་གྲུབ་པའི་སྲུང་བའི་འཁོར་ལོ་རྣམས་ཀྱིས་རིམ་པར་བསྐོར་བར་བསམ།དེ་དག་གི་དབུས་སུ་ལོག་འདྲེན་གདུག་པའི་ཚོགས་རྣམས་འདུལ་ཕྱིར་ཁྲོ་བོའི་གཞལ་ཡས་ཁང་པ་ནང་གྲུ་གསུམ་མཐིང་ནགསྐུ་གསུམ་མཚོན་པའི་མི་མགོ་སྐམ་པོ་རྨང་དང་།རློན་པས་རྩིག་པ་དང་།རྙིང་པས་ཁ་བད་བྱས་ཏེ།བྱང་ཆུབ་ཀྱི་སེམས་མཚོན་པའི་གནམ་ལྕགས་ཀྱི་གཟེར་གདབ་པ།ཐེག་པ་རང་རང་གི་རྒྱུ་དང་ས་ལམ་དང་འབྲས་བུ་རྣམས་རྫོགས་པའི་མཚོན་བྱེད་ལྷ་ཀླུ་གཟའ་དང་ཕྱོགས་སྐྱོང་རྒྱུ་སྐར་རྣམས་ཀྱིས་ཀྭ་བ་དང་གདུངས་མ་གྲལ་གཤམ་བྱས་པ་སོགས།ཁྲོ་བོའི་གཞལ་ཡས་ཁང་གི་བཀོད་པ་རྣམས་ཡོངས་སུ་རྫོགས་པར་གསལ་བའི་དབུས་སུ་ཡུལ་བརྒྱད་གནས་སུ་དག་པའི་འཁོར་ལོ་རྩིབས་བརྒྱད།ཚོགས་བརྒྱད་གནས་སུ་དག་པའི་བྱོལ་སོང་གཙོ་བརྒྱད།སྲིད་པ་ལས་རབ་ཏུ་འཕགས་པའི་རིན་པོ་ཆེའི་ཁྲི།འཁོར་བར་མ་ཆགས་པའི་པདྨ།སྐྱོན་གྱིས་མ་གོས་པའི་ཟླ་བ།སྐྱོན་ཐམས་ཅད་དང་བྲལ་བའི་ཉི་མ།བདག་རྟོག་དབྱིངས་སུ་གསོད་ཅིང་བདག་མེད་མཉམ་པ་ཉིད་དུ་རྟོགས་པའི་མཚོན་བྱེད་ཕུང་བདུད་ཉོན་བདུད་གཉིས་གཡས་སུ་ཁ་སྦུབ་པ་དང་།ལྷ་བདུད་འཆི་བདག་གི་བདུད་གཉིས་གཡོན་དུ་གན་རྐྱལ་དུ་ཡོད་པ།དེའི་སྟེང་དུ་རྒྱུའི་རིག་པ་ཡི་གེ་ཧཱུྃ་དེ་ཉིད་གདན་ཐོག་ཏུ་བབ་པ་ལས།འོད་ཟེར་ཡར་འཕྲོས་པ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ།ཐུགས་དམ་གྱི་རྒྱུད་བསྐུལ་ནས་དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ཐམས་ཅད་འོད་ཟེར་གྱི་རྣམ་པར་འདུས་དེ་ཧཱུྃཿལ་ཐིམ།ཡང་འོད་ཟེར་མར་འཕྲོས་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་བག་ཆགས་ལས་ཉོན་སྡུག་བསྔལ་དང་བཅས་པ་ཐམས་ཅད་ཡུལ་མེད་དུ་སྦྱངས་ནས།དེ་དག་ཐམས་ཅད་གཉིད་བཙན་ཐབས་སུ་སད་པ་བཞིན་དུ་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ་ཏེ།འོད་ཟེར་ཚུར་འདུས་པ་དང་དུས་མཉམ་དུ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་བཀྲག་མདངས་གཟི་བརྗིད་ཐམས་ཅད་དང་།འབྱུང་བ་ལྔའི་དྭངས་བཅུད་དཔལ་ཡོན་ཐམས་ཅད་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པས་ཚུར་འདུས་ཧཱུྃཿལ་ཐིམ་པས།ཧཱུྃཿཡིག་ཡོངས་སུ་གྱུར་པ་ལས་རང་ཉིད་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུ་ཆོས་སྐུ་སྤྲོས་པ་དང་བྲལ་བའི་མཚོན་བྱེད་སྐུ་མདོག་མཐིང་གསྐུ་གསུམ་མཚོན་པའི་དབུ་གསུམ།ངོ་བོ་སྟོང་པའི་ཡེ་ཤེས་མཚོན་བྱེད་སྤྱན་དབུས་མ།རང་བཞིན་གསལ་བའི་ཡེ་ཤེས་མཚོན་བྱེད་སྤྱན་གཡས་པ།ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་མཚོན་བྱེད་སྤྱན་གཡོན་པ།བདེན་གཉིས་ཟུང་དུ་འཇུག་པའི་སྙན་གཉིས།དོན་གཉིས་མཐར་ཕྱིན་པའི་ཤངས་བུག་གཉིས།ཞལ་མཉམ་ཉིད་བདེ་བ་ཆེན་པོ་དང་།ལྗགས་འཁོར་འདས་མཉམ་པར་སྒྲོལ་པའི་བརྡ་དང་།གདོད་ནས་འཁྲུལ་མི་ཤེས་པའི་དབུ་སྐྲ་དམར་སེར་གྱེན་དུ་བརྫེས་པ།ཐབས་ཤེས་གཉིས་མཚོན་པའི་བརྡར་ཉི་ཟླ་གཉིས་ཀྱི་སྙན་རྒྱན་དང་།ཡེ་ཤེས་དྲུག་མཚོན་པའི་ཕྱག་དྲུག་པ།ས་དགུ་མཚོན་པའི་བརྡར་རྡོ་རྗེ་རྩེ་དགུ།སྐུ་ལྔ་ཡེ་ཤེས་ལྔ་མཚོན་བྱེད་རྡོ་རྗེ་རྩེ་ལྔ།དུག་གསུམ་དབྱིངས་སུ་སྒྲོལ་བའི་ཁ་ཊྭཱཾ་རྩེ་གསུམ།ལས་ཉོན་བག་ཆགས་བསྲེགས་པའི་མེ་དཔུང་།བདུད་བཞི་དབྱིངས་སུ་སྒྲོལ་བའི་རི་རབ་ཀྱི་ཕུར་པ།རྫུ་འཕྲུལ་གྱི་རྐང་པ་བཞི་དང་ལྡན་པའི་ཞབས་བཞི།ཚོགས་ཡུལ་རྒྱན་དུ་ཤར་བའི་བརྡ་རྟགས་སུ་དུར་ཁྲོད་ཀྱི་ཆས་དང་དཔལ་ཆས་རྫོགས་པ།མ་རིག་ལོག་རྟོག་བསྲེགས་པའི་མཚོན་བྱེད་མེ་དཔུང་གི་ནང་ན་བཞུགས་པའོ། །སྣང་སྟོང་གཉིས་སུ་མེད་པ་མཚོན་ཕྱིར་ཡུམ་འཁོར་ལོ་རྒྱས་འདེབས་མ་སྐུར་འཁྲིལ་བ།མེ་ལོང་ཡེ་ཤེས་ཀྱི་ངོ་བོ་བཛྲ་ཀཱི་ལ།མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་རཏྣ་ཀཱི་ལ།སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་པདྨ་ཀཱི་ལ།བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཀརྨ་ཀཱི་ལ།རྟོག་ཚོགས་གནས་སུ་དག་པ་མཚོན་ཕྱིར་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྒོ་སྐྱོང་དང་བཅས་པ་ཐམས་ཅད་སྣང་ལ་རང་བཞིན་མེད་པ་འཇའ་ཚོན་ལྟ་བུ་དང་།གསལ་ལ་དེར་འཛིན་དང་བྲལ་བ་མེ་ལོང་ནང་དུ་གཟུགས་བརྙན་ཤར་བ་ལྟ་བུར་བསྐྱེད་པར་བྱའོ། །དེ་ལྟར་བདག་བསྐྱེད་གསལ་བ་ནི་བྱད་དང་གཟུགས་ལྟ་བུ་ལ།མདུན་བསྐྱེད་སྐད་ཅིག་གིས་མེ་ལོང་ལ་གཟུགས་བརྙན་ཤར་བ་ལྟ་བུར་གསལ།བདག་མདུན་གཉིས་ཀྱི་གནས་གསུམ་དུ་འབྲུ་གསུམ་གསལ་བ་ལས་འོད་འཕྲོས་པས་རྒྱལ་བ་རྣམས་ཀྱི་ཐུགས་རྒྱུད་བསྐུལ།དེ་དག་རྣམས་དབང་གི་ལྷ་རིགས་ལྔའི་རྣམ་པར་སྤྱན་དྲངས་ཏེ་ཡེ་ཤེས་ལྔའི་དབང་བསྐུར་བས་ཉོན་ཤེས་ཀྱི་དྲི་མ་དག་པར་བྱས་ཕུང་པོ་ལྔ་རིགས་ལྔའི་སངས་རྒྱས་སུ་གནས་འགྱུར།རྒྱལ་བ་རྣམས་ཀྱི་རྒྱལ་ཚབ་ཏུ་མངའ་གསོལ།འཁོར་འདས་ཀྱི་སྤྱི་དཔལ་ཆེན་པོར་དབུགས་དབྱུང་།ཆུའི་ལྷག་མ་སྤྱི་བོར་བརྟན་པ་ལས་དབང་རྟགས་སུ་རྡོ་རྗེ་ཕྱེད་པས་བརྒྱན་ཅིང་རིགས་ཀྱི་ལྷ་གཙོ་བོར་བཞུགས་པས་རིགས་ལྔས་དབུ་བརྒྱན་པར་བསམ༔ སླར་ཡང་གནས་གསུམ་དུ་འཁོར་ལོ་པདྨ་ཉི་མ་ལ་གནས་པའི་ཡི་གེ་ཨོཾ་དཀར་ཨཱཿདམར་ཧཱུཾ་མཐིང་གི་རྣམ་པར་གསལ་བ་ལས་འོད་འཕྲོས་པས་རྒྱལ་བ་ཐམས་ཅད་འབྲུ་གསུམ་གྱི་རྣམ་པར་བྱུང་ནས་ཐིམ་པས་སྐུ་གསུང་ཐུགས་ཀྱི་ལྷར་རྒྱས་བཏབ་པས་གཉུག་མ་མི་ཤིགས་པའི་རྡོ་རྗེ་གསུམ་མངོན་དུ་གྱུར་པར་བསམ་པའོ། །སྤྱན་འདྲེན་ནི།ཁམས་གསུམ་འཁོར་བའི༴སོགས།སྤྱན་འདྲེན།དེ་ཡང་དོན་དམ་པར་ནི་གཞིའི་རིག་པ་མཐའ་གྲོལ་ཆེན་པོའི་གནས་ལུགས་མངོན་དུ་གྱུར་ཚེ་ཁམས་གསུམ་འཁོར་བའི་ཆོས་སུ་སྣང་བ་ཐམས་ཅད་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་རང་བཞིན་དུ་དག་སྟེ།ཆོས་ཉིད་མཉམ་བརྡལ་ཆེན་པོའི་དབྱིངས་སུ་རོ་གཅིག་ཅིང་འཁོར་འདས་གཞིའི་རོལ་པ་རུ་འཕོས་ཏེ་ངང་གནས་ཀྱི་ཡེ་ཤེས་ཆེན་པོ་མངོན་དུ་བྱེད་པ་སྤྱན་འདྲེན་པ་ཡང་ཡིན། །དེའི་དོད་དུ་སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ཆོས་ཉིད་ནམ་མཁའ་མཛོད་ཀྱི་དབྱིངས་ནས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་རྟེན་དང་བརྟེན་པའི་དཀྱིལ་འཁོར་གྱི་རོལ་པ་ཐམས་ཅད་ཁ་བ་བུ་ཡུག་འཚུབས་པ་བཞིན་དུ་སྤྱན་དྲངས་ཏེ་བདག་དང་སྒྲུབ་རྫས་ཀྱི་སྟེང་དུ་བྱོན་ནས་བདག་མདུན་རྣམས་དང་སྒྲུབ་རྫས་ལ་བསྟིམ་པ་ནི་ཀུན་རྫོབ་ཙམ་མོ། །བཞུགས་གསོལ་ནི།དུས་གསུམ་འཕོ་འགྱུར༴སོགས།བཞུགས་གསོལ།དེ་ཡང་དོན་དམ་པར་དུས་གསུམ་འཕོ་འགྱུར་དང་བྲལ་བ་གཞིར་གནས་ཀྱི་རིག་པ་ངོ་འཕྲོད་དེ་རང་ཐོག་ཏུ་རང་ས་འཛིན་ཅང་རྒྱུད་ལ་བརྟན་པར་བྱ་བ་ཉིད་བཞུགས་གསོལ་ཀྱང་ཡིན།དེའི་དོད་དུ་འཁོར་བའི་སྒོ་དང་བསྟུན་དེ་རྒྱལ་བ་རྣམས་ཀྱི་ཐུགས་དང་མཐུན་པའི་གདན་ཕུལ་ནས་བཞུགས་པར་གསོལ་བས་གདན་ལ་འཁོད་པ་བློ་ཡིད་ཀྱིས་སྤྱོད་ཡུལ་དུ་བསྟན་པ་ནི་ཀུན་རྫོབ་ཙམ་མོ། །ཕྱག་འཚལ་ནི།ལྟ་བའི་རྒྱལ་པོ༴སོགས།མཇལ་བའི་ཕྱག།དེ་ཡང་དོན་དམ་པར་རིག་པ་སྐུ་གསུམ་གྱི་དབྱིངས་ཉིད་ལྟ་བས་གཏན་ལ་ཕབ་སྟེ་བརྡལ་ཁྱབ་སྤྲོས་པ་དང་བྲལ་བ་གདོད་མ་གཞིའི་ཆོས་སྐུ་ཆེན་པོའི་རང་ཞལ་མངོན་དུ་མཇལ་བའི་ཚེ་ན།ལྷུན་གྲུབ་སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི་ངང་རྫོགས་པ་ལ་ངོ་མཚར་ཆེན་པོ་ཐོབ་པར་ལྟ་བ་མཇལ་བའི་ཕྱག་གི་སྒྲ་ཙམ་བརྗོད་པ་ཡིན།དེའི་དོད་དུ་འཁོར་བའི་སྒོ་དང་བསྟུན་པ་མི་རྗེ་རྒྱལ་པོ་ལ་སོགས་པ་ལ་གུས་པ་དང་འདུད་པའི་ཚུལ་དང་བསྟུན་པར།བདག་ལྟར་གསལ་བའི་སྐུ་ལས་ཞིང་གི་རྡུལ་སྙེད་དང་མཉམ་པའི་ཐ་མལ་གྱི་ལུས་ཅན་འཕྲོས་པས་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་ཡོན་ཏན་དྲན་པས་ཕྱག་འཚལ་བ་ནི་ཀུན་རྫོབ་ཙམ་མོ། །མཆོད་པ་ནི།ཆོས་ཅན༴སོགས།ཆེན་པོ།དེ་ཡང་དོན་དམ་པ་ལ་གཞིར་གནས་ཀྱི་རིག་པའི་གནས་ལུགས་ཇི་བཞིན་པར་མཐོང་ཚེ་ཆོས་ཅན་མཚན་མར་འཛིན་པའི་འདོད་ཡོན་གྱི་དངོས་པོ་ཐམས་ཅད་ཆོས་ཉིད་བདེ་གཤེགས་སྙིང་པོའི་རོལ་པར་རྒྱན་དུ་ཤར་བའི་མཆོད་པ་ཆེན་པོ་ཡང་ཡིན།དེའི་དོད་དུ་འཁོར་བའི་སྒོ་དང་བསྟུན་ནས་སྣང་ཞིང་སྲིད་པའི་འདོད་ཡོན་ཐམས་ཅད་མ་བཤམས་རང་བྱུང་གི་མཆོད་པ་རུ་ཤེས་ཏེ་འབུལ་བ་དང་།བཤམས་པའི་རྫས་རྒྱུ་མའི་རྫས་ལྟ་བུ་དང་།སྒྱུ་མའི་རྫས་སྔགས་ལྟ་བུའི་སྤེལ་སྔགས་དང་།སྒྱུ་མའི་དམིགས་པ་ལྟ་བུའི་ཡིད་སྤྲུལ་དང་།ལྟད་མོ་མཁན་ལྟ་བུའི་ལྷར་སྣང་བཀོད་པའི་དབང་ཡུལ་དུ་སྒྱུ་འཕྲུལ་ལྟ་བུའི་འདོད་དགུར་འཕྲུལ་དེ་འབུལ་བ་ནི།ཕྱི་མཆོད་བདུན་དང་།ནང་མཆོད་གཟུགས་སྒྲ་དྲི་རོ་རེག་བྱ་སོགས་འབུལ་བ་དང་།གསང་མཆོད་ནི།ཁམས་གསུམ་སྐུ་གསུང་ཐུགས་ཀྱི་བདུད་རྩིར་བསྒྱུར་ཏེ་འབུལ་བ་དང་།འཁོར་བ་ཁྲག་ཏུ་རོལ་པའི་རཀྟ་དང་།སྣང་སྲིད་བཅུད་དུ་དྲིལ་བའི་གཏོར་མ།སྣང་སྟོང་སྦྱོར་བས་གཟུང་འཛིན་གཉིས་བསྡུས་ཀྱི་ཆོས་ཐམས་ཅད་བྱང་སེམས་དཀར་དམར་དུ་བཞུས་པས་ལྷ་རྣམས་ལ་འབུལ་བ་སྦྱོར་མཆོད་དང་།ཆོས་ཉིད་ཀྱི་ཡུལ་དང་འཕྲལ་རྟོག་ཐབས་ཀྱི་རྡོ་རྗེས་ཁམས་གསུམ་བདག་ལྟའི་རཱུ་ཏྲ་བདག་མེད་དུ་བསྒྲལ་བའི་ཤ་ཁྲག་རུས་གསུམ་དུ་བསྒྱུར་ཏེ་ཕུལ་ནས།ཆོས་ཅན་གྱི་སྣང་བ་ཐམས་ཅད་ཆོས་ཉིད་བློ་འདས་ཆེན་པོར་བསྒྲལ་ནས་བསྒྲལ་མཆོད་དུ་འབུལ་བ་ནི་ཀུན་རྫོབ་ཙམ་མོ། །བསྟོད་པ་ནི།འཁོར་འདས་རྫོགས་པ༴སོགས།བསྟོད་པ་ཉིད་དོ། །དེ་ཡང་དོན་དམ་པ་ཆོས་སྐུ་གཞིར་གནས་གྱི་རིག་པ་མངོན་དུ་གྱུར་བའི་ཚེ་ན་འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཉིད་ཆེན་པོ་གཅིག་གི་རོལ་པ་རུ་ངོ་ཤེས་ཏེ་ངང་རྟོགས་པ་ནི་རྫོགས་པ་ཆེན་པོའི་གནས་ལུགས་དང་ཡིན་ལུགས་ཐམས་ཅད་ཇི་བཞིན་པར་མཐོང་བ་ཉིད་ཡིན་པས།དེ་ལ་ངོ་མཚར་བ་དང་གློ་ཐུབ་པའི་དགའ་བ་དང་འབྲས་བུ་སྐུ་དང་ཡེ་ཤེས་ཀྱི་ཡོན་ཏན་ཐམས་ཅད་གཞི་རང་གི་ཆོས་ཉིད་དུ་ཡེ་ནས་རྫོགས་པའི་དོན་མཐོང་བས་ཡིད་ཆེས་པ་ནི་དོན་གྱི་བསྟོད་པ་ཉིད་ཡིན་ནོ། །དེའི་དོད་དུ་རང་ལས་སྤྲུལ་བའི་དཔའ་བོ་མཁའ་འགྲོ་དཔག་ཏུ་མེད་པས་རོལ་མོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་དང་།གླུ་དབྱངས་སྙན་པས་ལྷ་ཚོགས་རྣམས་ཀྱི་སྐུ་གསུང་ཐུགས་ལ་བསྟོད་པ་ནི་ཀུན་རྫོབ་ཙམ་མོ། །སྣ་ཚོགས་སྣང་བ༴སོགས།རོལ་པ་སྟེ།མདོར་ན་སྣ་ཚོགས་ཀྱི་སྣང་བ་རྣམས་མ་འདྲེས་སོ་སོར་གསལ་བ་ནི་ལྷུན་གྲུབ་སྒོ་བརྒྱད་ཀྱི་ཚུལ་དུ་རྣམ་པར་དག་ཅིང་ལྷའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པ་ཡིན།དེ་ཡང་སྐུ་ལྟར་ཤར་བས་ཞིང་དང་གཞལ་ཡས་ཀྱི་བཀོད་པ་རང་སྣང་།འོད་ལྟར་ཤར་བས་འོད་ལྔ་མ་འདྲེས་སོ་སོར་གསལ།ཐུགས་རྗེ་ལྟར་ཤར་བས་མཁྱེན་པའི་ཡེ་ཤེས་དང་བརྩེ་བའི་སྙིང་རྗེ་འགོགས་པ་མེད།གཉིས་མེད་ལྟར་ཤར་བས་རིག་པ་རང་དེ་ལྟར་ཤར་བས་ཐ་དད་པར་གཉིས་སུ་མེད།མཐའ་གྲོལ་ལྟར་ཤར་བས་ཡོད་མེད་གང་གི་མཐར་མ་ལྷུང་།ཡེ་ཤེས་ལྟར་ཤར་བས་གཞི་ལམ་འབྲས་བུའི་རིམ་པ་རྣམས་ཀྱང་དོན་ཐ་དད་དུ་མ་ཡིན་པར་ངོ་བོ་ཉིད་དང་རོ་གཅིག་པར་མཁྱེན།མ་དག་འཁོར་བའི་སྒོ་ལྟར་དུ་ཤར་བས་སྣོད་བཅུད་ཀྱི་སྣང་བ་ཐམས་ཅད་མེད་ལ་ཡོད་པར་སྣང་བ་སྒྱུ་འཕྲུལ་བཞིན་དུ་ཤར།དག་པ་མྱང་འདས་ཀྱི་སྒོ་ལྟར་ཤར་བས་རང་སྣང་ཡེ་ཤེས་ཆེན་པོའི་སྤྱོད་ཡུལ་དུ་དག་པ་རབ་འབྱམས་ཆོས་ཉིད་ཀྱི་འཁོར་ལོར་རྫོགས་པ་ཡིན་ནོ། །དེའི་ཕྱིར་ན་སྣང་བའི་བཀོད་པ་མ་འདྲེས་སོ་སོར་གསལ་བ་ནི་སྐུའི་བཀོད་པ་དང་།དེ་དག་ཀྱང་རྒྱུ་རྐྱེན་སོ་མས་གསར་དུ་མ་བསྐྱེད་པར།དག་པ་ཡེ་ཤེས་ཀྱི་རླུང་ལྔའི་རོལ་པར་ལྷུན་གྱིས་གྲུབ་ཅིང་རླུང་གདངས་སྔགས་སུ་ཡེ་ནས་རྫོགས་པས་ན་གསུང་གི་འཁོར་ལོ།སྣང་ཆ་སྐུ་དང་གྲག་པ་སྔགས་ཀྱི་རོལ་པར་ཤར་བ་ཡང་ཀ་དག་སྤྲོས་མཐའ་དང་བྲལ་བའི་དབྱིངས་ཉིད་ལས་མ་གཡོས་པའི་ཕྱིར་ན་ཐུགས་ཀྱི་རོལ་པ་ཡིན་ཏེ།ཀུན་མཁྱེན་བླ་མས།འདི་ལྟར་གཟུགས་སུ་སྣང་བ་ཐམས་ཅན་ཀུན། །དབྱིངས་ཀྱི་རྒྱན་ཏེ་སྐུ་ཡི་འཁོར་ལོར་ཤར། །མ་ལུས་གྲག་པའི་སྒྲ་སྐད་ཇི་སྙེད་ཀུན། །དབྱིངས་ཀྱི་རྒྱན་ཏེ་གསུང་གི་འཁོར་ལོར་ཤར། །དྲན་རྟོག་འགྱུ་འཕྲོ་མི་རྟོག་བསམ་ཡས་ཀྱང་། །དབྱིངས་ཀྱི་རྒྱན་ཏེ་ཐུགས་ཀྱི་འཁོར་ལོ་ཤར། །འགྲོ་བ་རིགས་དྲུག་སྐྱེ་གནས་བཞི་པོ་ཡང་། །ཆོས་དབྱིངས་ངང་ལས་གཡོས་པ་རྡུལ་ཙམ་མེད། །ཅེས་གསུངས་པ་བཞིན་ནོ། །སྐུ་དང་ཡེ་ཤེས༴སོགས།མཚན་ཉིད་ཡིན་ནོ། །དེ་ལྟར་སྐུ་དང་ཡེ་ཤེས་ཀྱི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་རྟོགས་པ་ནི།དཔེར་ན་ཡིད་བཞིན་གྱི་ནོར་བུའི་མཚན་ཉིད་མཐོང་བས་འདོད་དགུ་རང་བྱུང་བ་ལྟར་དོན་གཉིས་ལྷུན་གྲུབ་ཀྱི་བྱ་བ་མཐར་ཕྱིན་པས་ན་ཡོན་ཏན་དང་།གནས་སྐབས་སུ་རྣམ་བཞིའི་ཕྲིན་ལས་ཀུན་ལ་དབང་བསྒྱུར་ཞིང་ལས་དང་དངོས་གྲུབ་ཐམས་ཅད་འབད་མེད་དུ་འབྱུང་བ་ནི་ཕྲིན་ལས་ཏེ་རྫོགས་ཆེན་རིག་པའི་མཚན་ཉིད་ཡིན་ནོ། །དབང་བཞི་ཡང་དེ༴སོགས།ཤེས་པར་གྱིས་ཤིགདེ་ལྟར་ཤེས་ཤིང་རྟོགས་པར་གྱུར་ན་དབང་བཞི་ཡང་བསྐུར་ཐོབ་དང་བྲལ་བར་གཞི་ལ་ཡེ་ནས་རྫོགས་པ་ཡིན་ཏེ།འཁོར་འདས་སྟོང་ཉིད་ཆེན་པོར་གཏན་ལ་ཕབ་པས་སྣང་ཆ་སྐུའི་བཀོད་པ་རྫོགས་ཤིང་སྟོང་ཆ་རིག་པ་ཟང་ཐལ་ཆེན་པོའི་གཤིས་རང་གནས་བདེ་བ་ཆེན་པོར་རྟོགས་པས་སྣང་སྟོང་ཡེ་ཤེས་སུ་མངོན་དུ་གྱུར་པའི་ཕྱིར་ན་སྐུ་བུམ་བའི་དབང་རྫོགས།དག་པ་འོད་ལྔ་ལྷུན་གྲུབ་ཀྱི་རོལ་པ་སྣོད་བཅུད་དུ་སྣང་བ་ཐམས་ཅད་ཀྱང་ཡེ་ཤེས་ཀྱི་རླུང་གི་སྙིང་པོ་ཅན་ལས་མ་འདས་ཤིང་།རླུང་གསལ་བའི་ཆ་ལས་ཟིན་དང་མ་ཟིན་པའི་སྒྲ་རྣམས་འབྱུང་ཡང་།ངོ་བོ་སྟོང་པའི་ཆ་ལས་གསུང་གི་གསང་བ་བསམ་གྱིས་མི་ཁྱབ་པ་བརྗོད་མེད་ནཱ་དའི་རང་སྒྲར་གདོད་ནས་དག་པས་ན་གསལ་སྟོང་དབྱེར་མེད་ཀྱི་དོན་མངོན་དུ་གྱུར་པ་ཡིན་ཏེ་གསུང་གསང་བའི་དབང་རྫོགས།འགྱུ་ཆ་སེམས་ཀྱིས་བསྡུས་པ་ཐམས་ཅད་ཀྱང་དོན་དུ་རིག་སྟོང་རྣམ་པར་མི་རྟོག་པའི་ངོ་བོ་ལས་མ་འདས་ཤིང་།བདེ་བ་ཆེན་པོའི་ཡེ་ཤེས་ཀྱི་རྩལ་སྣང་འབའ་ཞིག་ཏུ་ཤར་བ་ཡིན་ཏེ།བདེ་སྟོང་གཉིས་སུ་མེད་པ་སྤྲོས་བྲལ་ཆོས་ཉིད་ཀྱི་དོན་ལ་མཉམ་པར་བཞག་པ་ཙམ་གྱིས་རང་གནས་ཡེ་ཤེས་ཆེན་པོ་མངོན་དུ་གྱུར་པ་ཡིན་པའི་ཕྱིར་ན་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་རྫོགས།དེ་ལྟར་གཞི་ཆོས་ཉིད་ཆེན་པོ་དང་ལམ་སྣང་ལྷུན་གྲུབ་ཀྱི་འཁོར་ལོར་དབང་བསྒྱུར་བའི་ཚེ་ན་རིག་སྟོང་རྣམ་པར་མི་རྟོག་པའི་ཡེ་ཤེས་སྨྲ་བསམ་བརྗོད་པ་དང་བྲལ་བའི་གནས་ལུགས་མངོན་དུ་གྱུར་པ་ཡིན་པའི་ཕྱིར་ན་ཀ་དག་ཚིག་གི་དབང་རྣམས་རྫོགས་པ་ཡིན་ནོ། །དེའི་གནད་ཀྱིས་ཕུང་པོ་འོད་སྐུར་གྲོལ་བ་དང་།ངག་གི་ནུས་པ་འཇུག་པས་ཆོས་རྣམས་ཀྱི་གནས་ལུགས་ལ་དབང་བསྒྱུར་བ་དང་།སེམས་ཆོས་སྐུར་འཕོས་ནས་འཁྲུལ་སྣང་རྒྱུན་ཆད་པ་དང་།རང་ཐོག་ཏུ་རང་སད་ནས་ནང་གསལ་གཞོན་ནུ་བུམ་སྐུར་དོན་གྱི་སངས་རྒྱས་བརྙེས་པ་ཡིན་ནོ། །ད་ལྟ་གཞན་རྗེས་སུ་འཛིན་ཕྱིར་དབང་སྒོ་དུ་མ་བསྟན་པ་ཡང་རང་དོན་དུ་རྟོགས་པས་བདག་གྲོལ་བའི་རྣལ་འབྱོར་པ་རྣམས་ཀྱི་སྤྱོད་ཡུལ་ལས།རང་མ་གྲོལ་བཞིན་དུ་གཞན་རྗེས་སུ་འཛིན་པར་སྐད་པ་ནི་བྱེ་མ་བཙིར་བ་ལ་མར་མི་འབྱུང་བ་བཞིན་ཡིན་ཏེ།དཔེར་ན་རང་ལ་མི་དབང་བའི་རྒྱལ་པོ་གཞན་གྱི་རྒྱལ་ས་སྤྲང་པོ་ལ་སྦྱིན་ཟེར་བ་ཐོབ་རྒྱུ་ཅུང་ཟད་མེད་པ་དང་འདྲ་མཚུངས་པ་ཡིན།དེས་ན་ཞི་ཁྲོ་རྒྱལ་བའི་དཀྱིལ་འཁོར་ཐམས་ཅད་རང་གི་རིག་པའི་རྩལ་ལས་གཞན་ན་མེད་པར་ཐག་ཆོད་པའི་རྣལ་འབྱོར་བས།སློབ་མ་ལྷར་གསལ་ཞིང་བྱིན་དབབ་པ་དང་།སློབ་མས་ཀྱང་བླ་མའི་དབང་ཚིག་རྣམས་བརྗོད་པ་དང་མཉམ་དུ་བླ་མ་དང་མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ལྷ་གཉིས་པ་རེ་ཆད་ནས་གནས་རྣམས་སུ་ཐིམ་པས་ལྷ་སོ་སོའི་དཔལ་དང་ཡོན་ཏན་རྫོགས་པར་མོས་ཤིང་ཐེ་ཚོམ་མེད་ན་དབང་ཐོབ་པ་ནི།དཔེར་ན་མཐོ་ཐང་དང་རྒྱལ་སྲིད་ལ་མངའ་དབང་བསྒྱུར་བའི་རྒྱལ་པོ་དེས་གཞན་ལ་མངའ་ཐང་དང་ལོངས་སྤྱོད་སྟེར་བ་ཐོབ་རྒྱུ་ཡོད་པ་ལྟ་བུ་ཡིན་ནོ། །དེ་ལྟར་རྫོགས་པའི༴སོགས།ཁ་དྲང་བ་ཡིན་ནོ། །དེ་ལྟར་སྐུ་དང་ཡེ་ཤེས་ལམ་དང་འབྲས་བའི་ཆོས་ཐམས་ཅད་གཞི་རང་ལ་ཡེ་ནས་རྫོགས་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ངོ་ཤེས་ཤིང་གནས་ལུགས་དང་ཡིན་ལུགས་རྟོགས་པ་ནི་རྫོགས་པ་ཆེན་པོའི་ལྟ་བ་དང་གྲུབ་མཐར་ངེས་པ་ཡིན་ནོ། །དེ་ལྟར་ངེས་པ་དོན་གྱི་གནས་ལུགས་དང་ཡིན་ལུགས་སོགས་ཚུལ་བཞིན་མ་མཐོང་ཞིང་མ་རྟོགས་པའི་དབང་གིས་སྔོན་ཡང་འཁོར་བར་འཁྱམས་པ་དང་།ད་དུང་ཡང་འཁོར་བ་ལས་མ་འདས་ཏེ།ཅིའི་ཕྱིར་ཞེ་ན་གཞི་གདོད་ནས་སྐུ་གསུམ་དག་མཉམ་དུ་རྫོགས་པའི་དབྱིངས་ཉིད་མ་རིག་པས་བསྒྲིབ་སྟེ།གཞིའི་རང་ཞལ་མ་མཐོང་བ་ནི་དཔེར་ན་ཆུ་རང་གྲོལ་དུ་ཡོད་པ་གྲང་ལྷག་གི་ངད་པས་འཁྱག་པ་རུ་བསྡམས་པ་དང་།དབུལ་པོའི་ཁྱིམ་དུ་གསེར་དང་ནོར་བུ་ཡོད་ཀྱང་ངོ་མ་ཤེས་པའི་དབང་གིས་དབུལ་འཕོང་གི་འབྱོར་རྒུད་མི་སེལ་ལྟ་བུར།གཞིའི་ཡིན་ལུགས་དང་གནས་ཚུལ་མི་ཤེས་པའི་དབང་གིས་ལུས་ངག་གི་དགེ་བ་ཙམ་གྱིས་མཐོ་རིས་གསུམ་དང་།མི་དགེ་བའི་འབྲས་བུས་ངན་སོང་གསུམ་སྟེ།འཁོར་བར་བསོད་ནམས་བསགས་པ་ཙམ་ལས་མེད་པ་ཡིན་ནོ། །དོན་དམ་པར་གཞི་བདེ་གཤེགས་སྙིང་པོའི་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་རང་རྩལ་དུ་རྫོགས་པ་རྟེན་གཞལ་ཡས་ཁང་དང་བརྟེན་པ་ལྷའི་འཁོར་ལོ་ལ་སོགས་པ་ཐམས་ཅད་སོ་སོར་བཤད་པ་རྣམས་ནི།གདུལ་བྱ་རྟག་འཛིན་ཅན་རྣམས་ཀུན་རྫོབ་རྩོལ་བཅས་ཀྱི་ལམ་ལ་བརྟེན་ནས།དོན་དམ་རྩོལ་མེད་སྤྲོས་བྲལ་གྱི་དབྱིངས་སུ་ཁ་དྲངས་པའི་ཐབས་སུ་བསྟན་པ་ཡིན་ནོ། །དེ་ནི་གསལ་དག་སྟོང་པ་གསུམ་གྱི་མན་ངག་སྲོག་སྡོམ་གཟེར་བཞིའི་གནད་དང་ལྡན་པས་འབྲས་བུ་བླ་ན་མེད་པའི་དབྱིངས་སུ་ཁ་དྲང་བ་ཡིན་ཏེ།དེ་ལ་གསལ་བ་ལྷའི་གཟེར་དང་།ཏིང་ངེ་འཛིན་གྱི་གཟེར།ཆོས་ཉིད་ལྟ་བའི་གཟེར།འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་བཞིར་འདུས་པ་ལས།དེ་ཡང་དང་པོ་གསལ་བ་ལྷའི་གཟེར་ནི།ཡི་དམ་དེའི་སྐུ་མདོག་ཕྱག་མཚན་རྒྱན་ཆ་ལུགས་ཐམས་ཅད་ཡིད་ཡུལ་དུ་བཀྲ་ལམ་མེར་གསལ་བས་ཐ་མལ་གྱི་མངོན་ཞེན་ལྡོག་པ་ཡིན།དེ་ཡང་དག་དྲན་གྱི་གནད་དང་ལྡན་ན་བསྐྱེད་རིམ་རང་རྒྱུད་དུ་མི་གོལ་བ་ཡིན།གཉིས་པ་ཏིང་ངེ་འཛིན་གྱི་གཟེར་ནི།བདག་ལྷ་རུ་ཤེས་པའི་ང་རྒྱལ་བརྟན་པར་བྱེད་པ་ཡིན་ཏེ།དེ་ཡང་དེ་སྔ་ཡན་ཆད་དུ་འཁོར་བར་འཁྱམས་པའི་དུས་སུ་སེམས་ཅན་རྣམས་ཀྱི་ལུས་སུ་སྣང་བ་ལ་བདག་ཏུ་འཛིན་པའི་ཤེས་པ་བག་ལ་ཉལ་བ་དེ་ངར་འཛིན་ཡིན་ལ།དེ་ནི་སྣང་སེམས་ཐམས་ཅད་ཀྱི་བྱེད་པོ་ཡིན་པས།དེའི་གཉེན་པོར་བདག་ལུས་ལྷ་རུ་གསལ་བ་དང་།ལྷ་ཡིན་གྱི་ཤེས་པ་གོ་མ་འགགས་པའི་ང་རྒྱལ་བརྟན་པར་བྱས་ཏེ་གསལ་སྣང་ཐོན་པ་ན་མཐར་གསལ་བརྟན་གྱི་ཚད་བརྒྱད་ཀློང་དུ་གྱུར་ཏེ།མངོན་སུམ་པར་མཐོང་རེག་གི་ཡུལ་དུ་གྱད་དུ་གྱུར་བར་ངེས་པ་ནི།རྡོ་རྗེ་འཆང་གིས་གཡོ་མེད་མོས་གུས་ཟླ་དྲུག་གིས། །རྡོ་རྗེ་འཆང་གི་ས་ཐོབ་འགྱུར། །ཞེས་གསུང་པ་ལྟར་རོ། །དེ་ཡང་མི་ཚིག་གི་ངག་དང་མ་འདྲེས།སྟན་གྱི་དྲོད་མ་ཡལ།ཤེས་པ་གཞན་དུ་མ་ཡེངས་པར་བསྒྲུབ་དགོས་ཏེ།རྒྱུད་ལས།ཏིང་འཛིན་གཟེར་ནི་ཐོད་སྐུ་ལ། །རྩེ་གཅིག་སེམས་བཟུང་ཡེངས་མེད་བྱ། །ཞེས་གསུངས་པ་བཞིན་དུ་ལེ་ལོ་མེད་པར་ཉམས་སུ་ལེན་པ་ནི་ཏིང་ངེ་འཛིན་གྱི་གཟེར་ཡིན་ནོ། །གསུམ་པ་ལྟ་བའི་གཟེར་ནི།ཡ་གི་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་མ་གི་འཇག་མའི་སྲིན་བུ་ཡན་ཆད་བདེ་གཤེགས་སྙིང་པོ་གཅིག་གི་རོལ་པ་ལས་མ་འདས་པར་ཐག་ཆོད་དགོས་ཏེ།དེ་ལྟར་མ་རྟོག་པ་རྣམས་ཀྱི་ཡེ་ཤེས་པ་བསྒྲུབ་ཀྱང་དངོས་མཚན་ཅན་དུ་བཟུང་བས།འཇིག་རྟེན་པ་ཤ་སྟག་ལས་ཡེ་ཤེས་པ་གྲུབ་མི་སྲིད་པ་ནི།དཔེར་ན་དུག་གི་ནང་ན་སྨན་མེད་པ་ལྟར་རོ། །དེ་ནི་སྟོང་ཉིད་མ་རྟོགས་པས་ལན་པ་ཡིན་ནོ། །སྟོང་ཉིད་ཇི་བཞིན་པར་རྟོགས་ན།སྔོན་རྣལ་འབྱོར་པ་ཞིག་གིས་ཐེའུ་རང་བསྒྲུབ་པས་ཕྲིན་ལས་རྣམ་པ་བཞིའི་དངོས་གྲུབ་འབད་མེད་དུ་ཐོབ་པ་ལྟར་རོ། །སྟོང་ཉིད་མ་རྟོགས་ན་ཀུན་ཏུ་བཟང་པོ་བསྒྲུབ་ཀྱང་འཇིག་རྟེན་པར་འགྲུབ་པ་དང་།ཞི་བ་བསྒྲུབ་པས་གཟུགས་ཁམས་ཀྱི་ལྷ་དང་།ཁྲོ་བོ་བསྒྲུབ་པས་བདུད་དང་རཱུ་ཏྲ་སོགས་སུ་འགྱུར་བའི་ཚུལ་ནི།རྒྱུད་ལས།དགོངས་པ་མི་འགྱུར་གཟེར་མེད་ན། །དཔལ་ཆེན་བསྒྲུབ་ཀྱང་ཐུན་མོང་ལས། །མཆོག་མི་འགྲུབ་ཅིང་རཱུ་ཏྲར་གོལ། །ཞེས་གསུངས་པ་བཞིན་ནོ། །དེས་ན་སྣང་སྲིད་འཁོར་འདས་ཐམས་ཅད་རང་སྣང་གི་རོལ་པ་ཡིན་ཀྱང་།ཡོད་འཛིན་གྱི་ཤེས་པ་གཅིག་གིས་སྣོད་བཅུད་འདོད་ཡོན་ཐམས་ཅད་བདེན་གྲུབ་ཅན་དུ་སྣང་ཞིང་།གཟུང་འཛིན་གཉིས་ཀྱིས་མེད་ལ་ཡོད་པར་བཟུང་ནས་འཁྲུལ་པ་ཡིན་པའི་ཚུལ་ནི།དགེ་བཤེས་སྦྲུལ་མདོ་བ་དང་།མུ་སྟེགས་བྲག་སྒོམ་པ་ལྟ་བུ་ཡིན།སྔོན་ལྷའི་བུས་འཇམ་དཔལ་ལ།རི་རབ་དང་ཉི་ཟླ་སོགས་སྣོད་བཅུད་འདི་ཅི་ལས་བྱུང་ཞུས་ཚེ།སེམས་ཅན་གཅིག་གི་སེམས་རྟོག་ལས་བྱུང་གསུངས།སེམས་རྟོག་ཙམ་གྱིས་ཅིའི་ཕྱིར་འབྱུང་ཞུས་ཚེ།སྔོན་ཝ་ར་ན་སིའི་རྒན་མོ་ཞིག་གིས་ཚེ་སྟོད་རང་ལུས་སྟག་ཏུ་བསྒོམ་པས།ཚེ་སྨད་སྟག་ཏུ་མངོན་སུམ་དུ་གྱུར་ནས་གྲོང་ཁྱེར་མང་པོ་འཇོམས་པར་སྐད་པའི་ལོ་རྒྱུས་སོགས་ཡོད་པ་ལྟར།ཐོག་མ་མེད་པའི་དུས་ནས་ཨ་མཐས་བདེན་གྲུབ་ཏུ་བཟུང་ན་འདི་ལྟར་ལོས་སྣང་གསུངས་པ་བཞིན་ཡིན་པས།ཆོས་ཐམས་ཅད་སྟོང་ཉིད་ཡིན་ཚུལ་ཤེས་དགོས་པའི་དོན་དེ་ཡིན་ནོ། །དེའི་ཕྱིར་ན་སྣོད་བཅུད་རང་སྣང་དུ་ཐག་ཆོད་ནས་དེའི་ངང་དུ་བཟོ་མི་འཆོས་པར་འཇོག་དགོས་པ་ཡིན་ཏེ།མ་ཅིག་གི་ཞལ་ནས།ཡིད་ལ་ཅི་ཡང་མ་བྱས་ན། །བགེགས་དང་གོལ་ས་ཞེས་བྱ་མེད། །ཅེས་གསུངས་པ་བཞིན་ནོ། །རྟོག་གེ་བ་རྣམས་ཀྱིས་བཟོ་མེད་དུ་རང་ཁར་འདུག་པ་ཧ་ཤང་གི་ལྟ་བ་རེད་ཟེར་ཡང།ཧ་ཤང་གི་མཚན་ཉིད་ནི་སུས་ཀྱང་མི་ཤེས་ཏེ།སངས་རྒྱས་ཀྱི་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་བློ་ལ་འཆད་ནུས་པ་ཞིག་ཡིན་པའི་ཕྱིར་རོ། །དབང་པོ་ཤིན་ཏུ་རྣོན་པོ་སྟེ།སྔོན་སློབ་དཔོན་ཀ་མ་ལ་ཤི་ལས།ཕྱགས་ཤིང་ཀླད་ལ་བསྐོར་ནས་ཁམས་གསུམ་འཁོར་བའི་རྩ་བ་གང་ཡིན་བརྡ་ཐབས་ཀྱིས་དྲིས་ཚེ།བེར་གྱི་ཐུ་བ་གཉིས་བརྡབ་ནས་གཟུང་འཛིན་གཉིས་ཡིན་ཚུལ་ལན་དུ་འདེབས་ནུས་པ་ཡིན་ཚེ།བརྡ་དང་བརྡ་ལན་གོ་བའི་དབང་པོ་རྣོན་པོ་ཡིན་ཏེ།སངས་རྒྱས་ཀྱི་རྣམ་མཁྱེན་ཁོ་ནས་སྤྱོད་ཡུལ་ལས་གཞན་གང་གིས་ཀྱང་ཁ་ཚོན་གཅོད་དུ་མེད་ཅེས་གསུངས་པས།སུས་ཀྱང་ཧ་ཤང་གི་རྒྱུད་ཚོད་ནི་རྟོགས་པ་མ་ཡིན་ནོ། །ལར་སྣོད་བཅུད་རང་རྒྱུད་པར་ཡོད་པར་འདོད་ན་སྟོང་ཉིད་མ་ཡིན།སྟོང་པར་འདོད་ཀྱང་རང་ངོས་ལས་སྟོང་པ་ཙམ་ལས་མི་འདོད་ན།ཕུར་ཁུང་ལྟ་བུའི་སྟོང་པ་གྲངས་མང་བ་དང་།མི་སྟོང་པ་ལ་སྟོང་པའི་རྒྱས་འདེབས་ཙམ་ལས་སྟོང་ཉིད་ཡང་དག་པ་མ་ཡིན་ནོ། །འཁོར་འདས་གཞི་གཅིག་ཏུ་འདོད་ན་སེམས་ཅན་གཅིག་སངས་རྒྱས་ཚེ་སེམས་ཅན་ཐམས་ཅད་དུས་གཅིག་ཏུ་སངས་རྒྱས་པར་འདོད་དགོས།གཞི་གཅིག་ཏུ་འདོད་ཀྱང་མཉམ་དུ་སངས་རྒྱས་པར་མི་འདོད་ཟེར་ན།གཞི་དུམ་བུ་གཅིག་སངས་རྒྱས་ཀྱང་།མཐར་སེམས་ཅན་གྱི་གཞིར་འདྲེས་ནས་སླར་ཡང་འཁྲུལ་པར་འགྱུར་རོ། །སེམས་ཅན་རང་རྒྱུད་པར་ཡོད་པར་འདོད་པས་ཕན་ཅི་ཐོགས། །སེམས་རང་རྒྱུད་པ་མེད་པར་ཤེས་པས་གནོན་ཅི་བསྐྱལ།དེ་ནི་དོན་མེད་པའི་རྩོད་པ་ཡིན།ཐོག་མ་མེད་པའི་དུས་ནས་ཡོད་འཛིན་གྱི་དབང་གིས་རིགས་དྲུག་ཏུ་སྣང་ཞིང་འཁྲུལ་པ་ཡིན་པས།ཆོས་ཐམས་ཅད་གདོད་ནས་སྟོང་ཞིང་བདག་མེད་པར་ཤེས་པ་ནི་གནད་ཡིན་ནོ། །དེང་སང་གི་དུས་སུ་དེ་ལྟར་མ་རྟོགས་པ་མང་བས་ཐམས་ཅད་རྩོད་པ་བྱེད་ན་ཡང་།རང་གི་ལྟ་སྒོམ་གྱི་ཕུ་ཐག་ནང་ནས་ཆོད་པ་ཞིག་མ་བྱས་ན།ལམ་ལོག་པར་འགྲོ་ཉེན་ཡོད་པས་ལྟ་བའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་ནས་གཞན་ལ་སྒྲོ་དོགས་གཅོད་མི་དགོས་པ་ཞིག་བྱེད་པ་ནི་གལ་ཤིན་ཏུ་ཆེ་བ་ཡིན་ཏེ།རྫོགས་པའི་སངས་རྒྱས་ཀྱིས།བསྲེགས་དམར་བཅད་དཀར་བརྡར་སེར་བའི་གསེར་བཞིན་དུ། །ལེགས་པར་བརྟགས་པ་ང་ཡི་བཀའ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་རྒྱུ་མ་ནོར་བ་ལྟ་བའི་མཚན་ཉིད་རྟོགས་པ་ནི་དགོངས་པ་མི་འགྱུར་བའི་གཟེར་ཡིན་ནོ། །བཞི་པ་འཕྲོ་འདུ་ཕྲིན་ལས་ཀྱི་གཟེར་ནི།འཛབ་དགོངས་རྣམ་པ་བཞི་སྟེ།དང་པོ་བཀོད་པའི་བཟླས་པ་ཟླ་བ་སྐར་ཕྲེང་ལྟ་བུ་ནི།རང་ཉིད་ཡི་དམ་གྱི་ལྷ་སྣང་སྟོང་འོད་ཀྱི་ལུས་ཅན་ཕྲུ་མ་ཕུས་བཀང་བ་ལྟ་བུའི་ཐུགས་ཀའི་ཐད་དུ་པདྨ་དང་ཉི་མའི་གདན་ལ།ཡེ་ཤེས་སེམས་དཔའ་ཚོན་གང་བ་རྡོ་རྗེ་མི་བསྐྱོད་པ་མཐིང་ནག་རྡོ་རྗེ་དང་དྲིལ་བུ་བསྣོལ་སྟབས་སུ་འཛིན་པ་ཞི་བའི་ཚུལ་དགུ་དང་ལྡན་པ་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ།ཡེ་ཤེས་ལྔའི་འོད་ཕུང་རབ་ཏུ་འཁྲིགས་པའི་ཀློང་དུ་གསལ་བའི་ཐུགས་ཀར་ཉི་མའི་གདན་སྲན་མ་གླེབ་པ་ཙམ་གྱི་ལྟེ་བར་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་ནས་འབྲུ་ཙམ་གྱེན་བསླང་དུ་ཡོད་པའི་སྟེ་བའི་ནང་དུ།ཤེས་རབ་ཉི་མའི་དཀྱིལ་འཁོར་དང་།ཐབས་ཟླ་བའི་དཀྱིལ་འཁོར་གཉིས་དཀར་ཆ་སྟེང་དང་།དམར་ཆ་འོག་ཏུ་ཡོད་པའི་གྭའུ་ཡུང་འབྲུ་ཙམ་གྱི་ཁོང་གསེང་དུ་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་མཐིང་ནག་སྤུས་བྲིས་པ་ལྟ་བུ་ཤིན་ཏུ་ཕྲ་བ་གདོང་སྔོན་དུ་བསྟན་ཅིང་རྣམ་བཅད་རྒྱབ་དུ་ཡོད་པ།འཁོར་འདས་ཀུན་གྱི་སྲོག་སྙིང་གཅིག་ཏུ་འདུས་པའི་ངོ་བོར་བསྒོམས་ཏེ།དེའི་ཐིག་ལེའི་ནང་དུ་བླ་མ་དང་།ཟླ་ཚེས་ལ་ཡི་དམ།མགོ་ཚེག་ཏུ་མཁའ་འགྲོ།ཧ་ཁོག་ཏུ་ཆོས་སྐྱོང་ཐམས་ཅད་གསལ་གདབ།ཞབས་ཀྱུའི་ནང་དུ་ལྷ་སྲིན་སྡེ་བརྒྱད་ཀྱི་སྲོག་སྔགས་རྣམས་མགོ་ཐུར་བསྟན་གྱི་ཚུལ་དུ་གནས་པར་བསྒོམ།ཧ་ཁོག་དཔུང་པ་གཡས་སུ་བསྲུང་བྱ་ཕོ།གཡོན་དུ་བསྲུང་བྱ་མོ།མདུན་དུ་བུ་སློབ།རྒྱབ་ཏུ་འཁོར་གཡོག་མངའ་རིས་ལོངས་སྤྱོད་གང་གཅེས་ཐམས་ཅད་གསལ་གདབ་པ་དང་།བསྲུང་བྱ་སྤྱི་རྣམས་ལྷའི་གྲལ་དུ་སྦ་བ་ལས་སྲོག་སྙིང་དུ་སྦ་བར་མི་བྱའོ། །དེ་ལྟ་བུའི་ཧཱུྃ་ཡིག་གི་མཐའ་སྐོར་དུ་ཕོ་ལ་སྔགས་ཕྲེང་བཀོད་པ་གཡོན་དང་འཁོར་བ་གཡས།མོ་ལ་བཀོད་པ་གཡས་དང་འཁོར་བ་གཡོན་དུ་འཁོར་བའི་ཚུལ་ཅན་དུ་བསམས་ཏེ།ཧཱུྃ་གི་ནཱ་ད་དང་ཐིག་ལེ་ལས་འོད་ཟེར་དཀར་པོ་དཔག་ཏུ་མེད་པ་འཕྲོས་ཏེ།ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་འབུལ།ཐུགས་རྗེ་བྱིན་རླབས་གཟི་བྱིན་དབང་དང་དངོས་གྲུབ་ཐམས་ཅད་འོད་ཕུང་དཀར་པོའི་རྣམ་པར་བྱུང་ནས་བདག་གི་ཐུགས་ཀར་ཐིམ་པས།མ་དག་པའི་སྣང་སེམས་ཐམས་ཅད་བཙན་ཐབས་སུ་སྦྱངས་ནས་སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་སངས་རྒྱས་པར་བསམས་ཏེ།སྐུ་དང་སྔགས་ཕྲེང་ཐུགས་སྲོག་ཧཱུྃ་ཡིག་སོགས་ལ་འདུན་པ་རྩེ་གཅིག་ཏུ་གཏད་དེ་བཟླས་སྔགས་ལ་དྲིལ་བ་ནི་བསྙེན་པ་དང་།སྔགས་ཕྲེང་རྣམས་གདན་ལས་འཕགས་ཏེ་ཧཱུྃ་གི་སྐེད་ཙམ་ནས་གཡས་སྐོར་དུ་ཀྱི་ལི་ལི་མགལ་མེ་ལྟར་འཁོར་བ་ལས་འོད་ཟེར་མཆོད་འཛིན་གྱི་ལྷ་མོ་དང་བཅས་པ་འཕྲོས་ཏེ་རྒྱལ་བ་སྲས་དང་བཅས་པ་རྣམས་མཆོད་ཅིང་ཐུགས་མཉེས་ཤིང་ཚིམས་ནས་ཚོགས་གཉིས་རྫོགས་པ་དང་།ཐུགས་རྗེའི་བྱིན་རླབས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བྱུང་ནས་བདག་ཉིད་ལ་ཐིམ་པས་ཉོན་ཤེས་ཀྱི་དྲི་མ་བག་ཆགས་དང་བཅས་པ་སངས་ཀྱིས་དག་ནས་ལྷའི་སྐུ་གསུང་ཐུགས་དང་གཉིས་སུ་མེད་པར་གྱུར་པར་བསམ་པ་ནི་ལྷ་ཉེ་བར་བསྙེན་པ་ཡིན་ནོ། །སླར་ཡང་སྔགས་རྣམས་གདན་ལ་འཁོད་ནས་གཡས་སུ་རང་སྒྲ་དང་བཅས་ཏེ་འཁོར་བ་དང་།སྔགས་ཕྲེང་ལས་སྔགས་ཕྲེང་གཉིས་པ་ཞིག་མར་མེ་གཅིག་ལས་གཉིས་ཆད་ཀྱི་ཚུལ་དུ་ཆད་ནས།ཧཱུྃ་གི་ཞབས་ཀྱུ་ནས་ཞུགས།ནཱ་ད་ནས་ཐོན་ཏེ་རང་གི་ཞལ་ནས་ཡུམ་གྱི་ཞལ་དུ་ཞུགས།སྐུའི་དབྱིབས་བརྒྱུད་ཡུམ་གྱི་པདྨོ་ནས་རང་གི་རྡོ་རྗེའི་སྦུབས་སུ་ཞུགས་ནས་ཧཱུྃ་གི་ཞབས་ཀྱུ་ལ་ཐིམ་པར་བསམ་པ་དང་།ཐུགས་སྲོག་ལས་འོད་ཟེར་དམར་པོ་འཕྲོས་ཏེ་རྒྱལ་བ་ཐམས་ཅད་མཆོད།ཐུགས་རྗེ་བྱིན་རླབས་གཟི་བྱིན་དབང་དང་དངོས་གྲུབ་ཐམས་ཅད་འོད་ཕུང་དམར་པོའི་རྣམ་པར་བདག་མདུན་སྒྲུབ་པའི་རྫས་རྣམས་ལ་ཐིམ་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་པ་ནི་བདག་དོན་དུ་བྱིན་རླབས་བསྡུ་བའི་དམིགས་པ་ཡིན།བདག་མདུན་གྱི་བར་དུ་འཁོར་བ་ལ་སྔགས་ཕྲེང་རང་གི་ཞལ་ནས་བྱུང་སྟེ་མདུན་བསྐྱེད་གཙོ་བོའི་ཞལ་དུ་ཞུགས།སྐུའི་དབྱིབས་བརྒྱུད་དེ་རྡོ་རྗེ་ནས་ཡུམ་གྱི་པདྨོར་ཞུགས།ཡུམ་གྱི་ཞལ་ནས་ཐོན་ཏེ་རང་གི་ཡུམ་གྱི་ཞལ་དུ་ཞུགས་པ་ནས་སྔར་བཞིན་བར་མེད་དུ་འཁོར་བ་ལ་དམིགས་པ་རྩེ་གཅིག་ཏུ་དྲིལ་བ་ནི་སྒྲུབ་པ་ཡིན་ནོ། །སྔགས་ཕྲེང་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་ཏེ་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