TTDL-ZABTER-21-AA-004

From Dudjom Wiki
Revision as of 09:18, 4 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

TTDL-ZABTER-21-AA-004

མ་ཧཱ་ཨ་ཏི་ཡོ་གའི་ཆོས་སྐོར་ལས། མྱུར་ལམ་འཕོ་བ་ཆེན་པོའི་གདམས་པ་མ་བསྒོམས་སངས་རྒྱས་ཀྱི་དོན་འགྲེལ་དཔལ་ལྡན་བླ་མའི་ཞལ་ལུང་ཀུན་ཏུ་བཟང་པོའི་ཐུགས་བཅུད་བརྒྱུད་འཛིན་འོད་སྐུར་གྲོལ་བའི་མན་ངག་བརྗེད་བྱང་དུ་བཀོད་པ་བཞུགས་སོ། ། ན་མོ་གུ་རུ་བྷྱ།ཀུན་བཟང་རྡོར་སེམས་དགའ་རབ་ཤྲཱི་སིང་། །འཇམ་དཔལ་བཤེས་གཉེན་ཛྙཱ་ན་སཱུ་ཏྲ་དང་། །བི་མ་པད་འབྱུང་ཡེ་ཤེས་མཚོ་རྒྱལ་སོགས། །བརྒྱུད་གསུམ་བླ་མ་རྣམས་ལ་་ཕྱག་བགྱིའོ། །ཐེག་མཆོག་སྙིང་པོའི་ཤིང་རྟ་ཀློང་ཆེན་པ། །མདོ་སྔགས་བསྟན་པའི་ཉི་མ་འཇིགས་མེད་གླིང་། །གཏེར་སྟོན་རྒྱ་མཚོའི་འཁོར་བསྒྱུར་བདུད་འཇོམས་རྗེ། །སྐྱབས་མཆོག་རྣམ་གསུམ་བདེ་ཆེན་འཁོར་ལོར་བསྙེན། །ཆོས་དབྱིངས་མཐའ་བྲལ་དྭངས་མའི་མཁའ་ཀློང་ནས། །ལྷུན་གྲུབ་སྐུ་དང་ཡེ་ཤེས་བདག་ཉིད་དཔལ། །གང་འདུལ་ཐབས་ཀྱི་སྒྱུ་འཕྲུལ་སྤྲུལ་པ་ངོམས། །རིགས་ཀུན་ཁྱབ་བདག་གཏེར་ཆེན་ཆོས་ཀྱི་རྗེ། །པདྨ་ལས་འབྲེལ་རྩལ་ལ་གུས་པས་འདུད། །འབྲལ་མེད་སྙིང་དབུས་མི་འགྱུར་ཐིག་ལེའི་ཀློང་། །རྟག་བཞུགས་ཤེས་རབ་གསུམ་གྱི་སྣང་བ་སྩོལ། །བདག་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ། །ཐེག་བརྒྱད་བློ་ཡིས་མ་རིག་རྩེ་རྒྱལ་ཆོས། །འབྲས་བུ་ཚེ་འདིར་སྦྱོར་བའི་མྱུར་ལམ་མཆོག།ཁྱད་པར་བདུན་གྱིས་འཕགས་པའི་ཐོད་རྒལ་ལམ། །འཇའ་ལུས་མངོན་བྱེད་འོད་གསལ་མཐར་ཐུག་གི། །ལམ་སྣང་ཇི་ལྟར་ཉམས་སུ་བླང་བའི་ཚུལ། །འཆད་ཚུལ་སྐྱབས་རྗེ་བླ་མའི་ཞལ་གསུངས་བཞིན། །ཡིད་ངོར་གང་ཟིན་བརྗེད་བྱང་ཚུལ་དུ་ནི། །རང་གཞན་དོན་དུ་ཡི་གེའི་རིས་སུ་འགོད། །བླ་མ་ཡི་དམ་ལྷ་དང་མཁའ་འགྲོའོ་ཚོགས། །ཆོས་བདག་དང་ནི་གཏེར་སྲུང་རྒྱ་མཚོ་ཡིས། །གནང་བ་སྩོལ་ལ་བདག་རྒྱུད་བྱིན་གྱིས་རློབས། །དགོངས་དོན་ཟབ་བརླིང་དོན་རྣམས་འབྱེད་མཁས་པའི། །སོར་རྟོག་ཡེ་ཤེས་མཆོག་དུ་འབར་བར་མཛོད། །ཅེས་མཆོད་པར་བརྗོད་པ་དང་གནང་བ་ཞུས་པའི་ཚིག་གིས་མདུན་བསུས་ཏེ།དེ་ལ་འདིར་རྒྱལ་བ་ཐབས་མཁས་ལ་ཐུགས་རྗེ་ཆེ་བ་རྣམས་ཀྱིས།གདུལ་བྱའི་ཁམས་དབང་མོས་པ་དང་མཐུན་པའི་མདོ་སྔགས་ཆོས་ཀྱི་སྒོ་ཇི་སྙེད་ཅིག་བསྟན་པ་རྣམས་ཀྱི་དོན་པོ།འབྲས་བུ་བླ་ན་མེད་པའི་ཡེ་ཤེས་མཐར་ཐུག་པ་ཐེག་བརྒྱད་བློ་ཡི་གྲུབ་མཐས་མ་རེག་པའི་འོད་གསལ་མྱུར་ལམ་ཐོད་རྒལ་གྱི་ལམ་སྣང་ཇི་ལྟར་ཉམས་སུ་བླང་བའི་ཚུལ་གྱི་གདམས་པ་འདི་ཉིད་འཆད་པར་བྱེད་པ་ལ།བཤད་བྱའི་ཡན་ལག་བཤད་པ་དང་།བཤད་བྱའི་གཞུང་དོན་དངོས་བཤད་པ་གཉིས་ལས།བཤད་བྱའི་ཡན་ལག་བཤད་པ་དེ་ཉིད་སྔོན་དུ་གྲུབ་ཟིན་པའི་དབང་དུ་བཏང་སྟེ།གཉིས་པ་བཤད་བྱའི་གཞུང་དོན་དངོས་བཤད་པར་བྱེད་པ་ལའང་།ཐོག་མར་དགེ་བ་ཀླད་ཀྱི་དོན།བར་དུ་དགེ་བ་གཞུང་གི་དོན།ཐ་མར་དགེ་བ་མཇུག་གི་དོན་དང་གསུམ་ལས།དེ་ལ་དང་པོ་ཐོག་མར་དགེ་བ་ཀླད་ཀྱི་དོན་ལའང་།མཚན་དོན་སྨོས་པ།མཆོད་པར་བརྗོད་པ།བརྩམ་པར་དམ་བཅའ་བ་དང་གསུམ་དུ་ཡོད་པ་ལས།དང་པོ་མཚན་དོན་སྨོས་པ་ནི།མ་ཧཱ་ཨ་ཏི་སོགས་ཀྱིས་བསྟན་ཏེ།མ་ཧཱ་ནི་ཆེན་པོ།ཨ་ཏི་རྫོགས་པ།ཡོ་ག་རྣལ་འབྱོར་ཆེན་པོའི་དགོངས་བཅུད་མཐར་ཐུག་པ་རྫོགས་པ་ཆེན་པོའི་ཐེག་པ།དཔེར་ན་ནམ་མཁའི་དབྱིངས་ལྟ་བུ།རྒྱ་མཚོའི་གཏིང་ལྟ་བུ།ཟབ་ཅིང་རྒྱ་ཆེ་བའི་ཆོས་ཕུན་སུམ་ཚོགས་པ་འདི་ཉིད་བསླབ་པ་དང་སྦྱངས་པའི་རྐྱེན་ལ་མ་ལྟོས་པར།ཆོས་ཉིད་དེ་བཞིན་ཉིད་ཀྱི་གནས་ལུགས་མངོན་དུ་གྱུར་ནས་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་དགོངས་པ་མཐར་ཐུག་གི་དོན་ཐུགས་གསང་དགོངས་པའི་ཀློང་ནས་བརྡ་རང་རྡོལ་དུ་བྱུང་བ་ལས།ཐེག་པ་རིམ་དགུའི་ཆོས་བཅུད་སྙིང་པོར་དྲིལ་བ་ཡིན་པས་ན་ཟབ།གསང་ཆེན་གཉིས་དང་ལྡན་པས་གསང་།འཁོར་བའི་ཆོས་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་རྫོགས་པས་གཞི་རྫོགས་པ།ལམ་ཐེག་པ་རིམ་པ་དགུ་འབྲས་བུའི་ཆ་དང་བཅས་པ་རྫོགས་པས་ལམ་རྫོགས་པ།བསམ་གྱིས་མི་ཁྱབ་པའི་སྐུ་དང་ཡེ་ཤེས་ཡོན་ཏན་ཐམས་ཅད་རྫོགས་པས་འབྲས་བུ་རྫོགས་པ་སྟེ་རྫོགས་པ།རྫོགས་པ་གཞན་གྱིས་འགྲན་ཟླ་དང་བྲལ་བའི་ཐེག་པ་རིམ་དགུའི་སྤྲོ་བསྡུའི་གཞི་རི་གྱུར་པས་ན་ཆེན་པོ།དེ་ལའང་ཕྱི་སེམས་སྡེ།ནང་ཀློང་སྡེ།གསང་བ་མན་ངག་གི་སྡེ་དང་གསུམ་ལས།མན་ངག་སྡེ་ལའང་།ཕྱི་སྐོར།ནང་སྐོར།གསང་སྐོར།ཡང་གསང་བླ་ན་མེད་པའི་སྐོར་དང་བཞི་ཡོད་པ་ལས།འདིར་ཡང་གསང་བླ་ན་མེད་པའི་སྐོར་ཡིན་པས་ཡང་ཟབ།དཔེར་ན་སའི་སྙིང་པོ་གསེར།ཆུའི་སྙིང་པོ་ལན་ཚྭ།འོ་མའི་སྙིང་པོ་མར།མར་གྱི་ཡང་ཞུན་མར་ཁུ་ལྟ་བུ།ཡེ་ཤེས་མཆོག་ཏུ་གསང་བ་ཆོས་ཐམས་ཅད་ཀྱི་སྙིང་པོར་གྱུར་པས་ན་བཅུད་ཀྱི།ལམ་འདི་ལ་བརྟེན་ནས་མ་དག་སྙིགས་མའི་སྣང་བ་ཐམས་ཅད་སྐད་ཅིག་དང་པོར་དྭངས་མ་འོད་ལྔའི་རང་བཞིན་དུ་བཤིག་པར་བྱེད་པས་ན་དྭངས་མ།མདོ་ལམ་གྱིས་གྲངས་མེད་གསུམ་གྱི་དམ་བཅའ།སྔགས་ཀྱིས་སྐྱེ་བ་གསུམ་མམ་བདུན་གྱི་དམ་བཅའ།རྫོགས་པ་ཆེན་པོ་གཞི་ཀ་དག་ཁྲེགས་ཆོད་ཀྱིས་ཚེ་གཅིག་གི་དམ་བཅའ།ཐོད་རྒལ་གྱིས་མི་ལོ་བདུན་ནམ་བཅུ་གསུམ་ནས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ལ་མིག་འཕྲུལ་ལྟ་བུར་བསྒྱུར་བའི་ལམ་མྱུར་ལ་ཆོད་ཆེ་བ་ཡིན་པས་ན་མྱུར་ལམ།མ་དག་སྙིགས་མའི་སེམས་དང་སེམས་བྱུང་སྣོད་བཅུད་ཀྱི་ཞེན་རྟོག་ཐམས་ཅད་བཙན་ཐབས་ཉིད་དུ་སྐུ་དང་ཡེ་ཤེས་ཀྱི་དབྱིངས་སུ་འཕོ་བར་བྱེད་པས་ན་འཕོ་བ་ཆེན་པོའི།རྐྱེན་དགེ་བའི་བཤེས་གཉེན་དང་།ཐབས་བྱུང་མན་ངག་ཟབ་མོ་ལ་བརྟེན་ནས།ཡུལ་ཚོགས་སྨོན་ལས་འཕྲོ་དང་ལྡན་པའི་སྐྱེས་བུ་གསུམ་རྒྱུ་རྐྱེན་ཕུན་སུམ་ཚོགས་པའི་རྟེན་འབྲེལ་དུས་འཛོམ་པའི་ཚེ་ན།རིག་པ་རང་བྱུང་གི་ཡེ་ཤེས་གདམས་པའི་རྣམ་པར་ཤར་ནས།རྗོད་བྱེད་ཚིག་ལ་བརྟེན་ནས་བརྗོད་བྱའི་དོན་ཟབ་མོ་ཁོང་དུ་ཆུད་པས་ན་གདམས་པ།གཞིར་གནས་ཀྱི་ཆོས་སྐུ་ངོ་རང་ཐོག་དུ་འཕྲོད་དེ།གཞི་སྣང་འོད་གསལ་ཆེན་པོའི་ལམ་མངོན་དུ་བྱས་པ་ཙམ་གྱིས་འབད་མེད་དུ་གྲོལ་བས་ན་མ་བསྒོམ།མ་རིག་པའི་གཉིད་འཐུག་པོ་ལྟ་བུ་ལས་སངས་ཤིང་།སྐུ་དང་ཡེ་ཤེས་ཡོན་ཏན་གྱི་ངང་རྒྱས་པས་ན་སངས་རྒྱས།དེ་ལྟ་བུའི་མ་རིག་པའི་དྲི་མ་ཐམས་ཅད་རིག་པའི་ངང་དུ་སངས་ཤིང་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་ངང་རྒྱས་པར་བྱེད་པའི་མན་ངག་ཟབ་མོ་འདི་ན་ཡོད་དོ་ཅེས་པ་ནི་བཞུགས་སོ། །གཉིས་པ་མཆོད་པར་བརྗོད་པ་ནི།རྡོ་རྗེ་ཕུང་པོའི་སོགས་ཀྱིས་བསྟན།དེ་ལའང་དུས་གསུམ་ཀུན་ཏུ་རང་རིག་པའི་ངོ་བོ་གཞན་དུ་འགྱུར་བ་མེད་པར་གནས་པ་ནི་བརྟན་པ་དང་།འཁོར་འདས་ཀྱི་ཆོས་ཐམས་ཅད་རང་བྱུང་ཡེ་ཤེས་ཀྱི་ངང་ལས་མ་གཡོས་ཤིང་རིག་པའི་རོལ་རྩལ་ལས་འདའ་བ་མེད་པ་ནི་བསྡུས་པ་དང་།གནས་ལུགས་མངོན་དུ་གྱུར་ཚེ་མ་དག་སྣོད་བཅུད་ཀྱི་སྣང་ཞེན་ཐམས་ཅད་དག་པ་ཆོས་ཉིད་ཀྱི་འཁོར་ལོར་ཡེ་ནས་གཉིས་སུ་མེད་པར་རོ་གཅིག་ཏུ་གྱུར་པ་ནི་རྟོགས་པ་སྟེ།བརྟན་བསྡུས་རྟོགས་གསུམ་གྱི་ངོ་བོར་ཡེ་ནས་བཞུགས་པས་ན་རྡོ་རྗེ།གཞི་སྣང་ལྷུན་གྲུབ་ཀྱི་འཁོར་ལོ་ཤར་བའི་ཚེ་ན།མ་སྨིན་པའི་རིག་པ་ལྷན་སྐྱེས་ཀྱི་མ་རིག་པས་བསླད་ནས་རྒྱུ་གསུམ་རྐྱེན་བཞིའི་དབང་གིས།ཕྱི་འབྱུང་བ་ལྔ། །ནང་ཕུང་པོ་ལྔ།གསང་བ་སེམས་དང་སེམས་བྱུང་གི་རྣམ་པར་ལམ་གྱིས་བྱུང་ནས།གཉུག་མ་མི་འགྱུར་