་འབུལ།ཐུགས་རྗེ་བྱིན་རླབས་གཟི་བྱིན་དབང་དང་དངོས་གྲུབ་ཐམས་ཅད་ལྔ་ལྡན་འོད་ཀྱི་རྣམ་པར་སྤྱན་དྲངས་ཏེ།བདག་མདུན་ལ་ཐིམ་པས་དབང་དང་དངོས་གྲུབ་ཐམས་ཅད་ཐོབ་པར་བསམ་པ་དང་།འོད་ཟེར་མར་འཕྲོས་པས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་དག་པར་བྱས་ནས།སྣང་བ་ཐམས་ཅད་ཞིང་ཁམས་དང་གཞལ་ཡས་ཁང་།སྲིད་པ་ཐམས་ཅད་ལྷ་དང་ལྷ་མོའི་རང་བཞིན་གྱུར་དུ་ཏེ།ཀུན་གྱིས་དབྱངས་གཅིག་དང་དགོངས་པ་གཅིག་གི་ངང་ནས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་ཏི་རི་རི་སྒྲོགས་པས་སྣང་སྲིད་ཀྱི་ཁམས་ཐམས་ཅད་གཡོ་ཞིང་འཕར་ལྡེག་ཏུ་འགུལ་བར་བསམ་པ་ནི་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ནས་ལས་སྦྱོར་ལ་རྣམ་གྲངས་མང་དུ་ཡོད་ཀྱང་།སྤྱིར་བཏང་ཙམ་དུ་ལས་བཞིའི་དམིགས་པ་ནི།སྔ་དྲོའི་དུས་སུ་བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་ཕྱོགས་བཅུར་འཕྲོས་པས།རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ་ཏེ།ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་དེ་དག་གི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་གྲུབ་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཕུང་དཀའ་པོའི་རྣམ་པར་ཚུར་འདུས་ཏེ་བདག་མདུན་ལ་ཐིམ་པས་ཞི་བའི་དབང་དང་མཐུ་ནུས་ཐམས་ཅད་ཐོབ་པར་བསམ་པ་དང་།སླར་ཡང་འོད་ཕུང་དཀར་པོ་འཕྲོས་པས་འགྲོ་བ་རིགས་དྲུག་ཁམས་གསུམ་སེམས་ཅན་ཐམས་ཅད་ལ་ཕོག་པས་དེ་དག་གི་སྡིག་སྒྲིབ་བག་ཆགས་ལས་ཉོན་སྡུག་བསྔལ་ཐམས་ཅད་སངས་ཀྱིས་དག་ནས་ཡེ་ཤེས་ལྷའི་སྐུ་ཤ་སྟག་ཏུ་གྱུར་པར་བསྒོམ་མོ། །རྒྱས་པའི་དམིགས་པ་ནི།ཉིན་གུང་གི་དུས་སུ་བདག་མདུན་གྱི་ཐུགས་ཀ་ནས་འོད་ཟེར་གསེར་མདོག་དཔག་ཏུ་མེད་པ་འཕྲོས་པས།དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་དང་།ལྷ་དང་དྲང་སྲོང་རིག་འཛིན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས།འབྱུང་བ་ལྔའི་དྭངས་བཅུད་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་འོད་ཕུང་སེར་པོའི་རྣམ་པར་བྱུང་ནས་བདག་མདུན་ལ་ཐིམ་པས་ཚེ་བསོད་དཔལ་འབྱོར་ཡེ་ཤེས་ཡོན་ཏན་ཐམས་ཅད་རྒྱས་པར་བསམ་མོ། །དབང་གི་དམིགས་པ་ནི།དགོང་མོའི་དུས་སུ་འོད་ཟེར་དམར་པོ་པདྨ་རཱ་གའི་ཁ་དོག་ལྟར་འབར་བ་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་འོད་ཕུང་དམར་པའི་རྣམ་པར་བསྡུས་ཏེ་རང་ལ་བསྟིམ་པས་དབང་བྱིན་དངོས་གྲུབ་ཐམས་ཅད་རྫོགས་པར་བསམ་པར་དང་།ཡང་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་དཔག་ཏུ་མེད་པ་འཕྲོས་པས་ཁམས་གསུམ་སེམས་ཅན་སྣང་སྲིད་ཀྱི་ལྷ་འདྲེ་མི་གསུམ་ཐམས་ཅད་དབང་དུ་བསྡུས་ཏེ་མདུན་དུ་འཁོད་པ་དང་མཉམ་དུ།སྲོག་སྙིང་དམར་ལྷུད་ཀྱི་ཁ་ནས་སྐྱུགས་ཏེ་རང་གི་རྐང་མཐིལ་དུ་ཐིམ་པས་རང་དབང་མེད་པར་བྲན་དུ་འཆིང་བར་བསམ་པ་དང་།གལ་ཏེ་གནོད་ཅིང་གདུག་རྩུབ་ཀྱི་སེམས་འཆང་བ་ཐམས་ཅད་ཀྱི་སྤྱི་བོར་རང་གི་ཐུགས་ཀ་ནས་འོད་ཕུང་དམར་པོ་བབ་པས་གནམ་ལྕགས་ཀྱི་རྡོ་རྗེ་རུ་གྱུར་ཏེ་དམ་ལ་གནས་ན་དམ་ཚིག་གི་རྟེན་དུ་གྱུར་པ་དང་།དམ་ལས་ཉམས་པར་གྱུར་ན་ལྕགས་ཀྱི་སྡིག་པ་ནག་པོ་རུ་གྱུར་ཏེ་སྙིང་ཁྲག་བརླག་པར་བྱེད་པའི་རང་བཞིན་དུ་གྱུར་ཏེ།ཀུན་གྱི་དཔའ་ཟིལ་བཅོམ་ནས་བྲན་དུ་ཁས་བླངས་ཏེ་དམ་ལ་གནས་པར་བསམ་པ་ཡིན་ནོ། །དྲག་པོའི་དམིགས་པ་ནི།མཚན་མོ་དྲག་པོའི་དུས་སུ་རང་ཉིད་ལྷར་གསལ་བའི་སྐུ་ལས་སྤྲུལ་བའི་མཚོན་ཆ་དང་ཐུན་རྫས་ཐོག་སེར་རླུང་ནག་འཚུབས་པ་ལྟར་འཕྲོས་པས་གཟུགས་ཡོད་གཟུགས་མེད་ཀྱི་དགྲ་བགེགས་གདུག་པ་ཅན་ཐམས་ཅད་མེ་སྟག་ཆུས་བསད་པ་ལྟར་དང་།ཤ་མོང་ལ་སེར་བ་ཕོག་པ་ལྟར་དུམ་བུར་གཏུབས་ཏེ་ཁྲོ་ཆུང་ལྕ་སྡིག་བྱ་ཁྱུང་དཔག་ཏུ་མེད་པ་འཕྲོས་པས་ཤ་ཁྲག་རུས་པའི་ཕུང་པོ་ལྷག་མེད་དུ་ཟོས།མེ་དཔུང་འབར་བས་བསྲེགས།སྤུ་གྲིའི་རླུང་གིས་གཏོར་ནས་རྗེས་ལྷག་ཙམ་ཡང་མ་ལུས་པར་བསམ།དེ་དག་གི་རྣམ་ཤེས་ཆོས་དབྱིངས་འཁྲུལ་མི་ཤེས་པའི་དབྱིངས་སུ་བསྒྲལ་བར་ཡང་ཡང་བསམ།དེ་ལྟར་ལུས་ལྷ་རུ་བསྒོམ་པས་སྐུ་བུམ་པའི་དབང་ཐོབ།ངག་གིས་སྔགས་བཟླས་པས་གསུང་གསང་བའི་དབང་ཐོབ།ཡིད་ཡེ་ཤེས་ཀྱི་གདངས་དང་མ་བྲལ་བས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ།ལྷ་དང་རང་སྣང་གཉིས་མེད་དུ་རྟོགས་པས་ཚིག་དབང་རིན་པོ་ཆེ་ཐོབ་སྟེ།དབང་བཞི་ཡང་གཅིག་ཆར་དུ་རྫོགས་པ་ཡིན།ལར་སྒྲུབ་པའི་གནས་དང་དུས་དང་གྲོགས་དང་རྫས་དང་སྔགས་དང་ཡོ་བྱད་ལ་སོགས་པ་ཐམས་ཅད་གསང་དགོས།གསང་བ་འཆོལ་ན་དངོས་གྲུབ་མི་བྱུང་ཞིང་བར་ཆད་འཇུག་ཉེ་བ་ཡིན་པས་ཤིན་ཏུ་གསང་བ་ནི་གནད་གལ་པོ་ཆེ་ཡིན་པར་གསུངས།མཐར་ཐུན་འཇོག་ཁར་རང་གི་གནས་ཐམས་ཅད་ནས་མཆོད་པའི་ལྷ་མོ་དཔག་ཏུ་མེད་པ་སྤྲོས་ནས་མཆོད་བསྟོད་སོགས་གོང་ལྟར་བྱའོ། །རྗེས་སུ་ཚོགས་ཀྱི་ལས་རིམ་སོགས་ནི་གནས་ལུགས་རང་བྱུང་གི་རྒྱུད་ལས་ཤེས་སོ། །དེ་ནས་དངོས་གྲུབ་ལེན་པ་ནི།མདུན་བསྐྱེད་ལྷ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་ཀྱི་དབང་བྱིན་དངོས་གྲུབ་ཨོཾ་ཨཱཿཧཱུྃ་གསུམ་དང་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་བྱུང་ནས་རང་གི་གནས་རྣམས་སུ་ཐིམ་པས།མཆོག་གི་དངོས་གྲུབ་རིག་འཛིན་རྣམ་པ་བཞི་དང་།ཐུན་མོང་གི་དངོས་གྲུབ་གྲུབ་པ་བརྒྱད་ལ་སོགས་པ་ཐོབ་པར་བསམ།བསྔོ་བ་ནི།བདག་གིས་དུས་གསུམ་དུ་བསགས་པའི་དགེ་བ་དང་དགེ་ཚོགས་གཅིག་ཏུ་བསྡུས་ཏེ་དུས་གསུམ་གྱིས་རྒྱལ་བ་ཐམས་ཅད་ཀྱིས་ཇི་ལྟར་བསྔོས་པ་དང་བསྔོ་བར་འགྱུར་བ་དེ་བཞིན་དུ་སེམས་ཅན་ཐམས་ཅད་ལ་ཉེ་རིང་དང་ཕྱོགས་རིས་སྔ་ཕྱི་མེད་པར་ཐམས་ཅད་རྣམ་མཁྱེན་རྫོགས་འི་སངས་རྒྱས་ཀྱི་གོ་འཕང་ཐོབ་པའི་རྒྱུ་རུ་བསྔོ་བར་བྱའོ། །སྨོན་ལམ་ནི།སེམས་ཅན་ཐམས་ཅད་རྣམ་མཁྱེན་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་སྨོན་པའོ། །ཉེར་བསྡུ་ལྷར་ལྡང་ནི།སྔར་རྒྱུའི་ཡེ་གེ་ལས་དག་པ་ཡེ་ཤེས་ཀྱི་ལྷ་སྣང་ལུགས་སུ་འབྱུང་བ་བཞིན་དུ་ཆོས་ཉིད་དེ་བཞིན་ཉིད་ཀྱི་ངང་དུ་ལུགས་སུ་ལྡོག་པར་བྱ་བ་ནི།ཞིང་ཁམས་ཀྱི་བཀོད་པ་ཐམས་ཅད་གཞལ་ཡས་ཁང་དུ་བསྡུ།གཞལ་ཡས་ཁང་ལྷ་ཚོགས་ལ་བསྡུ་བ་དང་།ལྷ་ཚོགས་གཙོ་བོ་ཡབ་ཡུམ་དུ་བསྡུ།ཡུམ་ཡབ་ལ་བསྡུ།ཡབ་ཡེ་ཤེས་སེམས་དཔའ་ལ་བསྡུ།ཡེ་ཤེས་སེམས་དཔའ་སྔགས་འཁོར་ལ་བསྡུ།སྔགས་འཁོར་ཏིང་འཛིན་སེམས་དཔའ་ཧཱུྃ་ཡིག་གི་རྣམ་པར་གནས་པ་ལ་བསྡུ།ཞབས་ཀྱུ་འ་ཆུང་ལ་བསྡུ།འ་ཆུང་ཧ་ཁོག་ལ་བསྡུ།ཧ་ཁོག་མགོ་བོ་ལ་བསྡུ།མགོ་བོ་ཟླ་ཚེས་ལ་བསྡུ།ཟླ་ཚེས་ཐིག་ལེ་ལ་བསྡུ།ཐིག་ལེ་ནཱ་ད་ལ་བསྡུ།ནཱ་ད་ཆོས་ཀྱི་དབྱིངས་སུ་བསྡུའོ། །དེ་ནས་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་ལ་ཁྱབ་བརྡལ་དུ་བཏང་ཞིང་ཅི་གནས་སུ་མཉམ་པར་བཞག་པས་རྟག་པའི་མཐའ་བསལ་བའོ། །འོད་གསལ་དེའི་ངང་ལས་སླར་ཡང་རྩ་སྔགས་བརྗོད་པའི་རྐྱེན་གྱིས་ཆུ་ལས་ཉ་ལྡང་བ་བཞིན་རང་ཉིད་ཡི་དམ་གྱི་སྐུར་ལམ་གྱིས་གསལ་ཏེ་སྣོད་བཅུད་ལྷའི་འཁོར་ལོ་བཞེངས་པས་ཆད་མཐའ་བསལ་ནས་སྤྱོད་ལམ་ཆུ་བོའི་རྒྱུན་ལྟ་བུ་ལ་འཇུག་གོ།བཀྲ་ཤིས་ནི་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ཏེ་ནམ་མཁའ་ལ་བཀྲ་ཤིས་པའི་གར་མཛད་ཅིང་།གསུང་ཚངས་པའི་དབྱངས་ཀྱི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་བརྗོད་ཅིང་།ཐུགས་སེམས་ཅན་ལ་བརྩེ་བའི་ཕན་བདེའི་དཔལ་སྟེར་བར་དགོངས་ཏེ། །ཕྱག་ནས་བཀྲ་ཤིས་པའི་མེ་ཏོག་སྣ་ཚོགས་ཀྱི་ཆར་ཆེན་པོ་ཕབ་པས་མི་མཐུན་པའི་ཉེས་ཚོགས་ཐམས་ཅད་ལས་རྒྱལ་ཏེ་དགེ་ལེགས་ཡོན་ཏན་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་ཏེ་རྫོགས་ལྡན་དང་པོའི་དཔལ་ལ་ལོངས་སྤྱོད་པར་བསམ་ལ་བཀྲ་ཤིས་བརྗོད་དོ། །དེ་ལྟར་གསལ་བ་ལྷའི་གཟེར་དེའང་དག་པ་དང་དྲན་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་མ་ཤེས་ན།བསྐྱེད་རིམ་རང་རྒྱུད་པར་གོལ་བར་འགྱུར་བས།དེའི་ཕྱིར་ན་སྐུ་དང་རྒྱན་དང་གཙོ་འཁོར་ཐ་དད་པའི་རྣམ་པར་ཤར་བ་ཐམས་ཅད་ཀྱང་གཞི་རང་བྱུང་གི་ཡེ་ཤེས་ཆེན་པོའི་ཡོན་ཏན་རྣམས་ཕྱིར་གསལ་ལྷ་སྐུའི་རྣམ་པར་ཤར་བའི་ཐབས་ཁྱད་པར་ཅན་གྱི་དགོངས་སྤྱོད་རྣམས་མ་འཁྲུལ་བར་ཤེས་དགོས་སོ། །སྣང་ཆ་ནས་ལྷར་གསལ་བ་ཡང་སྟོང་ཆ་ནས་སྤྲོས་བྲལ་ཆོས་ཉིད་ཆེན་པོའི་ངང་ལས་གཡོ་བ་མེད་པའི་ཚུལ་གྱིས་རང་བཞིན་མ་གྲུབ་པ་ཆུ་ནང་ཟླ་གཟུགས་ལྟ་བུ་དང་།དེར་འཛིན་དང་བྲལ་བ་ནམ་མཁའི་འཇའ་ཚོན་ལྟ་བུར་གསལ་དགོས་པ་ཡིན།དེ་ལྟར་གནད་དང་ལྡན་པས་ཇི་ཞིག་ན་རྟོག་ཚོགས་ལྷའི་འཁོར་ལོར་རྫོགས་ནས་ས་བཅུ་རིམ་པར་མཐར་ཕྱིན་ཏེ།འབྲས་བུའི་ས་གསུམ་གཅིག་ཆར་དུ་རྫོགས་པ་བླ་ན་མེད་པ་བཅུ་གསུམ་རྡོ་རྗེ་འཛིན་པའི་ས་རུ་སངས་རྒྱས་པར་འགྱུར་བ་ཡིན་ནོ། །ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ། །ཀུན་རྫོབ་ཐབས་ཀྱི་སྒོའི་བསྐྱེད་རིམ་བསྟན་པའི་དགོས་པ་ནི།སླར་ཡང་བར་སྐབས་ཤིག་ཏུ༴སོགས།བརྟན་པོ་བཟུང་བ་ཡིན་ནོ། །སླར་ཡང་བར་སྐབས་ཤིག་ཏུ་དཔལ་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེ་ཡེ་ཤེས་སྒྱུ་མའི་སྐུ་དང་ཞལ་མཇལ་བའི་དུས་སུ་བདག་གིས་འདི་སྐད་ཞུས།ཀྱཻ་ཁྱབ་བདག་གདོད་མའི་མགོན་པོ་ལགས།ཞིང་ཁམས་དང་གཞལ་ཡས་ཁང་དང་ལྷ་རུ་བསྐྱེད་ཅིང་བསྒྲུབ་པ་རྣམས་ཅིའི་ཕྱིར་བསྟན་པ་ཡིན།ཞེས་ཞུས་པའི་ཚེ།སྟོན་པ་ཉིད་ཀྱིས་བཀའ་སྩལ་པ།དེ་ལྟར་བསྐྱེད་པའི་རིམ་པ་རྣམས་ཀྱང་རཱུ་ཏྲ་རྣམ་གསུམ་གྱི་གཉེན་པོར་བསྟན་པ་ཡིན།དེ་ཡང་གཞི་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་སྐུ་དང་ཡེ་ཤེས་ཀྱི་བདག་ཉིད་ཅན་དེའི་རང་ཞལ་མ་རིག་པས་བསྒྲིབས་ནས་དངོས་མཚན་བདེན་གྲུབ་ཅན་དུ་འཐས་ཤིང་།བདེ་གཤེགས་སྙིང་པོ་ས་ཆུ་མེ་རླུང་དུ་སྣང་ཞིང་།ཤ་ས།ཁྲག་ཆུ།དྲོད་མེ།དབུགས་རླུང་།སེམས་ནམ་མཁའ།ཁམས་དཀར་དམར་ཉི་ཟླ།རྩ་སྒྲ་གཅན།རྟོག་ཚོགས་གཟའ་སྐར་སོགས་སུ་སྣང་བ་ཕྱི་བདག་ལྟའི་རཱུ་ཏྲ་སྟེ།དེའི་གཉེན་པོར་སྣང་བ་ཞིང་ཁམས་སུ་སྦྱང་བ་དང་།ནང་རང་གི་གནས་ཁང་དང་ལོངས་སྤྱོད་ལུས་དང་བཅས་པ་རུ་འཛིན་པ་ནང་བདག་ལྟའི་རཱུ་ཏྲ་སྟེ།དེའི་གཉེན་པོར་གཞལ་ཡས་ཁང་དང་ལྷ་བསྒོམ་པ་དང་།དུས་དང་རྣམ་པ་ཀུན་ཏུ་ང་ཞེས་བདག་ཏུ་སྣང་བའི་ཤེས་པ་བག་ལ་ཉལ་བ་རྒྱ་དང་རྒྱུན་མ་ཆད་པ་ནི་གསང་བའི་བདག་ལྟའི་རཱུ་ཏྲ་སྟེ།དེ་ནི་འཁོར་བའི་སྣང་སེམས་ཐམས་ཅད་ཀྱི་སྤུན་ཐག་ཡིན་ལ།དེའི་གཉེན་པོ་རུ་ལྷ་ཡིན་གྱི་ང་རྒྱལ་བརྟན་པོ་བཟུང་བ་ཡིན་ནོ། །ཀུན་རྫོབ་ཏུ་སྲིན་ཡུལ་ལངྒ་པུ་རིར་སྨད་འཚོང་མ་ཀུན་ཏུ་རྒྱུ་ཞེས་པར་ལྷ་འདྲེ་མི་སྲིན་གསུམ་ཚོགས་པའི་བུ།བདུད་པོ་མ་ཏྲཾ་རཱུ་ཏྲ་བྱ་བའི་སེམས་ཅན་མ་རུངས་པ།མགོ་བོ་གསུམ།ལག་པ་དྲུག་རྐང་པ་བཞི།གཤོག་པ་གཉིས་ཅན་ཞིག་སྐྱེས་ཏེ།སྐྱེས་མ་ཐག་པར་མ་བསད་ནས་ཟོས་པས་ཞག་ཞེ་དགུ་ནས་དར་ལ་བབ་ཅིང་འདོད་ཁམས་ལ་དབང་བསྒྱུར་ནས་།ཕོ་མཐོང་བསད་ཅིང་མོ་མཐོང་ལ་སྦྱོར་བ་བྱས་ནས་སངས་རྒྱས་ཀྱི་བསྟན་པ་བཤིག་པར་ཆས་པ་ན།རྒྱལ་བ་ཐམས་ཅད་བཀའ་བགྲོས་མཛད་དེ་དུས་གསུམ་གྱི་བདེ་བར་གཤེགས་པ་རྣམས་ཀྱི་ཕྲིན་ལས་དུས་གཅིག་ཏུ་བསྡུས་ནས་རྟ་ཕག་ཡབ་ཡུམ་གྱི་རྣམ་པར་བཞེངས་ནས་བསྒྲལ་བ་དང་།ཡང་འགའ་ཞིག་ཏུ་ཆེ་མཆོག་ཧེ་རུ་ཀས་བསྒྲལ་བར་བཞེད་པ་དགོངས་པ་གཉིས་སུ་སྣང་མོད།དོན་དམ་པར་གཞི་བདེ་གཤེགས་སྙིང་པོ་ཉིད་འཁོར་འདས་ཀུན་གྱི་འབྱུང་གནས་སུ་གྱུར་པ་ཉིད་མ་རུ་བཞག་པ་དང་།བུ་བདག་ལྟའི་རཱུ་ཏྲ་ཞེས་མ་རིག་གསུམ་འདུས་ཀྱི་རྐྱེན་སྣང་ང་རུ་འཛིན་པའི་རཱུ་ཏྲར་ལངས་ནས།མ་རོ་ཟས་སུ་སྤྱོད་ཟེར་བ་གཞིའི་རང་ཞལ་སྒྲིབ་པར་བྱེད་པའི་དོན་དང་།མགོ་བོ་གསུམ་དུག་གསུམ།ལག་པ་དྲུག་དུག་ལྔ་སེར་སྣ་དང་དྲུགརྐང་པ་བཞི་སྐྱེ་གནས་བཞི།གཤོག་པ་གཉིས་གཟུང་འཛིན་གཉིས།འདོད་པའི་ཁམས་ལ་དབང་བསྒྱུར་ཞེས་པ་ནི་ཁམས་གསུམ་འཁོར་བ་རུ་འཁོར་ཞིང་ཐོགས་མེད་དུ་རྒྱུ་བས་དོན་དང་།མཐར་དཔལ་ཆེན་པོས་བསྒྲལ་བ་ཡིན་ཟེར་བ་ནི།ཆོས་ཉིད་རྣམ་པར་མི་རྟོག་པའི་ཡེ་ཤེས།རིག་སྐུ་དཔལ་ཆེན་པོའི་རྣམ་པར་མངོན་དུ་གྱུར་ཚེ།མ་རིག་པ་ཡུལ་མེད་དུ་བསྒྲལ་བ་ཡིན།མདོར་ན་སྣང་སྲིད་འཁོར་འདས་ཐམས་ཅད་གང་ཟག་གཅིག་གི་སྣང་བ་ཡིན་པས་ན་རྣལ་འབྱོར་པ་ཞིག་གིས་རླུང་སེམས་དབུ་མར་ཚུད་པའི་ཚེ་ན།ཕྱིའི་རྟགས་སུའང་ཉི་ཟླ་གཉིས་དུས་གཅིག་ཏུ་སྒྲ་གཅན་གྱི་ཁ་རུ་ཚུད་པ་དང་།ས་རྣམ་པ་དྲུགསྒྲ་རྣམ་པ་ལྔ།འོད་ཁྱིམ་གྱི་མཆེད་པ་གཉིས་སོགས་སངས་རྒྱས་པའི་རྟགས་རྣམས་དངོས་སུ་འབྱུང་བ་དང་།ནང་རྟགས་སུ་འོད་གསལ་སྣང་བའི་རྟགས་བཅུ་འབྱུང་བ་དང་།སྐུ་མྱ་ངན་ལས་འདས་པའི་ཚེ་ཕྱི་རྟགས་སྒྲ་འོད་ཟེར་གསུམ་གཡོ་བའི་རྟགས་རྣམས་སྔ་མ་བཞིན་འབྱུང་བ་དང་།ནང་རྟགས་སུ་གདུང་དང་རིང་བསྲེལ་སོགས་འབྱུང་བ་ནི་ཕྱི་ནང་ཟུང་འབྲེལ་གྱི་རྟགས་ཡིན་པས་ཤེས་པར་བྱ་བ་གལ་ཆེ།འདིའི་གནད་མ་ཤེས་ན༴སོགས།གྱིས་ཤིགའགའ་ཞིག་གིས་འདིའི་གནད་གསང་མི་ཤེས་ནས་བསྐྱེད་རིམ་གསལ་བ་དང་ང་རྒྱལ་བརྟན་པ་དང་བཅས་པ་དོར་ནས་ངག་གི་བཟླས་པ་ཁོ་ན་ལ་འབད་པས་སངས་མི་རྒྱ་སྟེ།ཨོ་རྒྱན་ཆེན་པོས།མ་ཡེངས་ཏིང་འཛིན་ལྡན་པས་བཟླ། །གཞན་དུ་ཡེངས་པར་གྱུར་ནས་ནི། །བསྐལ་པར་བཟླས་ཀྱང་འབྲས་མི་འབྱུང་། །ཞེས་གསུངས་པ་ལྟར་ཏིང་ངེ་འཛིན་འདི་ཤིན་ཏུ་གལ་ཆེ།ལ་ལས་ནི་ལྷ་དང་ཞིང་ཁམས་རང་རྒྱུད་པར་བདེན་པར་བཟུང་ནས་བསྒྲུབ་ན་ཞི་བས་གཟུགས་ཁམས་དང་།ཁྲོ་བོས་བདུད་དང་མ་ཏྲཾ་རཱུ་ཏྲ་སོགས་སུ་གོལ་བ་ཡིན་པས།དེའི་ཕྱིར་ན་ལྷ་ཞེས་བྱ་བ་རང་རྒྱུད་པ་ཞིག་ཡོད་མི་སྲིད་དེ།རང་གི་ཤེས་པ་རྩེ་གཅིག་གི་ངང་ནས་ལྷ་བསྐྱེད་དེ་གཡེལ་བ་མེད་པར་བསྒྲུབ་ན་སྒྲུབ་གཞི་རང་ལ་ཡོད་པས་འགྲུབ་པ་ཡིན་ནོ། །ཅེས་གསུངས་ཤིང་མི་སྣང་བར་ཡལ་ལོ། །ཐེག་པ་རང་གི་མིང་དོན་གྱི་ཆེ་བ་རྫོགས་ཚུལ་ནི།ཡང་རེ་ཞིག་གི་ཚེ་དབྱིངས་ཀྱི་རྗེ་མོ༴སོགས།བདུན་དུ་ངས་སྨྲའོ། །ཡང་རེ་ཞིག་གི་ཚེ་དབྱིངས་ཀྱི་རྗེ་མོ་ཨེ་ཀ་ཙ་ཏི་དང་ཞལ་མཇལ་བའི་ཚེ་ན་བདག་གིས་འདི་སྐད་ཞུས།ཀྱཻ་འཁོར་འདས་ཀྱི་ཨ་ཕྱི་གཅིག་མ་ལགས།འཁོར་འདས་སྟོང་ཆེན་དབྱིངས་ཀྱི་རྗེ་མོའི་མཁའ་གསང་དུ་རོལ་པའི་ཐེག་པ་འདི་ལ་མིང་གང་ཞེས་བྱ།ཞེས་ཞུས་པའི་ཚེ།བཀའ་སྩལ་པ།ཀྱཻ་ཨ་མའི་བུ་ཆུང་ཁྱོད་ལ་ཆོས་སྐུ་ཀུན་ཏུ་བཟང་པོ་ནས་རྩ་བའི་བླ་མའི་བར་ཐུགས་དགོངས་ཆོས་ཉིད་གཅིག་གི་དབྱིངས་སུ་རོ་གཅིག་པ་གཞིར་གནས་གྱི་རིག་པ་སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད་ཆེན་པོའི་དབྱིངས་ཉིད་ཡིད་དཔྱོད་དུ་མ་ལུས་པར་མངོན་སུམ་རང་ཐོག་ཏུ་མཐོང་བ་ནི་ལྟ་བའི་རྒྱལ་པོ་རྨད་དུ་བྱུང་བ་ཡིན་ལ།དེ་ནི་རྒྱལ་བ་དགོངས་པའི་བརྒྱུད་པར་གྲགས་པའི་དོན་སོ་ཡིན་པས་ན་ལུས་ཀྱི་ཚུལ་དུ་ངོ་འཕྲོད་པའམ་རྫོགས་པར་བྱས་པ་དོན་གཅིག་དང་།བསླབ་པ་དང་སྦྱངས་པའི་རྐྱེན་ལ་མ་ལྟོས་པར་གནས་གསུམ་གྱི་མཁའ་འགྲོ་མ་རྣམས་དང་།རིག་འཛིན་བླ་མའི་ཚོགས་ཀྱིས་བརྡ་དང་བརྡ་ལན་གྱིས་གོ་བར་མཛད་པ་ནི་བརྡ་བརྒྱུད་དེ།དེ་ཉིད་ནུ་ཞོའི་ཚུལ་དུ་བསྣུན་ནས་ནར་སོན་པར་བྱས།གཏད་རྒྱ་སྨོན་ལམ་གྱི་མཐུ་དང་ལྷན་སྐྱེས་ཌཱཀྐིའི་ཚོགས་ཀྱིས་རྗེས་སུ་གདམས་པ་མི་དང་མི་ལབ་པ་ལྟར་སྙན་བརྒྱུད་སྙིང་གཏམ་ལྟ་བུར་གདམས་ནས་བློ་དང་ལྡན་པར་བྱས་ཡོད་པས།ད་ནི་གདུལ་བྱ་ལས་སྨོན་གྱིས་འབྲེལ་བའི་སྐལ་ལྡན་རྣམས་ལ་སྟོན་དང་།འབྲེལ་ཚད་དོན་དང་ལྡན་པ་རྣམ་པར་གྲོལ་བའི་ས་ལ་འགོད་པའི་ནུས་པ་དང་ལྡན་པ་ཡིན་ནོ། །དེ་ལྟར་ཁྱད་ཆོས་གསུམ་ལྡན་བརྒྱུད་པ་གཅིག་དྲིལ་གྱི་བདག་ཉིད་ཐེག་པ་ཐམས་ཅད་ཀྱི་རྒྱལ་པོ་ངའི་མིང་གི་རྣམ་གྲངས་བསམ་གྱིས་མི་ཁྱབ་སྟེ།སྒྲ་གྲག་ཚད་ཐམས་ཅད་ང་གླེང་བ་དང་།མིང་བརྗོད་ཚད་ཐམས་ཅད་ངའི་མིང་གི་འཇུག་པ་དང་།གཟུགས་མཐོང་ཚད་ཐམས་ཅད་ངའི་ཡེ་ཤེས་ཀྱི་སྣང་བ་ཡིན་ཏེ།མདོར་ན་ས་ཆུ་མེ་རླུང་ནམ་མཁའ་སྟེ་འབྱུང་བ་ལྔས་བསྡུས་པའི་ཕྱི་སྣོད་བཅུད།ནང་ཕུང་ཁམས།གསང་བ་ཚོགས་ཡུལ་དང་བཅས་པ་ཐམས་ཅད་ཀྱང་ངའི་རང་བཞིན་ལས་མ་འདས་པ་ཡིན་ནོ། །ངེས་གསང་བླ་ན་མེད་པ་མཁའ་སྤྱོད་ཨ་མའི་བཀའ་རུ་འུབ་ཆུབ་པའི་རོལ་པ་འདི་ལ་མིང་གི་རྣམ་གྲངས་དུ་མ་ཡོད་ཀྱང་མིང་བདུན་དུ་བསྡུས་ནས་ངས་སྨྲའོ། །ཆོས་འདི་གསང་ཆེན༴སོགས།མི་སྣང་བར་ཡལ་ལོ། །དེ་ཡང་གསང་སྔགས་རྡོ་རྗེ་ཐེག་པ།དོན་དམ་བྱང་ཆུབ་ཀྱི་སེམས།རྫོགས་པ་ཆེན་པོ།ཐིག་ལེ་ཉག་གཅིགའོད་གསལ་རྡོ་རྗེ་སྙིང་པོ།འཁོར་འདས་འུབ་ཆུབ།གཞོན་ནུ་བུམ་སྐུ་དང་བདུན་ལས།དང་པོ་གསང་སྔགས་རྡོ་རྗེ་ཐེག་པ་ནི།བཀའ་གསང་བ་བས་ཀྱང་ཆེས་གསང་བ་རྒྱལ་བ་ཐམས་ཅད་ཀྱི་ཐུགས་ཀྱི་གསང་བ་འདུས་པའི་བདག་ཉིད་ལ་གསང་དང་།ལམ་འདི་ནི་གསང་ཆེན་གཉིས་དང་ལྡན་ཏེ།དེ་ལ་གབ་པའི་གསང་བ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་གཞི་བདེ་གཤེགས་སྙིང་པོས་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་ཁྱབ་ཡོད་པས།དཔེར་ན་དབུལ་པོའི་ཁྱིམ་གྱི་ས་འོག་ཏུ་རིན་པོ་ཆེའི་གཏེར་ཡོད་པ་མ་ཤེས་པ་ལྟ་བུའོ།སྦས་པའི་གསང་བ་ནི།གནས་དང་དུས་དང་སྣོད་མ་ཡིན་པ་ལ་བཤད་མི་རུང་སྟེ།ཕ་རོལ་བས་ཆོས་ལ་གཤེ་བ་དང་སྐུར་པ་འདེབས་པ་སོགས་འབྱུང་བས།ཅིའི་ཕྱིར་ན་སྣོད་དུ་མ་རུང་བས་རྒྱུ་འབྲས་ལས་འདས་པའི་ཆོས་དེ་ལ་ལོག་ལྟ་བྱས་ནས།མཐར་དམྱལ་བར་འཕེན་པར་བྱེད་པས་ན་གསང་དགོས་པ་ཡིན་ཏེ།ཇི་སྐད་དུ།གསང་སྔགས་སྐྱོན་ཅན་མ་ཡིན་ཏེ། །སེམས་ཅན་དོན་དུ་རབ་ཏུ་གསང། །ཞེས་གསུངས་པས།དེ་ལྟར་མ་ཡིན་པའི་དད་མོས་དྲག་པོ་དང་ལྡན་པའི་ལས་དང་སྐལ་བ་ཅན་དག་ལ་བཤད་པར་བྱའོ། །ཁམས་གསུམ་འཁོར་བའི་སྣང་སེམས་ཐམས་ཅད་དང་།ཐེག་བརྒྱད་བློ་ཡི་གྲུབ་མཐའ་ཐམས་ཅད་ཀྱང་ཆོས་ཉིད་མཚན་མ་དང་བྲལ་བའི་ངང་དུ་གཞོམ་པར་བྱེད་པས་ན་སྔགས།ཆོས་སྐུ་གཞིར་གནས་ཀྱི་རིག་པ་དེ་ནི་རྡོ་རྗེ་ཆོས་བདུན་ལྡན་པས་རྡོ་རྗེ།སེམས་ཅན་འཁྲུལ་པའི་ཚེ་ན་སྡིག་སྒྲིབ་སྡུག་བསྔལ་གྱིས་ངན་པར་མ་བསྒྱུར་བ་དང་།སངས་རྒྱས་སངས་རྒྱས་པའི་དུས་སུ་ལམ་གྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱིས་བཟང་པོར་བཅོས་སུ་མེད་ཅིང་མ་བསྒྱུར་བར་བཟང་ངན་ཐམས་ཅད་རང་ཐེག་པས་ཐེག་པ་ཞེས་བྱའོ།གཉིས་པ་དོན་དམ་བྱང་ཆུབ་ཀྱི་སེམས་ནི།ཡང་དག་པའི་དོན་ཐམས་ཅད་བྱང་ཆུབ་ཀྱི་སེམས་སུ་འདུས་པ་ཡིན་པས་དོན།ཆུ་བོ་ཆུ་ཕྲན་ཐམས་ཅད་ཀྱི་འབྱུང་གནས་རྒྱ་མཚོར་ངེས་པ་ལྟར་ཆོས་ཐམས་ཅད་ཀྱི་འབྱུང་གནས་བྱང་ཆུབ་ཀྱི་སེམས་སུ་ངེས་པས་དམ་པ།སྐྱོན་དང་དྲི་མ་ཐམས་ཅད་བྲལ་བས་ན་བྱང་།སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་ཁོང་དུ་ཆུབ་པས་ན་ཆུབ།འཁོར་འདས་གཉིས་ཀ་ཆོས་སྐུ་གཞིར་གནས་ཀྱི་དབྱིངས་སུ་མཉམ་པར་རོལ་པས་ན་མི་སེམས་པའི་སེམས་པ་ཆེན་པོ་ཡིན་པས་སེམས་ཉིད་དོ། །གསུམ་པ་རྫོགས་པ་ཆེན་པོ་ནི།འཁོར་འདས་ཀྱི་ཆོས་ཐམས་ཅད་གཞི་རང་ལ་རྫོགས་པས་ན་རྫོགས་པ་ཞེས་བྱ་སྟེ།གཞི་ཀ་དག་རྫོགས་པ་ཆེན་པོ་ལ་ཐེག་པ་རིམ་པ་དགུ་ཇི་ལྟར་རྫོགས་ཞེ་ན།གཞི་ལམ་འབྲས་བུའི་ཆོས་ཐམས་ཅད་ལྷུན་གྲུབ་རྫོགས་པ་ཆེན་པོ་གཅིག་ཏུ་རྫོགས་པས།གཞི་སྣང་ལྷུན་གྲུབ་འོད་ལྔའི་སྣང་བ་ཆེན་པོ་ལ་བདག་འཛིན་ཕྲ་བས་གཅུན་པས་སྐུ་དང་ཡེ་ཤེས་ནང་མདངས་སུ་ནུབ།ཕྱི་གདངས་ཁམས་གསུམ་གྱི་སྣང་ཆར་འཕྲུལ་པའི་མ་དག་པ་འཁོར་བའི་སེམས་དང་སྣང་བ་རྫོགས་ཏེ།སེམས་ཅན་རྣམས་ཀྱི་སེམས་རང་བཞིན་གྱིས་སྟོང་ཞིང་གསལ་བ་སྟེ།ཆོས་སྐུ་གཞིར་གནས་ཀྱི་རིག་པ་སྟོང་གསལ་འཛིན་པ་དང་བྲལ་བའོ། །གཞིའི་གནས་ལུགས་མཐའ་བརྒྱད་བྲལ་བའི་སྟོང་པ་ཉིད་དངོས་པོར་འཛིན་པ་ལས་གྲོལ་བས་ཆད་མཐའ།རང་བཞིན་ལྷུན་གྲུབ་ཀྱི་གདངས་འགགས་པ་མེད་པས་རྟག་ལྟ་སྟེ།མུ་སྟེགས་ལམ་ཚོལ་བའི་ལྟ་བ་ཡང་རྫོགས།ལམ་ཐེག་པ་དགུ་སྟེ།ཕྱི་མཚན་ཉིད་ཀྱི་ཐེག་པ།ནང་གསང་སྔགས་ཀྱི་ཐེག་པ།འབྲས་བུ་བླ་ན་མེད་པ་སྟེ་གསུམ་གསུམ་དུ་དབྱེ་བས་དགུའོ། །དང་པོ་ལ་ཉན་ཐོས།རང་རྒྱལ།བྱང་སེམས་གསུམ་ལས།ཉན་ཐོས་བདག་མེད་རྣམ་གཉིས་གང་ཟག་རང་ངོས་ནས་མེད་པར་རྟོགས་ཤིང་རང་རྒྱུད་པར་བལྟ་བས་གང་ཟག་གི་བདག་མེད་དེ།རྫོགས་པ་ཆེན་པོས་བདག་མེད་རྣམ་གཉིས་བདེན་མེད་དུ་རྟོགས་པ་དང་།རང་རྒྱལ་གྱིས་ཆོས་ཐམས་ཅད་རྟེན་འབྲེལ་བཅུ་གཉིས་ལུགས་འབྱུང་ལྡོག་ཙམ་ལས་དངོས་པོར་མ་གྲུབ་པར་བལྟ་སྟེ།རྫོགས་པ་ཆེན་པོས་རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཐམས་ཅད་ཀྱང་གཟོད་མ་ནས་རང་བཞིན་སྟོང་པ་ཉིད་དུ་བལྟའོ། །བྱང་སེམས་ལ་ནང་གསེས་ཀྱི་སེམས་ཙམ་པ་དང་།དབུ་མ་པ་གཉིས།སེམས་ཙམ་པས་སྣང་བ་ཐམས་ཅད་སེམས་སུ་འདོད་པ་དང་།དབུ་མ་པས་བདེན་གཉིས་ཟུང་འཇུག་དུ་འདོད་དེ།རྫོགས་པ་ཆེན་པོའི་སྐབས་སུ་སྣང་བ་སེམས་མ་ཡིན།སེམས་ལས་གཞན་པ་ཡང་མ་ཡིན།རིག་སྟོང་དབུ་མ་ཆེན་པོ་བདེན་གཉིས་དབྱེར་མེད་དུ་རྟོགས་པའོ། །གཉིས་པ་ནང་རྒྱུད་ལ།བྱ་རྒྱུད་ཀྱིས་ཁྲུས་དང་གཙང་སྦྲ་གཙོ་བོར་བྱེད་ཅིང་རྒྱུ་ཕུན་སུམ་ཚོགས་པ་བསྒྲུབ་པས་འབྲས་བུ་འདོད་དེ།རྫོགས་པ་ཆེན་པོས་རྒྱུ་རྐྱེན་གནས་སུ་དག་པས་འབྲས་བུ་རང་ཆས་སུ་རྫོགས་པ་དང་།ལྟ་བ་རྣལ་འབྱོར་རྒྱུད་དུ་འདོད་ཀྱང་།སྤྱོད་པ་བྱ་རྒྱུད་གཙོ་བོར་སྟོན་པའི་སྤྱོད་རྒྱུད་དེ།རྫོགས་པ་ཆེན་པོས་ལྟ་སྤྱོད་གཉིས་སུ་མེད་པའི་དོན་ཁོང་དུ་ཆུད་པའོ། །ལྟ་བ་གཙོ་བོར་འདོན་ཅིང་སྤྱོད་པ་བག་ཙམ་ལས་མི་སྟོན་པ་རྣལ་འབྱོར་རྒྱུད་དེ།རྫོགས་པ་ཆེན་པོས་ལྟ་བ་རྒྱུན་ཆགས་རང་བབས་སུ་གནས་པར་འདོད་པའོ། །གསུམ་པ་གསང་བ་བླ་ན་མེད་པ་ནི།སྣང་གྲག་རིག་གསུམ་དཀྱིལ་འཁོར་གསུམ་དུ་བསྒྲུབ་ཅིང་དམ་ཡེ་དབྱེར་མེད་དུ་བསྲེ་བ་མ་ཧཱ་ཡོ་གརྫོགས་པ་ཆེན་པོས་ལྷ་དང་ཡེ་ཤེས་དབྱེར་མེད་དུ་རྟོགས་པ་དང་།ཨ་ནུས་རྩ་ཐིག་རླུང་གསུམ་སྐུ་གསུམ་དུ་བསྒྲུབ་པར་འདོད་པ་དང་།རྫོགས་པ་ཆེན་པོས་དབྱིངས་ཡེ་དབྱེར་མེད་དུ་འདོད།ཨ་ཏི་ལ་ཡང་ཕྱི་སེམས་སྡེས་རྣམ་པ་སེམས་ལ་ལམ་བྱེད་པ་དང་།ནང་ཀློང་སྡེས་དབྱིངས་རིག་དབྱེར་མེད་དུ་བསྲེ་བ་དང་།གསང་བ་མན་ངག་སྡེས་ཀ་དག་ཟང་ཐལ་རིག་སྟོང་རྗེན་པར་ལ་བཟླ་སྟེ།དེ་ལྟ་བུའི་མན་ངག་གི་སྡེ་འདི་ནི་ལམ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས་སྤྱི་ཏི་ཡོ་གཐེག་པ་ཐམས་ཅད་ཀྱི་བླ་ན་མེད་པ་ཡིན་པས་ན་ཡང་ཏི་ཡོ་ག་སྟེ།ས་ལམ་ཐམས་ཅད་གཅིག་ཆར་དུ་རྫོགསཔ་ཡིན།ཐེག་པ་ཐམས་ཅད་མདོ་གཅིག་ཏུ་བསྡུས།དོན་གཅིག་ཏུ་གྲུབ།སྙིང་པོ་གཅིག་ཏུ་དྲིལ་བའི་ཆེན་པོ་སྟེ།ཐེག་མཆོག་རྫོགས་པ་ཆེན་པོ་ཞེས་བྱའོ། །བཞི་པ་ཐིག་ལེ་ཉག་གཅིག་ནི།ཆོས་སྐུ་གཞིར་གནས་ཀྱི་རིག་པའི་གནས་ལུགས་དང་ཡིན་ལུགས་བློ་ཡིས་མི་དཔོག་པ་ཡིད་ཀྱིས་མི་དཔྱོད་པ་བརྗོད་བྱའི་ཡུལ་ལས་འདས་པ།ཕྱོགས་མཐའ་ཀུན་ནས་ཟླུམ་པའི་ཐིག་ལེ་དང་།བློས་ཡིད་དཔྱོད་ཀྱི་རྟོག་པའི་གྲྭ་ཟུར་ལས་འདས་པའི་ཐིག་ལེ་ཞེས་བྱ་སྟེ།ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པ་ལ།ཞེས་གསུངས་པས།འཁོར་འདས་ཀྱི་རྣམ་པ་བྱེ་བྲག་མང་དུ་བཤད་ཀྱང་དོན་ལ་གདོད་མའི་ཡེ་གཞི་ཆེན་པོར་རོ་གཅིག་པས་ཉག་གཅིག་ཅེས་བྱའོ། །ལྔ་པ་འོད་གསལ་རྡོ་རྗེ་སྙིང་པོ་ནི།སེམས་ཀྱི་རང་བཞིན་ཡེ་ནས་འོད་གསལ་བ་ཉིན་སྣང་རྨི་སྣང་བར་སྲིད་ལ་སོགས་པར་སྣང་བ་མངོན་དུ་བྱེད་པའི་དྭངས་གསལ་གྱི་ཆ་དེ་ག་རང་ངོ་འཕྲོད་ཅིང་འཁོར་འདས་འོད་གསལ་གྱི་རོལ་པར་ཐག་ཆོད་པ་འོད་གསལ་དང་།མི་ཤིགས་པ་རྡོ་རྗེ་ཆོས་བདུན་དང་ལྡན་ཅིང་རྡོ་རྗེའི་དམ་བཅའ་བཞི་དང་ལྡན་པས་དོན་དམ་མི་ཤིགས་པའི་རྡོ་རྗེ།འཁོར་འདས་ཀྱི་ཆོས་ཐམས་ཅད་ཀྱི་སྙིང་པོ་གཅིག་ཏུ་དྲིལ་བ།དཔེར་ན་སའི་སྙིང་པོ་གསེར་ལྟ་བུ་ཡིན་པས་སྙིང་པོའོ། །དྲུག་པ་འཁོར་འདས་འུབ་ཆུབ་ནི།མ་དག་པ་ཁམས་གསུམ་མ་རིག་ལས་ཉོན་གྱི་རྒྱུད་དུ་འཁོར་བ་དང་།སྡུག་བསྔལ་ལས་ཉོན་བག་ཆགས་ལས་འདས་པས་འདས་དང་།དེ་གཉིས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རིག་པ་གཅིག་པུའི་ཀློང་དུ་འུབ་ཀྱིས་འདུས་པ་ལ་འུབ།འཁོར་འདས་ལམ་གསུམ་རྒྱུ་འབྲས་དང་བཅས་པ་ཐམས་ཅད་ཆོས་སྐུ་བདེ་གཤེགས་སྙིང་པོ་གཞིའི་རིག་པ་མཐའ་གྲོལ་ཆེན་པོའི་ཀློང་དུ་ཡོངས་སུ་ཆུབ་པ་ལ་ཆུབ་ཅེས་བྱའོ། །བདུན་པ་གཞོན་ནུ་བུམ་སྐུ་ནི།སྐྱེ་འཆི་བསྒྲེས་རྒུད་ཐམས་ཅད་ཀྱི་མཐའ་རུ་མ་ལྷུང་ཞིང་བྲལ་བས་ན་གཞོན་ནུ།འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ལྷུན་གྲུབ་ཀྱི་རོལ་པར་ཕྱི་རྒྱ་མ་རལ་བར་ནང་གསལ་ཆེན་པོ་ལ་བུམ་པའི་མིང་གདགས་པ་ནི།དཔེར་ན་གཟའ་སྐར་ཐམས་ཅད་རྒྱ་མཚོའི་ཀློང་ལས་ཕྱི་རྒྱ་མ་རལ་བ་དང་།སྣོད་བཅུད་ཐམས་ཅད་ནམ་མཁའི་ཀློང་ལས་ཕྱི་རྒྱ་མ་རལ་བ་ལྟ་བུ་ལ་བུམ།སྐུ་དང་ཡེ་ཤེས་ལམ་དང་འབྲས་བུའི་ཡོན་ཏན་ཐམས་ཅད་བསགས་ནས་སྤུངས་པ་ལྟ་བུ་ལ་སྐུ་ཞེས་བྱའོ། །སྤྱིར་རྫོགས་པ་ཆེན་པོ་ནི་འཁོར་འདས་ལམ་གསུམ་རྫོགས་པའི་དབྱིངས་ཆེན་པོ་ཡིན་ཏེ།དེའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་བདག་མེད་རྣམ་གཉིས་ཀྱི་སྒོ་ནས་གཏན་ལ་དབབ་པ་ཡིན་ལ།ཐེག་པ་གང་ལ་ཡང་འདི་ལྟར་གཏན་ལ་དབབ་ཚུལ་འདྲ་ཡང་།འགའ་ཞིག་གིས་གཏན་ལ་དབབ་ནས་རང་ངོས་ནས་མེད་པ་ཙམ་ལས་གཞན་སོ་སོ་རང་རྒྱུད་དུ་ཡོད་པར་འདོད་པ་དང་།ཡང་འགའ་ཞིག་གིས་རྟེན་འབྲེལ་ཙམ་དུ་འདོད་པ་དང་།འགའ་ཞིག་གིས་སྟོང་འཛིན་གྱི་བློ་དང་།སྐུ་དང་ཡེ་ཤེས་གཞན་ནས་འཇུག་རུང་ཞིག་ཡིན་ཟེར་བ་སོགས་སུ་འདོད་ཀྱང་།འདིར་རང་ལུགས་ལ་དང་པོ་ཉིད་ནས་སྐུ་དང་ཡེ་ཤེས་ལམ་དང་འབྲས་བུའི་ཆོས་ཐམས་ཅད་ཡེ་ནས་གཞི་རང་ལ་རང་ཆས་སུ་རྫོགས་ཡོད་པར་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་རྫོགས་པ་ཆེན་པོའི་ལྟ་བ་དང་གྲུབ་མཐར་ངེས་སོ། །དེ་ཡན་ཆད་ཀྱི་གཞི་རང་བྱུང་གི་ཡེ་ཤེས་གཏན་ལ་ཕབ་པ་ལྟ་བ་མཐའ་གྲོལ་ཆེན་པོའི་དགོངས་པ་བསྟན་ཟིན་ཏོ། །གཉིས་པ་ལམ་བསྒོམ་པ་ཉམས་སུ་ལེན་པ་ལ།སླར་ཡང་རིག་འཛིན་གྱི་རྒྱལ་པོ་ཤྲཱི་སིང་ཧ་དང་༴སོགས།ཡོངས་སུ་གྲུབ་པའོ། །དེ་ལ་ལམ་བསྒོམ་པ་ཉམས་སུ་ལེན་པའི་ཚུལ་བཤད་པ་ལའང་།བཞག་ཐབས་གནད་ཀྱི་མན་ངག་མདོར་བསྟན་པ་དང་།གདངས་ཀྱི་གྲོལ་ལུགས་བཞི་དང་།ཅོག་བཞག་བཞིའི་རྣམ་དབྱེ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ནི།ཡེ་གཞི་བདེ་གཤེགས་སྙིང་པོ་ཏིལ་ལ་མར་གྱིས་ཁྱབ་པ་བཞིན་དུ་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རྟག་ཁྱབ་ལྷུན་གྲུབ་ཆེན་པོར་བཞུགས་པ་ཡིན་ཀྱང་།ཕྱི་གཟུང་བ་ཡུལ་གྱི་རྒྱུ་བྱས།ནང་འཛིན་པ་སེམས་ཀྱི་རྐྱེན་བྱས་ཏེ་མ་རིག་པའི་དབང་གིས་འཁྲུལ་པ་ཡིན་ཏེ།དང་པོ་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་ཚུལ་ལྟ་བས་གཏན་ལ་ཕབ་ནས།རང་རིག་གཞི་མེད་རྩ་བྲལ་འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་ཆེན་པོ་རིག་པ་རང་བྱུང་གི་ཡེ་ཤེས་ཀྱི་རོལ་པར་ཐག་གཅིག་ཐོག་ཏུ་བཅད་དེ།སྔ་མའི་རྟོག་པའི་རྗེས་མི་གཅོད།མ་འོངས་པའི་རྟོག་པའི་མདུན་མི་བསུ།ད་ལྟའི་རྟོག་པའི་རྐྱེན་དབང་དུ་མི་གཏོང་བར་རང་བབ་འོད་གསལ་ཆེན་པོའི་ངང་དུ་མཉམ་པར་འཇོག་པ་ལས་གཞན་ན་བསྒོམ་རྒྱུ་གང་ཡང་མེད་པར་ཐག་ཆོད་པར་བྱེད་དགོས་པ་ཡིན།དེ་ལ་ཡང་ཐེ་ཚོམ་མེད་པ་སངས་རྒྱས་བཅོམ་ལྡན་འདས་དངོས་སུ་བྱོན་ཀྱང་ཡིད་གཉིས་དང་ཐེ་ཚོམ་མེད་པ་ཞིག་དགོས་པ་ཡིན།དེ་ལྟར་མ་རྟོགས་ན་བདག་མེད་ཁ་ནས་ཟེར་ཡང་།དོན་གྱིས་རྐྱེན་མི་ཐེག་པ་དང་།ཕུགས་མི་ཐུབ་པ་ནི་དེས་ལན་པ་ཡིན།དེའི་ཕྱིར་ན་ཕྱི་སྦྱང་དང་ཁྱད་པར་དུ་ཚོགས་བརྒྱད་ལུགས་འབྱུང་ལྡོག་གི་ཚུལ་རྣམས་ཇི་བཞིན་པར་ཤེས་པ་གལ་ཆེ།དེ་ལྟར་ཤེས་ན་བསྒོམ་ལུང་མ་བསྟན་གྱི་གཞི་ལས་འཕགས་ཏེ་ལམ་དུ་འགྲོ་བ་ཡིན་གསུངས།བདེ་གཤེགས་སྙིང་པོའི་གནས་ལུགས་མངོན་དུ་མ་གྱུར་པའི་དབང་གི་འཁྲུལ་པ་ཡིན་ལ།དེ་ཁྱབ་བྱེད་ཀྱི་ཤེས་རབ་ཆེན་པོའི་ངང་མངོན་དུ་བྱས་ཏེ་རང་ཐོག་ཏུ་གྲོལ་བར་བྱེད་པ་ལ།འཁོར་འདས་ཐམས་ཅད་རང་སྣང་ལས་གཞན་ན་མེད་པར་ཐག་ཆོད་དགོས།ལར་སེམས་ཅན་གྱི་སེམས་སྟོང་གསལ་གྱི་ཀློང་དེ་ནི་རྣམ་རྟོག་ཅིར་ཡང་འཆར་དུ་རུང་བ་ཡིན་པས་ཡིད་མར་མེ་ལྟ་བུས་གསལ་བར་བྱས་ནས་རྣམ་རྟོག་སྣ་ཚོགས་པར་ཤར་བ་ནི་མེ་ལས་མེ་སྟག་མཆེད་པ་ལྟར་ཉོན་ཡིད་ཀྱི་ཁམས་ལས་མཆེད་པ་ཡིན།ཤར་བའི་རང་དུས་ཉིད་ནས་དཔེར་ན་ཆུ་ལས་རླབས་གཡོས་ཚེ་ཆུ་དང་རླབས་གཉིས་སུ་སྣང་ཡང་།ངོ་བོ་ཆུ་ཉིད་དུ་རོ་གཅིག་ཅིང་བཟང་ངན་མ་གྲུབ་པ་ལྟར།ཤར་བའི་གཞི་ཆོས་ཉིད་ཀྱི་དབྱིངས་དང་།ཤར་མཁན་རྣམ་རྟོག་གཉིས་ཀ་ཐ་དད་དུ་མ་གྲུབ་པར་རོལ་མཉམ་དུ་སོང་བ་ཡིན་པས་ངང་ཚུལ་ཤེས་དགོས།དེ་ལྟར་མ་ཡིན་པར་རྣམ་རྟོག་འཚོ་སྐྱོང་བྱེད་པ་དང་།སྤང་གཉེན་གྱི་ཚུལ་དུ་བཀག་པ་སོགས་བྱས་ན།དཔེར་ན་ཆུ་བོ་ཆེན་པོའི་འོལ་ཁ་བཀག་ན་སྟོང་ཁམས་ཆུས་བཤིག་པ་ལྟར།སྲོག་རྩར་ལས་རླུང་ཞུགས་ནས་སྨྱོ་བར་འགྱུར་བ་ལས་འོས་མེད་པ་ཡིན།རང་རྩལ་སྐྱོན་དུ་བལྟས་ནས་བཀག་པ་སོགས་བྱེད་པ་ནི།ཆོས་སྐུའི་གདངས་འགགས་པ་མེད་པ་ཇི་སྙེད་པ་གཟིགས་པའི་ཤེས་རབ་ཡིན་པས།དེ་ཉིད་སྤང་བར་བྱས་ན་མཁྱེན་གཟིགས་ཀྱི་ཡེ་ཤེས་དང་བྲལ་བའི་སངས་རྒྱས་ཞིག་མི་འབྱུང་བར་ངེས་པ་ཡིན།ལར་ཉིན་ཞག་ཕྲུག་གཅིག་ལའང་རྣམ་རྟོག་ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་ཡིན་པས།དེ་བཀག་ཀྱང་རང་ཡལ།བཞག་ཀྱང་རང་ཡལ་དུ་འགྲོ་བ་ལས་མེད་དེ།རྗེས་ཤེས་ཆོས་སྐུའི་ཡེ་ཤེས་འབའ་ཞིག་ལས་མེད་པས།བླ་མ་གོང་མ་རྣམས་ཀྱིས་རྣམ་རྟོག་ཇི་ལྟར་མང་བ་བཞིན་དུ་ཆོས་སྐུ་དེ་ལྟར་མང་བ་ཡིན།དཔེར་ན་བུད་ཤིང་ཇི་ལྟར་མང་བ་བཞིན་དུ་མེའི་ཕུང་པོ་དེ་བཞིན་དུ་མཆེད་པ་དང་།བུད་ཤིང་གིས་རང་ཉིད་བསྲེག་པ་བཞིན་དུ།རྣམ་རྟོག་རང་གིས་རང་གྲོལ་ནས་ཆོས་སྐུའི་ཡེ་ཤེས་ཁོ་ནར་འབྱམས་སུ་ཀླས་པ་ཡིན་མ་གཏོགས།རྣམ་རྟོག་བཀག་ནས་ཇི་ལྟར་བསྒོམ་ཡང་སངས་རྒྱས་ཐོབ་པ་མ་ཡིན་གསུངས།བསྒོམ་ཞེས་ཆེད་དུ་འཚོལ་བ་ཡང་མ་ཡིན།མ་བསྒོམ་ལུང་མ་བསྟན་དུ་འབྱམས་པ་ཡང་མ་ཡིན་པར་ཆོས་ཉིད་རང་བཞག་ཆེན་པོར་གནས་པ་ཡིན་ཏེ།ཏོག་ཙེ་པས།སེམས་ཀྱི་བསྒོམ་པ་སྒོམ་མ་ཡིན།མི་བསྒོམ་པ་ཡང་སྒོམ་མ་ཡིན།བསྒོམ་དང་སྒོམ་བྱེད་ལས་འདས་པ། །ཡིད་ལ་མེད་དོ་ཕྱག་རྒྱ་ཆེ། །གསུངས་པ་བཞིན་ནོ། །འོ་ན་སེམས་ཅན་རང་ཁ་མ་དང་ཁྱད་མེད་ཟེར་ན་ཁྱད་ཡོད་དེ།སེམས་ཅན་རྣམས་ཀྱིས་ཆོས་ཅན་གྱི་སྣང་བ་ཐམས་ཅད་རང་བཞིན་མ་གྲུབ་པའི་མཚན་ཉིད་མི་ཤེས་པས་སྣང་བ་ཐམས་ཅད་བདེན་པར་བཟུང་ནས།སེམས་ཁུང་དུ་མུན་རུབ་པ་ལྟ་བུ་ཡིན།དཔེར་ན་ཆུ་རང་གྲོལ་དུ་ཡོད་པ་འཁྱགས་པས་བསྡམ་པ་ལྟར།གཟུང་འཛིན་གྱི་སྤུན་ཐག་གིས་བཅིང་ནས་འཁྲུལ་པ་རང་ངོར་འཐས་པ་ཡིན།རྣལ་འབྱོར་པས་ནི་འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བཞིན་གྱིས་མ་གྲུབ་པའི་ངང་ཚུལ་རྟོགས་པ་ནི།དཔེར་ན་ནམ་ལངས་ནས་ཉི་མ་ཤར་བ་ལྟ་བུ་ཡིན།དེ་ཕན་ཆད་རང་བབ་འོད་གསལ་གྱི་ངང་མངོན་གྱུར་ཏུ་འཇོག་པ་ལས་གཞན་ན་བསྒོམ་རྒྱུ་རྡུལ་ཙམ་ཡང་མེད་དེ།དཔེར་ན་མིག་གཅིག་ཕྱེས་ནས་བལྟས་པ་ལས།ཡང་ཕྱེ་བྱེད་རྒྱུ་མེད་པ་ལྟར།ནམ་མཁའ་མིག་གིས་མཐོང་བ་ཙམ་ལས་གཏད་བྱ་གཏོད་བྱེད་གཞན་མེད་པའོ།འོ་ན་སེམས་ཅན་རང་ཁམ་རྣམས་དང་དུད་འགྲོ་རྣམས་ཀྱིས་ཀྱང་ནམ་མཁའ་མཐོང་བ་ཡིན་ཏེ་ཁྱད་མེད་ཟེར་ན།མ་ཡིན་ཏེ་སེམས་ཅན་རྣམས་ཀྱིས་གཞིའི་ཡིན་ལུགས་མི་ཤེས་པ་དང་།ནམ་མཁའ་བེམ་སྟོང་གི་རང་བཞིན་ལས་མི་མཐོང་བ་ཡིན་ཏེ།དེས་ན་ཐག་ཁྲ་སྦྲུལ་དུ་མཐོང་བ་དང་།ཐོ་ཡོར་མི་རུ་འཁྲུལ་པ་ལྟ་བུ་ཡིན།དོན་ལ་རིག་དང་མ་རིགཤེས་དང་མ་ཤེས་ཀྱི་ཁྱད་པར་ཡོད་པ།གསེར་དང་རྡོ་གཉིས་ལ་ཁྱད་པར་ཡོད་པ་ལྟ་བུ་ཡིན།ཁ་ཅིག་གིས་སྟོང་ཉིད་ཡིན་ཚུལ་མི་ཤེས་པར་རང་ཁར་སྡུག་སྒུར་བྱས་ནས་རང་སྟོབས་ཀྱིས་ཤེས་དགོས་མ་གཏོགས།སྟོང་ཉིད་ཀྱི་རང་བཞིན་མཐོང་མ་མཐོང་མེད་ཟེར་ན།འོ་ན་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་བཀའ་བར་པ་མཚན་ཉིད་མེད་པར།ཆོས་ཐམས་ཅད་གཟུགས་ནས་རྣམ་མཁྱེན་གྱི་བར་སྟོང་ཉིད་དུ་གཏན་ལ་ཕབ་ནས་གསུངས་པ་དོན་མེད་པར་འགྱུར་བ་ཡིན།རང་སྟོབས་ཀྱིས་ཚེ་འཁོར་བ་ཐོག་མ་མེད་པ་ནས་ད་ལ་ཐུག་གི་བར་དུ་སྒུར་བསྡད་ཀྱང་དབྱུག་པ་འཐེན་ནས་ཡར་སྐྱེད་སྤུ་ཙམ་མ་བྱུང་བ་ཡིན་པས།ད་དུང་ཡང་རྟོགས་པར་གྱུར་བའི་དུས་མེད་པའི་ཕྱིར།རྒྱལ་བའི་བཀའ།བླ་མའི་ལུང་།རང་གི་རིག་པ་ཚད་མ་གསུམ་ལ་བརྟེན་ནས་རྟོགས་པར་བྱ་བ་ནི་གནད་ཡིན་ནོ། །དེ་ལྟར་སྐུ་གསུམ་མཉམ་ཉིད་ཀྱི་དབྱིངས་གསང་བ་རྣམ་པར་མི་རྟོག་པའི་ནམ་མཁའ་ཉིད་ངོ་འཕྲོད་ཕན་ཆད་ངང་མངོན་གྱུར་ཏུ་འཇོག་པ་ལས་བསྒོམ་བྱ་རྡུལ་ཙམ་ཡང་མེད་པ་ཡིན་ཏེ།སློབ་དཔོན་སྦ་སྒོམ་པས།ནམ་མཁའ་འདི་ཁོང་དུ་ཆུབ་པར་གྱིས་ཤིགདེ་རྟེན་མེད་དུ་རྟོགས་ན་བསྒོམ་མེད་ཀྱི་གཟེར་ཆེན་ཐེབས་པ་ཡིན།ཞེས་པ་དང་།སེམས་ཀྱི་རང་བཞིན་ཆོས་དབྱིངས་ནམ་མཁའ་ཆེ། །ཞེས་དང་།ས་ར་ཧས།ཐམས་ཅད་མ་ལུས་ནམ་མཁའི་རང་བཞིན་ལ། །དུས་རྣམས་ཀུན་ཏུ་ནམ་ཡང་གཡོ་བ་མེད། །ནམ་མཁའ་ནམ་མཁའ་ཞེས་ནི་རབ་བརྗོད་ཀྱང་། །ནམ་མཁའི་ངོ་བོ་ཅིར་ཡང་གྲུབ་པ་མེད། །ཡོད་དང་མེད་དང་ཡོད་མིན་མེད་མིན་ཡིན། །དེ་ལ་གཞན་དུ་མཚོན་པའི་ཡུལ་ལས་འདུས། །འདི་ལྟར་སེམས་དང་ནམ་མཁའ་ཆོས་ཉིད་གསུམ། །ཐ་དད་ཅུང་ཟད་ཡོད་པ་མ་ཡིན་ནོ། །ཞེས་གསུངས་པ་བཞིན་ནོ། །དོན་ལ་བསྒོམ་བྱ་སྒོམ་བྱེད།འཇོག་བྱ་འཇོག་བྱེད།གཏད་ས་གཏད་ཡུལ།བསྲེ་བྱ་བསྲེ་བྱེད་གང་ཡང་མེད་པ་ཡིན་པས།སྨྲ་བསམ་བརྗོད་བྲལ་གྱི་ཆོས་ཉིད་ངང་བཞག་ཆེན་པོའི་ངང་དུ་འཇོག་པ་ཡིན་ནོ། །གཉིས་པ་གདངས་ཀྱི་གྲོལ་ལུགས་བཞི་ནི།བཞི་ཡེ་ནས་དུས་གསུམ་དུ་འགྱུབ་བ་མེད་པའི་གནད་འཐོང་བ་ཡེ་གྲོལ་ནམ་མཁའ་ལྟ་བུ་དང་།གཉེན་པོ་གཞན་བརྟེན་མ་དགོས་པ་རྣམ་རྟོག་རང་གིས་རང་གྲོལ་བ་རང་གྲོལ་སྦྲུལ་མདུད་ལྟ་བུ་དང་།ཤར་བ་ཆོས་ཉིད་ཀྱི་དབྱིངས་དང་།ཤར་མཁན་ཡེ་ཤེས་སུ་གདོད་ནས་རྣམ་པར་དག་པས་ཤར་གྲོལ་རྦ་རླབས་ལྟ་བུ་དང་།སྣང་བའི་རང་དུས་ཉིད་ནས་བློ་ཡིས་མ་བཟུང་།འཛིན་པས་མ་བཅིང་བར་རང་ས་དེ་གར་གྲོལ་བ་ནི་ཅེར་གྲོལ་རྡོ་ཚན་དུ་ཁ་བ་བབས་པ་ལྟ་བུ་སྟེ།གདངས་ཀྱི་གྲོལ་ལུགས་བཞི་ཡང་ཤུགས་ལ་རྫོགས་པ་ཡིན་ནོ། །གསུམ་པ་ཅོག་བཞག་བཞི་ལས།ལྟ་བ་ཅོག་བཞག་ནི།ལྟ་བ་བརྡལ་ཁྱབ་ཆེན་པོ་བློས་མཚན་འཛིན་ལས་འདས་པ་ཕྱོགས་དང་མཐའ་རུ་མ་ལྷུང་བ་ནམ་མཁའ་ལྟ་བུར་འདུས་མ་བྱས་སུ་རྟོགས་པ་ཡིན།སྒོམ་པ་ཅོག་བཞག་ནི།རྒྱ་མཚོ་ཆེན་པོའི་ཆུ་ལ་ཁ་གཏིང་མེད་པ་བཞིན་དུ་གང་ཤར་ཆོས་ཉིད་ཀྱི་རང་བཞིན་ལས་མི་འདའ་བ་དང་།ཆུ་ལ་དྭངས་གསལ་གྱིས་ཁྱབ་པ་བཞིན་དུ་འཁོར་འདས་བདེ་སྡུག་ལ་སོགས་པ་གང་ཡང་མེད་དེ།ཐམས་ཅད་འོད་གསལ་གྱི་རོལ་པར་ཕྱམ་བརྡལ་དུ་ཡན་པར་རྟོགས་པ་ཡིན། །རིག་པ་ཅོག་བཞག་ནི།དབུས་ཀྱི་རི་བོ་མཆོག་རབ་ལ་འཕོ་འགྱུར་མེད་པ་བཞིན་དུ།རིག་པ་རང་གསལ་ཆེན་པོའི་ངང་ལས་སྐད་ཅིག་ཀྱང་གཡོ་བ་མེད་པར་དུས་འདའ་བ་ཡིན།སྣང་སེམས་ཅོག་བཞག་ནི།སྣང་ཚད་ཀྱི་ཆོས་ཐམས་ཅད་རང་སྟོང་རང་གསལ།བློ་ཡིས་མི་དམིགས།སེམས་ཀྱི་མ་བཟུང་།རིག་པས་མི་གཅུན་པར་ཕྱམ་བརྡལ་ཆེན་པོར་ཡན་པས།སྤང་བླང་གཞི་མེད།གསལ་སྟོང་རིས་མེད།ཡིན་མིན་ཐེ་ཚོམ་མེད་པར་རྒྱ་གྲོལ་ལ་སོང་བ་ཡིན་ནོ། །མདོ་ཧྲིལ་གྱིས་དྲིལ་ན་ཆོས་ཉིད་རྫོགས་པ་ཆེན་པོ་འཁོར་འདས་ལམ་གསུམ་གྱི་སྤྱི་གཞི་ཆེན་པོ་འཁོར་འདས་ལམ་གསུམ་རྫོགས་པའི་དབྱིངས་ཆེན་པོ་ཡིན་ཏེ།དེའི་ངང་ཚུལ་དང་ཡིན་ལུགས་ཇི་ལྟ་བ་བཞིན་དུ་མཐོང་བ་ནི་ལྟ་བ་དང་།དེ་ལྟར་རང་ངོ་མཐོང་བའི་ཚེ་ན་གདོད་མའི་ཡེ་གཞི་ཆེན་པོར་དབང་བསྒྱུར་བ་ཡིན་ཏེ།རང་ཐོག་ཏུ་རང་ས་བཟུང་བས་རིག་པ་རང་ངོར་སད་ཅིང་བརྡལ་ཁྱབ་སྤྲོས་བྲལ་ཆེན་པོའི་ངང་ལས་གཡོ་བ་མེད་པ་ནི་བསྒོམ་པ་དམིགས་གཏད་དང་བྲལ་བ་ཡིན་ཏེ།དཔེན་ན་ཆུ་ཐིགས་རྒྱ་མཚོ་རུ་འདྲེས་ཚེ་རྒྱ་མཚོ་དང་དབྱེ་བ་མེད་པར་གྱུར་བ་དང་།བུམ་པ་ཆག་པའི་ཕྱི་ནང་གི་ནམ་མཁའ་གཅིག་ཚེ་ནམ་མཁའ་ཐ་དད་པར་བཅོས་སུ་མེད་པར་བརྡལ་ཁྱབ་ནམ་མཁའ་གཅིག་ཏུ་འབྱམས་ཀླས་པ་བཞིན་དུ།ཆོས་སྐུ་གཞིར་གནས་ཀྱི་རིག་པ་ངོ་རང་ཐོག་ཏུ་འཕྲོད་པ་དེའི་ངང་དུ་བཟོ་བཅོས་མེད་པར་འཇོག་པ་ལས་གཞན་ན་མེད་དོ། །དེ་ལྟར་མི་ཤེས་ཤིང་གཞི་དང་སེམས་ལ་ཕྱི་ནང་མེད་ཀྱང་བདག་ཏུ་འཛིན་པའི་དབང་གིས།བདག་ཚུར་བཅད།གཞི་ཕར་བཅད་དེ་ཕྱི་ནང་དུ་ལྟེ་ཆད་པ་ནི།དཔེར་ན་ཆུ་རང་གྲོལ་དུ་ཡོད་པ་གྲང་ལྷག་གི་སྤུན་ཐག་གིས་འཁྱག་པ་རུ་བསྡམ་པ་བཞིན་དུ།གཞི་རང་གྲོལ་དུ་ཡོད་པ་བདག་ཏུ་འཛིན་པའི་སྤུན་ཐག་གིས་བཅིངས་ནས་འཁོར་བ་ཡོངས་སུ་སྣང་ཞིང་གྲུབ་པ་ཡིན་ནོ། །དེའི་ངང་ཚུལ༴སོགས།བློ་འདས་སོ། །དེའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་རྟོགས་པར་བྱས་ནས།ལུས་ཀྱི་སྒོ་ནས་ཕྱིའི་བྱ་བ་རང་བཞིན་འགྲོ་འདུག་འགུལ་བསྐྱོད།ནང་གི་བྱ་བ་ཕྱག་དང་སྐོར་བ།གསང་བའི་བྱ་བ་གར་དང་ཕྱག་རྒྱ་བཅའ་བ་སོགས་གང་ཡང་མི་བྱེད་པར་བྱར་མེད་བྱ་བཏང་ཆེན་པོ་དུར་ཁྲོད་ཀྱི་མི་རོ་ལྟར་སྡོད་པ་དང་།ངག་གི་ཕྱིའི་བྱ་བ་འཁྲུལ་གཏམ་སྣ་ཚོགས་པ།ནང་གི་བྱ་བ་ཁ་ཏོན་བཟླས་བརྗོད།གསང་བའི་བྱ་བ་ཡི་དམ་གྱི་བསྙེན་སྔགས་གྲངས་སུ་བགྲང་བ་སོགས་ཆམ་ལ་བཞག་ནས་ལྐུག་པ་ལྟར་སྡོད་པ་དང་།སེམས་ཀྱི་ཕྱིའི་བྱ་བ་དུག་ལྔ་དུག་གསུམ་གྱིས་ཀུན་ནས་བསླང་བའི་རྣམ་པར་རྟོག་པ་དང་།ནང་གི་བྱ་བ་བློ་སྦྱོང་བ།བསམ་བཟང་ལ་གོམས་པར་བྱེད་པ།འཇིག་རྟེན་གྱི་བསམ་གཏན་ལ་གནས་པར་བྱ་བ་རྣམས་བཏང་ནས།རྡུལ་ཁུག་སྣ་མུན་པ་གསུམ་གྱི་སྐྱོན་གྱིས་མ་བསླད་པའི་སྟོན་ཁའི་ཐོ་རངས་ཀྱི་ནམ་མཁའ་ལྟ་བུར་བཟོ་མི་འཆོས་པར་རང་བབ་འོད་གསལ་གྱི་ངང་ལས་མི་གཡོ་བ་ནི་མཉམ་པར་བཞག་པ་ཞེས་བརྗོད་པ་ཡིན།དེ་ལྟར་བྱ་བ་དགུ་སྤྲུགས་སུ་བཏང་བས་བྱ་བཏང་བྱར་མེད་ཆེན་པོ་དང་།བློས་མ་བཅོས་པས་བློ་འདས་ཞེས་ཀྱང་བྱའོ། །གནད་དེ་ཉིད་ཀྱི་ངང་དུ་རང་གདིང་ཐོབ་པར་འགྱུར་ཏེ།དེ་ཡང་རང་གཞི་ཀུན་ཏུ་བཟང་པོ་མངོན་དུ་གྱུར་བའི་ཚེ་ན།རང་རིག་ལས་གཞན་ན་སངས་རྒྱས་མེད་པར་མཐོང་བའི་གནད་ཀྱིས།སངས་རྒྱས་ནམ་མཁའ་གང་བ་ཙམ་མཐོང་ཡང་དད་པ་ཅུང་ཟད་ཀྱང་མེད་པའི་གདིང་ཐོབ།འཁོར་འདས་རང་སྣང་དུ་ཐག་ཆོད་ནས་རང་ངོར་རང་སངས་རྒྱས་པ་ལས་རྒྱུ་འབྲས་གཞན་དུ་མི་རེ་བའི་གདིང་ཐོབ།རང་གཞི་ཀུན་ཏུ་བཟང་པོ་རང་ཐོག་ཏུ་ཕེབས་པས་སྲོག་གཅོད་ཀྱི་གཤེད་མ་བརྒྱས་བསྐོར་ཡང་ཡ་ང་བག་ཚ་མེད་པའི་གདིང་ཐོབ།འཁོར་བ་མིང་མེད་དུ་རྟོགས་པས་འཁོར་བ་དང་ངན་སོང་ལ་དོགས་པ་མེད་པའི་གདིང་ཐོབ་པར་འགྱུར་བ་ཡིན་ནོ། །དེ་ནི་མཉམ་བཞག་གི་གནད་དང་དེ་མ་ཐོབ་ཀྱི་བར་དུ་མི་དགེ་བ་ལས་འབྲས་བུ་སྡུག་བསྔལ་འབྱུང་བ་དང་།དགེ་བ་ལས་ཀྱང་འབྲས་བུ་བདེ་བ་འབྱུང་བའི་ཚུལ་ཤེས་པར་བྱ་བ་ནི་གནད་ཡིན་པས།རྗེས་ཐོབ་ཏུ་ཡང་ལྟ་བའི་སྟངས་མ་ཤོར་བ་འཁོར་འདས་གཉིས་མེད་ཀྱི་རོལ་པར་ཐག་ཆོད་པའི་རྗེས་ཤེས་རྒྱུན་ཆགས་པ་དང་།བསྒོམ་པའི་གདིང་མ་ཤོར་བ་ནམ་མཁའ་དྭངས་གསལ་གྱི་ཆ་དང་འགྲོགས་པ་ལྟར་རིག་གདངས་བྱར་མེད་མངོན་གྱུར་གྱི་གདངས་ཆེན་པོ་ལས་མི་འདའ་བར་བྱ་བ་དང་།སྤྱོད་པ་བག་མེད་དུ་མི་འཆོལ་བར་སྡིག་པ་མི་དགེ་བའི་ལས་དུག་བཞིན་དུ་སྤང་བ་དང་།ཟ་ཉལ་འགྲོ་འདུག་གི་ཚེ་ཡང་དལ་ལ་ལྷོད་ཆགས་པས་བྱ་སྤྱོད་ལ་འཇུག་སྟེ་བག་མེད་པའི་དབང་དུ་སྐད་ཅིག་ཀྱང་མ་སོང་བར་བྱ།གནས་གང་དུ་བསྡད་ཀྱང་སྣང་བ་ཡངས་ཁྲོ་ལེ།གྲོགས་སུ་དང་འགྲོགས་ཀྱང་ཤེས་པ་དགའ་ཡལ་ལེ་བ་ཞིག་དགོས་པ་ཡིན་ནོ། །གནད་དེ་གཉིས་ནི་ཤི་བའི་མཐར་མ་ཐུག་གི་བར་དུ་བསྒོམ་པ་ཡིན།མ་སྒོམ་ན་ངོ་འཕྲོད་པ་ཙམ་གྱིས་མི་ཆོག་པ་དཔེར་ན་ཟས་ཡོད་ཀྱང་མ་ཟོས་པ་དང་།གོས་ཡོད་ཀྱང་མ་གྱོན་པ་ལྟར།ཐོས་ཤེས་རྒྱ་མཚོ་ཙམ་ཡོད་ཀྱང་མ་སྒོམ་ན་འཁྲུལ་པའི་དབང་དུ་སོང་ནས་འཆི་ཁ་ཐ་མལ་དུ་ལུས་པ་ལས་འོས་མེད་པ་ཡིན་ཏེ།འཇིགས་མེད་གླིང་པས།རང་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་ན། །རྣམ་རྟོག་དགྲས་ཁྱེར་གཡུལ་ངོའི་བུ་ཆུང་འདྲ།ཞེས་གསུངས།སྙིང་ལ་རུས་པ་བསྐྱེད་ནས་བསྒོམ་ན།སྔོན་ཡེར་པའི་རྟོགས་ལྡན་བརྒྱད་ཅུ་སོགས་འཇའ་ལུས་ལ་དེངས་པ་ཡིན།དེང་སང་ཁ་སྐད་མཐོན་པོས་མིག་ཏུ་ཟང་ངེ་བྱས་ཀྱང་ཤི་ཁ་ཐ་མལ་པ་རྣམས་དང་ཁྱད་པར་མེད་པ་དེ།སྙིང་རུས་ཆུང་ནས་བསྒོམ་མ་ནུས་པའི་སྐྱོན་ཡིན།དེས་ན་ད་ལྟ་ན་ཚོད་གཞོན་དུས་ཆོས་བསྒྲུབ་ཤེས་ཤིང་།བསྒྲུབ་དབང་ཡོད་དུས་བསྒྲུབ་དགོས་མ་གཏོགས།ནམ་ཞིག་འཆི་ནད་ཀྱིས་ཐེབས་ནས་སྨན་དཔྱད་རིམ་གྲོས་ཕན་མ་ཐོགས་ཤིང་དབུགས་ངར་ཆེན་ངར་ཆུང་ལ་ཐུག་ཚེ་སྔར་བྱས་ཀྱི་མི་དགེ་བ་ཐམས་ཅད་དྲན་ནས་དེའི་འབྲས་བུ་ལ་འཇིགས་ཤིང་སྐྲག་སྟེ།དམ་པའི་ཆོས་མ་བསྒྲུབ་པ་ལ་འགྱོད་ནས་སྙིང་གས་འགྲོ་བ་ལྟ་བུ་འབྱུང་ཚེ་འཕྱི་བ་ཡིན་ཏེ།ཨོ་རྒྱན་ཆེན་པོས།སྡིག་རྒན་འཆི་ཁར་འགྱོད་ཀྱང་འཕྱི་བ་ཡིན། །གསུངས་པ་ཡིན་པས།ད་ལྟ་བློ་ཐག་རིང་པོས་གཏན་དུ་སྡོད་གྲབ་མི་བྱེད་པར་མྱུར་དུ་ཆོས་ལམ་ལ་ཞུགས་དགོས་ཏེ།ཕ་དམ་པས།དྲན་པའི་ཚེ་ན་རྒྱུག་ཅིག་དིང་རི་བ། །ཞེས་གསུངས་པ་བཞིན་དུ་བློ་ཕ་ལ་མི་དྲི།གྲོས་མ་ལ་མི་བྱེད།ཐག་རང་གིས་མི་བཅད།བློ་བླ་མ་དང་དཀོན་མཆོག་གསུམ་ལ་གཏད་དགོས་ཏེ།འཇིགས་མེད་གླིང་པས།བསླབ་བྱ་དྲང་པོར་བསླབ་མཁན་མཚན་ལྡན་གྱི་བླ་མ་མ་གཏོགས་མི་འོང་བས་སུ་ཡི་ཁ་ལ་མི་ཉན།ཆོས་ཕྱི་བཤོལ་དུ་མི་བཞག་པར་མྱུར་དུ་བརྩོན་དགོས།ཞེས་གསུངས་པ་ལྟར་ཆོས་བསྒྲུབ་པ་ལ་བརྩོན་པར་བྱའོ། །དེ་ནི་སྒོམ་པ་རང་གྲོལ་བློ་འདས་སོ། །གསུམ་པ་དེ་གཉིས་ཀྱི་གྲོགས་སྤྱོད་པ་བསྟན་པ་ལ།སྤྱོད་པའི་གནད་ནི་ཐམས་ཅད༴སོགས།བླ་ན་མེད་པའོ། །ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོལ་བ་མི་དགེ་བཅུ་པོ་དུག་བཞིན་དུ་སྤངས་ཏེ་ཞི་དུལ་བག་ཡོད་པ་ཁྲིམས་བདག་རྒྱལ་པོའི་མདུན་སར་སླེབས་པ་ལྟ་བུ་ཞིག་དགོས་ཏེ།ལྟ་བའི་ཕྱོགས་སུ་སྤྱོད་པ་ཤོར་ན་བག་མེད་ཀྱི་དབང་དུ་ཁ་ཁྱོལ་ཏེ་འཁོར་བའི་བྱ་བ་ལ་ཞེན་ནས་ལས་ངན་ཆུ་ཀླུང་རྡོལ་བ་ལྟ་བུར་སྤྱོད་ཅིང་།དཀོན་མཆོག་གསུམ་ལ་ལོག་པར་ལྟ་ཞིང་ལས་འབྲས་ཁྱད་དུ་བསད་དེ།གད་མཆོང་བྱེད་ཅིང་དོན་དམ་པའི་ལྟ་སྒོམ་ཉམས་སུ་མི་ལོན་པའི་ཁར།ལྷ་མིའི་གོ་འཕང་དོན་དུ་གཉེར་བའི་བསོད་ནམས་བསགས་པའི་སྒོ་ཙམ་ཡང་རྒྱུད་ལ་མི་གནས་པར་འགྱུར་བས་ན།ནག་པོ་ཁ་འབྱམས་བདུད་དང་རཱུ་ཏྲ་ལྟ་བུའི་རྒྱུ་རུ་སོང་ན་འཚོ་བྱེད་ཀྱི་སྨན་བཙལ་བའི་ལམ་ནས་རེག་ཕུང་གི་དུག་དང་འཕྲད་པ་ལྟ་བུ་ཡིན།ལར་མ་རིག་པའི་གཉེན་པོ་རིག་པ་དང་།འཁོར་བའི་གཉེན་པོ་སྟོང་ཉིད་ཡིན་ཀྱང་།དེ་ལོག་པར་གོ་སོང་ན་རྒྱུད་ལོག་ལྟས་གང་ཞིང་ཆོས་མ་ཡིན་པའི་སྤྱོད་པ་སྣ་ཚོགས་བྱེད་པ་མཐོང་ཆོས་འགའ་འདུག་པ་ཉིད་ཚོ་ནི་སྟོང་ཉིད་ལོག་པར་གོ་བ་ཡིན།ཁྲིམས་བདག་རྒྱལ་པོའི་མདུན་སར་སླེབས་པ་ལྟ་བུ་ནི།དཔེར་ན་རྒྱལ་པོ་ཤིན་ཏུ་ཁྲིམས་ཁ་ཆེ་བ་ཞིག་གི་མདུན་དུ་འགྲོ་ཚེ་ཕྱག་དང་ཞེ་ས།འགྲོ་སྤྱོད་དལ་བ།ངག་གི་སྨྲ་བ་བཙུན་པ།སེམས་ཀྱིས་བརྟག་དཔྱོད་ཞིབ་པ་སོགས་མ་བྱས་ཚེ།སྲོག་གི་འཇིགས་པ་སོགས་འབྱུང་བ་ཡིན།དེ་བཞིན་དུ་ལྟ་ཕྱོགས་སུ་སྤྱོད་པ་མི་འཆོལ་བར་བརྟག་དཔྱད་ཞིབ་ཏུ་བྱས་ནས་ལུས་ངག་གི་སྒོ་བསྡམ་དགོས་མ་གཏོགས།འཆི་བདག་གཤིན་རྗེའི་ཁྲིམས་ཁ་དེ་ལས་ཀྱང་བཙན་ཞིང་ཐར་པའི་སྲོག་རྩ་གཅོད་པར་བྱེད་ན་རང་རྒྱུད་བཅོས་པ་གལ་ཆེ།ཆོས་ཟད་བློ་འདས་ཀྱི་སར་མ་སླེབ་བར་རྒྱུ་འབྲས་ཕྲ་བ་ལ་བླང་དོར་བྱེད་དགོས་པ་ཡིན་ཏེ།ཨོ་རྒྱན་ཆེན་པོས།ལྟ་བ་ནམ་མཁའ་བས་ཀྱང་མཐོ། །ལས་རྒྱུ་འབྲས་བག་ཕྱེ་བས་ཀྱང་ཞིབ། །ཅེས་གསུངས་པ་ལྟར་རོ། །སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོལ་བ།དཔེར་ན་སྡེར་ཆགས་གང་གི་ཟིལ་གྱིས་མི་གནོན་པ་གཅན་གཟན་གྱི་རྒྱལ་པོ་སེང་གེ་རལ་པ་ཅན་གངས་ལ་འགྱིང་བ་ལྟ་བུ་ཞིག་དགོས་པ་ཡིན་ཏེ།ལུས་ངག་ཡིད་གསུམ་གྱི་དགེ་བ་གཞན་ཟབ་ཟབ་འདྲ་བའི་ཡུལ་དུ་ཤོར་ནས་ལྟ་སྒོམ་ཟིལ་གྱིས་མནན་ཏེ།འཁོར་བར་བསོད་ནམས་བསགས་པ་ཙམ་ལ་མི་ཚེ་འདས་ན་གསེར་གྱི་སྒྲོག་གིས་བཅིངས་པ་ལྟ་བུ་ཡིན་ཏེ་ཆོས་དབྱར་ཁའི་མེ་ཏོག་ལྟ་བུ་གཅིག་ལས་གཅིག་གིས་ལྷག་པ་འདྲ་བར་བརྩོན་པར་གྱུར་ན་ལྟ་སྒོམ་ཟབ་མོ་ཉམས་སུ་ལེན་པ་རྒྱབ་ཏུ་དོར་ཏེ་འཆི་ཁ་ཐ་མལ་དུ་ལུས་པ་ལས་འོས་མེད་ཅིང་འཁོར་བའི་གསོས་སུ་གྱུར་ཏེ།གནས་སྐབས་ཀྱི་བདེ་བ་ལྷ་མིའི་གོ་འཕང་དོན་དུ་གཉེར་བ་ཙམ་ལས་རྣམ་པར་གྲོལ་བའི་འབྲས་བུ་མི་ཐོབ་པའི་སྐྱོན་དེས་བཅིང་པ་ཡིན།ལྟ་སྒོམ་ཟབ་མོའི་ཆོས་ལ་ཡིད་ཆེས་ཀྱི་བརྟན་པ་ཐོབ་པ་དགེ་ཆོས་གཞན་གྱི་ཡོན་ཏན་མཐོང་ངམ་ཐོས་ཀྱང་ལྟ་སྒོམ་ཟིལ་གྱིས་མི་གནོན་པ་ཞིག་དགོས་པ་ཡིན་ནོ། །ཁྱད་པར་དུ་ལྟ་བ་སྟོང་ཉིད་རྟོགས་ཀྱང་སྙིང་རྗེ་གཞན་ནས་སྒོམ་དགོས་ཟེར་བའང་ཡོད་ཀྱང་།བདག་གཞན་སོ་སོར་བཅད་པའི་སྙིང་རྗེ་དེ་ཆགས་སྡང་གི་བློ་དང་མ་བྲལ་བས།དེ་འདྲའི་སེམས་བསྐྱེད་ནི་སྨོན་པ་ཙམ་ལས་འཇུག་པ་མི་འོང་བ་ཡིན་ཀྱང་།དེ་དག་གི་རྗེས་སུ་འབྲང་ན་དཔེར་ན་ཆུ་རང་ལ་ཡོད་ཀྱང་རླན་གཞན་ནས་འབྱུང་དགོས་ཟེར་བ་དང་།དེ་བཞིན་དུ་མེ་རང་ལ་ཡོད་ཀྱང་ཚ་དྲོད་གཞན་ནས་ཚོལ་བ་དང་།རླུང་རང་ཉིད་ཡིན་ཀྱང་བསིལ་གཞན་དུ་རེ་བ་ལྟ་བུའི་ཕྱོགས་སུ་ངེས་པ་ཡིན་ཏེ།འཁོར་འདས་སྟོང་ཉིད་ཆེན་པོ་གཅིག་གི་རང་བཞིན་དུ་ངོ་ཤེས་ཤིང་ངང་རྟོགས་ནས་ངེས་པར་ཐག་ཆོད་པ་ནི་འཁོར་འདས་དག་མཉམ་དུ་རོལ་པའི་སྙིང་རྗེ་སྟེ།དེ་ལས་གཞན་པའི་སྙིང་རྗེ་བྱང་ཆུབ་ཀྱི་སེམས་ཟེར་བ་ཞིག་གཞན་ན་མེད་དོ། །ལྟ་སྒོམ་གྱི་གནད་དང་༴སོགས།མནན་པ་ཡིན།དེ་ལྟར་བླ་མའི་མན་ངག་ལ་བརྟེན་ནས་གཞི་ལྟ་བའི་གནས་ཚུལ་ཇི་བཞིན་དུ་ངོ་འཕྲོད་ཀྱང་།དེ་ལ་གོམས་འདྲིས་མ་སོང་ཞིང་གོ་བ་ཙམ་དུ་གདིང་བཅས་ཤིང་དེས་ཆོག་སྙམ་ནས་དེ་གར་ཐག་བཅད་དེ།ཡང་སྔར་བཞིན་འཁོར་བའི་བྱ་བ་ལ་ཞེན་ཅིང་།གཞན་དགྲ་ཕྱོགས་ལ་བཅད་ནས་སྡང་བ་དང་།རང་གཉེན་ཕྱོགས་ལ་བཅད་དེ་ཆགས་པ་སོགས་ཉོན་མོངས་འཁྲུལ་པའི་དབང་དུ་སོང་ནས་སྡིག་པ་མི་དགེ་བའི་ལས་སྣ་ཚོགས་ཀྱི་མགོ་བརྩམས་ཏེ།མི་ཚེ་སྡུག་ལ་ཟད་པ་དག་གི་ཉམས་ལེན་ལ་གདིང་དང་བརྟན་པ་མ་ཐོབ་པས།ལྟ་སྒོམ་ཐམས་ཅད་འཁྲུལ་པ་དང་འཁོར་བའི་བྱ་བྱེད་ཀྱི་ཟིལ་གྱིས་མནན་པ་ནི་ངོ་འཕྲོད་ཀྱང་གོམས་འདྲིས་མ་བྱས་པ་དེས་ལན་པ་ཡིན་ནོ། །དེ་ལྟར་མ་ཡིན་པར་ལྟ་བ་ཟབ་མོའི་སྟངས་མ་ཤོར་བ་འཁོར་འདས་མཉམ་ཉིད་ཀྱི་རོལ་པར་ཐག་ཆོད་པ་དང་།སྒོམ་པའི་གདིང་མ་ཤོར་བ་རྒྱ་མཚོ་དྭངས་གསལ་གྱི་ཆ་དང་འགྲོགས་པ་ལྟར་རིག་གདངས་མངོན་གྱུར་གྱི་ངང་དུ་ཆམ་གྱིས་བཞག་པ་དང་།ཆོས་ཅན་ཆོས་ཉིད་དུ་མ་ཞིག་གི་བར་དུ་ལྟ་བའི་ཕྱོགགས་སུ་སྤྱོད་པ་མ་ཤོར་བར་སྒོ་གསུམ་གྱི་གནད་འཆོས་ནས་མི་དགེ་བ་དུག་བཞིན་དུ་སྤང་དགོས་སོ། །དེ་ལྟར་སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོལ་བ་ནི།དཔེར་ན་སྡེར་ཆགས་གང་གི་ཟིལ་གྱིས་མི་གནོན་པ་སེང་གེ་གཡུ་རལ་ཅན་གངས་ལ་འགྱིང་བ་ཙམ་གྱིས་སྡེར་ཆགས་ཐམས་ཅད་ཕར་ཟིལ་གྱིས་གནོན་ཅིང་ཚུར་གང་གིས་ཀྱང་ཉེ་མི་ནུས་པ་ལྟར།ལྟ་སྒོམ་ཟབ་མོའི་རྩལ་གསུམ་ལུས་ལ་རྫོགས་པའི་རྣལ་འབྱོར་པས་ཕར་སྣང་བ་ཐམས་ཅད་ལ་རང་དབང་བསྒྱུར་བས་ཟིལ་གྱིས་མནན་ཏེ།རྩོལ་བཅས་ཀྱི་ལམ་ལ་མགོ་མི་འཁོར་བ་དགོས་པ་ཡིན་ནོ། །ཉམས་ཀྱི་གོལ་ས་གསུམ་བཤད་པ་ནི།ཉམས་ཀྱི་སྣང་བ༴སོགས།ལྟ་བ་ཡིན་ནོ། །ཉམས་ཀྱི་སྣང་བ་ནི་སེམས་དང་ཤེས་རྒྱུད་སྔར་ལྟར་མ་ཡིན་པའི་བདེ་སྣང་འབོལ་ལེ་བ་འབྲལ་མི་ཕོད་པ་ལྟ་བུར་འཆར་བས་དེར་ཞེན་ནས་བརྟན་པ་ཐོབ་ན་འདོད་ལྷར་འཕེན་པ་དང་།གཟུགས་ཁམས་སུ་འཕེན་པའི་གསལ་ཉམས་སྔར་དང་མི་འདྲ་བའི་གསལ་སང་ངེ་བ་དང་།མངོན་ཤེས་ཕྲ་མོ་ཡོད་པ་རྣམས་འབྱུང་ཞིང་དེར་ཞེན་ན་གཟུགས་ཁམས་སུ་འཕེན་པ་དང་།གཟུགས་མེད་མུ་བཞིར་འཕེན་པའི་སྟོང་ཉམས་མི་རྟོག་པ་ཁ་ནང་དུ་བསྟན་པའི་ཐོམ་ཡོ་རེ་བ་དྲན་མེད་ཤེས་མེད་འཛིན་པ་ཕྲ་བ་བག་ལ་ཉལ་བ་གཉིད་འཐུག་ལྟ་བུ་དང་།ལྟ་བ་སྟོང་ཉིད་ལ་རྒྱུས་མེད་ཅིང་སེམས་སྟོང་པའི་རང་བཞིན་དངོས་པོ་མ་གྲུབ་པ་ཙམ་ལ་བློ་ཐག་བཅད་དེ་སྟོང་བའི་ངང་དུ་རྩེ་གཅིག་ཏུ་འཇོག་པ་ནི་སྲིད་པའི་རྩེ་མོ་དང་།འདུ་ཤེས་མེད་པའི་ལྷ་རུ་འཕེན་པའི་ལྟ་བ་ཡིན་པར་ཤེས་ནས་དེའི་དབང་དུ་མི་བཏང་བར་དེ་དག་གང་བྱུང་ཡང་ཐམས་ཅད་བདེན་མེད་ཉམས་ཀྱི་རི་མོར་ཤེས་པའི་ངང་དུ་རིག་པའི་གཏན་སྲིད་ཟིན་པར་བྱེད་དགོས།གཞན་ཡང་ཕྱི་སློང༴སོགས།འགྱུར་བ་ཡིན་ནོ། །གཞན་ཡང་ཕྱི་སློང་ལྷ་འདྲེའི་ཆོ་འཕྲུལ་ཐན་དང་ལྟས་ངན་ལ་སོགས་པའི་དབང་པོའི་ཡུལ་ལ་ཆོ་འཕྲུལ་སྣ་ཚོགས་འབྱུང་བ་དང་།ལྷ་འདྲེ་མ་རུངས་པའི་གཟུགས་སྣ་ཚོགས་སུ་སྣང་བ་དང་།རྨི་ལམ་གྱི་སྐབས་སུ་གཟུགས་མི་སྡུག་པར་མཐོང་བ་དང་།བསྔངས་སད་འབྱུང་བ་ལ་བརྟེན་ནས་སེམས་དང་བློ་སྙིང་མི་བདེ་བ་སྣ་ཚོགས་འབྱུང་བ་དང་།ཟས་དང་ཁང་ཁྱིམ་དང་བྲེད་སྔངས་ལ་རྐྱེན་བྱས་ནས་ན་ཚ་འབྱུང་བ་དང་།ས་རྡོ་ཤིང་མཚོན་གྱིས་རེག་པ་ཙམ་ལ་རྐྱེན་བྱས་ཏེ་སོས་དཀའ་བ་དང་།རྨ་དང་མཛེ་དང་ཕོལ་མིག་ལ་སོགས་པ་གློ་བུར་དུ་འབྱུང་བ་ཡིན་ནོ། །ནང་སློང་ལུས་ཀྱི་ན་ཚ་རླུང་འཁྲིས་བད་ཀན་ལ་སོགས་པའི་འདུ་བའི་ནད་རིགས་བཞི་བརྒྱ་རྩ་བཞིའི་རྣམ་པར་འབྱུང་ཞིང་།སེམས་ཀྱི་རྩལ་དང་ནུས་སྟོབས་ཐམས་ཅན་ནད་དེའི་ངང་དུ་ཉམས་པ་ལྟར་བརྗོད་མི་ཤེས་པའི་སྡུག་བསྔལ་དང་ཟུག་རྔུ་སྣ་ཚོགས་པ་འབྱུང་བ་དང་།གསང་སློང་སེམས་ཀྱི་བདེ་སྡུག་ནི་སེམས་རང་གི་ཡུལ་དུ་མི་བདེ་བའི་ཆགས་པ་དང་།སྡང་བ་དང་།ཞེན་པ་དང་།སྡུག་བསྔལ་མི་བཟོད་པ་དང་།དགའ་བ་དང་།སྐྱོ་བ་དང་།སྟོང་གསལ་མྱོང་ཞེན་ཅན་དང་།སྟོང་ཧད་དེ་བ་སྣང་སེམས་གོ་འགགས་པ་དང་།མཐོང་ཚོར་ཐམས་ཅད་གནོད་བྱེད་དུ་མངོན་པ་དང་།ཁོང་ཁྲོ་དང་གནོད་སེམས་ཀྱི་དབང་གིས་གཞན་གྱི་རྒྱུད་དཀྲུགས་ཏེ་རྗེས་སུ་འགྱོད་པ་སྐྱེ་བ་དང་།ང་འདྲ་བའི་རྣལ་འབྱོར་པ་ལྟ་སྒོམ་ཅན་ས་སྟེང་ན་མེད་སྙམ་པའི་ང་རྒྱལ་སྐྱེས་ནས།རང་གི་བྱ་སྤྱོད་ཅི་བྱས་ཐམས་ཅད་བཟང་པོ་མཛེས་པ་རུ་མངོན་ནས་ལས་འཆོལ་ཉོག་ཏུ་སྤྱོད་པ་ལ་སོགས་པའི་སེམས་ལ་བདེ་སྡུག་མ་ངེས་པར་འབྱུང་བ་ཡིན་ནོ། །དེ་ལ་བདེན་ཞེན་རེ་དོགས་ཀྱི་ངང་བརྟན་པར་གྱུར་ནས་ཉམས་ནད་དུ་སོང་།རྒྱབ་བརྟེན་འདྲེ་རུ་བཟུང་སྟེ།གཏོ་བཅོས་རིམ་གྲོ་སྨན་དཔྱད་ལ་འབད་ཀྱང་ཕན་པ་ཏིལ་འབྲུ་ཙམ་ཡང་མེད་པའི་ཁར།ཉམས་ངོ་སྤྲོད་ཀྱི་བྱ་མ་ཤོར་ན་སྨྱོ་འབོག་བརྒྱལ་བ་ལ་སོགས་པས་འཆི་བ་སྲོག་ལ་འབབ་པའི་རྒྱུ་རྐྱེན་དུ་འགྱུར་བ་དང་།གློ་བུར་དུ་དུད་འགྲོ་ལྟར་ཅི་ཡང་མི་ཤེས་པར་འགྱུར་བ་སོགས་འབྱུང་བ་ཡིན།ཞི་གནས་ཉམས་ཀྱི་གསལ་སྣང་ཙམ་ལ་ལྷ་སྣང་འདྲེ་སྣང་གཞན་རྒྱུད་མཁྱེན་པའི་མངོན་ཤེས་སོགས་མ་ངེས་པ་སྣ་ཚོགས་སུ་འབྱུང་བ་ལ་མངོན་པར་ཞེན་པའི་དབང་དུ་གྱུར་ན་སྒོམ་ཆེན་ཐ་མལ་དུ་འཆོལ་བའི་རྒྱུ་རུ་འགྲོ་བ་ཡིན་ནོ། །དེ་ཐམས་ཅད་ཉམས་རྫུན་པོ་ཆེའི་རང་མཚངས་སུ་རིག་ཅིང་ཐག་བཅད་ནས་རང་ཡལ་དུ་འགྲོ་བ་ལ་བསླབ་དགོས།དེ་ཡང་བདེ་སྡུག་ཉམས་ཀྱི་རི་མོ་གང་ལྟར་ཤར་བའི་ཚེ་ན་བདེན་མེད་དུ་ཤེས་པའི་ངང་ནས་རྣམ་རྟོག་བཀག་པ་ཡང་མ་ཡིན།བསྒྲུབ་པ་ཡང་མ་ཡིན།ཉམས་རྫུན་པོ་ཆེའི་རང་བཞིན་དུ་ཤེས་ནས་ཉམས་ཀྱི་སྣང་བ་རང་ཡལ་ན་བུན་ནམ་མཁར་ཡལ་བ་ལྟར་འགྲོ་བ་ནི།རྫོགས་ཆེན་ནས།ཉམས་ན་བུན་འདྲ་སྟེ་ཡལ་ནས་འགྲོ། །ཞེས་གསུངས་པ་ལྟར་རོ། །རྣམ་རྟོག་འདི་བཀག་ན་ཆུ་ཀླུང་ཆེན་པོའི་འོལ་ཁ་བཀག་པ་ལྟ་བུ་ཡིན་ཏེ།ཕ་དམ་པས།རྣམ་རྟོག་བཀག་པ་སྤངས་ལ་ཆུ་རྡོལ་འདྲ། །བཀག་པས་ཁོག་པ་མི་འདུག་དིང་རི་བ། །ཞེས་དང་།ཨོ་རྒྱན་ཆེན་པོས།བསྒོམ་བརྩིགས་ཤེས་པ་མང་ན་ཡང་། །བསྒོམ་བཤིག་ཤེས་པ་ང་ལས་མེད། །ཅེས་སོ། །དྲན་བསམ་གྱི་སྤྲོས་པ་ཐམས་ཅད་དོར་ནས་གཏད་མེད་འཛིན་མེད་ཉིད་དུ་ལ་བཟླ་བ་ནི་གནད་དམ་པ་ཡིན་ནོ། །ཞེས་གསུངས་ཤིང་མི་སྣང་བར་ཡལ་ལོ། །ཡང་དག་པའི་སྤྱོད་ཚུལ་གཞན་བསྟན་པ་ནི།ཡང་རེ་ཞིག་གི་ཚེ་རང་སྣང་དོན་གྱི་འོག་མིན༴སོགས།མན་ངག་ཡིན་ནོ། །ཡང་རེ་ཞིག་གི་ཚེ་རང་སྣང་དོན་གྱི་འོག་མིན་དུར་ཁྲོད་མེ་རི་འབར་བའི་གནས་ན་ཟུར་ཆུང་ཤེས་རབ་གྲགས་པ་དང་མཇལ་ཚེ།བདག་གིས།ཀྱཻ་བླ་མ་ལགས།གདམས་ངག་ཐུགས་ཀྱི་ཡང་བཅུད་ཚིག་ཉུང་ལ་དོན་འདུས་པ་ཞིག་བདག་ལ་གནང་བར་མཛད་དུ་གསོལ།ཅེས་ཞུས་པས་བཀའ་སྩལ་པ།དེ་ཡང་ཀྱེ་བསྐལ་པ་དཔག་ཏུ་མེད་པའི་གོང་རོལ་ནས་ཚོགས་སྨོན་ལས་འཕྲོ་དུས་འཛོམ་པའི་སྐྱེས་བུ་རྣམས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པ་སངས་རྒྱས་ཀྱི་གོ་འཕང་ལ་བསྒྲོད་པར་འདོད་ན།དུས་དང་རྣམ་པ་ཀུན་ཏུ་བླ་མ་ལ་མོས་གུས།མཆེད་གྲོགས་ལ་བརྩེ་གདུང་དང་དག་སྣང་།སེམས་ཅན་ལ་སྙིང་རྗེ།ཚེ་མི་རྟག་པ་བསྒོམ་པ་དང་བཞི་པོ་ནི་མེད་ཐབས་མེད་པ་ཡིན་པས།དང་པོ་ལམ་གྱི་རྩ་བ་དགེ་བའི་བཤེས་གཉེན་ཁོ་ན་བསྟེན་ནས་སྙིང་པོ་ལེན་པར་བྱ་སྟེ།སྡུད་པ་ལས།བླ་མ་མཁས་པ་རྣམས་ནི་རྟག་ཏུ་བསྟེན་བྱ་སྟེ།ཅི་ཕྱིར་ཞེ་ན་མཁས་པའི་ཡོན་ཏན་དེ་ལས་འབྱུང་། །ནད་པའི་ཚོགས་ཀྱིས་གསོ་ཕྱིར་སྨན་པ་བསྟེན་པ་ལྟར། །གཡེལ་བ་མེད་པར་དགེ་བའི་བའི་བཤེས་གཉེན་བསྟེན་པར་བྱ། །ཞེས་གསུངས་པས།དེ་ལ་བསྟེན་བྱའི་བླ་མ་ནི།ཆོས་ཅི་དང་ཅི་སྟོན་པ་ཐམས་ཅད་ཆོས་ཀྱི་དབྱིངས་དོན་དམ་པའི་བདེན་པ་འབའ་ཞིག་སེམས་ཏེ་སྟོན་པར་བྱེད་ཅིང་གསལ་བར་བྱེད་པ་དེ་ནི་དགེ་བའི་བཤེས་གཉེན་ལམ་དྲང་པོ་ནས་ཁྲིད་པར་བྱ་བ་ཡིན་ནོ། །དེ་ལ་ནང་གསེས་སུ་དབྱེ་ན།དམ་ཚིག་གསལ་བཀྲ་ལས།སྤྱི་དང་འདྲེན་དང་དམ་ཚིག་དབང་། །ཉམས་ཆག་བསྐང་དང་ཤེས་རྒྱུད་གྲོལ། །མན་ངག་ལུང་གི་སློབ་དཔོན་དྲུག།ཅེས་གསུངས་པས།བསྟན་པ་སྤྱིའི་བདག་པོར་གྱུར་བ་ཀུན་གྱིས་དམ་པར་བཀུར་ཞིང་བཀའ་དྲིན་ཅུང་ཟད་ཐོབ་པ་སྤྱིའི་སློབ་དཔོན།རབ་བྱུང་གི་མཁན་པོ་ལྟ་བུ་ཆོས་སྒོར་འདྲེན་པའི་སློབ་དཔོན།དམ་ཚིག་འབོག་ཅིང་དབང་བསྐུར་བ་པོ་དམ་ཚིག་དབང་གི་སློབ་དཔོན།ཉེས་ལྟུང་བཤགས་ཡུལ་དུ་གྱུར་པ་ཉམས་ཆག་སྐོང་བའི་སློབ་དཔོན།ཆོས་འཆད་པ་པོ་ལྟ་བུ་ཤེས་རྒྱུད་གྲོལ་བའི་སློབ་དཔོན།མན་ངག་སྟོན་ཅིང་ལུང་འབོག་པ་པོ་མན་ངག་ལུང་གི་སློབ་དཔོན་ཏེ་དྲུག་ཏུ་བརྗོད་དོ། །བྱེ་བྲག་འདིར་རང་ལ་སྨིན་བྱེད་ཀྱི་དབང་དང་།གྲོལ་བྱེད་ཁྲིད།མན་ངག་ལུང་དང་བཅས་པ་སྩལ་ཏེ།ནང་དོན་གྱི་ཡེ་ཤེས་གསལ་བར་སྟོན་པ་པོ་ནི་བླ་མ་ཐམས་ཅད་ཀྱི་ངོ་བོ་དེར་འདུས་ཤིང་བརྒྱུད་པ་གཅིག་དྲིལ་དུ་རྫོགས་པ་ཡིན་པས།དེ་ཉིད་ཚུལ་ཇི་ལྟ་བ་བཞིན་དུ་རྒྱུད་ལུང་ཐམས་ཅད་ནས་གསུངས་པ་ལྟར་བསྟེན་ཏེ།སྒོ་གསུམ་ཟོལ་ཟོག་མེད་པའི་ངང་ནས་བླ་མ་ལ་ཅི་མཉེས་བསྒྲུབ་ཅིང་མོས་གུས་རྒྱུན་ཆད་མེད་པ་བྱེད་པ་གལ་ཆེ་སྟེ།དེ་ལྟ་བུའི་བཀའ་དྲིན་གསུམ་ལྡན་གྱི་བླ་མ་དེ་ཉིད་ཨོ་རྒྱན་ཆེན་པོ་དངོས་ཡིན་སྙམ་པའི་མོས་གུས་གཏིང་ཚུགས་པའི་ངང་ནས།འདུག་པའི་དུས་སུ་བླ་མ་སྤྱི་བོར་བསྒོམ་པ་དང་།འགྲོ་བའི་དུས་སུ་ཕྲག་པ་གཡས་སུ་བསྒོམ།ཉལ་བའི་ཚེ་སྙིང་གར་བསྒོམ།བཟའ་བཏུང་གི་ཚེ་མགྲིན་པར་བསྒོམ་ནས།གསོལ་བ་འདེབས་པའི་རྟེན།སྐོར་བ་བྱེད་པའི་ཡུལ།རང་རིག་འོད་གསལ་གྱི་ངོ་བོ།ཚོགས་བསགས་པའི་ཞིང་དུ་དམིགས་པ་སྟེ།ཤེས་པ་བཞི་ལྡན་གྱི་ངང་དང་མ་བྲལ་བར་བསྙེན་ཅིང་སྐྱབས་གསོལ་བྱས་པས་ཐུགས་རྒྱུད་རྣམ་པར་མི་རྟོག་པའི་ཡེ་ཤེས་བཙན་ཐམས་སུ་འཕོ་བ་ཡིན་ཏེ།འབྲི་གུང་སྐྱོབ་པ་རིན་པོ་ཆེས།བླ་མ་སྐུ་བཞིའི་གངས་རི་ལ། །མོས་གུས་ཀྱི་ཉི་མ་མ་ཤར་ན། །བྱིན་རླབས་ཀྱི་ཆུ་རྒྱུན་མི་འབེབས་པས། །སེམས་མོས་གུས་འདི་ལ་ནན་ཏན་མཛོད། །ཅེས་གསུངས་པས།དེ་ལྟར་རྡོ་རྗེའི་བླ་མ་དམ་པ་བསྒོམ་པ་དང་གསོལ་འདེབས་དབང་ལེན་ཐུགས་ཡིད་བསྲེ་བ་སོགས་ནི་ལམ་བསྐྱེད་རྫོགས་ཐམས་ཅད་ཀྱི་སྨིན་སོ།མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་གཅིག་ཆར་དུ་ཐོབ་པར་བྱེད་པའི་ཉེ་ལམ་ཟབ་མོ་རྨད་དུ་བྱུང་བ་ཡིན་ཏེ།ཨ་ཏི་བཀོད་པ་ཆེན་པོ་ལས།གང་གི་ལྷ་སྐུ་འབུམ་ཕྲག་བསྒོམ་པ་ལས། །བླ་མ་རང་སེམས་དཀྱིལ་དུ་ཤར་བ་མཆོག།ཅེས་དང་།དུས་གསུམ་སངས་རྒྱས་བསྙེན་པ་བས།བླ་མ་བསྙེན་པ་འབུམ་ཆར་མིན། །མདོར་ན་སྐད་ཅིག་ཙམ་ཡང་བླ་མའི་ཐུགས་མི་དགྱེས་པའི་བྱ་བ་མི་བྱེད་ཅིང་མཉེས་པ་གསུམ་གྱི་སྒོ་ནས་ཅི་གསུངས་ཀྱི་བཀའ་ལ་ཉན་ཞིང་།ཅི་དགྱེས་པའི་སྒོ་ནས་ཐུགས་མཉེས་པར་བྱས་ན།སྔར་བྱས་ཀྱི་ལས་ཉོན་བག་ཆགས་ཐམས་ཅད་དག་པར་བྱེད་པ་དང་།བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གཉིས་རྒྱ་མཚོ་ལྟ་བུའི་སྒོ་སྐད་ཅིག་ལ་འདུམ་པར་བྱེད་པ་ཡིན་ནོ། །དེ་ཡང་རབ་སྒྲུབ་པའི་ཞབས་ཏོག་གིས་བསྒྲུབ་རྒྱུད་ཀྱི་བསྟན་པ་ཚུགས་པ་དང་།འབྲིང་ལུས་ངག་གི་ཞབས་ཏོག་གིས་སྒོ་གསུམ་གྱི་སྒྲིབ་པ་སྦྱོང་ནུས་པ་ཙམ་དང་།ཐ་མ་ཟང་ཟིང་གི་མཉེས་པས་ཚོགས་གཉིས་ཀྱི་བྲེ་ཁ་གང་བ་ཞིག་བྱ་སྟེ།དམ་ཚིག་མཆོག་གི་རྒྱུད་ལས།དངོས་གྲུབ་འདོད་པའི་དད་པ་ཅན། །དངོས་གྲུབ་བླ་མ་མཉེས་ལས་བྱུང་། །ཞེས་སོ། །བླ་མ་མ་མཉེས་པའི་མཉེས་པ་ནི།སྒྱུ་འཕྲུལ་དྲྭ་བ་ལས།བླ་མ་ལ་ནི་སྨོད་པ་དང་།ཐུགས་དཀྲུགས་པ་ཡིས་ཉེས་པ་ནི། །ཕྱི་ཡི་རྒྱ་མཚོ་ཆེན་པོ་ལ། །ཆུ་དེ་སྐྲ་ཡིས་གཏོར་ནུས་པ། །དེ་ཡི་ཚད་དུ་སྡུག་བསྔལ་མྱོང་། །རྡོ་རྗེའི་དམྱལ་བར་གྲགས་པ་ཡིན། །ཞེས་སོ། །བཤགས་པའི་ཐབས་ནི།རང་ཤར་ལས།སློབ་དཔོན་དམ་ཚིག་ལས་ཉམས་ན། །ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་བྱ། །རྡོ་རྗེ་མཆེད་ལ་དེ་བཞིན་ནོ། །སློབ་དཔོན་མཉེས་པའི་རྫས་ཀྱིས་མཆོད། །འབྱོར་ཚོགས་ཅི་ཡོད་འཕགས་པ་མཆོད། །ཅེས་གསུངས་པས།ཚོགས་ཀྱི་འཁོར་ལོ་དང་མར་མེ་སོགས་ཀྱིས་བསྐང་ནས་ཅི་མཉེས་པས་མཆོད་ཅིང་བཤགས་པར་བྱའོ། །ལུས་ཀྱིས་ཉེས་ན་བླ་མའི་དོན་དུ་ལུས་བཀོལ་ནས་གསོ་ལ།ངག་གིས་ཉེས་ན་བླ་མའི་ཡོན་ཏན་ཕྱོགས་བཅུར་བསྒྲགས་པ་དང་། །ཡིད་ཀྱིས་ཉེས་ན་མོས་གུས་ཡོན་ཏན་བསམ་པ་ཏིང་འཛིན་བསྒོམ་པ་སོགས་གཙོ་བོ་ཡིན་ནོ། །ཉེས་པ་བཤགས་པའི་ཚད་ནི།མོས་པ་ལོག་པ་དང་བརྙས་པའི་གྲངས་བདུན་ནམ་བཅུ་ཙམ་བཤགས་པས་འདག་ཅིང་ལོ་གྲངས་འདས་ན་མི་འདག་སྟེ།དམ་ཚིག་བཀོད་པ་ལས།གལ་ཏེ་བླ་མར་ཉེས་པའི་མིས། །ལན་གྲངས་བདུན་ནམ་བཅུ་དག་ལ། །འགྱོད་པ་བྱས་ཏེ་བཤགས་པས་འབྱང་། །རང་ལོ་འདས་ནས་བཤགས་པའི་ཡུལ། །རྡོ་རྗེ་སེམས་དཔའི་བཀས་མ་གནང་། །ཅེས་གསུངས་པས།དུས་ཐམས་ཅད་དུ་བླ་མའི་འཁྲུལ་པ་མི་རྟོག་ཅིང་ཡོན་ཏན་དྲན་པར་བྱས་ལ་ནད་པས་སྨན་པ་བསྟེན་པ་ལྟར་འཁོར་བའི་གཅོང་ནད་ལས་ཐར་བའི་དོན་དུ་ལུས་ངག་ཡིད་གསུམ་གུས་པས་གཡོ་ཟོལ་མེད་པར་སྲི་ཞུ་དང་ཕུ་དུད་བྱ།གྲུ་འདོད་པས་མཉན་པ་བསྟེན་པ་ལྟར།འཁོར་བ་སྡུག་བསྔལ་གྱི་ཆུ་བོ་ལས་བརྒལ་བའི་ཕྱིར་རྟག་ཏུ་ཅི་གསུངས་འཛིན་པ་དང་།ཚོང་པས་དེད་དཔོན་བསྟེན་པ་ལྟར།ཐར་པ་འདོད་པས་ལམ་ཡང་དག་པ་བླ་མའི་ཐུགས་ཟིན་པར་བྱེད་ཅིང་ཟོལ་ཟོག་མེད་པར་དཀོན་མཆོག་དགུ་སྤྲུག་གི་ངོ་བོར་ཤེས་ནས་མི་འགྱུར་བའི་དད་པ་ཆེན་པོས་བསྟེན་པར་བྱ་སྟེ།སྒྲ་ཐལ་འགྱུར་ལས།བསྟེན་པ་དེ་ཡི་ཡོད་ཏན་ནི།དཔག་བསམ་ཤིང་དང་ཡིད་བཞིན་ནོར། །འདོད་འཇོའི་བ་དང་འདྲ་བ་ལས། །ཡོན་ཏན་དཔག་ཏུ་མེད་པ་ཐོབ། །དེ་ལ་དམིགས་ཏེ་བླ་མ་བསྟེན། །འཁོར་བའི་གཡུལ་ངོ་བཟློག་ཕྱིར་རོ། །ཞེས་སོ། །གཉིས་པ་མཆེད་གྲོགས་ལ་བརྩེ་གདུང་དང་དག་སྣང་སྦྱང་བ་ནི།རྡོ་རྗེ་མཆེད་ལའང་ནང་གསེས་ཀྱིས་དབྱེ་ན།བདེ་གཤེགས་སྙིང་པོས་ཁྱབ་པ་སྤྱིིའི་མཆེད།སངས་རྒྱས་བསྟན་ལ་ཞུགས་ཚད་རིང་བའི་མཆེད།རྡོ་རྗེ་ཐེག་པའི་སྒོར་ཞུགས་ཉེ་བའི་མཆེད།བླ་མ་གཅིག་གིས་བསྡུས་པ་ཕ་གཅིག་ལྟ་བུའི་སྤུན།དཀྱིལ་འཁོར་གཅིག་གིས་བསྡུས་པ་མ་གཅིག་ལྟ་བུའི་སྤུན།བླ་མ་དཀྱིལ་འཁོར་གཅིག་ལ་བརྟེན་པ་ནི། །འདྲེས་པའི་མཆེད་ལྕམ་མཚེ་མ་ལྟ་བུ་ཡིན། །དེ་དག་ལ་བརྩེ་གདུང་དང་བྱམས་ཚུལ་ཡང་རྟག་ཏུ་མི་འབྲལ་ཞིང་།ཕན་འདོགས་པའི་ལྷག་བསམ་ཁོ་ན་རྒྱུན་ཆད་མེད་པར་བྱ་དགོས་ཏེ།མཐར་ཐུག་བྱང་ཆུབ་མ་ཐོབ་ཀྱི་བར་དུ་འགྲོགས་དགོས་པས།བརྩེ་གདུང་དང་དམ་ཚིག་ཉམས་ན་གནས་མིན་དུ་འཕྱན་པར་འགྱུར་བས།དེས་ན་བརྩེ་གདུང་དང་དམ་ཚིག་ལ་བརྩོན་ཞིང་དཔའ་བོ་དང་མཁའ་འགྲོའི་རང་བཞིན་དུ་དད་པ་དང་དག་སྣང་རྒྱུན་མི་ཆད་པར་སྦྱངས་དགོས་པ་ཡིན་ནོ། །གསུམ་པ་སེམས་ཅན་ལ་སྙིང་རྗེ་བསྒོམ་པ་ནི།ཁམས་གསུམ་སེམས་ཅན་ཐམས་ཅད་ཕ་མར་མ་གྱུར་པ་གཅིག་ཀྱང་མེད་པས་དེ་དག་ཐམས་ཅད་བཟོད་མེད་སྡུག་བསྔལ་གྱི་ཁྲི་མུན་དུ་ཐེངས་གཅིག་ཙམ་ཡང་བདེ་བའི་གོ་སྐབས་མེད་པ་སྡུག་བསྔལ་གྱིས་རྟག་ཏུ་མནར་བ་ལ་སྙིང་རྗེ་གདུང་ཤུགས་དྲག་པོའི་སྒོ་ནས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་དོན་དུ་གཉེར་ནས་བསྒྲུབ་དགོས།དེས་ན་བྱམས་སྙིང་རྗེ་བྱང་ཆུབ་ཀྱི་སེམས་གསུམ་པོ་འདི་དང་བྲལ་ཕན་ཆད་གཞན་ལམ་ཟབ་མོ་ཇི་ལྟ་ཞིག་བསྒོམས་ཀྱང་སངས་རྒྱས་ཐོབ་པར་མ་གསུངས་པས།འདི་གསུམ་ལམ་གང་བསྒྲུབ་པའི་གཞུང་ཤིང་ཡིན་པར་ཤེས་ནས་ཚུལ་བཞིན་དུ་ཉམས་སུ་བླང་དགོས་སོ། །བཞི་པ་འདུས་བྱས་མི་རྟག་པ་བསྒོམ་པ་ནི།འདུས་བྱས་ཐམས་ཅད་མི་རྟག་པའི་ངང་ཚུལ་ལ་རྟག་ཏུ་བསམ་ནས་སྐྱེས་པའི་ནངས་པར་ནས་འཆི་བའི་རང་བཞིན་ལས་མ་འདས་པ་དང་།དེའང་ནམ་འཆི་ཆ་མེད་དང་།འཆི་རྐྱེན་ལ་ངེས་པ་མེད་པ་སོགས་མི་རྟག་པའི་ཚུལ་སྣ་ཚོགས་ལ་བསམ་ནས།འཆི་བ་སྙིང་ནས་དྲན་ཞིང་དུས་རྣམས་ཀུན་ཏུ་རྣམ་གཡེང་དང་ལེ་ལོའི་དབང་དུ་སྐད་ཅིག་ཙམ་ཡང་མི་བཏང་བར་སྒོ་གསུམ་དལ་མེད་དུ་ཆོས་ལ་འབད་དགོས།ད་ལྟ་ཆོས་བསྒྲུབ་པའི་རང་དབང་དང་ལྡན་ཞིང་སྤང་བླང་གི་མིག་དང་ལྡན་པའི་དུས་འདིར་འཆི་ཆོས་གཤའ་མ་ཞིག་བསྒྲུབ་མ་ནུས་ན་ནམ་ཞིག་འཆི་ནད་ཀྱིས་ཐེབས་ཚེ་བསྒྲུབ་ལོང་མེད་པ་ཡིན་པས་དེ་ཤེས་པར་བྱས་ཏེ།འཁོར་བའི་བྱ་བ་བཏང་ནས་བྱར་མེད་ཀྱི་ངང་དུ་གནས་པར་བྱ་བ་རྣམས་ནི་དམ་པའི་ཆོས་ཐམས་ཅད་ཀྱི་ཡང་སྙིང་བླ་ན་མེད་པ་ཡིན་ནོ། །གདམས་ངག་ཆུད་ཟོས་སུ་མི་བཏང་བ་བླ་མ་དམ་པའི་ཞབས་ཏོགདམ་ཚིག་ལ་མངོན་ལྐོག་མེད་པ་ལྷ་དང་སྲུང་མའི་བླ་རྡོ།མི་ཚེ་ཆོས་ལ་དྲིལ་བ་འཆི་དུས་བློ་ལྷག་མེད་པའི་གནད་གསུམ་ཡིན་ནོ། །དམ་ཚིག་དང་སྡོམ་པ་སྲོག་ལྟར་སྲུང་བ་སྒོམ་ཆེན་ཐ་མལ་དུ་མི་འཆོལ་བའི་གནད་དང་།སྒོ་ལྔར་ཤར་བའི་འདོད་ཡོན་གྱི་ལོངས་སྤྱོད་ཐམས་ཅད་ཀྱང་མདང་སུམ་གྱི་རྨི་ལམ་བཞིན་དུ་ཤེས་ནས།ཟས་ལ་མང་ཉུང་མེད་པ་སྲོག་འཚོ་ཙམ་དང་།གོས་ལ་ཡག་རྩོག་མེད་པ་ལྷག་སྐྱོབ་ཙམ་གྱིས་ཆོག་ཤེས་བསྟེན་པ་ནི་ཡུལ་ངན་དུ་མགོ་མི་འཁོར་བའི་གདམས་པ་དང་།འཁོར་བའི་བྱ་བ་ལ་སྙིང་པོ་ཏིལ་འབྲུ་ཙམ་ཡང་མེད་པར་ཤེས་ནས་དགྲ་འདུལ་གཉེན་སྐྱོང་སོགས་ཆགས་སྡང་གི་ཞེན་པ་གཅོད་པ་དང་།འཇིག་རྟེན་གྱི་བྱ་བ་ལ་ཚར་དུས་དང་འགྲུབ་དུས་མེད་པ་སྤོས་རྒྱའི་རི་མོ་ལྟ་བུར་ཟད་མཐའ་མེད་པ་ཡིན་པར་ཤེས་པར་བྱས་ནས་ཆོས་སང་བྱེད་དང་གནང་བྱེད་ཀྱི་ངང་དུ་མི་ཚེ་མི་གཟད་པར་བློ་སྣ་ནང་ནས་བསྟུངས་ཏེ།མྱུར་དུ་སྙིང་པོའི་བསྒྲུབ་པ་ལ་བརྩོན་པ་ནི་བྱ་བ་ངན་པའི་མཐའ་སྡུད་པའི་མན་ངག་ཡིན་ནོ། །ཁོས་འཁོར་བའི་བྱ་བ་ཟིན་མཐར་ཆོས་བྱེད་བསམ་པ་སོགས་ནི་ཆོས་མ་བསྒྲུབ་པའི་གོང་ནས་བདུད་འགྲུབ་པ་ཡིན་པས།དེ་ལྟར་མི་བྱེད་པར་ཆོས་སྒོར་ཞུགས་ཕན་ཆད་ཤི་བའི་མཐར་མ་ཐུག་གི་བར་དུ་ཐང་ལྷོད་མེད་པར་སྒོ་གསུམ་བག་མེད་ཆོས་མ་ཡིན་པའི་དབང་དུ་སྐད་ཅིག་ཀྱང་མི་གཏོང་བར་ཉིན་མཚན་བར་མེད་པར་ཀ་དག་དང་།ལྷུན་གྲུབ་གྱི་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་ནས་བསྒྲུབ་ཚུགས་འཛིན་ཅིང་སྙིང་རུས་དང་སྡུག་སྲན་བསྐྱེད་པ་གལ་ཤིན་ཏུ་ཆེ་བ་ཡིན་ནོ། །དེ་ལྟར་མི་ཚེ་ཆོས་ལ་དྲིལ་བ་ཕོ་རབ་དང་།ཕྱེད་ཀ་ཆོས་ལ་དྲིལ་བ་ཕོ་འབྲིང་།ཐ་མས་ཀྱང་ཟླ་ཤས་གཅིག་ལ་བསྒོམ་དགོས།དེ་ཙམ་ཡང་མི་བསྒོམ་པ་ནི་སྐྱེ་བོ་ཀླད་མེད་སྙིང་སྟོང་འདི་ཕྱིའི་མདོ་མེད་སྐལ་ཆད་ཡིན་ནོ། །བདག་གི་དེ་སྔ་ཡན་ཆད་ཀྱི་མི་ཚེ་སྟོང་ཟད་དུ་སོང་བ་ལ་ལྟོས་དང་།ད་ཚེ་མཇུག་སྤྲིན་བར་གྱི་ཉི་ཞུར་ལྟ་བུ་འདི་ལ་ཐར་པའི་ལམ་སྣ་ཞིག་མ་ཟིན་ན་དལ་འབྱོར་གྱི་མི་ལུས་ཡང་ཡང་མི་ཐོབ།མཚན་ལྡན་གྱི་བླ་མ་དང་མཇལ་དཀའ།ཟབ་ཆོས་ཀྱི་གདམས་ངག་དང་འཕྲད་དཀའ་བའི་ཚུལ་ལ་རྟོག་དཔྱོད་ཞིབ་ཏུ་ཐོང་དང་།གདམས་ངག་ཟག་ཏུ་མི་འཇུག་པ་མཚན་ལྡན་གྱི་བླ་མས་མི་ཁྲེལ་བ།དམ་ཚིག་ལ་མངོན་ལྐོག་མེད་པ་ལྷ་དང་སྲུང་མས་མི་ཁྲེལ་བ།མི་ཚེ་ཆོས་ལ་དྲིལ་བ་འཆི་དུས་བློ་ལྷག་མེད་པ་རང་གིས་རང་ལ་མི་ཁྲེལ་བ་དགོས།ད་ལྟ་ལུགས་གཉིས་གང་ཐད་ནས་ཆེ་དྲག་ཐོབ་ཐང་ལོངས་སྤྱོད་དང་ལྡན་ཡང་ང་རྒྱལ་གྱི་དཔའ་ཆོམ་ཞིང་མཛེ་བོ་བཞིན་དུ་དམན་ས་འཛིན་དགོས།ཡུལ་ངན་དང་རྐྱེན་ངན་ཐོག་ཏུ་བབ་ནས་སྡུག་བསྔལ་ཅི་བྱུང་ཡང་སེམས་ཀྱི་དཔའ་མི་ཞུམ་པར་ཐམས་ཅད་སྒྱུ་མ་དང་རྨི་ལམ་ལྟ་བུར་ཤེས་པའི་ངང་ནས་སྨྱོན་པ་འུར་ལངས་པ་ལྟ་བུ་ཞིག་དགོས།ཡང་ལ་ལ་ཞིག་གིས་ཁྱིམ་ཆུང་སྤང་ནས་ཡུལ་གཞན་དུ་ཕྱིན་ཏེ་རི་ཁྲོད་པ་ཡིན་སྐད་ནས་རྫུན་དང་གཡོ་སྒྱུས་གཞན་མགོ་སྐོར་བཞིན་ཁྱིམ་ཆེན་བཟུང་ནས་འཁོར་བའི་བྱ་བྱེད་ལོག་ལམ་ལ་དུས་འདའ་ནས་འདུག་པ་ནི་ཤིན་ཏུ་ཕུང་ཆེ་བ་ཡིན་ཏེ།རྗེ་མི་ལས།ཆོས་པས་རི་ཁྲོད་མ་ཟིན་ན། །ཕུང་ལ་དེ་ལས་ཆེ་བ་མེད། །གསུངས་པ་ལྟར་རོ། །ཡང་འགའ་ཞིག་གིས་བླ་རྒན་གྱི་ལུས་འཛིན་ནས་གཤིན་འདྲེན་གསོན་སྐྱབས་ཀྱི་ནུས་པ་ཞིག་ཡོད་པར་རློམས་ཏེ།གཤིན་པོའི་རོ་དོམ་སོགས་ཀྱི་གླ་རྔན་ལ་སྤྱོད་བཞིན་མི་ཚེ་དེར་གཟད་ནས་དགེ་བར་རློམས་པ་ནི།ཐོབ་ཀྱིས་ལེན་པའི་བླ་མ་དང་།ཐབས་ཀྱིས་ལེན་པའི་ཇག་པ་གཉིས།བསམ་སྤྱོད་མཐུན་པས་ཤིན་ཏུ་སྙིང་རྗེ་བའི་ཡུལ་དུ་གྱུར་པ་ཡིན།དེའི་ཕྱིར་རང་ཚོད་རང་གིས་བཟུང་ནས་ཕྱི་མའི་དོན་ཆེན་བསྒྲུབ་པར་མྱུར་དུ་བརྩོན་དགོས་སོ། །བཞི་པ་མཐར་ཐུག་འབྲས་བུ་གཏན་གྲོལ་གྱི་ས་ལ་ཕྱིན་ཚུལ་ནི།དང་པོ་བསླབ་པ་ལ༴སོགས།སངས་རྒྱས་པ་ཡིན་ནོ། །དང་པོ་མཚན་ཉིད་དང་ལྡན་པའི་རྡོ་རྗེའི་བླ་མ་དམ་པ་བསྟེན་ཏེ་གང་ཉམས་སུ་བླང་བྱའི་དོན་དེ་མ་ནོར་བར་བསླབ་པ་ལ་བརྟེན་ནས་ཐོས་པའི་ཤེས་རབ་ཀྱི་སྒོ་ནས་ཤེས།བར་དུ་བརྟགས་ཞིང་དཔྱད་པས་རང་རྒྱུད་ལ་མྱོང་བ་ཐོན་པའི་ཚུལ་དུ་བསམ་པའི་ཤེས་རབ་ཀྱི་སྒོ་ནས་རྟོགས།ཐ་མ་རྟོགས་པའི་དོན་དེ་ཉིད་གོམས་འདྲིས་ཀྱི་སྒོ་ནས་མི་འགྱུར་བའི་གདིང་བཞིའི་གྲོལ་ཚད་མཐར་འཁྱོལ་བ་ཞིག་བྱེད་དགོས་པ་ཡིན།དེ་ལྟར་མ་ཡིན་པར་ཤེས་པ་དང་རྟོགས་པ་ཙམ་གྱིས་གྲོལ་བ་མི་ཐོབ་པའི་ཚུལ་ནི།དཔེར་ན་ཟས་རི་རབ་ཙམ་ཡོད་ཀྱང་མ་ཟོས་ན་མི་འགྲང་བ་ལྟ་བུ་ཡིན་པས།བྱ་བ་དགུ་སྤྲུགས་སུ་བཏང་ནས་སྒོམ་པའི་ཤེས་རབ་ཀྱི་སྟོབས་ཀྱིས་རང་ཐོག་ཏུ་བརྟན་པ་ཐོབ་པ་ནི།དཔེར་ན་ནམ་ལངས་ཚེ་མུན་པ་མི་འབྱུང་བ་ལྟ་བུར།རིག་པ་ཁྱབ་བརྡལ་ནམ་མཁའི་ཁོར་ཡུག་ཏུ་རྒྱ་མ་ཆད་པའི་དུས་སུ་རིག་པ་རང་ཐོག་ཏུ་རང་གདིང་ཐོབ་པ་ཡིན་ཏེ།ད་དུང་དེ་ཙམ་གྱིས་སངས་རྒྱས་པར་མི་འགྱུར་བས།ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་རང་བཞིན་དུ་གོ་འཕོས་ཏེ།འཁོར་བའི་གཞི་རྩ་སྟོངས།གཉིས་འཛིན་གྱི་ཞེན་པ་ཐད་ཀར་གྲོལ་ནས་བདག་གཞན་གྱི་སྣང་བ་དབྱིངས་སུ་ཞིག་སྟེ་ཆགས་སྡང་རེ་དོགས་ཀྱི་འཛིན་པ་ཞིགམ་རིག་པ་གཞི་ལ་སངས་ནས་ཆོས་ཉིད་ཀྱི་སྤྱན་ཐོབ།བདག་འཛིན་གྱི་རྩ་བ་ཆོད་པས་འཛིན་པའི་སེམས་ཟད།གཟུང་འཛིན་གྱི་ཟེར་ཐག་སྙིང་ག་ནས་ཆད་པས་གཟུང་བའི་ཡུལ་ཟད།གཉིས་སྣང་གི་རྟོག་པ་ཟད་པས་འཁོར་འདས་དག་མཉམ་དུ་བརྡལ་བའོ། །འདིའི་དུས་སུ་ལུས་དུར་ཁྲོད་ཀྱི་མི་རོ་ལྟ་བུ་སྲོག་གཅོད་ཀྱི་གཤེད་མ་བརྒྱས་བསྐོར་ཀྱང་ཡ་ང་དང་བག་ཚ་མེད།ངག་བྲག་ཆའི་སྒྲ་བཞིན་གཞན་གྱི་རྗེས་སུ་ཟློ་བ་ལས་ངག་རླུང་རང་མལ་དུ་ཞེན་པའི་འགྱུ་ཆ་རང་སར་གྲོལ།སེམས་འཇའ་ཚོན་ནམ་མཁར་ཡལ་བ་ལྟར་ཆོས་ཅན་གྱི་སྣང་བ་ཆོས་ཉིད་དུ་ཟད་ནས་འཁོར་བའི་སྣང་སེམས་ཀྱི་དྲི་ཙམ་ཡང་མེད་པར་ཆོས་དབྱིངས་ཀུན་ནས་ཟླུམ་པ་ཆེན་པོ་ཀ་དག་སྤྲོས་པ་དང་བྲལ་བའི་ངང་དུ་འབྱམས་ཀླས་པ་ནི་གྲོལ་བའི་ས་རུ་ཕེབས་པ་ཡིན།དེའི་ཚེ་ཚད་གསུམ་ནི།རབ་ཀྱིས་རྨི་ལམ་འོད་གསལ་དུ་དག་ནས་ཉིན་མཚན་འོད་གསལ་ཁོར་ཡུག་ཏུ་འདྲེས་པ་དང་།འབྲིང་གིས་རྨི་ལམ་རྨི་ལམ་དུ་ངོ་ཤེས་ནས་སྤྲུལ་བསྒྱུར་སོགས་བྱེད་ནུས་པ་དང་།ཐ་མས་རྨི་ལམ་ངན་གོམས་ཀྱི་རྒྱུན་ཆད་ནས།ལྷ་དང་ཞིང་ཁམས་མཐོང་བ།དཀྱིལ་འཁོར་འབྲི་བ།གཞན་ལ་དབང་བསྐུར་ཆོས་སྟོན་སོགས་བྱེད་པའི་རྨི་ལམ་བཟང་པོ་ཤ་སྟག་ལས་བག་ཆགས་ངན་པའི་རྒྱུན་ཆད་པའོ། །འགའ་ཞིག་གིས་ང་ཆོས་ཉིད་ཟད་པ་ཡིན་ཟེར་བ་དེ་ཆོས་ཅན་ཡིན་ཏེ།ཆོས་ཉིད་མ་ཟད་པའི་མཚང་རྡོལ་བ་ཡིན།འགའ་ཞིག་གིས་ང་ལ་ཆགས་ཞེན་འཛིན་པ་མེད་ཀྱང་ཡོད་ཚུལ་བྱས་པ་ཡིན་ཟེར་བ་ཡོད་དེ།མེད་ལ་ཡོད་ཚུལ་བྱེད་པའི་ཟོབ་རྫུན་མཁན་དེ་མ་ཟད་པ་ཡིན་པས།མཁས་པ་ཡོན་ཏན་ཅན་རྣམས་ཀྱིས་ལུང་རིགས་ཀྱིས་རྒོལ་བ་འབྱུང་བ་ཡིན།འགྱུར་བ་མེད་པའི་དོན་གཤིས་ཐོག་ཏུ་ཕེབས་པའི་ཚེ་ན་ཡང་།ད་དུང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཡོད་པའི་སྟོབས་ཀྱིས་བར་བར་མཁའ་ལ་གློག་འཁྱུག་པ་ལྟར་དུ་རང་ལུས་ལག་སོར་བཀྲམ་པ་ལྟར་སྣང་ནས་སྔར་བཞིན་དུ་གཏམ་བརྗོད་པ་སོགས་བྱེད་པར་འགྱུར་བ་ཡིན།དེ་ནས་དབང་པོ་རབ་ཞག་བདུན།འབྲིང་ཟླ་དྲུག།ཐ་མ་ཡང་ལོ་གཅིག་ནས་ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཡུལ་མེད་དུ་སངས་ནས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་གཞི་ལ་དབང་བསྒྱུར།ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱིས་ལམ་ལ་དབང་བསྒྱུར་ནས།ངོ་བོ་སྟོང་པ་ཆོས་སྐུ།རང་བཞིན་འགགས་པ་མེད་པའི་ལྷུན་གྲུབ་ཆེན་པོ་ལོངས་སྐུ།ཐུགས་རྗེ་ཀུན་ཁྱབ་ཀྱི་འཆར་སྒོ་མ་འགགས་པ་སྤྲུལ་སྐུ་སྟེ།སྐུ་གསུམ་མཉམ་བརྡལ་ཀྱི་ཀློང་ཆེན་པོར་རང་དོན་དུ་ཆོས་སྐུའི་གོ་འཕང་མངོན་དུ་བྱས་ནས་སངས་རྒྱས།གཞན་དོན་དུ་གཟུགས་ཀྱི་སྐུས་ཁམས་གསུམ་འཁོར་བ་མ་སྟོང་གི་བར་དུ་དབྱིངས་ཀྱི་ལོངས་སྐུ་ཆེན་པོ་བཞེངས་ནས།དེ་ལས་ཕྱེ་སྤྲུལ་ལོངས་སྐུ་དང་།འགྲོ་འདུལ་ཐུབ་པ་དྲུག་དང་།མཆོག་གི་སྤྲུལ་སྐུ་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་སངས་རྒྱས་པའི་ཚུལ་བསྟན་པ་ཤཱཀྱ་ཐུབ་པ་ལྟ་བུ་དང་།གཞན་ཡང་བཟོ་སྤྲུལ་སྐུ།སྐྱེ་བ་སྤྲུལ་སྐུ།བེམ་པོ་སྤྲུལ་སྐུ་སོགས་གང་ལ་གང་འདུལ་དུ་སྟོན་ཅིང་འགྲོ་བའི་དོན་རྒྱ་ཆེར་འབྱུང་ནུས་པའི་དོན་གཉིས་མཐར་ཕྱིན་གྱི་སངས་རྒྱས་མངོན་དུ་མཛད་པའོ། །དེ་ལྟ་བུའི་རྣལ་འབྱོར་པ་དེ་འདས་པའི་དུས་སུ་འོད་རྣམ་པ་གཉིས་འཁྲིགས་པ།ཉི་ཟླ་སྒྲ་གཅན་གྱི་ཁར་ཚུད་པ་དང་།ས་རྣམ་པ་དྲུག་ཏུ་གཡོ་བ།སྒྲ་རྣམ་པ་ལྔ་འུར་བ་སོགས་ཕྱིའི་རྟགས་དང་།ནང་རྟགས་སུ་གདུང་དང་རིང་བསྲེལ་སྐུ་རྣམ་པ་གཉིས་སོགས་འབྱུང་ནས་སངས་རྒྱས་པའི་རྟགས་མཚན་མ་ཚང་བ་མེད་པར་འབྱུང་བ་ནི་མངོན་པར་རྫོགས་པར་སངས་རྒྱས་པ་ཡིན་ཏེ།སྐུ་གདུང་འབར་བ་ལས།སྐྱེས་བུ་བློ་རྩལ་རབ་ཉིད་ནི། །འཁྲུལ་པའི་སྣང་བ་འདི་ཉིད་ལ། །འབྱུང་བ་རང་སར་དེངས་ནས་ནི། །ངོ་བོ་ཉིད་ཀྱི་འབྲས་བུ་ལ། །ཟག་བཅས་ཕུང་པོ་མི་སྣང་བར། །འབྲས་བུ་རང་སངས་ཉིད་དུ་འགྱུར། །འདི་ལྟར་ཕྱི་ཡི་རྟགས་རྣམས་ནི། །གང་ཟག་མྱ་ངན་འདས་པ་ན། །དེ་ལ་སྐུ་དང་གདུང་དང་ནི། །དེ་བཞིན་འོད་དང་སྒྲ་ཉིད་དང་། །ས་ནི་གཡོ་བར་འགྱུར་བའོ། །ཞེས་དང་།རྡོར་སེམས་སྙིང་གི་མེ་ལོང་ལས།ཡང་དག་པར་རྫོགས་པའི་སངས་རྒྱས་ནི།ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །མངོན་པར་རྫོགས་པར་སངས་རྒྱས་པ་ནི།འོད་དང་སྒྲ་དང་སྐུ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་ངོ་། །ཞེས་གསུངས་སོ། །དེ་ནས་ཤན་འབྱེད་ཀྱི་འཕྱོང་བསྟན་པ་ལ།སེམས་དང་རིག་པ།ཡིད་དང་ཤེས་རབ།རྣམ་ཤེས་དང་ཡེ་ཤེས།ཀུན་གཞི་དང་ཆོས་སྐུའི་དབྱེ་བ་དང་བཞི་ལས།དང་པོ་སེམས་དང་རིག་པའི་དབྱེ་བ་ནི།རིགས་ཀྱི་བུ་གཞི་མ་རིག༴སོགས།ཆེན་པོ་ཡིན་ནོ། །སེམས་ལའང་འཁྲུལ་པ་སྣང་ཞེན་གྱི་སེམས་དང་།ལམ་ཚོལ་དགག་སྒྲུབ་ཀྱི་སེམས་དང་།ཤེས་པ་གཅེར་མཐོང་གི་སེམས་དང་གསུམ་ལས།དང་པོ་ནི།སེམས་ཅན་རང་ག་མ་ལམ་ཚོལ་བ་དང་།ལམ་དངོས་རྣམས་ཀྱི་སྒོ་མ་མཐོང་བའི་སེམས་ཅན་གྱི་སེམས་ལ་བྱའོ། །གཉིས་པ་ནི།སེམས་ཀྱིས་སེམས་ལ་བལྟ་བ།རྣམ་རྟོག་གིས་རྣམ་རྟོག་ལ་བལྟ་བ་དང་།ཤེས་པས་རྣམ་རྟོག་ལ་བལྟ་བ་དང་།བློ་དང་ཡིད་ཀྱིས་བཅས་བཅོས་དང་སྤང་ལེན་བདེ་སྡུག་སློང་བ་ཙམ་ནི་ལམ་ཚོལ་བའི་ཕྱིར་སེམས་ལ་ལམ་བྱེད་པ་ཞེས་བྱའོ། །གསུམ་པ་ནི།སེམས་ཀྱི་གཞི་ཐ་མལ་གྱི་ཤེས་པ་གོ་མ་འགགས་པ་མངོན་དུ་བྱེད་པ་དེ་ཡང་ལྟ་བ་མ་རྟོགས་པའི་བྱེད་ལས་ཀྱིས་ཕྱིའི་སྣང་བ་ལུང་མ་བསྟན་དུ་སོང་ནས་སྣང་བ་དངོས་པོར་བཟུང་བ་ལས་དངོས་འཛིན་མ་ལྡོགནང་རང་ལུས་ལ་ལུང་མ་བསྟན་པས་ལུས་དངོས་པོར་འཛིན་པའི་དངོས་ཞེན་མ་ལྡོགདེ་གཉིས་ཀ་ལ་ལུང་མ་བསྟན་པར་རང་རྒྱུད་པར་བཟུང་བས་སེམས་ལས་མི་འཕགས་པས་དེ་ཡང་སེམས་ཞེས་བྱའོ། །མདོར་ན་གཞིའི་གནས་ལུགས་མ་རིག་ཅིང་མཚན་ཉིད་མི་ཤེས་པ་རྨོངས་པའི་རང་བཞིན་རྩལ་རྣམ་པར་རྟོག་པ་སྣ་ཚོགས་ཀྱི་འཆར་གཞིར་གྱུར་པ་སེམས་སྐྱེ་འགགས་ཅན་འགྱུ་དྲན་གྱི་རྟོག་པས་ཡུལ་འཛིན་ཅིང་ཡུལ་དབང་དུ་གྱུར་པ་ནི་སེམས་ཀྱི་མཚན་ཉིད་ཡིན་ནོ། །དེའི་ངོ་བོ་མ་རིག་པ།རྩལ་རྣམ་པར་རྟོག་པ་རྣམ་ཤེས་ཚོགས་བརྒྱད་སེམས་སེམས་བྱུང་དང་བཅས་པ།གདངས་སྣང་བ།རོལ་པ་ཀུན་རྫོབ་ཡིན་ནོ། །རིག་པ་ནི་གཞིའི་ངོ་བོ་སྐུ་གསུམ་དག་མཉམ་གྱི་དབྱིངས་ཉིད་མངོན་དུ་གྱུར་ཅིང་རིག་རྩལ་ཡེ་ཤེས་ཆེན་པོར་འཕོས་པ་ནི་རིག་པའི་མཚན་ཉིད་ཡིན་ནོ། །དེ་ལྟ་བུའི་ཆོས་སྐུ་གཞིར་གནས་ཀྱི་རིག་པ་མཐའ་གྲོལ་ཀློང་ཡངས་ཆེན་པོའི་གནས་ལུགས་སྤྲོས་པ་དང་བྲལ་བ།སྐུ་དང་ཡེ་ཤེས་ཆེན་པོའི་ངང་ཉིད་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཐམས་ཅད་ཁོང་དུ་ཆུབ་པ་ལ་གཞིའི་རིག་པ།དེ་ཉིད་བླ་མ་དམ་པའི་མན་ངག་ལ་བརྟེན་ནས་གཞིའི་ཆོས་ཉིད་ཀྱི་གནས་ཚུལ་དང་ཡིན་ལུགས་རྣམས་སྟོང་གསལ་འདུས་མ་བྱས་པར་ལྷུན་གྱིས་གྲུབ་ཅིང་དྭངས་གསལ་རྙོག་མ་དང་བྲལ་བ།རིག་པ་འོད་གསལ་ཆེན་པོའི་ངང་མངོན་དུ་བྱེད་པ་ལ་ནི་ལམ་གྱི་རིག་པ།དེ་ལྟར་གཞིའི་རིག་པ་མངོན་དུ་གྱུར་ཅིང་ལམ་མཐར་ཕྱིན་ནས་རྩལ་རྫོགས་པ་གཉིས་དུས་འཛོམ་པ་གཞི་ལ་དབང་བསྒྱུར་བའི་ཁྱབ་བརྡལ་རིག་པ་རྫོགས་པ་ཆེན་པོ་ཞེས་འབྲས་བུའི་རིག་པའོ། །དེའི་ངོ་བོ་ཆོས་སྐུ།གདངས་སྐུ་གསུམ།རྩལ་ཡེ་ཤེས།རོལ་པ་དོན་ནམ་པ་ཡིན་ནོ། །གཉིས་པ་ཡིད་དང་ཤེས་རབ་ཀྱི་དབྱེ་བ་ལ།རྣམ་པར་རྟོག་པའི༴སོགས།ཞེས་བྱའོ། །ཡིད་ནི་སེམས་ཀྱི་རང་བཞིན་འོད་གསལ་བ་རྣམ་པར་རྟོག་པའི་ཆོ་འཕྲུལ་སྣ་ཚོགས་པ་མཆེད་པའི་གཞིར་གྱུར་ཅིང་ཕྱི་ནང་སྣོད་བཅུད་དུ་སྣང་བ་ཐམས་ཅད་མངོན་དུ་བྱེད་པའི་འཆར་སྒོ་མ་འགགས་པ་ལ་ཡིད་དང་།དེའི་ཀློང་དུ་མཐོང་ཐོས་མྱོང་ཚོར་རེག་མྱོང་གི་སྣང་བ་མཆེད་པའི་ཡུལ་དྲུག་གི་སྒོ་འགགས་པ་མེད་ཅིང་ཡུལ་སྣང་ཐམས་ཅད་ཐ་དད་དུ་བཟུང་བ་ལ་ཡིད་ཀྱི་རྣམ་པར་ཤེས་པ་ཞེས་བརྗོད་པ་ཡིན་ནོ། །ཤེས་རབ་ནི་འཁོར་འདས་ཐམས་ཅད་སྟོང་ཉིད་ཆེན་པོ་གཅིག་གི་ཀློང་དུ་འུབ་ཆུབ་ཅིང་ཡོངས་སུ་རྫོགས་པའི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་ཤིང་རིག་པ་ལ་གཞིའི་ཤེས་རབ།ཆོས་སྐུ་བདེ་གཤེགས་སྙིང་པོའི་གནས་ལུགས་ངོ་འཕྲོད་མཐར་རིག་པ་ཟང་ཀ་རྒྱ་ཡན་བློས་རྟོག་གི་དྲི་མས་མ་གོས་པ་གསལ་སྟོང་འཛིན་པ་བྲལ་བ་རང་གསལ་ཡེ་ཤེས་ཀྱི་འཆར་སྒོ་འགགས་པ་མེད་པ་ཉིད་མངོན་དུ་བྱེད་པ་ལ་ལམ་གྱི་ཤེས་རབ།དེ་གཉིས་མཉམ་པར་བརྡལ་ཞིང་དུས་མཛོམ་པ་ལ་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོ་སྟེ་ཁྱབ་བྱེད་ཀྱི་ཤེས་རབ་ཅེས་བྱ་བ་ཡིན་ནོ། །གསུམ་པ་རྣམ་ཤེས་དང་ཡེ་ཤེས་ཀྱི་དབྱེ་བ་ལ།འདོད་ཡོན་གྱི༴སོགས།ཡེ་ཤེས་ཞེས་བྱའོ། །རྣམ་ཤེས་ནི་ཡིད་ཀྱི་ཀློང་དུ་འདོད་ཡོན་གྱི་སྣང་བ་མཆེད་པའི་སྣང་ཡུལ་གོ་མ་འགགས་པ་དྭངས་ཤིང་གསལ་བའི་ཆ་རང་ཆས་སུ་ཡོད་པ།དབང་རྩ་སོ་སོའི་ལམ་དུ་ཞུགས་ནས་ཡུལ་ཐུག་འཕྲད་རྟོག་མེད་དུ་འཛིན་པ་ཡིན་ལ།དབང་པོ་སོ་སོའི་སྒོ་ནས་ཁ་ཕྱིར་བལྟས་ཀྱི་ཚུལ་དུ་ཡོད་པའི་ཕྱིར་ན།གཟུགས་སྒྲ་དྲི་རོ་རེག་བྱའི་སྣང་བར་མཆེད་པ་ལ་སྒོ་ལྔའི་རྣམ་ཤེས་དང་།སྣང་བ་ལ་དངོས་པོ་ཐ་དད་དུ་འཛིན་པ་ལས་རླུང་གི་བཞོན་པ་བྱས་ནས་མིང་བཏགས་ཤིང་དོན་དངོས་སུ་བཟུང་བ་ལ་ཡིད་ཀྱི་རྣམ་ཤེས་དང་།ཤེས་པ་སྔ་ཕྱི་ཕྲ་རགས་དུས་འཛོམས་པས་འཁོར་བ་ཡོངས་སུ་གྲུབ་པ་ཡིན་ནོ། །ཡེ་ཤེས་ནི་ཆོས་ཉིད་བདེ་བར་གཤེགས་པའི་སྙིང་པོ་སྐུ་གསུམ་མཉམ་བརྡལ་གྱི་དབྱིངས་ཆེན་པོའི་ངང་གདངས་སྐུ་དང་ཡེ་ཤེས་ལམ་དང་འབྲས་བུ་ཐམས་ཅད་ཀྱི་ངང་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱེད་ཅིང་གཞིའི་གནས་ལུགས་མཐོང་བ་ལ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དང་།དེ་ལྟ་བུའི་ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་དང་ཡིན་ལུགས་ཐམས་ཅད་ཡིད་དཔྱོད་དུ་མ་སོང་བར་རིག་པ་རང་གི་ངོ་བོར་རྫོགས་པ་ཉིད་ལམ་མངོན་དུ་བྱེད་པའི་དུས་སུ་ཆོས་རྣམས་ཀུན་གྱི་མཚན་ཉིད་ཤེས་ཏེ།འཁོར་འདས་སུ་གཏོགས་པའི་ཆོས་རྣམས་ཀྱང་རིག་པ་རང་བྱུང་གི་རོལ་པ་རུ་རྟོགས་ཤིང་འོད་གསལ་གྱི་འཆར་སྒོ་མ་འགགས་པ་ལ་ཇི་སྙེད་པ་གཟིགས་པའི་ཡེ་ཤེས་དང་།དེ་ལྟར་མཁྱེན་གཟིགས་ཀྱི་ཡེ་ཤེས་ངོ་བོ་ཀ་ནས་དག་ཅིང་འཁོར་འདས་དག་མཉམ་དུ་རོལ་པ་ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་ཉིད་ལས་ཀ་དག་མཉམ་པ་ཉིད་ཀྱི་ཡེ་ཤེས་ཞེས་བྱའོ། །བཞི་པ་ཀུན་གཞི་དང་ཆོས་སྐུའི་དབྱེ་བ་ལ།གཞི་མ་རིག༴སོགས།བཟང་པོའོ་། །ཀུན་གཞི་ནི་གཞི་དབྱིངས་ཆོས་སྐུ་ཆེན་པོའི་རང་མདངས་མངོན་དུ་མ་གྱུར་ཅིང་མ་རིག་པས་བསྒྲིབས་པའི་དབང་གིས་གཞི་ལུང་མ་བསྟན་དུ་སོང་བ།དཔེར་ན་གཉིད་འཐུག་པོའི་གནས་སྐབས་ལྟར་གདངས་རྩལ་གྱི་འཆར་སྒོ་འགགས་པ་དེའི་ངང་དུ་འབྱམས་ཀླས་པ་ལྟ་བུ་ལ་ཐོག་ཕེབས་ཀྱི་ཀུན་གཞི་དང་།འཕྲལ་གསལ་གྱི་ཀུན་གཞི་ནི་ཀུན་གཞིའི་རྣམ་ཤེས་གསལ་ལ་རྟོག་པ་མེད་པའི་ཆ་དེ་ཡིན་ནོ། །དེ་ལྟ་བུའི་ཀུན་གཞིའི་ཁམས་དེ་ལས་དཔེར་ན་རྨི་ལམ་སྣ་ཚོགས་སུ་སྣང་བ་ལྟ་བུར།ཀུན་གཞིའི་མཁའ་ལས་ལས་རླུང་གཡོ་བའི་སྟོབས་ཀྱིས་སྣང་བ་སྣ་ཚོགས་པའི་འཆར་སྒོ་བྱེད་ཅིང་འཁོར་བ་ཀུན་གྱི་ངོ་བོ་དང་གཞི་རྩ་ཡིན་པས།དེ་ལྟ་བུའི་ཀུན་གཞིའི་ངོོ་བོ་མ་རིག་པ།གདངས་སྣང་བ།རྩལ་སེམས་བྱུང་།རོལ་པ་ཀུན་རྫོབ་ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡིན་ནོ། །ཆོས་སྐུ་ནི་གཞི་བདེ་བར་གཤེགས་པའི་སྙིང་པོ་སྐུ་གསུམ་ཡེ་ཤེས་ལྔའི་བདག་ཉིད་ཅན་དེའི་མཚན་ཉིད་རིག་ཅིང་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ་འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་ཆེན་པོའི་ངང་མངོན་དུ་གྱུར་ཅིང་།ཆོས་ཅན་མཚན་མར་འཛིན་པའི་སྣང་བ་ཐམས་ཅད་ཆོས་ཉིད་སྤྲོས་པ་དང་བྲལ་བ་འཁོར་འདས་དག་མཉམ་ཆེན་པོར་བཞུགས་པ་ཉིད་ངོ་ཤེས་པའི་ངང་དེར་འཛིན་སྟངས་སེམས་ཀྱི་དྲི་ཙམ་གྱིས་ཀྱང་མ་གོས་པར།རིག་པ་ཧར་སངས་རྒྱ་ཡན་ཆེན་པོའི་གཤིས་ཐོག་དེ་ལས་མ་གཡོས་པར་བྱ་བ་ཉིད་ཆོས་སྐུ་ཀུན་ཏུ་བཟང་པོ་ཞེས་སྐྱོན་དང་ཡོན་ཏན་གང་གིས་ཀྱང་བསྒྱུར་དུ་མེད་པ་དུས་གསུམ་ཀུན་ཏུ་འགྱུར་བ་མེད་པས་ན་ཆོས་སྐུ་ཞེས་བྱའོ། །ཡང་དོན་དམ་ཀུན་རྫོབ་གཉིས་སུ་གནད་བསྡུ་བ་ནི།རིག་ཀྱི་བུ་ཆུ་ཟླ༴སོགས།ཅེས་བྱ་བ་ཡིན་ནོ། །རིགས་ཀྱི་བུ་ཆུ་དྭངས་གསལ་གྱི་ཆ་ལ་གཟའ་སྐར་དང་གཟུགས་བརྙན་གྱི་སྣང་བ་ཇི་ལྟར་ཤར་ཡང་ཐམས་ཅད་ཆུའི་རོལ་པ་སྟེ་ཆུ་ཉིད་ལས་མ་འདས་པ་དང་།སྣོད་བཅུད་ཀྱི་སྣང་བ་རྒྱ་ཆེ་ལ་གྲངས་མང་བ་ཇི་ལྟར་སྣང་ཡང་ཐམས་ཅད་ནམ་མཁའི་རོལ་པ་སྟེ་ནམ་མཁའ་ཉིད་ལས་མ་འདས་པ་བཞིན་དུ།འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་རྒྱ་ཆེ་ལ་གྲངས་མང་བ་ཇི་ལྟར་དུ་སྣང་ཡང་ཐམས་ཅད་སེམས་ཉིད་བདེ་གཤེགས་སྙིང་པོ་གཅིག་གི་རོལ་པ་ལས་མ་འདས་ཤིང་།གཞི་ཉིད་དུ་རོ་གཅིག་ཅིང་གཞིའི་ཆོས་ཉིད་ལས་མ་འདས་པ་ཡིན་ནོ། །དེ་བཞིན་དུ་གཞིའི་ཆོས་སྐུ་གཏིང་གསལ་ཆེན་པོ་མངོན་དུ་བྱས་པའི་དུས་དེར།ངོ་བོ་འཁོར་འདས་དག་མཉམ་གྱི་ཆོས་སྐུ།རང་བཞིན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ལོངས་སྤྱོད་རྫོགས་པའི་སྐུ་དང་།གཞིའི་གསལ་ཆ་མ་འགགས་པ་སྒོ་གཉིས་འཆར་ལུགས་དྲུག་གི་ཚུལ་དུ་གནས་པའི་ཐུགས་རྗེ་རང་གསལ་སྒྲིབ་གཡོགས་དང་བྲལ་བའི་ཆ་ལ་སྤྲུལ་སྐུ་སྟེ།དེའི་ངོ་བོ་ཆོས་སྐུ།གདངས་ཤེས་རབ།རྩལ་ཡེ་ཤེས།རོལ་པ་དོན་དམ་པའོ། །གཞི་ཀ་དག་གི་ངོ་བོ་དང་ངང་ཚུལ་མ་རིག་པའི་ངོ་བོ་ལུང་མ་བསྟན་གྱི་ཆ་ལ་ཀུན་གཞི།དེའི་ངོ་བོ་མ་རིག་པ།གདངས་སྣང་བ།རྩལ་སེམས་བྱུང་།རོལ་པ་ཀུན་རྫོབ་ཅེས་བྱ་བ་ཡིན་ནོ། །མཐར་ཐུག་འཁོར་འདས་ཆོས་ཉིད་ཆེན་པོས་ཆིངས་པའི་ཚུལ་ནི།འདི་ལྟར༴སོགས།མཆོག་ཏུ་ཟུངས་ཤིག།ཆིངས་པ་ནི་ཆུའི་གཟའ་སྐར་ཐམས་ཅད་ཆུ་ཉིད་ཀྱིས་ཆིངས་པ་དང་།བརྟན་གཡོ་འདི་དག་ཐམས་ཅད་ནམ་མཁའ་ཉིད་ཀྱིས་ཆིངས་པ་དང་།འཁོར་འདས་ཀྱི་སྣང་བ་རྒྱ་ཆེ་ལ་གྲངས་མང་བ།ཇི་ལྟར་དུ་སྣང་ཡང་གཞིའི་ཆོས་ཉིད་གཅིག་གིས་ཆིངས་པ་ཡིན་ཏེ།སེང་གེ་རྩལ་རྫོགས་ལས།ཀུན་ཏུ་བཟང་མོའི་བྷ་ག་ཀློང་ཡངས་སུ། །སྣང་སྲིད་འཁོར་འདས་བྱུང་བ་རྣམ་ལྔ་ཆུབ། །ཅེས་དང་།ཀུན་བྱེད་ལས།དེ་བས་སྣང་སྲི་འཁོར་འདས་ཐམས་ཅད་ཀུན། །ནམ་མཁའི་ངང་ན་མི་གནས་མེད་པ་བཞིན།བྱང་ཆུབ་སེམས་ཀྱི་ཀློང་ཆེན་ཡུལ་ཆེ་བས། །སངས་རྒྱས་སེམས་ཅན་སྣོད་བཅུད་ཀུན་ཀྱང་གནས། །ཞེས་སོ།རོལ་པ་ནི།གཟའ་སྐར་རྒྱ་མཚོའི་རོལ་པ་དང་།སྣོད་བཅུད་ནམ་མཁའི་རོལ་པ་བཞིན་དུ།འཁོར་འདས་ཆོས་ཉིད་ཀྱི་རོལ་པ་དང་།ཁྱབ་པ་ནི་སྣོད་བཅུད་ནམ་མཁའ།གཟའ་སྐར་རྒྱ་མཚོས་ཁྱབ་པ་བཞིན་དུ།འཁོར་འདས་གཞིས་ཁྱབ་པ་དང་བརྡལ་བ་དང་དེ་དག་གི་གཤིས་སུ་གཞི་ཆོས་ཉིད་ཀྱིས་བརྡལ་བའི་ངང་ཚུལ་དང་གནས་ལུགས་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ཏེ།ཆོས་ཉིད་ཀྱི་ངང་དུ་མ་བཅོས་རང་ཁར་འདུག་པ་དེའི་ངང་དུ་བབ་ཀྱིས་བཞག་པ་ནི་ངང་བཞག་ཆེན་པོ་དང་།བློ་ཡིད་འཛིན་རྩོལ་དང་བྲལ་བས་བློ་འདས་ཆེན་པོ་དང་།མ་བཅོས་རང་སར་ཡན་པས་རྒྱ་ཡན་ཆེན་པོ་སྟེ།མདོར་ན་འདི་ལྟར་ཡིན་ཞེས་ངོས་བཟུང་མེད་པ།མཚན་མ་ཚིག་གི་ལམ་དང་བྲལ་བའི་ཆོས་ཉིད་ཅི་ཡང་མ་ཡིན་པ་བརྗོད་བྲལ་ཆེན་པོའི་ངང་དུ་ལ་བཟླ་དགོས་ཏེ།གནས་ལུགས་མཛོད་ལས།མིང་མེད་སྤྲོས་དང་བྲལ་བའི་ཀློང་ཆེན་དུ། །སྣང་སྲིད་འཁོར་འདས་ཆོས་རྣམས་ལ་བཟླའོ། །ཞེས་གསུངས་བ་བཞིན་དུ།རིག་པ་ཡེ་ནས་སྤྲོས་པ་དང་བྲལ་བའི་ངང་ནས་ཤར་བ་འཁོར་འདས་ཀྱི་ཆོས་སོ་ཅོག་མཐར་ཡང་དེར་ལ་བཟླ་སྟེ།ཐལ་འགྱུར་ལས།གྲོལ་ས་ཉིད་ནི་ཐོག་མའོ། །ཞེས་གསུངས་པ་ལྟར་རོ། །དེས་ན་རྣམ་པ་ཐསམ་ཅད་མཁྱེན་པའི་ཡེ་ཤེས་ཆེན་པོ་མ་ཐོབ་ཀྱི་བར་དུ་ཐང་ལྷོད་མེད་པའི་བརྩོན་འགྲུས་དྲག་པོའི་སྒོ་ནས་བྲག་ཕུག་ལ་ཞྭ་བྱས།རིག་པའི་ཡེ་ཤེས་ལ་གྲོགས་བྱས།ཟྭ་དང་ལོ་མ་ལ་ཁ་ཟས་བྱས་ཏེ།བློ་ཕུག་ཆོས་ལ་གཏད།ཆོས་ཕུག་སྤྲང་ལ་གཏད།སྤྲང་ཕུག་ཤི་ལ་གཏད།ཤི་ཕུག་བྲག་སྟོང་ལ་གཏད་དེ།རྩེ་གཅིག་ཏུ་ཉམས་སུ་བླང་བ་ནི་གནད་མཆོག་ཏུ་ཟུངས་ཞིགཅེས་གསུངས་ཤིང་ཆོས་ཉིད་ཀྱི་དབྱིངས་སུ་འབྱམས་ཀླས་སོ། །གསུམ་པ་ཐ་མར་དགེ་བ་འཇུག་གི་དོན་ནི།ཞེས་པ་འདི་ཡང་༴སོགས།བགྱིས་པའོ། །ཆོས་འདི་ཐོག་མར་བཀའ་བཙན་པས་དགེའོ། །བར་དུ་བྱིན་རླབས་མྱུར་བས་དགེའོ།ཐ་མར་བཀྲ་ཤིས་པས་དགེའོ། །འགྲོ་བ་ལྷ་དང་བཅས་པས་ལེགས་སོ་ཞེས་བཀུར་སྟི་དང་ཕུ་དུད་བྱེད་པའི་དོན་ནོ། །ཆོས་འདི་གང་དུ་དར་ཞིང་གནས་པའི་ཕྱོགས་དུས་གནས་སྐབས་ཀུན་ཏུ་བཀྲ་ཤིས་པར་གྱུར་ཅིག་ཅེས་པའི་དོན་དེ་མངྒ་ལཾ། །། །༈སྨྲས་པ།དེ་ལྟར་ཟབ་གསང་སྙིང་པོ་མཐའ་ཡས་ཀྱང་། །ཀུན་གྱི་མཆོག་གྱུར་མན་ངག་རྫོགས་པ་ཆེ། །ཐུན་མོང་མ་ཡིན་ཚེ་གཅིག་བསྒྲོད་པའི་ལམ། །སྙིང་པོའི་དོན་ཟབ་འཇུག་ངོགས་ཟབ་མོ་འདི། །འཆད་ཚུལ་རིག་འཛིན་བླ་མའི་བཀའ་སྲོལ་རྣམས། །གཅིག་འདུས་མཉམ་མེད་གཏེར་ཆེན་བླ་མ་རྗེའི། །མགོན་དེའི་གསུང་གསང་སྙིང་པོའི་བདུད་རྩི་འདི། །བདག་བློའི་པདྨོའི་དཔལ་དུ་ལེགས་པར་ཤར། །གུས་པས་བསྟན་འགྲོར་སྨན་པའི་ལྷག་བསམ་གྱིས། །སོར་བཞག་ཚིག་དཔང་ཞལ་རྒྱུན་གདམས་པའི་བཅུད། །ཉམས་ལེན་གནད་བསྡུས་ནག་འགྲོས་ཡི་གེར་བཀོད། །སྐལ་ལྡན་རྣམས་ཀྱི་གཙུག་གི་རྒྱན་བཟུང་ན། །བསྐལ་པར་འབད་པ་མི་དགོས་ཚེ་འདིར་གྲོལ། །སྐལ་ལྡན་འགྲོ་རྣམས་ཟབ་ལམ་འདི་ཡི་མཐུས། །སྐད་ཅིག་གཅིག་གི་རྫོགས་སངས་རྒྱས་གྱུར་ཅིག།ཀུན་མཁྱེན་རྒྱལ་པོ་གསང་སྔགས་གླིང་པ་ཡིས། །ཀུན་བཟང་ཐུགས་ཀྱི་བསྟན་པ་ཡོངས་བཟུང་ནས། །ཀུན་གསལ་འོད་ཀྱིས་འགྲོ་བའི་རྨོངས་ཀུན་སེལ། །ཀུན་ཀྱང་པདྨ་འོད་དུ་འདྲེན་མཛད་པའི། །འཁོར་གྱི་ཐོག་མར་བདག་ཅག་གྱུར་ནས་ཀྱང་། །སྟོན་འཁོར་དགོངས་པ་དབྱེར་མེད་འགྲུབ་པར་ཤོག།རྒྱལ་བའི་བསྟན་པ་ཕྱོགས་བཅུར་དར་བ་དང་། །རྒྱལ་བསྟན་འཛིན་པའི་སྐྱེས་བུའི་སྐུ་ཚེ་བརྟན། །རྒྱལ་དབང་པདྨའི་རིང་ལུགས་སྙིང་པོའི་ཆོས། །རྒྱལ་ཁམས་ཡོངས་ལ་དར་ཞིང་རྒྱས་པར་ཤོག།ཅེས་པ་འདི་ཡང་བདག་ཅག་གི་འདྲེན་སྟོན་དམ་པ་མཚན་བརྗོད་པར་དཀའ་ནའང་དོན་གྱི་སླད་དུ་སྨོས་ན་སྐྱབས་རྗེ་ཐམས་ཅད་མཁྱེན་པ་གཏེར་ཆེན་རིན་པོ་ཆེ་པདྨ་ལས་འབྲེལ་རྩལ་གྱིས་ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ་གཅེས་ནོར་གྱི་ཚུལ་དུ་གནང་པའི་གདམས་པ་མན་ངག་རྒྱ་མཚོའི་ཡང་ཞུན་བདུད་རྩི་ལྟ་བུའི་དོན་རྣམས་བརྗེད་ཀྱིས་དོགས་ནས་ལུང་རིགས་སོགས་སྤྲོས་པའི་ལམ་དུ་མ་དྲངས་པར་ཞལ་རྒྱུན་ཇི་བཞིན་པ་འཆུགས་མེད་བློ་བཅོས་མེད་པར།གཏེར་ཆེན་ཉིད་ཀྱི་ལུང་གིས་བསྔགས་པ་གཟུངས་མའི་ཆ་ཙམ་འཛིན་པ་སློབ་འབངས་ཀུན་གྱི་ཐ་ཤལ་བ་བདེ་ཆེན་བདེ་བའི་རྡོ་རྗེའམ་ཀུན་བཟང་བདེ་སྐྱོང་དབང་མོས་རང་གཞན་ལ་ཕན་པའི་སེམས་ཀྱིས་གོ་བདེར་ནག་འགྲོས་སུ་བཀོད་པ།ཡི་གེའི་མཐུན་རྐྱེན་དམ་པ་གང་གི་ལུང་ཟིན་ཆོས་ཀྱི་བདག་པོ་ཚུལ་ཁྲིམས་རྡོ་རྗེའམ་ཡོངས་གྲུབ་རིག་པའི་རྡོ་རྗེས་བགྱིས་པ།ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པར་གྱུར་ཅིག།སརྦ་མངྒ་ལཾ། །། །ཟིན་བྲིས་འདི་ཉིད་སྔར་སྐྱབས་རྗེ་རིན་པོ་ཆེ་ཉིད་ཀྱིས་དག་ཐེར་ལེགས་པར་བྱས་ཏེ།ཁྲིད་ཡིག་བྱེད་དགོས་གསུངས་ཀྱང་།རྗེ་ཉིད་ཞིང་དུ་ཕེབས་པ་སོགས་གནས་དུས་ཀྱི་རྐྱེན་དུ་མ་ལ་བརྟེན་ནས་བཏང་སྙོམས་སུ་ལུས་སྐབས་ཨ་སྐྱེས་དབོན་འཇིགས་མེད་ཚུལ་ཁྲིམས་དང་རང་སློབ་རྣམས་ཀྱིས་འཆད་བདེ་བའི་ཆེད་དུ་ཁྲིད་ཡིག་ལ་གསལ་ཁ་ཅུང་ཟད་རེ་དགོས་ཞེས་དོན་ཆེར་གཉེར་བ་ལ་བརྟེན་ཏེ།སྔོན་མ་ཐེབས་པའི་རྗེའི་ཞལ་ཁྲིད་རྣམས་ཀྱིས་བྲི་བསྣན་བྱས་ནས་ཅུང་ཟད་གསལ་བར་བཀོད་པ་པོ་ཁོ་མོ་རང་ཉིད་ཀྱིས་བགྱིས་པའོ། །། །པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག།དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ། །། །