བའི་རྡོ་རྗེ་གསུམ་ལུས་ངག་ཡིད་གསུམ་དུ་བསྒྲིབ་པའི་ཚེ་ན།རྩ་རླུང་ཐིག་ལེའི་ཁམས་ཐམས་ཅད་ཀྱང་གདོད་ནས་སྐུ་གསུམ་གྱི་རང་བཞིན་དུ་བཞུགས་པའི་ལྷ་ཚོགས་རྣམས་ཀྱང་།ཏིལ་གྱི་གོང་བུ་རྒྱས་པ་ལྟ་བུར་རྡོ་རྗེ་ཕུང་པོའི་ལུས་ལ་བརྟེན་ནས་གནས་པ་ཡིན་ཏེ།དེའི་ཕྱིར་མང་དུ་བསགས་པའམ་ཚོགས་པ་ལ་གྲོང་ཁྱེར་གྱི་སྒྲར་བརྗོད་པ་ཡིན།དེ་ཡང་སྒྱུ་ཡེ་ཤེས་ལྔ་ལ།འཕྲུལ་སྐུ་ལྔ་ཞིང་ལྔ་སོགས་སུ་རྣམ་པར་འཕྲུལ་པའི་བཀོད་པ་ཐམས་ཅད་ཀྱང་མ་བཙལ་འབད་མེད་དུ་གཞི་རང་གི་རོལ་པར་རང་བྱུང་དུ་ཤར་བ་ཡིན་ཏེ།དེ་ཡང་གཞི་དུས་སུ་སྙིང་གར་ཞི་བ་བཞི་བཅུ་རྩ་གཉིས་དང་།ཞི་བའི་གདངས་ལས་དུང་ཁང་དུ་ཁྲག་ཐུང་ཁྲོ་བོ་ལྔ་བཅུ་རྩ་བརྒྱད་ཀྱི་རྣམ་པར་བཞུགས་ཤིང་།གཞན་ཡང་ཕུང་ཁམས་གཤེགས་པ་གཤེགས་མ།དབང་ཡུལ་སེམས་དཔའ་སེམས་མ།ཡན་ལག་སྒོ་སྐྱོང་ཕོ་མོ་སོགས་གདན་གསུམ་ཚང་བ་ལྷའི་འཁོར་ལོ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་ཐམས་ཅད་མ་བཙལ་ལྷུན་གྲུབ་ཏུ་གནས་ཤིང་རྫོགས་པ་ལ།ངེས་ཤེས་ཁྱད་པར་ཅན་འཁྲུངས་ནས་ལྷ་དང་རང་སྣང་དབྱེར་མེད་དུ་མཐོང་བར་སྒོ་གསུམ་མི་ཕྱེད་གཅིག་ཏུ་འདུམ་པའི་དད་པའི་སྒོ་ནས་གུས་པ་ཆེན་པོས་སྤང་བླང་ཞེན་འཛིན་དང་བྲལ་བར་གཉིས་མེད་རིག་པའི་ཆོ་འཕྲུལ་ཙམ་དུ་ཕྱག་འཚལ་བའོ། །བརྡ་ཡིག༠༠༠༠༤༧༤བརྡ་ཡིག་འདི་རྣམས་ནི་ཆོས་འདི་འབྱུང་བའི་ཁུངས་ཡིན་ནོ། །གསུམ་པ་བརྩམ་པར་དམ་བཅའ་བ་ནི།བདག་འདྲ་རིག་འཛིན་སོགས།འདི་བསྟན་བྱ༔ ཞེས་པས་བསྟན་ཏེ།དེ་ལ་འདིར་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཕྲིན་ལས་གཅིག་ཏུ་བསྡུས་པའི་བདག་ཉིད་ཆེན་པོ་དོན་གཉིས་ཀྱི་མཛད་པ་མཐར་ཕྱིན་ནས།རང་དོན་དུ་ཆོས་ཀྱི་སྐུ་བརྙེས་ཟིན་ཀྱང་།གདུལ་བྱའི་ལས་སྨོན་གྱི་དབང་གིས་གང་འདུལ་གྱི་སྤྲུལ་པའི་སྐུར་བཞེངས་པ་བདག་འདྲ་ལྷུན་གྱིས་གྲུབ་པའི་རིག་འཛིན་གྱི་རྣམ་པར་གནས་ཤིང་།རྡོ་རྗེ་ལྟ་བུའི་སྐུ་སྐྱེ་འཆི་བསྒྲེས་རྒུད་དང་བྲལ་བ།འཇའ་ལུས་སྒྱུ་མའི་སྐུར་སྣང་པད་འབྱུང་གཤོག་རྒོད་རྩལ་ངས་སམ་བདག་གིས།ཚེ་རབས་མང་པོའི་སྔོན་རོལ་ནས་ཚོགས་གཉིས་ཀྱི་འཇུག་སྒོ་རྣམ་པར་དག་པའི་མཐུ་ཚད་མེད་པ་དང་ལྡན་ཞིང་།སྨོན་ལམ་བཟང་པོས་ཉིང་མཚམས་སྦྱར་ནས།རང་བཞིན་རྫོགས་པ་ཆེན་པོའི་ཆོས་དང་བླ་མར་འཕྲད་ཅིང་།ཐེག་མཆོག་སྙིང་པོའི་དོན་ལ་འབྲེལ་བ་བཞག་པའི་ལས་འཕྲོ་རྣམས་ད་ལྟ་དུས་འཛོམ་པའི་སྐལ་བ་བཟང་པོའི་སྐྱེས་བུ་དད་པ་དང་ལྡན་ཞིང་དམ་ཚིག་གཙང་བ་ཁོ་ནའི་ཟ་ཐང་ངམ་སྐལ་བ་རུ།ཐེག་པ་གཞན་གྱིས་འགྲན་ཟླ་དང་བྲལ་བའི་མྱུར་ལམ།མ་དག་སྣོད་བཅུད་སྙིགས་མའི་སྣང་ཞེན་ཐམས་ཅད་འཕོ་ཆེན་དྭངས་མའི་དབྱིངས་སུ་བཙན་ཐབས་ཉིད་དུ་བཤིག་པར་བྱེད་པའི་གདམས་པ་ཟབ་མོ་འདི་བསྟན་པར་བྱའོ་ཞེས་ཁུར་དུ་བཞེས་པ་ཡིན་ནོ། །གཉིས་པ་བར་དུ་དགེ་བ་གཞུང་གི་དོན་ལའང་།སྔོན་འགྲོ་དང་།དངོས་གཞི།རྗེས་དང་གསུམ་ལས།དང་པོ་ཁྲེགས་ཆོད་ཀྱི་ལྟ་བས་གཞི་བཟུང་བ།ཐུན་མོང་གི་སྔོན་འགྲོ་སྤྱིར་བསྟན་པ།ཐུན་མོང་མ་ཡིན་པའི་སྔོན་འགྲོ་བྱེ་བྲག་ཏུ་བཤད་པའོ། །དང་པོ་ཁྲེགས་ཆོད་ཀྱི་ལྟ་བས་གཞི་བཟུང་བ་ནི།སྒོ་འདི་ཉམས་སུ་སོགས།བརྟན་ཐོབ་མཐར༔ ཞེས་པས་བསྟན་ཏེ།དེ་ལྟ་བུའི་འོད་གསལ་ཐོད་རྒལ་གྱི་སྒོ་ཟབ་མོ་འདི་ཉིད་ཉམས་སུ་ལེན་པར་འདོད་པའི་སྐྱེས་བུ་ལས་སྨོན་དང་ལྡན་པ་དག་གིས།དང་པོ་སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་བདག་མེད་པ་ལ་བདག་གི་གདགས་གཞི།དངོས་པོ་མེད་པ་ལ་དངོས་པོའི་སྣང་གཞི།འཁོར་འདས་སུ་རང་རྒྱུད་པར་མེད་པ་ལ་རང་རྒྱུད་བདེན་གྲུབ་ཏུ་བལྟ་བའི་གཞི་འཛིན་པ་གང་ཟག་གི་བདག་དང་།དེ་ལས་མཆེད་པ་གཟུང་བ་ཆོས་ཀྱི་བདག་གཉིས་ཀྱི་རང་བཞིན་ཡེ་ནས་བདེན་པར་མ་གྲུབ་ཅིང་སྐྱེ་འགགས་གནས་གསུམ་དང་བྲལ་བའི་སྟོང་ཉིད་དབུ་མ་ཆེན་པོའི་བདག་ཉིད་དུ་གཏན་ལ་ཕབ་ནས།འཁོར་འདས་མཉམ་ཉིད་ཆོས་སྐུའི་ངང་དུ་འུབ་ཏུ་འདུས་ཤིང་ཡོངས་སུ་ཆུབ་པའི་གནས་ལུགས་ཇི་བཞིན་པར་རྟོགས་ཤིང་།སྣང་སྲིད་སྣོད་བཅུད་འཁོར་འདས་ཀྱི་ཆོས་སོ་ཅོག་ཐམས་ཅད་རིག་པའི་རོལ་པ་ལས་མ་འདས་ཤིང་།རིག་སྟོང་ཁྱབ་བརྡལ་ཆེན་པོར་ངེས་ནས་གཉིས་མེད་མཉམ་པ་ཉིད་དུ་རྫོགས་པའི་དོན་ལ་མངའ་དབང་བསྒྱུར་བས་ལྟ་བའི་དོན་གཤིས་ཐོག་ཏུ་ཕེབས་པ་དང་།ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱི་གཞི་ལ་དབང་བསྒྱུར་བས་དག་པ་གཞིའི་བཞུགས་ཚུལ་དང་།ཇི་སྙེད་པ་གཟིགས་པའི་ཡེ་ཤེས་ཀྱི་ལམ་ལ་དབང་བསྒྱུར་ཏེ།ལམ་གྱི་བཞག་ཐབས་དང་ས་ལམ་གྱི་རིམ་པ་རྣམས་གཅིག་ཅར་དུ་རྟོགས་པའི་ཤེས་རབ་ཆེན་པོ་དེ་ཡི་སྟོབས་ཀྱིས་གནས་ལུགས་རྫོགས་པ་ཆེན་པོའི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཡེ་བབ་སོར་བཞག་གི་ཏིང་འཛིན་གྱིས་མངོན་དུ་བྱེད་ཅིང་ངང་ལས་གཡོ་བ་མེད་པའི་བརྟན་པ་ཐོབ་པའི་མཐར།ཤིན་ཏུ་མྱུར་ལམ་ཐོད་རྒལ་གྱི་གདམས་པ་འདི་ཉིད་ཉམས་སུ་བླངས་ན་གེགས་དང་གོལ་ས་ཐམས་ཅད་ཤུགས་ལ་ཆོད་དེ་ལམ་མཐར་ཕྱིན་པའི་མན་ངག་ཟབ་མོ་ཡིན་ནོ། །གཉིས་པ་ཐུན་མོང་གི་སྔོན་འགྲོ་ལའང་།སྤྱི་དང་བྱེ་བྲག་གཉིས་ལས།དང་པོ་སྤྱིར་བསྟན་པ་བློ་ལྡོག་རྣམ་པ་བཞི་སྟེ།དེ་ལ་འདིར་དལ་འབྱོར་རྙེད་པར་དཀའ་བ་ལ་བསམ་ནས་ཚེ་འདིའི་བྱ་བ་དགྲ་འདུལ་གཉེན་སྐྱོང་ཆགས་སྡང་ལ་སོགས་པ་ཐམས་ཅད་སྤང་ཞིང་།སྒོ་གསུམ་གྱི་བྱ་བ་དམ་པའི་ཆོས་ཁོ་ནར་བློ་ཕུག་གཏད་ནས་ཆོས་མིན་གྱི་བྱ་བ་རྒྱང་ནས་སྤང་བ་དང་།འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པའི་ངང་ཚུལ་ཤེས་བཞིན་དུ།ཆོས་བསྒྲུབ་བློ་ཙམ་དང་ཕྱི་བཤོལ་དུ་མི་འཇོག་པར།དཔེར་ན་སྒེག་མོའི་མགོ་ལ་མེ་ཤོར་བ་ལྟ་བུར་ལེ་ལོ་དང་གཡེང་བ་མེད་པར་དམ་པའི་ཆོས་ལ་བརྩོན་ཞིང་སྙིང་པོ་ལོན་པར་བྱེད་པ་གལ་ཆེའོ། །འཁོར་བ་མཐོ་དམན་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ལས་མ་འདས་ཤིང་།བྱ་བ་དང་བྱེད་པ་ཐམས་ཅད་འཁོར་བའི་གཞི་མ།སྡུག་བསྔལ་གྱི་ས་བོན།དཔེར་ན་མི་གཙང་བའི་འདམ་གྱི་ཁྲོད་ན་དྲི་ཞིམ་མེད་པ་ལྟ་བུ།འཁོར་བའི་གནས་སུ་བདེ་བའི་གོ་སྐབས་སྐད་ཅིག་ཀྱང་མེད་པའི་དོན་ཤེས་བཞིན་དུ།ད་རེས་དལ་འབྱོར་གྱི་ལུས་རྟེན་བཟང་པོ་འདི་ལ་བརྟེན་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་དོན་དུ་གཉེར་བ་ལ་འབད་པར་བྱའོ། །ལས་འབྲས་ལ་ཡིད་ཆེས་རྙེད་ནས་བླང་དོར་གྱི་གནད་མ་ནོར་བར་ལས་འབྲས་ཕྲ་ཞིང་ཞིབ་པར་མ་བསྲུང་ན།རང་བྱས་ལས་ཀྱི་རྣམ་སྨིན་བསླུ་བ་མེད་པར་རང་ཐོག་ཏུ་མྱོང་དགོས་པའི་རྒྱུ་མཚན་ལ་བསམ་ཞིང་།ལྟ་བ་མཐོ་སྐད་དང་ཐོས་རྒྱ་ཆེ་བར་རློམས་ནས་ལས་འབྲས་ཁྱད་དུ་མི་བསད་པར།དགེ་སྡིག་བླང་དོར་གྱི་གནས་ལ་མ་རྨོངས་པར་ཚུལ་བཞིན་ཤེས་པར་བྱས་ཏེ།གནས་ངན་འཁོར་བའི་རྒྱ་མཚོ་ལས་བརྒལ་བའི་ཕྱིར་དུ།དཔལ་ལྡན་བླ་མ་དམ་པའི་ཞབས་སུ་བཏུད་དེ།གཏན་གྱི་བདེ་བ་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་འདི་ཉིད་ཚེ་ལུས་གཅིག་གིས་ཐོབ་པའི་ཕྱིར་དུ་མི་ཚེ་ཆོས་ལ་དྲིལ་ནས་བློ་གཏད་བླ་མ་དང་དཀོན་མཆོག་གསུམ་ལ་བཅའ།སྒྲུབ་གནས་དབེན་ཁྲོད་ལ་བྱེད།གྲོགས་རིག་པའི་ཡེ་ཤེས་དང་གྲོགས།གོས་ལྷག་སྐྱོབ་ཙམ་དང་།ཟས་སྲོག་འཚོ་ཙམ་ལ་བརྟེན་ནས་ཆོས་བརྒྱད་ཀྱི་འདུ་སྒོ་རྒྱལ་ནས་སྤངས་ཏེ་སྒྲུབ་པ་ལྷུར་ལེན་གྱི་གོ་ཆ་མི་དམན་པར་བྱ་བ་ནི་གནད་གལ་པོ་ཆེ་ཡིན་ནོ།བྱེ་བྲག་ཐུན་མིན་ནང་གི་སྔོན་འགྲོ་ལ་འཁོར་འདས་རུ་ཤན་དབྱེ་དགོས་ཏེ།ཐལ་འགྱུར་ལས།འཁོར་འདས་རུ་ཤན་མ་ཕྱེ་ན། །ཁམས་གསུམ་ལུས་ངག་ཡིད་ཀྱི་ཡང་། །འབྲེལ་བ་ཆོད་པར་མི་འགྱུར་བས། །འཁོར་འདས་རུ་ཤན་དབྱེ་བར་བྱ།ཞེས་གསུངས་པས།དེས་ན་སེམས་ཅན་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་རྣམ་པར་དག་ཀྱང་།གནས་སྐབས་འཁྲུལ་པ་སྣང་ཞེན་གྱིས་བསྒྲིབ་པས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་དུ་རིགས་དྲུག་གི་གནས་རྣམས་སུ་བར་མེད་དུ་འཁོར་སྡུག་བསྔལ་མྱོང་བས་ན།ད་རེས་སྒོ་གསུམ་འཁོར་འདས་རུ་ཤན་དབྱེ་བར་བྱས་ཏེ།ཕྱིན་ཆད་འཁོར་བར་སྐྱེ་བའི་གཞི་རྩ་ཆོད་པ་ཞིག་བྱ་དགོས་པའི་ཕྱིར་དུ་རུ་ཤན་དབྱེ་དགོས་པས།དང་པོ་རུ་ཤན་དབྱེ་བ་ལའང་།གནས་ཀྱི་ཁྱད་པར་དང་།ཕྱི་ནང་གསང་གསུམ་གྱི་རུ་ཤན་དབྱེ་བ་བསྟན་པ་གཉིས་ལས།དང་པོ་གནས་གྱི་ཁྱད་པར་ནི།སྒོ་གསུམ་མངོན་ཞེན་སོགས།གུ་ཧྱ༔ ཞེས་པའི་བར་གྱིས་བསྟན་ཏེ།དེ་ལ་འདིར་མ་དག་པའི་སྒོ་གསུམ་གྱི་མངོན་པར་ཞེན་པ་བཟློག་པའི་ཕྱིར་དུ།གནས་དབེན་པའི་སར་བསམ་གཏན་གྱི་ཚེར་མ་མེད་པ།ཉིན་མོ་མི་ཡི་རྒྱུ་འགྲུལ་དང་མཐོང་ཚོར་མེད་པ།མཚན་མོ་དགྲས་གླགས་ཅོར་མེད་པའི་ས་རུ་ཕྱིན་ཏེ།གཏོར་མ་ཆ་གསུམ་དུ་བྱས་ནས་སྦྱངས་སྤེལ་བསྒྱུར་གསུམ་གྱི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་མི་ཟད་པའི་གཏེར་དུ་བྱིན་གྱིས་བརླབས་ཏེ།དཔལ་མགོན་བདུན་ཅུ་རྩ་ལྔ་ལ་སོགས་པའི་དཀར་ཕྱོགས་སྐྱོང་བ་རྣམས་དང་།ལྷ་སྲིན་སྡེ་བརྒྱད་ཡུལ་ལྷ་གཞི་བདག་ཟོ་དོར་དྲེགས་པ་ཅན་རྣམས་དཀོན་མཆོག་གསུམ་གྱི་བདེན་པའི་སྟོབས་ཀྱིས།ལྷ་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བཀུག་ནས།གསེར་སྐྱེམས་གཡུ་སྐྱེམས་དང་གཏོར་མ་རྣམ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་འབྱུང་བའི་བདག་ཉིད་ཅན་དུ་བསྒྱུར་ཏེ་ཕུལ་ཞིང་།གསང་སྤྱོད་ཟབ་མོའི་ལམ་ལ་བར་དུ་གཅོད་པའི་འགལ་རྐྱེན་བཟློག་ཅིང་མཐུན་རྐྱེན་ལེགས་ཚོགས་ཐམས་ཅད་སྒྲུབ་པ་དང་།ས་དང་ལམ་གྱི་རྐྱེན་ངན་བར་ཆད་ཐམས་ཅད་སེལ་བའི་སྡོང་གྲོགས་སུ་བསྐུལ་བས་ཁས་བླངས་པར་བསམ་པ་དང་།གླུད་དང་ལན་ཆགས་འབྲས་ཆན་ཐམས་ཅད་སྦྱངས་བསྒྱུར་སྤེལ་གསུམ་གྱི་སྔགས་དང་ཕྱག་རྒྱ་ཏིང་ངེ་འཛིན་གྱིས་བརླབས་ཤིང་མི་ཟད་པའི་གཏེར་དུ་བསྒྱུར་ཏེ།བདག་ཉིད་པདྨ་ཧེ་རུ་ཀའི་ང་རྒྱལ་དང་ལྡན་པའི་ངང་ནས་སྦྱིན་ཡུལ་ཐམས་ཅད་མདུན་དུ་བཀུག་ཅིང་གཏོར་མ་བཏང་ནས་ཚིམས་པར་བྱས་ཏེ།གནས་སྐབས་སུ་གསང་སྤྱོད་ཟབ་མོ་བསྒྲུབ་པ་ལ་བར་དུ་གཅོད་པར་བྱེད་པའི་བགེགས་དང་ལོག་འདྲེན་བར་ཆད་བྱེད་པ་ཐམས་ཅད་བསྐྲད་ཅིང་རང་གནས་སུ་སོང་བར་བསམ་པ་དང་།གང་དག་གདུག་ཅིང་སྡང་བའི་སེམས་དང་ལྡན་པ་ཐམས་ཅད་ཡེ་ཤེས་སྒྱུ་འཕྲུལ་གྱི་རྩལ་སྣང་ཁྲོ་ཚོགས་ཐུན་མཚོན་མེ་དཔུང་འབར་བས།མཐའི་རྒྱ་མཚོ་ཆེན་པོའི་ཕ་རོལ་གླིང་བར་མུན་པའི་སྨག་རུམ་རི་རབ་ཀྱི་ཟོམ་དུ་བསྐྲད་ཅིང་རྨོངས་པར་བྱས་ཏེ་ཕྱིར་མི་ལྡོག་པར་བསམ་པ་དང་།མཚམས་གཅོད་ཀྱི་མེ་རི་མ་གཏོགས་ཁྲོ་ཚོགས་ཐུན་མཚོན་རྣམས་ཚུར་འདུས་པ་ལས།ཡེ་ཤེས་ལྔའི་རང་གདངས་འཁོར་ལོ།རྡོ་རྗེ།རིན་ཆེན།པདྨ།རྒྱ་གྲམ་ལ་སོགས་སྲུང་བའི་འཁོར་ལོ་རིམ་པ་ལྔ་རུ་བསྐྱེད་པའི་ནང་དུ་ཚུད་པས།བགེགས་དང་ལོག་པར་འདྲེན་པའི་ཚོགས་ཐམས་ཅད་ཉེ་མི་ནུས་པར་བསམ་པའོ། །དེ་དག་གིས་གནས་ཀྱི་ཁྱད་པར་བསྟན་པ་སྟེ།སྔོན་དུ་འགྲོ་བའི་རིམ་པའི་ལེའུ་སྟེ་དང་པོའོ། །ས་མ་ཡ་དམ་ཚིགས་གི་རྒྱ།གུ་ཧྱ་ནི་སྐལ་མེད་ལོག་ལྟ་ཅན་ལ་གསང་རྒྱས་བཏབ་པའི་དོན་ནོ། །གཉིས་པ་ཕྱི་ནང་གསང་གསུམ་གྱི་རུ་ཤན་དབྱེ་བ་བསྟན་པ་ནི།དེ་ནས་འཁོར་འདས་སོགས།དབྱེ་བ་ལ༔ ཞེས་པས་བསྟན་ཏེ།དེ་ནས་འཁོར་འདས་རུ་ཤན་འབྱེད་པར་བྱེད་པ་དེ་ལ།ཕྱིའི་རུ་ཤན་རིགས་དྲུག་གི་སྤྱོད་པའི་རྣམ་འགྱུར་དང་།ནང་གི་རི་ཤན་གནས་དྲུག་གི་ས་བོན་བསྲེགས་སྦྱངས་བྱེད་པ་དང་།གསང་བའི་རུ་ཤན་ལུས་རྡོ་རྗེར་བསྒོམ་པར་བྱེད་པ་དང་རྣམ་པ་གསུམ་ལས།དང་པོ་ཕྱི་ལྟར་རུ་ཤན་དབྱེ་བར་བྱེད་པ་དེ་ལའང་།ཀུན་སློང་གི་ཁྱད་པར་དང་།ཇི་ལྟར་བྱ་བའི་ཚུལ་དངོས་དང་།ཇི་ཙམ་སྦྱང་བའི་ཚད་དང་དེ་ལྟར་བྱས་པའི་ཕན་ཡོན་དང་བཞི་ལས།དང་པོ་ཀུན་སློང་གི་ཁྱད་པར་བསྟན་པ་ནི།བླ་མ་སྤྱི་བོར་བསྒོམས་ཤིང་སོགས།སེམས་མཆོག་བསྐྱེད༔ ཅེས་པས་བསྟན་ཏེ།འདི་ལྟར་འཁོར་བ་ན་གནས་པའི་སེམས་ཅན་རྣམས་ཀྱི་མ་རིག་པའི་སྒྲིབ་པ་དབྱིངས་སུ་སངས་ཏེ།གཟུང་འཛིན་འཁྲུལ་པའི་འཕྱང་བ་ཐད་ཀར་ཞིག་ནས་རང་གནས་ཡེ་ཤེས་ཆེན་པོ་མངོན་དུ་གྱུར་ཅིང་།ཆོས་ཅན་གྱི་སྣང་བ་ཆོས་ཉིད་ཀྱི་ཀློང་དུ་ཟད་ནས་སྐུ་གསུམ་མཉམ་བརྡལ་གྱི་དབྱིངས་ཆེན་པོ་འབྱམས་ཀླས་པར་བྱའོ་སྙམ་དུ།དོན་དམ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེས་རང་རྒྱུད་ཆོས་ལ་བསྐུལ་ནས།ཟབ་མོའི་ལམ་གྱི་གཙོ་བོར་གྱུར་པ་བླ་མའི་རྣལ་འབྱོར་བསྒོམ་པ་ལ་འབད་དགོས་པ་གལ་ཆེ་སྟེ།དགྱེས་པ་རྡོ་རྗེ་ལས།གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་ཏུ་ཡང་ནི་མི་རྙེད་དེ། །བླ་མས་དུས་ཐབས་བསྟན་པ་དང་།བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་།དམ་ཚིག་བཀོད་པ་ལས།མཚན་དང་དཔེ་བྱད་ལྡན་པའི་་ལྷ། །བསྐལ་པ་འབུམ་དུ་བསྒོམས་པ་བས། །བླ་མ་དྲན་པ་འབུམ་ཆར་མིན། །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་མཆོག།ཅེས་གསུངས་པའི་ཕྱིར་ན།རང་ལ་བཀའ་དྲིན་གསུམ་ལྡན་གྱི་སྒོ་ནས་རྗེས་སུ་འཛིན་ཅིང་།སྨིན་གྲོལ་རིམ་གཉིས་ཀྱི་མྱུར་ལམ་ཟབ་མོ་སྟོན་པར་བྱེད་བའི་བླ་མ་དམ་པ་དེ་ཉིད་ནི་མཆོག་གསུམ་རྩ་གསུམ་ཀུན་འདུས་ཀྱི་ངོ་བོ་ཡིན་པ་དང་།གསང་སྔགས་ཟབ་མོའི་ལམ་གྱི་ཡེ་ཤེས་དང་ཡོན་ཏན་ལ་སོགས་པ་ཅི་སྐྱེ་བ་ཐམས་ཅད་བླ་མ་ཚུལ་བཞིན་བསྟེན་པ་ལ་རག་ལས་ཤིང་རིམ་པ་གཉིས་ཀྱི་དངོས་གྲུབ་ཐམས་ཅད་ཀྱང་བླ་མ་དག་ལ་བརྟེན་ནས་འབྱུང་བ་ཡིན་པས་ན།ཨ་ཏི་བཀོད་པ་ཆེན་པོ་ལས།གང་གི་བླ་མ་རྡོ་རྗེ་འཆང་། །སྙིང་གི་དཀྱིལ་དང་སྤྱི་བོའི་གཙུག།ཡན་ལག་མཐིལ་སོགས་གང་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་ཏེ། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་གསུངས་སོ། །དེའི་ན་གསོལ་བ་འདེབས་པའི་རྟེན་དུ་བླ་མ་བསྒོམ་པར་བྱེད་པ་ལ།རང་གནས་ཀྱི་ཡུལ་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་རྒྱ་ཆེ་ལ་ཁྱོན་ཡངས་པ་རྣམ་པར་དག་པའི་བཀོད་པ་ཕུན་སུམ་ཚོགས་པར་གསལ་གདབ།རང་གི་སྤྱི་བོའི་གཙུག་གི་མདུན་གྱི་ནམ་མཁར་ཡེ་ཤེས་ལྔའི་རང་མདངས་འཇའ་དང་འོད་ཕུང་ཐེག་ལེའི་དབུས་སུ་རང་གི་རྩ་བའི་བླ་མ་དེ་ཉིད་ཀྱི་སྐུ་མདོག་ཕྱག་མཚན་སོགས་བླ་མའི་རྣམ་པ་རང་རང་གི་གཞུང་བཞིན་བསྒོམས་ནས།ཐ་མལ་ཀུན་རྟོག་གི་བློ་ངན་སྤངས་ཤིང་།སྐུ་མཚན་དང་དཔེ་བྱད་བཟང་པོས་སྤྲས་པ།འོད་དང་འོད་ཟེར་འཕྲོ་བའི་ཀློང་ན་ལྷམ་མེར་བཞུགས་པ།གསུང་དབྱངས་ཡན་ལག་དྲུག་ཅུའི་ཆོས་ཀྱི་སྒྲ་བསམ་གྱིས་མི་ཁྱབ་པ་སྒྲོགས་པ།ཐུགས་ཏིང་ངེ་འཛིན་གྱི་སྒོ་བརྒྱ་ཕྲག་དུ་མ་ལ་མཉམ་པར་བཞག་པ་དེ་ལྟ་བུའི་རྒྱལ་བ་ཀུན་གྱི་སྤྱི་གཟུགས་མཁྱེན་བརྩེ་ནུས་པའི་བདག་ཉིད་ཅན་དུ་གསལ་གདབ་སྟེ།བླ་མའི་ཡོན་ཏན་དང་བཀའ་དྲིན་དྲན་པའི་ངང་ནས་མོས་གུས་གདུང་ཤུགས་དྲག་པོ་བསྐྱེད་པ་དང་ཆབ་གཅིག་ཏུ།ལུས་གུས་པའི་སྒོ་ནས་ཕྱག་འཚལ།ངག་གུས་པའི་སྒོ་ནས་གསོལ་འདེབས་ལ་འབུངས་ཤིང་།ཡིད་གུས་པའི་སྒོ་ནས་ཐུགས་ཡིད་རོ་གཅིག་དུ་བསྲེས་ནས་དབང་བཞི་བླངས་ཏེ།བླ་མའི་ཐུགས་རྣམ་པར་མི་རྟོག་པའི་ཡེ་ཤེས་ཆེན་པོའི་བྱིན་རླབས་རྣམ་བདག་དང་མཁའ་ཁྱབ་ཀྱི་སེམས་ཅན་ཐམས་ཅད་ལ་ཕོག་པས།དབང་བཞི་ཡེ་ཤེས་ཀྱི་ཆུ་བོས་རྒྱུད་སྨིན་ཅིང་གྲོལ་བར་མཛད་དུ་གསོལ་སྙམ་དུ།བླ་མའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་ནས་རང་གི་གནས་གསུམ་ཏུ་ཐིམ་པས་སྒོ་གསུམ་གྱི་ལས་ཉོན་སྡིག་སྒྲིབ་བག་ཆགས་དང་བཅས་པ་བྱང་སྟེ་དབང་དང་དངོས་གྲུབ་མ་ལུས་པ་ཐམས་ཅད་གཅིག་ཆར་དུ་ཐོབ་ཅིང་སྐུ་བཞི་ཡེ་ཤེས་ལྔ་མངོན་དུ་གྱུར་པར་བསམ་མོ། །སླར་ཡང་བླ་མ་ཉིད་འོད་ལྔའི་གོང་བུར་གྱུར་ནས།རང་གི་སྒོ་གསུམ་བླ་མའི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་དང་དབྱེར་མེད་མཉམ་པ་ཉིད་སྤྲོས་བྲལ་བདེ་བ་ཆེན་པོའི་ངང་དུ་ཅི་གནས་སུ་མཉམ་པར་བཞག་གོ།དེས་བརྒྱུད་ལྡན་བླ་མ་དམ་པའི་དོན་རྒྱུད་ཀྱི་བྱིན་རླབས་ཐམས་ཅད།རབ་བུམ་པ་གང་བྱོས་དང་།འབྲིང་བརྐོས་ཕོར་ནས་སཱཙྪ་ཐོན་པ་ལྟ་བུ་དང་།ཐ་ནའང་ཚོན་གྱིས་ཁ་དོག་བསྒྱུར་བ་ལྟར།བླ་མའི་དགོངས་རྒྱུད་ཀྱི་བྱིན་རླབས་དངོས་སུ་འབེབས་ཤིང་།ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་འབད་པ་དང་རྩོལ་བ་མ་དགོས་པར།བརྒྱུད་ལྡན་བླ་མ་དམ་པར་གསོལ་འདེབས་དང་མོས་གུས་ཁོ་ནར་བརྟེན་ནས་རང་རྒྱུད་ལ་རྟོགས་པ་ཤུགས་ལ་འཆར་ཞིང་སྐྱེ་བ་དང་།ས་དང་ལམ་གྱི་གེགས་དང་གོལ་ས་ཐམས་ཅད་ཀྱང་ངང་གིས་གྲོལ་ཏེ།བདེ་བར་གཤེགས་པ་རྣམས་ཀྱིས་ཀྱང་བྱིན་གྱིས་བརླབས་ཤིང་།རིག་འཛིན་དང་མཁའ་འགྲོའི་ཚོགས་རྣམས་ཀྱིས་ལུང་བསྟན་ཅིང་དབུགས་དབྱུང་བ་སོགས་ཡོན་ཏན་ཁྱད་པར་ཅན་མང་པོ་འབྱུང་བའི་གཞིར་གྱུར་པས་ན།རྗེ་བཙུན་རིན་པོ་ཆེའི་ཞལ་ནས་བླ་མ་ལ་གདུང་བ་སྐྱེས་ཙ་ན། །ཉྭམས་དང་བྱིན་རླབས་སྐྱེ་བར་ངེས། །ཞེས་དང་། །ཇི་སྐད་དུ།བླ་མ་རྟག་ཏུ་བརྟེན་པའི་མིས། །མཁའ་འགྲོའི་གཟུགས་རྣམས་མཐོང་བ་དང་། །དེ་ཡི་བྱིན་རླབས་འཇུག་པ་དང་། །དུས་གསུམ་ལུང་ཡང་སྟོན་པ་དང་། །སྐྱེ་ཤི་གཉིས་ལ་དབང་ཐོབ་འགྱུར། །ཞེས་གསུངས་སོ། །མདོར་ན་བླ་མ་དགེ་བའི་བཤེས་གཉེན་ནི།འདས་པའི་སངས་རྒྱས་རྣམས་ཀྱི་གདུང་འཚོབ།མ་འོངས་རྒྱལ་བ་རྣམས་ཀྱི་འབྱུང་གནས།ད་ལྟའི་སངས་རྒྱས་རྣམས་ཀྱི་ཕྲིན་ལས་གཅིག་ཏུ་འདུས་པའི་རང་གཟུགས་རིགས་དང་དཀྱིལ་འཁོར་ཐམས་ཅད་ཀྱི་འབྱུང་གནས་དམ་པར་གྱུར་པས་ན་མདོ་ལས།དེ་བཞིན་གཤེགས་པ་ནི་སེམས་ཅན་རྣམས་ལ་ཡོངས་སུ་སྣང་བའང་མ་ཡིན་ལ།དགེ་བའི་བཤེས་གཉེན་ནི་ཡོངས་སུ་སྣང་ཞིང་ཆོས་སྟོན་པས་དེ་བཞིན་གཤེགས་པ་ལས་དགེ་བའི་བཤེས་གཉེན་ལྷག་པར་ཟུངས་ཤིགཅེས་གསུངས་པས་ན།རིམ་གཉིས་ཀྱི་ལམ་སོགས་ཆོས་ཅི་དང་ཅི་ཉམས་སུ་བླང་ནའང་།ཐོག་མར་ལམ་ཐམས་ཅད་ཀྱི་གཞུངས་ཤིང་ལྟ་བུ་བླ་མའི་རྣལ་འབྱོར་ཡིན་པས་ན་དེ་ཚུལ་བཞིན་དུ་ཉམས་སུ་བླངས་ཏེ།དམ་ཚིག་ལ་མངོན་ལྐོག་མིི་བྱེད་པར་བླ་མ་ལ་གསོལ་བ་རྩེ་གཅིག་དུ་བཏབ་ཅིང་།བདག་དང་མཐའ་ཡས་པའི་འགྲོ་བ་སེམས་ཅན་ཐསམ་ཅད་རྣམ་པར་གྲོལ་བའི་ས་རུ་འགོད་པར་མཛད་དུ་གསོལ་སྙམ་ཞིང་རང་དོན་ཡིད་བྱེད་ཀྱི་བློ་ངན་དྲུང་ནས་སྤངས་ཏེ།སེམས་ཅན་ཐམས་ཅད་ཀྱི་དོན་དུ་འཁོར་འདས་རུ་ཤན་ཕྱེ་སྟེ།ཕྱིན་ཆད་རང་གཞན་རྣམས་འཁོར་བར་མི་འཇུག་པར་བྱའོ་སྙམ་ནས།བྱང་ཆུབ་ཀྱི་སེམས་མཆོག་རིན་པོ་ཆེ་ཡང་དག་པར་བསྐྱེད་པར་བྱ་བ་ནི་གནད་དམ་པའོ། །གཉིས་པ་ཇི་ལྟར་བྱ་བའི་ཚུལ་དངོས་ནི།ཚེ་རབས་དུ་མའི་སོགས།སྤྱོད་པ་སྤྱོད༔ ཅེས་པའི་བར་གྱིས་བསྟན་ཏེ།དེ་ལ་འདིར་རང་གཞན་རྣམས་ཀྱི་ལས་དང་བག་ཆགས་ཐམས་ཅད་སྐྱེད་པར་བྱེད་པའི་སྒོ་གསུམ་གྱི་བྱ་བ་རྣམས་ལ་མངོན་ཞེན་ལོག་ཅིང་།ཕྱིས་ནས་འགགས་པར་བྱ་བའི་ཕྱིར་དུ་གདམས་པ་ཉམས་སུ་ལེན་ཚུལ་ལ།འདིར་ཚེ་རབས་དུ་མར་འཁོར་བ་ཐོག་མ་མེད་པའི་དུས་ནས་ད་ལ་ཐུག་གི་བར་དུ་ལས་ངན་པ་བསགས་པ་དང་བག་ཆགས་ངན་པའི་སྟོབས་ཀྱིས།རྒྱུ་མ་རིག་པ་ཉོན་མོངས་དུག་ལྔ་དུག་གསུམ་དུ་འཁྲུལ་པའི་དབང་གིས་འབྲས་བུ་ངན་སོང་གསུམ་གྱི་སྡུག་བསྔལ་མྱོང་འགྱུར་ཐམས་ཅད་ད་ལྟ་ཉིད་དུ།གཉིད་བཙན་ཐམས་སུ་སད་པའི་རྨི་ལམ་དབྱིངས་སུ་ཞིག་པ་ལྟར།མྱོང་དང་མྱོང་འགྱུར་གྱི་སྡུག་བསྔལ་མཐའ་དག་ཀུན་སྦྱངས་ཏེ།རྣམ་པ་ཐམས་ཅད་མཁྱེན་པའི་ས་རུ་རང་གཞན་སེམས་ཅན་ཐམས་ཅད་སྐད་ཅིག་མྱུར་བ་ཉིད་དུ་བགྲོད་པའི་ཐབས་ལ་བརྩོན་པར་བྱའོ་སྙམ་ཞིང་སེམས་བསྐྱེད་པ་དང་བཅས་ཏེ།རིགས་དྲུག་སོ་སོའི་ལུས་ཀྱི་རྣམ་འགྱུར།ངག་གི་སྨྲ་བརྗོད།སེམས་ཀྱི་རྟོག་དཔྱོད་དང་སྡུག་བསྔལ་གྱི་མྱོང་ཚུལ་རྣམས་བསམ་པར་བྱ་བ་ནི་དམྱལ་བ་ཚ་གྲང་གི་སྡུག་བསྔལ།ཡི་དྭགས་བཀྲེས་ཤིང་སྐོམ་པའི་སྡུག་བསྔལ།དུད་འགྲོ་རྣམས་ལ་བཀོལ་སྤྱོད་ཀྱི་སྡུག་བསྔལ་བསམ་པ་སོགས་ངན་སོང་གསུམ་གྱི་ལུས་ཀྱི་རྣམ་འགྱུར་དང་།ངག་གི་བརྗོད་པ།སེམས་ཀྱི་སྡུག་བསྔལ་རྣམས་རིམ་པར་བསམ་པ་དང་། །ཡང་མཐོ་རིས་གསུམ་ལའང་།ལྷ་མིན་རྣམས་ལ་འཐབ་རྩོད་ཀྱི་སྡུག་བསྔལ་མྱོང་བ་དང་།ལྷ་རྣམས་ལ་འཆི་འཕོ་ལྟུང་བྱེད་ཀྱི་སྡུག་བསྔལདང་།མི་ལ་སྐྱེ་རྒ་ན་འཆིའི་སྡུག་བསྔལ་དང་། །གཞན་ཡང་འགྱུར་བའི་སྡུག་བསྔལ་ལ་སོགས་པ།མདོར་ན་མཐོ་རིས་རྣམ་པ་གསུམ་གྱི་བསམ་སྤྱོད་སྡུག་བསྔལ་ཐམས་ཅད་རང་གི་བློ་ཐོག་ལ་བླང་ནས།དང་པོ་ཡས་རིམ་བཞིན་དུ་དེ་དག་གི་གནས་དང་།ཡུལ་གྱི་མཐོ་དམན་དང་།མྱོང་འགྱུར་གྱི་སྡུག་བསྔལ་མཐའ་དག་རྣམས་རང་གིས་ཡིད་ལ་བྱས་ཏེ།སྡུག་བསྔལ་བློ་ཐོག་ཏུ་བླང་ཞིང།ལུས་ཀྱིས་རིགས་དྲུག་སོ་སོའི་རྣམ་འགྱུར་གྱིས་འགྲོ་བ་དང་།འདུག་པ་དང་།གཅུད་པ་དང་།ཡན་ལག་ཕར་འཕེན་པ་དང་།ཚུལ་སྡུད་པ་དང་།ངག་གིས་ཀྱང་འགྲོ་དྲུག་སོ་སོའི་རྣམ་འགྱུར་གྱི་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས།མདོར་ན་བྱ་སྤྱོད་རྣམ་པ་སྣ་ཚོགས་རིམ་བཞིན་འགྲོ་དྲུག་གཟུགས་ཀྱི་སྤྱོད་པ་ཐམས་ཅད་སེམས་ཀྱིས་བླངས་ཏེ་ལུས་ཀྱིས་ཡང་ཡང་སྦྱངས།སླར་ཡང་མས་རིམ་དུ་ལྷ་དང་ལྷ་མིན་དང་དུད་འགྲོ་ཡི་དྭགས་དམྱལ་བ་རྣམས་ཀྱི་ལུས་ཀྱི་རྣམ་འགྱུར་སེམས་ཀྱི་སྡུག་བསྔལ་སོགས་སྔར་བཞིན་དེ་ལྟར་ཡང་ཡང་བསྐྱར་ནས་རང་རྒྱུད་ལ་ལོན་ངེས་བྱ་ཞིང་།ལུས་དཀའ་ཚེགས་དང་སྐྱོ་ངལ་ཇི་ལྟར་བྱུང་ཡང་གཅེས་འཛིན་གྱི་ཞེན་པ་བཅད། །ཆོས་ཀྱི་ཕྱིར་དུ་དཀའ་བ་ཁྱད་དུ་བསད་དེ་ངལ་བ་དང་དུ་ལེན་ཅིང་ལུས་ཀྱི་མཆོང་རྒྱུག་དང་འགྲེ་ལྡོག་སོགས་བྱ་བ་དང་།གཞན་ཡང་རྣམ་འགྱུར་སྣ་ཚོགས་པར་རྩོན་པ་གནད་ཡིན་ཏེ།རྩ་རྒྱུད་ལས།ལུས་ནི་འགྲོ་དང་འདུག་པ་དང་། །གཅུད་ཅིང་འཁྲུལ་འཁོར་སྣ་ཚོགས་དང་། །ཡན་ལག་འཕེན་ཅིང་སྡུད་པ་དང་། །བྱ་བྱེད་རྣམ་པ་སྣ་ཚོགས་བསྟན། །དྲན་པའི་སེམས་ཀྱིས་མངོན་བླངས་ཏེ། །འགྲོ་དྲུག་གཟུགས་ཀྱི་སྤྱོད་པ་རྣམས། །སེམས་ཀྱིས་བླངས་ཏེ་ལུས་ཀྱིས་བྱ། །ཞེས་དང་། །ཐལ་འགྱུར་ལས།མདོར་ན་འགྲོ་བ་དྲུག་གི་སྐད། །སེམས་ཀྱིས་དྲན་བསམ་ངག་གིས་བརྗོད། །ཅེས་གསུངས་པ་བཞིན་དུ།ངག་གིས་ཀྱང་ཀྭི་བསྭོ་དང་འགྲོ་དྲུག་སོ་སོའི་སྒྲ་སྐད་ཅ་ཅོ་སྣ་ཚོགས་པ་བླང་དོར་མེད་པར་སྒྲོགས་པ་དང་། །ཡིད་ཀྱིས་ཀྱང་དེ་དག་གི་སྡུག་བསྔལ་མཐའ་དག་རང་གི་རྒྱུད་ཐོག་ཏུ་བླང་བ་དང་།དུག་ལྔ་དུག་གསུམ་གྱི་རྣམ་པར་རྟོག་ཚོགས་ཐམས་ཅད་བཙན་ཐབས་ཉིད་དུ་སློང་བར་བྱ་བ་སོགས།མདོར་ན་སེམས་ཀྱི་རྟོག་པ་ཐམས་ཅད་ཡིད་ལ་གང་དྲན་དུ་སྤྱོད་པ་དང་། །གཞན་ཡང་ལུས་དང་ངག་གིས་འགྲོ་བ་དྲུག་གི་སྒྲ་སྐད་དང་། །ལུས་ཀྱི་རྣམ་འགྱུར་སོགས་རང་རང་གི་སྤྱོད་པ་སྤྱད་པར་བྱས་པས།ཅི་ཞིག་ནས་སྒོ་གསུམ་ངལ་དུབ་ཀྱི་རྣམ་པས་ལུས་ངལ་ཞིང་ཆད།ངག་འགག་ཅིང་འཛེར།སེམས་འགྱུ་དྲན་གྱི་སྤུན་ཐག་ཆད་དེ།སྒོ་གསུམ་གྱི་མངོན་ཞེན་རང་འགག་ལ་སོང་ནས་སེམས་གཏད་མེད་དུ་འགྲོ།དེའི་རྗེས་ཤེས་བསམ་བརྗོད་དང་བྲལ་བའི་གཤིས་ལ་རང་ངོ་བསྐྱངས་ཏེ་ངལ་གསོའོ། །དེ་ལྟར་རིག་དྲུག་སོ་སོའི་སྡུག་བསྔལ་བཤད་པ་ཐམས་ཅད་ཀྱང་ཡུལ་གཞན་ཞིག་ཏུ་ཡོད་པའི་ཚུལ་རྣམས་བཤད་པ་ཙམ་དུ་མ་བསམ་པར།འདིའི་དོན་རང་གི་རྒྱུད་ལ་བཀལ་ནས་སྣ་ཚོགས་གཟུགས་ཀྱི་རྣམ་འགྱུར་ཡང་ཡང་སྦྱངས་པའི་ཚེ།ལུས་ལ་ཚ་གྲང་བཀྲེས་སྐོམ་གྱི་ཆགས་སྡང་མེད་པ་དང་།ངག་བླ་མའི་གདམས་ངག་ལ་ཡིད་ཆེས་ཤིང་ཆོས་ཀྱི་མཚན་ཉིད་ཐམས་ཅད་རང་ཤེས་སུ་འབྱུང་བ་དང་།སེམས་སྟོང་གསལ་འདུས་མ་བྱས་པའི་ཡེ་ཤེས་འཆར་བའང་འབྱུང་ཞིང་།ཁྱད་པར་བར་དོ་སྦྱངས་པའི་ཚད་འཁྱོལ་ཏེ།མཐར་ཐུག་འཁོར་བ་དོང་ནས་སྤྲུག་པའི་རྒྱུ་བྱེད་པར་འགྱུར་རོ། །འདི་ཡན་ཆད་འཁོར་བའི་རུ་ཤན་ཡིན་ནོ།ད་འདས་པའི་རུ་ཤན་དབྱེ་བ་ལ།མཐར་ཡང་རང་ཉིད་སོགས།འདོན་པར་བྱ༔ ཞེས་པས་བསྟན་ཏེ།སླར་ཡང་རང་གི་སྣང་བ་ཐམས་ཅད་སྐད་ཅིག་ལ་གནས་འགྱུར་ཏེ།ཕྱི་ནང་སྣོད་བཅུད་ཕུང་པོ་ཁམས་དང་བཅས་པ་ཐམས་ཅད་སྟོང་ཉིད་སྤྲོས་བྲལ་བསམ་བརྗོད་ལས་འདས་པའི་དབྱིངས་སུ་ཞིག་པར་བསམ།སྟོང་ཆེན་དེའི་ངང་ལས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ།སྐད་ཅིག་གི་ཡུལ་སྣང་ཞིང་ཁམས་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ།ངོས་འཇམ་ཞིང་ཁོད་སྙོམས་པ།གཞོན་ནུ་མའི་ལག་མཐིལ་ལྟར་ནེན་པ།གསེར་གྱི་ས་གཞི་ལ་རིན་པོ་ཆེ་སྣ་ཚོགས་གཅལ་དུ་བཀྲམ་པ།སྨན་གྱི་སྤངས་རི་ལ་དྲི་བཟང་གི་ན་བུན་འཐུལ་བ།ཡན་ལག་བརྒྱད་ལྡན་གྱི་ཆུ་མཚོ་དང་།མེ་ཏོག་པདྨ་ཁ་དོག་སྣ་ཚོགས་བཞད་པ།བྱང་ཆུབ་ཀྱི་ཤིང་ལ་སོགས་པའི་ལྗོན་ཤིང་རབ་ཏུ་རྒྱས་པའི་སྟེང་དུ་བྱ་རིགས་སྣ་ཚོགས་པས་ཆོས་ཀྱི་སྒྲ་སྒྲོགས་པ་ལ་སོགས་ས་གཞི་མཛེས་པའི་རྒྱན་དང་།ནམ་མཁའ་ལ་འཇའ་འོད་ལྔ་ལྡན་མིག་མང་རིས་སུ་བྲིས་པ་དང་དྲྭ་བ་དང་དྲྭ་བ་ཕྱེད་པའི་ཀློང་དུ།འདོད་ཡོན་གྱི་ལྷ་མོ་རྣམས་མཆོད་པའི་རིགས་བསམ་གྱིས་མི་ཁྱབ་པ་ཐོགས་ནས་སྤྲུལ་བཞིན་གཏིབས་ཏེ།ལྷ་ཚོགས་རྣམས་ལ་མཆོད་པ་ཕུལ་བར་བྱེད་པ་སོགས་ནམ་མཁའ་མཛེས་པའི་རྒྱན་དང་།བར་སྣང་ལ་ལྷའི་བུ་དང་བུ་མོ་མང་པོས་སྙན་པའི་སྒྲ་དབྱངས།ཕྱག་རྒྱ་གར།བཤུད་པའི་གླུ།དཀྲོལ་བའི་རོལ་མོ་སྣ་ཚོགས།མཛེས་པའི་འཕན་གདུག་སྣ་ཚོགས་ཐོགས་པ་རྣམས་ནི་བར་སྣང་མཛེས་པའི་རྒྱན་ཏེ།དེ་ལྟ་བུའི་ཞིང་ཁམས་ཀྱི་བཀོད་པ་ཕུན་སུམ་ཚོགས་པའི་དབུས་སུ།རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲི་དཔངས་མཐོ་བའི་སྟེང་དུ།རང་ཉིད་བཅོས་ལྡན་འདས་རྒྱལ་བ་ཤཱཀྱ་ཐུབ་པ་སྐུ་མདོག་གསེར་གྱི་རི་བོ་ལ་ཉི་མ་འབུམ་གྱི་འཁྱུད་པ་ལྟ་བུ་འོད་དང་འོད་ཟེར་རབ་ཏུ་འབར་བ།ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་ཅིང་།ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ།ཞལ་ཞི་ཞིང་འཛུམ་པའི་མདངས་དང་ལྡན་ཞིང་སྐུ་ལ་ཆོས་གོས་རྣམ་གསུམ་ཀླུབས་པ།མཚན་བཟང་སོ་གཉིས་དང་། །དཔེ་བྱད་བརྒྱད་ཅུས་སྤྲས་ཤིང་།སྐུའི་བ་སྤུའི་བུ་ག་རེ་རེའི་རྩེ་ནས་ཀྱང་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས།འགྲོ་བ་དྲུག་གི་གནས་རིགས་ཐམས་ཅད་ལ་ཁྱབ་པས།དཔེར་ན་བ་མོ་ལ་ཉི་ཟེར་ཕོག་པ་བཞིན་དུ།རིགས་དྲུག་གི་སེམས་ཅན་རྣམས་ཀྱི་རྒྱུ་ལས་ཉོན་བག་ཆགས་ཡུལ་སྣང་དང་བཅས་པ་སྦྱང་ནས།འགྲོ་དྲུག་གི་སེམས་ཅན་རྣམས་གཅིག་ཀྱང་མ་ལུས་པར།བྱང་ཆུབ་སེམས་དཔའ་དང་སེམས་མ་ཉན་ཐོས་དང་རང་རྒྱལ་གྱི་ཚུལ་དུ་འཁོར་གྱི་རིམ་པར་བྱ་ཞིང་།ཐམས་ཅད་ཀྱང་རང་རང་དང་མཐུན་པའི་ཆོས་ཀྱིས་རྒྱུད་གྲོལ་ཏེ།སླར་ཡང་བདག་གི་བཀོད་པའི་ཞིང་དེར་ལྷགས་ནས་རྒྱལ་བ་རྣམས་ཀྱི་ཞལ་མཇལ།དབང་བསྐུར་ལུང་བསྟན།དབུགས་དབྱུང་ནས་དགོངས་པ་དབྱེར་མེད་དུ་གྱུར་ཏེ།གདོད་མའི་ཡེ་གཞི་ཀུན་ཏུ་བཟང་པོའི་དབྱིངས་སུ་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར་སངས་རྒྱས་པར་བསམ་ལ་ཡང་ཡང་མཉམ་པར་བཞག་པས།རང་བཞིན་སྤྲུལ་པའི་ཞིང་དུ་བགྲོད་པའི་རྒྱུ་རུ་འགྲོ་བ་དང་།དཀོན་མཆོག་གསུམ་གྱི་སྤྱོད་པ་སྤྱད་པས་སེམས་ཅན་གྱིས་སྟོན་པར་མཐོང་ཞིང་ཕྱི་ནང་གསང་བའི་བར་ཆད་ཞི།མཐར་ཐུག་དོན་གཉིས་ཀྱི་མཛད་པ་ཤུགས་ལ་འབྱུང་བར་འགྱུར་རོ། །གསུམ་པ་ཇི་ཙམ་སྦྱང་བའི་ཚད་ནི།ཁམས་གསུམ་འཁོར་བའི་སོགས།འབྱོངས་པའི་ཚད། །ཅེས་པའི་བར་གྱིས་བསྟན་ཏེ།དེ་ལྟ་བུའི་སྒོ་གསུམ་གྱི་རུ་ཤན་གྱི་ཚད་རབ་ཞག་བརྒྱད་ཅུ།འབྲིང་ཟླ་ཕྱེད།ཐ་ནའང་ཞག་བཅུའམ་བདུན་ལས་མི་ཉུང་བར་སྦྱངས་ཏེ།སྒོ་གསུམ་གྱི་ཞེན་པ་ལྡོག་ཅིང་ཁམས་གསུམ་འཁོར་བའི་གནས་ཡུལ་སྣང་བ་ཐམས་ཅད་ཀུན་ཀྱང་བདེན་པར་མ་གྲུབ་པ་སྒྱུ་མ་ལྟ་བུ་དང་།དངོས་པོ་མཚན་འཛིན་དང་བྲལ་བ་སྨིག་རྒྱུ་ལྟ་བུ།གང་སྣང་ལ་དགག་སྒྲུབ་སྤང་བླང་ཞེན་ཆགས་བྲལ་བ་རྨི་ལམ་ཇི་བཞིན་དུ་ཤེས་ནས། །སྒོ་གསུམ་གྱི་མངོན་ཞེན་ལྡོག་པའི་ཚེ་ན་རུ་ཤན་འབྱོངས་པའི་ཚད་ཡིན་ནོ། །བཞི་པ་དེ་ལྟར་བྱས་པའི་ཕན་ཡོན་ནི།དེ་ལྟར་ཚུལ་བཞིན་སྦྱངས་པས་ཐུན་མོང་དུ་ལུས་ངག་ཡིད་གསུམ་གྱི་སྒྲུབ་པ་དག་ཅིང་བར་ཆད་ཞི་བ་དང་། །སྒོ་གསུམ་གྱི་འཛིན་ཞེན་ཞིག་པས་འཁྲུལ་པའི་བྱ་བ་ལ་མི་འཇུག།མཐར་ཐུག་རྒྱལ་བའི་སྐུ་གསུང་ཐུགས་རྡོ་རྗེ་དང་གཉིས་སུ་མེད་པར་འཚང་རྒྱ་བའི་དགོས་པ་ཡོད་དེ།ཉེ་བར་རྟོགས་པ་ལས།རུ་ཤན་གང་གི་དབྱེ་བ་ཉིད། །ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་ཕྱི་ལྟར་དུ་རུ་ཤན་ལེགས་པར་དབྱེ་བའི་སྐབས་བསྟན་པའི་ལེའུ་སྟེ་གཉིས་པའོ། །ས་མ་ཡ་ཞེས་དམ་ཚིག་གི་རྒྱ་དང་།གུཧྱ་ཞེས་སྣོད་མིན་རྣམས་ལ་གསང་རྒྱས་བཏབ་པའི་དོན་ནོ། །གཉིས་པ་ནང་ལྟར་དུ་རུ་ཤན་དབྱེ་བ་ལ།སྦྱང་བྱ་རིགས་དྲུག་གི་ས་བོན་བཤད་པ།སྦྱོང་བྱེད་རྡོ་རྗེ་གསུམ་གྱི་ཡི་གེ་བསྟན་པ།ཇི་ལྟར་སྦྱོང་ཚུལ།སྦྱངས་པའི་ཚད།དེའི་ཕན་ཡོན་དང་ལྔ་ལས།དང་པོ་སྦྱང་བྱ་རིགས་དྲུག་གི་ས་བོན་བཤད་པ་ནི། །དེ་ནས་ནང་ལྟར་སོགས།རྣམས་ལ་བསྟིམ༔ ཞེས་པས་བསྟན་ཏེ།དེ་ནས་ནང་ལྟར་རུ་ཤན་དབྱེ་བར་བྱེད་པ་ལའང་།སྦྱང་གཞི་འགྲོ་བའི་གནས་དྲུག་ཏུ།སྦྱང་བྱ་ཡི་གེ་དྲུག་གི་རྣམ་པར་གནས་པ་ནི།བག་ཆགས་ཀྱི་ལུས་འདི་གྲུབ་ཕྱིན་ཆད་རིགས་དྲུག་སོ་སོར་འཕེན་བྱེད་ཀྱི་ས་བོན་རྣམས་རྒྱུན་ཆགས་སུ་གནས་ཏེ།དེའི་སྟེང་དུ་ལས་སྔ་མའི་རྗེས་ཆགས་ཤིང་ཕྱི་མ་ཉེ་བར་ལེན་པའི་རྐྱེན་བྱེད་པས།སླར་འཆི་བའི་ཚེ་ནའང་ཡི་གེའི་རྩ་ཁམས་དེ་རྣམས་གང་དུ་རླུང་སེམས་འདུས་པ་ལས་དེ་དང་དེར་འཕེན་པའི་རྒྱུ་བྱེད་པའི་ཕྱིར་ན།ད་ལྟ་ལམ་གྱི་གནས་སྐབས་སུ་སྦྱོང་ཚུལ་ཁྱད་པར་ཅན་འདི་ནི།གསང་སྔགས་ཐབས་མང་ལ་དཀའ་བ་མེད་པ་བླ་ན་མེད་པའི་ཐེག་པ་འདིའི་ཁྱད་ཆོས་ཡིན་ཏེ། །དེའི་ཕྱིར་ན་རང་ཉིད་ཐ་མལ་དུ་གནས་པའི་སྤྱི་བོ་ལྷ་ཡི་ས་བོན་ཨ་དཀར་པོ་མགོ་གྱེན་དུ་བསྟན་ཅིང་རང་མདོག་གི་བག་ཆགས་ཀྱི་ཐིག་ལེའི་ཀློང་དུ་གནས་པར་བསམ་པ་དང་། །མགྲིན་པའི་གནས་སུ་ལྷ་མིན་གྱི་ས་བོན་སུ་སེར་པོ་བག་ཆགས་ཀྱི་འོད་ཐིག་བཀྲག་མེད་པའི་ཀློང་དུ་མགོ་གྱེན་བསྟན་དུ་གནས་པར་བསམ།སྙིང་གར་མིའི་ས་བོན་ནྲྀ་ལྗང་གི་རང་མདོག་གི་ཐིག་ལེ་བཀྲག་མེད་པའི་ཀློང་དུ་མགོ་གྱེན་བསྟན་དུ་གནས་པར་བསམ་པ་དང་།ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག་བག་ཆགས་ཀྱི་འོད་ཐིག་བཀྲག་མེད་པའི་དཀྱིལ་དུ་ཡི་གེ་མགོ་འཕྲེད་བསྟན་དུ་གནས་པར་བསམ་པ་དང་།གསང་གནས་སུ་ཡི་དྭགས་ཀྱི་ས་བོན་པྲེ་ཡིག་ཐལ་སྐྱ་རང་མདོག་གི་བག་ཆགས་ཀྱི་འོད་ཐིག་བཀྲག་མེད་པའི་དཀྱིལ་དུ་མགོ་ཐུར་བསྟན་དུ་བསྒོམ།རྐང་པ་གཡས་གཡོན་གྱི་མཐིལ་དུ་དམྱལ་བའི་ས་བོན་དུ་ཡིག་ནག་པོ་བག་ཆགས་ཀྱི་འོད་ཐིག་ཁམ་ནག་བཀྲག་མེད་པའི་དཀྱིལ་དུ་ཡིག་མགོ་ཐུར་དུ་བསྟན་ནས་གནས་པར་བསམ་པ་དང་།ས་བོན་དེ་དག་ལས་འོད་ཟེར་འཕྲོས་པས་འགྲོ་བ་རིགས་དྲུག་གི་ཁམས་རྣམས་སུ་ཕོག་པས།རང་གཞན་སེམས་ཅན་ཐམས་ཅད་རིགས་དྲུག་སོ་སོར་སྐྱེ་བའི་རྒྱུ་ལས་དང་ཉོན་མོངས་པ་དང་།དེས་སྐྱེད་པའི་སྡུག་བསྔལ་དང་།གཞན་ཡང་འཁོར་ཚེ་ཐོག་མ་མེད་པ་ནས་བསགས་དང་བསགས་འགྱུར་གྱི་སྡིག་པ་དང་སྒྲིབ་པ་ལས་དང་བག་ཆགས་ཐམས་ཅད་དང་།འཁྲུལ་པ་སྣང་ཞེན་གྱི་དབང་གིས་གནས་དང་ཡུལ་དུ་འཛིན་པ་དང་བཅས་པ་ཐམས་ཅད་མ་ལུས་པར་འོད་ཟེར་ས་བོན་རང་རང་གི་ཁ་དོག་དང་མཐུན་པར་བཀྲག་མདངས་མེད་པའི་རྣམ་པར་བསྡུས་ཏེ།གནས་དྲུག་གི་ས་བོན་རྣམས་ལ་བསྟིམ་ཞིང་འདུས་པར་བསམ་པ་ནི་སྦྱང་བྱ་ཡིན་ཏེ།འདས་རྗེས་ལས།ལུས་འདི་ལ་མ་རིག་རྒྱུས་སྐྱེད་ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས།ཞེས་སོ། །གཉིས་པ་སྦྱོང་བྱེད་རྡོ་རྗེ་གསུམ་གྱི་ཡི་གེ་བསྟན་པ་ནི།སྦྱོང་བྱེད་རྡོ་རྗེ་སོགས།ལ་ཐིམ་པས༔ ཞེས་པའི་བར་གྱིས་བསྟན།དེ་ལ་འདིར་སྦྱོང་བྱེད་སངས་རྒྱས་ཐམས་ཅད་དང་གཉིས་སུ་མེད་པ་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་གྱི་རང་བཞིན་ས་བོན་ཡིག་འབྲུའི་རྣམ་པར་ཤར་བ་ཡིན་ཏེ།འདས་རྗེས་ལས།རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་གསུམ་དུ་ཤར། །ཡི་གེ་རྩལ་སྦྱང་རུ་ཤན་དབྱེ། །ཞེས་པ་ལྟར།རང་གི་དཔྲལ་བ་ན་དུས་གསུམ་རྒྱལ་བ་རྣམས་ཀྱི་སྐུའི་ངོ་བོ་ཡི་གེ་ཨོཾ་དཀར་པོ་བཀྲག་མདངས་འོད་དུ་འབར་བ་དཀར་ལ་འཚེར་བ།མགྲིན་པར་རྒྱལ་ཀུན་གསུང་གི་ངོ་བོ་ཨཱཿདམར་པོ་པདྨ་རཱ་གའི་མདོག་ལྟར་དམར་ལ་སྣུམ་པ་འོད་ཟེར་འབར་བ།སྙིང་གར་རྒྱལ་དང་རྒྱལ་སྲས་ཐམས་ཅད་ཀྱི་ཐུགས་ཀྱི་ངོ་བོ་ཡི་གེ་ཧཱུྃ་མཐིང་གསལ་ནམ་མཁའི་མདོག་ལྟ་བུ།དྭངས་ལ་གསལ་བ་བཀྲག་མདངས་གཟི་བརྗིད་འོད་དུ་འབར་བའི་རྣམ་པར་བསྒོམ་མོ། །དེ་ལྟར་གསལ་བ་ལས་ནི་འོད་ཟེར་དཀར་དམར་མཐིང་གའི་རྣམ་པར་ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ན་འཕྲོས་པས།བདེ་བར་གཤེགས་པ་རྣམས་དང་བླ་མ་རྒྱལ་བ་སྲས་དང་བཅས་པ་རྣམས་ཀྱི་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་དང་ཡོན་ཏན་ཐམས་ཅད་དང་།གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་ཡོན་ཏན།ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོའི་ཡེ་ཤེས་དང་ཡོན་ཏན་མཛད་པ་ཕྲིན་ལས་ལ་སོགས་པ་ཐམས་ཅད་ཀུན་ཀྱང་འོད་ཟེར་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྡུས་ཏེ།རང་གི་གནས་གསུམ་གྱི་ཡི་གེ་འབྲུ་གསུམ་ལ་ཐིམ་པར་བསམ་པའི་དམིགས་པ་ཡང་ཡང་བསྐྱར་བར་བྱ་བ་གནད་ཡིན་ནོ། །གསུམ་པ་ཇི་ལྟར་སྦྱང་བའི་ཚུལ་ནི།འོད་དང་འོད་ཕུང་སོགས།རྒྱ་ཡིས་བཏབ༔ ཅེས་པས་བསྟན་ཏེ།དེ་ལྟར་གནས་གསུམ་དུ་རྡོ་རྗེ་གསུམ་གྱི་སྙིང་པོ་འབྲུ་གསུམ་གསལ་ནས་དམིགས་པ་དང་བཅས་ངག་གི་བཟླས་པའི་རྐྱེན་གྱིས།དེ་ལས་འོད་དང་འོད་ཕུང་དཀར་དམར་མཐིང་གསུམ་གྱི་རྣམ་པར་བསྐལ་པ་དུས་མཐའི་མེ་ལྕེ་ལྟར་ཆེས་ཆེར་གཟི་བྱིན་འབར་བཞིན་དུ་འོད་འཕྲོས་ནས་རང་གི་གནས་དྲུག་ཏུ་ཕོག་སྟེ།འཁོར་བ་ལུགས་ལྡོག་གི་ཚུལ་དུ་དམྱལ་བའི་ས་བོན་དང་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ།ཡི་དྭགས་ཀྱི་ས་བོན་དང་རྒྱུ་ལས་ཉོན་བག་ཆགས།དུད་འགྲོའི་ས་བོན་དང་རྒྱུ་ལས་ཉོན་བག་ཆགས།མིའི་ས་བོན་དང་རྒྱུ་ལས་ཉོན་བག་ཆགས།ལྷ་མིན་གྱི་ས་བོན་དང་རྒྱུ་ལས་ཉོན་བག་ཆགས།ལྷ་རུ་སྐྱེ་བའི་ས་བོན་དང་རྒྱུ་ལས་ཉོན་བག་ཆགས་དང་བཅས་པ་ཐམས་ཅད་ལྷག་མེད་དུ།དཔེར་ན་རྩྭ་སྦུར་ཕྲ་མོ་ལ་མེ་ལྕེ་ཕོག་པ་ལྟར།འབྲུ་གསུམ་རྡོ་རྗེ་གསུམ་གྱི་འོད་ཟེར་བསྐལ་པ་དུས་མཐའི་མེ་ལྕེའི་རྣམ་པར་མཆེད་བཞིན་དུ།གནས་དྲུག་གི་རྒྱུ་ལས་ཉོན་བག་ཆགས་ས་བོན་དང་བཅས་པ་ལུགས་ལྡོག་གི་ཚུལ་དུ་རིམ་པ་བཞིན་དུ་བསྲེགས་ཏེ།རྗེས་ཤུལ་ལྷག་མེད་དུ་སོང་བར་བསམ་ལ་འབྲུ་གསུམ་བཟླས་པ་མ་ཡེངས་པར་བཟླ།མཐར་ཡེ་ཤེས་ཀྱི་འོད་ཕུང་མེ་ཡི་རང་བཞིན་ཅན་དེ་ཉིད་ཆེར་མཆེད་ནས།ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན།ནང་སྲིད་པ་བཅུད་ཀྱི་སེམས་ཅན།བར་འདོད་ཡོན་ལྔའི་ལོངས་སྤྱོད།རང་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེག་ནས།རང་ལུས་འཇའ་ཚོན་ལྟ་བུ་སྣང་སྟོང་ཆུ་ཟླ་ཇི་བཞིན་དུ་གསལ་བ་དང་།ཁམས་གསུམ་སྲིད་པ་ཐམས་ཅད་ཀུན་ཀྱང་འདོད་ཁམས་སྐུའི་དབྱིངས་དང་།གཟུགས་ཁམས་གསུང་གི་དབྱིངས་དང་།གཟུགས་མེད་ཁམས་ཐུགས་ཀྱི་དབྱིངས་ཏེ།སྐུ་གསུམ་མཉམ་ཉིད་བརྡལ་ཁྱབ་ཆེན་པོའི་རོལ་པར་ཡེ་ཤེས་འོད་ཕུང་གི་མེས་བསྲེགས་པར་བྱས་ཏེ།འཁྲུལ་མི་ཤེས་པའི་དབྱིངས་སུ་བརྟན་པ་ཐོབ་པར་བསམ་མོ། །མཐར་ནི་དམིགས་བསམ་གྱི་སྤྲོས་པ་ཐམས་ཅད་ཆམ་གྱིས་བཞག་ནས།རིག་སྟོང་བརྗོད་པ་དང་བྲལ་བའི་དབྱིངས་སུ་ཅི་གནས་སུ་མཉམ་པར་བཞག་ཅིང་། །ཐུན་མཐར་བསྔོ་བ་དང་ནི་སྨོན་ལམ་རྣམ་པར་དག་པས་མཐའ་བརྒྱན་པར་བྱ་བ་ནི་རྒྱ་ཡིས་བཏབ་པའི་དོན་ནོ། །བཞི་པ་སྦྱངས་པའི་ཚད་ནི།འབྲི་གསུམ་རྡོ་རྗེའི་བཟླས་པ་བདུན་འབུམ་བསྐྱལ༔ ཞེས་པས་བསྟན་ཏེ།དེ་ལྟར་སྦྱང་གཞི་ས་བོན་དྲུག་ལ་དམིགས་ནས།སྦྱོང་བྱེད་འབྲུ་གསུམ་རྡོ་རྗེའི་སྙིང་པོ་བཟླ་ཞིང་རྣམ་གཡེངས་ཀྱི་རྐྱེན་དུ་མ་བསྐུར།ངག་འཁྱལ་གྱི་ཚིག་དང་མ་འདྲེས་པར།སྦྱང་བྱ་ས་བོན་རེ་བཞིན་འབྲུ་གསུམ་བཟླས་པ་འབུམ་ཕྲག་རེ་རེ་དང་།ཡང་དེ་དག་གི་ཁ་སྐོང་བཅས་ཁྱོན་བདུན་འབུམ་གྲངས་ཚད་དུ་བསྐྱལ་བ་ནི་གནད་དུ་ཤེས་པར་བྱའོ། །ལྔ་པ་ཕན་ཡོན་བསྟན་པ་ནི།ནམ་མཁའ་གཡའ་དག་སོགས།ལྟས་སུ་འབྱུང་༔ ཞེས་པས་བསྟན་ཏེ།དེ་ལྟར་སྦྱང་བའི་ལམ་ཉམས་སུ་བླངས་པའི་སྟོབས་ཀྱིས་གནས་སྐབས་སྡིག་པ་དག་པའི་རྟགས་རབ་དངོས་དང་།འབྲིང་ཉམས།ཐ་མ་རྨི་ལམ་རྣམས་སུ།ཕྱིའི་ནམ་མཁའ་གཡའ་དག་ཅིང་སྐྱོན་གསུམ་དང་བྲལ་བ་ཉི་ཟླ་གཉིས་ཟུང་འབྲེལ་དུ་ཤར་བ་དང་།རྫུ་འཕྲུལ་གྱིས་ནམ་མཁའ་ལ་བྱ་བཞིན་འཕུར་ནས་འགྲོ་བ་དང་།ཆོས་ཀྱི་དུང་ལྷ་ཡི་རོལ་མོའི་སྒྲ་སྒྲོགས་པ་ཐོས་ཤིང་།གོས་དཀར་པོ་གྱོན་ནས་རི་བོའི་རྩེར་སླེབས་པ།བདུད་རྩིའི་ཁྲུས་ལ་ཞུགས་པ་སོགས་འབྱུང་ཞིང་།ཁྱད་པར་གྱི་རྟགས་སུ་ཉམས་སྣང་ལ་ཞིང་ཁམས་མང་པོ་ཉུལ་ཞིང་བྱང་སེམས་འཕགས་པའི་ཚོགས་ཀྱི་ཞལ་མཇལ་བ་དང་།ལྷ་དང་བླ་མས་རྗེས་སུ་བཟུང་ནས་ཉམས་དང་རྟོགས་པའི་ཡོན་ཏན་ཐམས་ཅད་རང་རྒྱུད་ལ་གསར་དུ་སྐྱེ་བ་སོགས་འོང་བ་དེ་དག་ནི་ལུས་ཀྱི་ནད་གདོན་དང་ཡིད་གྱི་སྒྲིབ་པ་དག་པའི་ལྟས་མཚན་དངོས་སུ་འབྱུང་ཞིང་།ཐ་མལ་གྱི་ཞེན་འཛིན་རང་སར་གྲོལ་བ་སོགས།མདོར་ན་དེ་ལྟར་ཉམས་སུ་བླངས་པས་གནས་སྐབས་ན་སྒོ་གསུམ་གྱི་སྡིག་སྒྲིབ་དག་ཅིང་བར་ཆད་ཞི།མཐར་ཐུག་རྡོ་རྗེ་གསུམ་དུ་སྨིན་རུང་གི་ནུས་པ་རྒྱུད་ལ་བཞག་ནས་གྲོལ་བ་ཐོབ་པར་འགྱུར་ཏེ།ཀློང་གསལ་ལས། །རུ་ཤན་ནང་ལྟར་སུས་དབྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོང་།ཞེས་གསུངས་སོ། །དེ་ལྟར་རུ་ཤན་ནང་ལྟར་དབྱེ་བར་བསྟན་པའི་ལེའུ་སྟེ་གསུམ་པའོ། །ས་མ་ཡ་ཞེས་དམ་ཚིག་གིས་རྒྱུས་བཏབ་ཅིང་།གུ་ཧྱ་ཞེས་པ་གསང་བར་གཉེར་གཏད་པའི་དོན་ནོ། །གསུམ་པ་གསང་བ་ལྟར་དུ་རུ་ཤན་དབྱེ་བ་ལ་གསུམ་ལས།དང་པོ་སྒོ་གསུམ་གྱི་སྔོན་འགྲོའི་ཐོག་མ་ལུས་རུ་ཤན་དབྱེ་བ་ལ།ལུས་གནད་ཀྱི་ཁྱད་པར་དང་།དམིགས་པའི་ཁྱད་པར་དང་།ཚུལ་བཞིན་ཉམས་སུ་བླང་བའི་ཕན་ཡོན་བཤད་པ་དང་གསུམ་ལས།དང་པོ་ལུས་གནད་ཀྱི་ཁྱད་པར་ནི།ལུས་ཀྱི་བྱ་བ་སོགས།རེས་མོས་བསྐྱར༔ ཞེས་པས་བསྟན་ཏེ།དེ་ལ་འདིར་ལུས་ཀྱི་བྱ་བ་རྡོ་རྗེར་སྦྱང་བ་ནི།ཐལ་འགྱུར་ལས།ལུས་ཀྱི་སྔོན་དུ་འགྲོ་བ་ལ།སོ་སོས་བྱེད་པའི་རྒྱུ་འགགས་པ།རྡོ་རྗེ་སྐྱིལ་ཀྲུང་དང་བཅས་ཏེ།ལུས་སྦྱང་སེམས་ལ་ཕན་པའོ། །ཞེས་གསུངས་པ་ལྟར།དང་པོ་ལུས་སྦྱང་བ་ལ་རང་ཉིད་བདེ་བའི་ས་ལ་འཁོད་དེ།སེམས་ཅན་ཐམས་ཅད་རྣམ་མཁྱེན་ཐར་པའི་ལམ་ལ་འགོད་པར་བྱ་བའི་ཕྱིར་དུ།བདག་གིས་ལམ་ཟབ་མོ་རྡོ་རྗེ་ཐེག་པའི་འཇུག་སྒོ་ཉམས་སུ་ལེན་པར་བྱའོ་སྙམ་དུ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་དང་ཆབ་གཅིག་ཏུ།དབྱིངས་ནས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་བྱིན་རླབས་ཡེ་ཤེས་ཀྱི་འོད་ཟེར་ཁ་དོག་ལྔ་ལྡན་གྱི་རྣམ་པར་ཐིབ་ཀྱིས་འདུས་ནས་རང་ལ་ཐིམ་པའི་སྟོབས་ཀྱིས།སྔོན་ལས་འཕྲལ་རྐྱེན་ལས་འབྱུང་བའི་ལས་ཉོན་དང་།དེ་བསྐྱེད་པའི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་གདོས་བཅས་ཀྱི་ཕུང་པོ་དང་བཅས་པ་ཐམས་ཅད་ཆོས་ཉིད་སྟོང་པ་ཆེན་པོའི་དབྱིངས་སུ་ཐར་གྱིས་ཞིག་པར་བསམ་ལ།འོད་གསལ་བརྗོད་བྲལ་གྱི་ངང་དུ་དར་ཅིག་མཉམ་པར་བཞག་སྟེ།དེ་ལས་སྐད་ཅིག་གིས་མཁའ་ལ་འཇའ་ཚོན་ཤར་བ་བཞིན་དུ་རང་ལུས་གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ་རྩེ་གསུམ་པ་ཡེ་ཤེས་ཀྱི་མེ་འབར་བ་ཞིག་ཏུ་བསྒོམ་མོ། །མཚོན་དོན་ནི།རྩེ་གསུམ་གྱི་ཡར་རྩེ་གཡས་པ་ལོངས་སྐུ།གཡོན་པ་སྤྲུལ་སྐུ།དབུས་མ་ཆོས་སྐུ་སྟེ།སྐུ་གསུམ་གྱི་མཚོན་བྱེད་ཡིན་ལ།མར་གྱི་རྩེ་གསུམ་ནི་དབུས་མ་ངོ་བོ་སྟོང་པའི་ཡེ་ཤེས།གཡས་པ་རང་བཞིན་གསལ་བའི་ཡེ་ཤེས།གཡོན་པ་ཐུགས་རྗེ་ཀུན་ཁྱབ་ཀྱི་ཡེ་ཤེས་ཏེ།ནང་གསལ་སྐུ་གསུམ་གྱི་མཚོན་བྱེད་དང་།སྐེད་པ་གཅིག་ཏུ་ཟླུམ་ཞིང་འཁྱིར་བ་ནི།ཀ་དག་དང་ལྷུན་གྲུབ་གཉིས་ཐབས་སྣང་བའི་འོད་གསལ་དང་།ཤེས་རབ་སྟོང་པའི་འོད་གསལ་ཏེ་གཉིས་མེད་ཟུང་དུ་འཇུག་པའི་མཚོན་བྱེད་རྣམས་སུ་གསལ་ཞིང་།རང་གི་ལག་པ་གཉིས་ཀྱི་ཐལ་མོ་མགོ་ལ་མ་རེག་ཙམ་དུ་སྤྱི་བོར་ཁ་སྦྱར་བར་བྱེས་ཏེ་གྲུ་མོ་གཉིས་ཀ་ཡོ་འཁྱོག་མེད་པར་ཐད་གར་བསྒྲེང་ཞིང་ལུས་དྲང་པོར་བསྲངས་དེ།མགྲིན་པས་ཨོལ་མདུད་མནན།རྐང་པའི་མཐིལ་གཉིས་ཁ་སྦྱར་བའི་ཚུལ་དུ་རྟིང་པ་གཉིས་ཀྱི་རྩེ་སྤྲད་དེ།པུས་མོ་གཉིས་ཕྱིར་བསྒྲད་ཅིང་སོར་མོའི་རྩེ་རྣམས་སར་བཙུག་ནས།རྡོ་རྗེའི་ལུས་རྒྱ་བཅའ་བཞིན་ཤེས་པ་བཞན་དུ་མ་ཡེངས་པར་བྱས་ཏེ།དམིགས་པའི་གནད་ནི་རང་ལུས་རྡོ་རྗེ་རྩེ་གསུམ་པ་ཡེ་ཤེས་ཀྱི་མེ་འབར་བ་ཞིག་ཏུ་བསྒོམས་ལ།ལུས་ཀྱི་གནད་རྡོ་རྗེའི་རྒྱ་མ་འཆུག་པར་བྱས་ཏེ་འབད་ཅིང་གསལ་གདབ་པར་བྱའོ། །དེས་མ་དག་པའི་སྒོ་གསུམ་གྱི་མངོན་ཞེན་རང་སར་ཞི་ནས།ཕྲ་བའི་སྒོ་གསུམ་གྱི་བག་ཆགས་སྦྱངས་ཤིང་།དག་རྫོགས་སྨིན་བྱེད་ཀྱི་དགོངས་དོན་རྒྱུ་ལ་འཕོས་ཏེ།མཐར་ཐུག་སྐུ་གསུམ་གྱི་སར་གྲོལ་བ་ཐོབ་པའི་རྒྱུ་བྱེད་དོ། །དེ་ལྟར་བྱས་ཚེ་དཀའ་ཞིང་ངལ་དུབ་ཀྱིས་རྐང་ལག་སྦྲིད་ཅིང་ལངས་སྟབས་སུ་སྡོད་མི་ཚུགས་པ་བྱུང་བའི་དུས་ན།མཉམ་པ་ཉིད་ཀྱི་འདུག་ལུགས་ཞེས་ལུས་གན་རྐྱལ་དུ་ལོག་སྟེ།རྐང་མཐིལ་གཉིས་ཁ་སྦྱར་ཞིང་རྟིང་པ་གསང་བར་གཏད་པ་དང་།ལག་གཉིས་སྔར་ལྟར་ཐལ་མོ་སྤྱི་བོར་སྦྱར་བཞིན།རང་ལུས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་གསུམ་པ་ཡེ་ཤེས་ཀྱི་མེའི་ཚྭ་ཚྭ་འཕྲོ་བ་ཞིག་ཏུ་དམིགས་པས་གསལ་བཏབ་ནས་འབད་པར་བྱའོ། །ཡང་དེ་ལས་ལྡང་ཞིང་ཙོག་པུར་མི་འགྱུར་རྡོ་རྗེའི་འདུག་སྟངས་བྱ་སྟེ།མ་ཡེངས་པར་བྱའོ།ལག་གཉིས་སྔར་བཞིན་སྤྱི་གཙིག་ཏུ་ཁ་སྦྱར་ནས།རྟིང་པ་གསང་བར་གཏད།སོར་མོ་རྣམས་སར་བཙུག་ལུས་ཅུང་ཟད་ཕྱིར་དགྱེ་ཞིང་རྡོ་རྗེའི་ཕྱག་རྒྱ་དང་བཅས་དམིགས་པའི་གནད་བཟུང་སྟེ་མ་ཡེངས་བར་བྱའོ། །དེ་ལྟ་བུའི་ལུས་སྦྱང་གི་ཉམས་ལེན་ཟབ་མོ་དེ་དག་རེས་མོས་སུ་ཡང་ཡང་བསྐྱར་བའི་དགོས་པ་ནི།རྡོ་རྗེ་ལྟ་བུའི་འདུག་སྟངས་ཀྱི་ལུས་སྤྱི་དྲང་པོར་བསྲང་བས་འགྱུ་བྱེད་ཀྱི་རླུང་འགག།རྐང་མཐིལ་ཁ་སྦྱར་བར་ཕོ་མོ་མ་ནིང་གི་རླུང་སྟོང་སྟེ་འོད་གསལ་མངོན་དུ་བྱེད།རྟིང་པ་གཉིས་གསང་བར་གཏད་པས་འདོད་ཆགས་ཀྱི་གཞི་སྟོང་སྟེ་ཉོན་མོངས་པའི་བག་ཆགས་དག།ལག་གཉིས་ཐལ་མོ་སྤྱི་བོར་སྦྱར་བས་ལུས་ཀྱི་གནད་འབྱོངས་པས་རྩ་རླུང་རང་སར་ཆུད་པར་བྱེད་དོ། །གཉིས་པ་དམིགས་པའི་ཁྱད་པར་ནི།རྡོ་རྗེའི་ཚྭ་ཚྭ་སོགས།ཆེན་པོར་བསྲེགས༔ ཞེས་པས་བསྟན་ཏེ།དེ་ལྟར་ལུས་ཀྱི་བྱ་བ་རྡོ་རྗེར་སྦྱང་བ་གསལ་དག་བརྟན་པའི་ངང་ནས།རྡོ་རྗེ་ལས་འོད་ཟེར་མེའི་ཚྭ་ཚྭ་གྲངས་མེད་པ་དུ་མ་སྐར་ལྟར་འཕྲོས་ཏེ།རང་གི་སྣང་བའི་ཡུལ་ཐམས་ཅད་དུ་ཆར་སྤྲིན་ལྟར་འཁྲིགས་ནས་ཡོངས་སུ་གང་སྟེ། །རྣམ་མཁྱེན་ཐར་པ་བྱང་ཆུབ་ཀྱི་ལམ་ལ་བར་དུ་གཅོད་པར་བྱེད་པའི་སྔོན་གྱི་ལས་དང་འཕྲལ་བྱུང་གི་རྐྱེན་དབང་ངན་པའི་སྟོབས་ཀྱི་རྒྱུས་བསྐྱེད་པའི།ཕྱི་རྐྱེན་བར་ཆད་མི་འདོད་ཉེར་འཚེ།ནང་དུ་རྐྱེན་ངན་གདོན་བགེགས་ལོག་འདྲེ།གསང་བ་མ་རིག་གཟུང་འཛིན་གྱི་བསྐྱེད་པའི་ཉོན་མོངས་པའི་རྣམ་པར་རྟོག་པའི་སྒྲིབ་པ་བག་ཆགས་དང་བཅས་པ་ཀུན་ཀྱང་ཡུལ་མེད་སྟོང་ཉིད་ཆེན་པོའི་དབྱིངས་སུ་རྗེས་ལྷག་མེད་པར་རྡུལ་ཕྲན་བཞིན་དུ་ཐལ་བར་བརླག་ཅིང་།ཡུལ་མེད་ཟང་ཐལ་ཆེན་པོ་སྐུ་གསུམ་མཉམ་ཉིད་ཀྱི་ཀློང་དུ་བསྲེགས་པར་བསམ་ནས།དམིགས་པའི་གནད་ལ་འབད་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ནོ། །གསུམ་པ་དེ་ལྟར་སྦྱང་པའི་ཕན་ཡོན་ནི།གནད་དེས་ཕྱི་ནང་སོགས།ཉེ་མི་ནུས༔ ཞེས་པས་བསྟན་ཏེ།དེ་ལྟར་ཐབས་མཆོག་ཟབ་མོའི་ལམ་འདི་ཉིད་ཉམས་སུ་བླངས་ཏེ།ལུས་རྡོ་རྗེར་སྦྱང་བའི་གནད་དེའི་ཕན་ཡོན་གྱིས།གནས་སྐབས་སུ་ཕྱི་ནང་གསང་བའི་བར་ཆད་མཐའ་དག་ཞི་ཞིང་།ལས་དང་ཉོན་མོངས་པའི་སྡིག་སྒྲིབ་བག་ཆགས་དག།ས་ལམ་གྱི་རྐྱེན་གེགས་ཐམས་ཅད་སེལ་བར་བྱེད་ཅིང་། །ཁྱད་པར་དུ་མཐར་ཐུགས་ལུས་ཀྱང་སྤྲུལ་སྐུར་འབྱོངས་ཏེ་རྡོ་རྗེ་སྐུའི་རོལ་པར་གོ་འཕོས་པ་དང་།ལུས་རྡོ་རྗེར་མཐོང་སྟེ་ཕྱི་ནང་གི་བགེགས་ཚོགས་རྣམས་ཀྱིས་ཉེ་བར་མི་ནུས་ཤིང་བར་ཆད་ཀྱི་གཡུལ་ལས་རྒྱལ་བར་འགྱུར་རོ། །དེ་ལྟར་ལུས་ཀྱི་རུ་ཤན་དབྱེ་བ་བསྟན་པའི་ལེའུ་སྟེ་བཞི་པའོ། །ས་མ་ཡ༔ གུ་ཧྱ༔ ཞེས་དམ་མེད་ལེ་ལོ་ཅན་ལ་བཀའ་རྒྱ་བསྡམ་སྟེ།རེ་ཞིག་གསང་བ་མི་འགྱུར་བའི་དབྱིངས་སུ་གཏད་རྒྱ་བཏབ་པའི་དོན་ནོ། །། །དེ་ནས་གཉིས་པ་ངག་སྦྱང་བྱེད་པ་ལ།ཐལ་འགྱུར་ལས།ངག་ནི་ཧཱུྃ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་དང་། །མཉེན་བཙལ་ལམ་དུ་ཞུགས་པ་ཡིས། །དེ་ལྟར་ངག་སྦྱང་སེམས་ལ་ཕན། །ཞེས་པ་ལྟར།ངག་གི་རི་ཤན་དབྱེ་བའི་རིམ་པ་ནི།ལུས་གནད་ཀྱི་ཁྱད་པར།ངག་སྦྱང་གི་དབྱེ་བ།དེ་དག་གི་ཡོན་ཏན་བཤད་པ་དང་གསུམ་ལས།དང་པོ་ལུས་གནད་ཀྱི་ཁྱད་པར་ནི།རང་ཉིད་གསང་བདག་སོགས།མཐིང་གར་བསྒོམ༔ ཞེས་པས་བསྟན་ཏེ།དེ་ལ་འདིར་རང་བདེ་བའི་སར་བསམ་གཏན་གྱི་སྐྱིལ་མོ་ཀྲུང་གིས་འདུག་ཅིང་ཐོག་མར་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད།དེ་ནས་རང་ལུས་གདོས་བཅས་ཀྱི་འདུ་ཕུང་དེ་དག་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་བཞིན་དུ་ཆོས་ཉིད་སྟོང་བའི་ངང་དུ་ཐར་གྱིས་ཞི་སྟེ།སྐད་ཅིག་གིས་ཆུ་ལས་ཆུ་སྦུར་རྡོལ་བ་བཞིན་དུ།རང་ཉིད་དཔལ་ཆེན་གསང་བའི་བདག་པོ་ཕྱག་ན་རྡོ་རྗེ་ཆོས་ཉིད་མི་འགྱུར་བའི་སྐུ་མདོག་མཐིང་ག།ཉག་གཅིག་ཞལ་གྱི་དཀྱིལ་འཁོར་ལ།སྐུ་གསུམ་མཚོན་པའི་སྤྱན་མིག་བསྒྲད་པ།ཐབས་ཤེས་ཕྱག་གཉིས།གཡས་པས་ས་དགུ་མཚོན་པའི་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་ནམ་མཁར་འཕྱར་བ།གཡོན་པས་ཉོན་མོངས་དབྱིངས་སུ་བསྒྲལ་ཕྱིར་སྦྲུལ་ཞགས་ལྗང་ཁྲ་དཀུར་བརྟེན་པ།ཁམས་གསུམ་གྱི་ལོག་རྟོག་དབྱིངས་སུ་སྤོར་ཕྱིར་ཞལ་གདངས་པ།དུག་གསུམ་རྩད་ནས་གཅོད་ཕྱིར་རྣོ་དཀར་གྱི་མཆེ་བ་གཙིགས་པ།གཉིས་འཛིན་གྱི་འཁྲུལ་པ་དག་ཕྱིར་ལྗགས་གློག་དམར་ལྟར་འདྲིལ་ཞིང་སྨར་སྨིན་འོད་འབར་བ།དབུ་སྐྲ་དམར་སེར་སྲིད་རྩེར་འཁྱིལ་ཞིང་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན་པ།སྐུ་ལ་དུར་ཁྲོད་ཀྱི་དཔའ་ཆས་འདོགས་པའི་རྒྱན་གཉིས་ནི།ཐོད་སྐམ་གྱི་དབུ་རྒྱན་དང་། །ཐོད་རློན་ལྔ་བཅུའི་ཕྲེང་བ།བྱུགས་པའི་རྫས་གསུམ་ནི།དཔྲལ་བར་ཐལ་ཆེན་གྱི་ཚོམ་བུ།མཁུར་ཚོས་ལ་རཀྟའི་ཐིག་ལེ།ཞལ་ལ་ཞག་གི་ཟོ་རིས།བགོ་བའི་གོས་གསུམ་ནི།སྐུ་སྟོད་ལ་གླང་ཆེན་གྱི་ལྤགས་པ།རྐེད་པར་མི་ལྤགས་ཀྱི་གཡང་གཞི།སྐུ་སྨད་ལ་སྟག་ལྤགས་ཀྱི་ཤམ་ཐབས་ཏེ།ཁྲོ་བོའི་ཆས་ཐམས་ཅད་རྫོགས་པ།ཁྲོ་ཞིང་གཏུམ་པ་གར་དགུའི་ཉམས་དང་ལྡན་པ་ཞིག་བསྒོམ་པར་བྱེད་པ་དང་།ཡང་དུས་བཞི་དང་བསྟུན་ཏེ་སྐུ་དང་སྲོག་སྙིང་གི་ཁ་དོག་བསྒྱུར་བ་ནི།སྔ་དྲོ་བག་ཆགས་ཐམས་ཅད་དང་བྲལ་བའི་བརྡར་སྐུ་མདོག་དཀར་པོ།ཉིན་གུང་ཡོན་ཏན་ལྷུན་གྱིས་གྲུབ་པའི་སེར་པོ།དགོང་མོ་བྱ་རྩོལ་བློ་ལས་འདས་པའི་དམར་པོ། །སྲོད་ལ་མ་བཙལ་རང་བྱུང་རྫོགས་པའི་མཐིང་ག་རྣམས་སུ་གསལ་ཏེ།སྐུའི་མདོག་ལྟར་སྲོག་ཡིག་ཧཱུྃ་གི་ཁ་དོག་ཀྱང་སྐབས་དང་བསྟུན་ཏེ་བསྒོམ་པར་བྱའོ། །གཉིས་པ་ངག་སྦྱང་གི་དབྱེ་བ་ལ།རྒྱས་གདབ་པ་དང་།རྩལ་སྦྱང་བ་དང་།མཉེན་བཙལ་བ་དང་།ལམ་དུ་ཞུགས་པ་སྟེ་བཞི་ལས།དང་པོ་རྒྱས་གདབ་པ་ལ།ཕྱི་དང་ནང་སྟེ།ཐོག་མར་ཕྱི་སྣང་བ་ལ་རྒྱས་གདབ་པ་ནི།དང་པོ་ཕྱི་ཡི་སོགས།ཧཱུྃ་གླུ་གྱེར༔ ཞེས་པས་བསྟན་ཏེ།དེ་ལྟར་རང་ཉིད་གསང་བའི་བདག་པོར་གསལ་བའི་ཐུགས་ཀར་པད་ཉིའི་གདན་སྲན་མ་སླེབས་པ་ཙམ་གྱི་སྟེང་དུ་གནམ་ལྕགས་ལས་གྲུབ་པའི་རྡོ་རྗེ་རྩེ་དགུ་པ་ནས་འབྲུ་ཙམ་གྱེན་ལང་དུ་གནས་པའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་གྱི་ནང་དུ་ཐུགས་སྲོག་ཧཱུྃ་ཡིག་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་ལ་འོད་དང་འོད་ཟེར་གྱི་བཀྲག་མདངས་འབར་བ་ཞིག་གསལ་གདབ།དེ་ནས་དང་པོ་ཕྱིའི་སྣང་བའི་ཡུལ་དངོས་པོ་མཚན་མར་འཛིན་པའི་ཆོས་ཐམས་ཅད་སྟོང་ཉིད་ཕྱག་རྒྱ་ཆེན་པོས་རྒྱས་གདབ་པར་བྱེད་པ་ལའང་།རང་གི་ཐུགས་ཀའི་ཧཱུྃ་ལས་མེ་ལས་མེ་སྟག་འཕྲོ་བ་བཞིན་དུ།ཧཱུྃ་ཡིག་གྲངས་ལས་འདས་པ་དཔག་ཏུ་མེད་པ་རིམ་པར་འཕྲོས་ཤིང་རང་གི་ཁ་ནས་ཐོན་ཏེ།ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན།ནང་གཡོ་བ་བཅུད་ཀྱི་སེམས་ཅན་ཐམས་ཅད་ལ་ཧཱུྃ་གིས་ཁྱབ་པས།སྣོད་བཅུད་བརྟན་གཡོ་ཀུན་ཀྱང་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་ཧཱུྃ་གི་རྣམ་པར་གྱུར་ནས།དཔེར་ན་ན་བུན་ནམ་མཁའ་ལ་འཐིབས་པ་ཇི་བཞིན་དུ་སྣོད་བཅུད་ཐམས་ཅད་ཧཱུྃ་གིས་ཡོངས་སུ་གང་བར་བསམ་ནས་དམིགས་པའི་རྒྱ་བསྐྱེད་པ་དང་།ཡང་རང་གི་སྣང་བའི་ཡུལ་དུ་གྱུར་པའི་ཕྱི་ནང་དུ་འཛིན་པའི་དངོས་པོ་ཀུན་གཅིག་ཀྱང་མ་ལུས་པར་ཆུ་ལ་ཆུ་ཐིམ་པ་ལྟར་ཐམས་ཅད་ཡི་གེ་ཧཱུྃ་གི་རང་བཞིན་དུ་འོད་དུ་ཞུ་ནས།སྣང་སྲིད་སྣོད་བཅུད་ཐམས་ཅད་ཧཱུྃ་གི་རྣམ་པར་སོང་བར་བསམ་ཞིང་དམིགས་པ་གནད་དུ་དྲིལ་ནས་ཡེངས་མེད་དུ་ཧཱུྃ་གི་གླུ་དལ་བུས་སྐད་ཆེར་སྙན་ལ་རིང་བས་ཧཱུྃ་གླུ་གྱེར་བར་བྱའོ། །གཉིས་པ་ནང་རང་ལུས་ལ་རྒྱས་གདབ་པ་ནི།སླར་ཡང་རང་གི་སོགས།ཡལ་ལྟར་བསྡུས༔ ཞེས་པས་བསྟན་ཏེ།དེ་ནས་སླར་ཡང་ནང་རང་གི་ལུས་ལ་རྒྱས་གདབ་པར་བྱེད་པ་ནི།སྣོད་བཅུད་བརྟན་གཡོ་ཐམས་ཅད་ཧཱུྃ་གི་རྣམ་རོལ་དུ་གྱུར་པ་ཐམས་ཅད་དང་།ཕར་སྤྲོས་པའི་ཧཱུྃ་རྣམས་གཅིག་ནས་གཅིག་ཏུ་རིམ་པ་བཞིན་དུ་ཚུར་འདུས་ཤིང་རང་གི་ཁ་ནས་ཞུགས་ཏེ་ལུས་ནང་མགོ་མཇུག་མེད་པར་ཧཱུྃ་གིས་གང་ནས་ལུས་པོ་ཧཱུྃ་གི་རྣམ་པར་ཞིག་སྟེ།ཕུང་པོ་ཧཱུྃ་ཡིག་གི་རྣམ་པ་ཅན་དུ་གྱུར་པ་གྲངས་ལས་འདས་པ་དཔེར་ན་ས་གཞིའི་ཁམས་སུ་རྡུལ་ཕྲན་གྱི་ཆ་ཙམ་ཚོགས་པ་ལྟ་བུར་རང་གི་སྒྱུ་མའི་ཕུང་པོ་ཧཱུྃ་ཡིག་དཔག་ཏུ་མེད་པ་གསལ་བཏབ་སྟེ།ཧཱུྃ་གླུ་གྱེར་ཞིང་དམིགས་པའི་རྩལ་སྦྱང་བར་བྱས་ལ།མཐར་ནི་ཧཱུྃ་རྣམས་གཅིག་ཏུ་བསྡུས་ཏེ།དམིགས་བསམ་གྱི་སྤྲོས་པ་བཞག་ནས་རྩ་བའི་ཧཱུྃ་ལ་ཤེས་པ་གཏད་ཅིང་ཅུང་ཟད་ངལ་གསོ།དེ་ནས་ཧཱུྃ་དེ་ཡང་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་མས་ནས་རིམ་པར་བསྡུས་ཏེ།ཆོས་དབྱིངས་སྤྲོས་པ་དང་བྲལ་བའི་ངང་མངོན་དུ་བྱེད་ཅིང་ངལ་གསོ་བར་བྱའོ། །དེའི་དགོས་པ་ནི།དེ་ལྟར་ཕྱི་སྣང་བ་ལ་རྒྱས་ཐེབས་པས་ཡུལ་ལ་མངོན་ཞེན་ལོག་ཅིང་ཡུལ་སྣང་རང་བཞིན་མེད་པའི་དོན་གཤིས་ཐོག་ཏུ་ཕེབས་པ་དང་།ནང་རང་ལས་ལ་རྒྱས་ཐེབས་པས་ལུས་ཀྱི་འབྱུང་སྙིགས་རང་སར་དག་སྟེ་གདོས་བཅས་ཟག་མེད་དུ་གྲོལ་བའི་རྒྱུ་བྱེད་དོ། །གཉིས་པ་རྩལ་སྦྱང་བ་ལ།ཕྱི་དང་ནང་སྟེ།དང་པོ་ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི།དེ་ནས་ཕྱི་ཡི་སོགས།བཅད་ཐོན་བརྗོད༔ ཅེས་པས་བསྟན་ཏེ།དེ་ནས་ཕྱི་སྣང་བ་ལ་རྩལ་སྦྱང་བར་བྱེད་པ་དེ་ལ།ཕྱི་ཡུལ་གྱི་རྣམ་པར་སྣང་བའི་ས་རྡོ་རི་བྲག་རྩི་ཤིང་ནགས་ཚལ་ལ་སོགས་པའི་དངོས་པོ་ཐོག་རེག་གི་ཚུལ་དུ་སྣང་བ་ཐམས་ཅད་ཀུན་ཀྱང་། །བདེན་མེད་སྟོང་པའི་རོལ་པར་བཤིག་ཅིང་གཉིས་སུ་མེད་པའི་ཀློང་དུ་རྩལ་ཆེན་སྦྱང་བར་བྱེད་པ་ལའང་།རང་གི་སྙིང་ག་ནས་ཧཱུྃ་ཡིག་མཐིང་ནག་བཀྲག་འབར་བ་གྲུ་གང་གི་ཚད་ཙམ་ཡོད་པ་རྣོ་མྱུར་སྟོབས་ཤུགས་ཆེ་བ།རི་རབ་ཀྱང་ཐལ་བར་བརླག་པའི་ནུས་པ་དང་ལྡན་པ་ཞིག་རང་གི་ཁ་ནས་བརྒྱུད་ཅིང་མེ་སྟག་མཆེད་པ་ལྟར་ཕྱིར་འཕྲོས་པར་བསམ་སྟེ།དང་པོ་རང་གི་མདུན་ཐད་ཀྱི་ས་རྡོ་རི་བྲག་ཡུལ་སྣང་ཁང་ཁྱིམ་ལ་སོགས་པ་ཐོགས་རེག་གི་གནས་སུ་གྱུར་པ་ཐམས་ཅད་ལ།དཔེར་ན་གནམ་ལྕགས་ཀྱི་ཐོགས་ལྟར་བབས་ནས་རིམ་པ་བཞིན་དུ་སྣང་ཡུལ་ཐམས་ཅད་ཕྱི་ཐལ་ནང་ཐལ་ཟང་མ་ཐལ་གྱིས་འབིགས་ནས་དངོས་མེད་དུ་བཏང་བར་བསམ་པ་དང་།གཞན་ཡང་སེམས་དང་སྣང་བས་ཁྱབ་པའི་ཡུལ་གྱི་ས་རྡོ་རི་བྲག་ལ་སོགས་པ་ཕྱིའི་འབྱུང་བཞི་འཐས་པའི་དངོས་པོ་ཐོགས་རེག་གི་རྣམ་པར་སྣང་བ་ཐམས་ཅད་དང་།ཡུལ་དྲུག་གི་འཛིན་པའི་སྤྱོད་ཡུལ་དུ་གྱུར་པའི་རི་རབ་ཐང་དང་རྫས་དང་ཡོ་བྱད་ལ་སོགས་པ།མདོར་ན་དངོས་པོ་ཐོགས་རེག་གི་རྣམ་པར་གྲུབ་བོ་ཅོག་ཐམས་ཅད་ཀྱང་ཕྱི་ཐལ་ནང་ཐལ་ཟང་ཐལ་དུ་ཕུག་ཅིང་ཅང་མེད་སྟོང་པའི་དབྱིངས་སུ་རྩལ་སྦྱངས་ཏེ།སྣང་སྲིད་སྣོད་བཅུད་ཐམས་ཅད་རིག་སྟོང་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ཁྱབ་བརྡལ་ནམ་མཁའི་རང་བཞིན་དུ་འབྱམས་ཀླས་པར་བསམ་སྟེ།དམིགས་པ་གསལ་ངར་དང་ལྡན་བཞིན་དུ་ཧཱུྃ་གི་སྒྲ་དྲག་ལ་བཅད་ཐོན་པར་བརྗོད་ཅིང་ཡང་ཡང་བསྐྱར་བར་བྱའོ། །དེ་ནས་ནང་རང་ལུས་ལ་རྩལ་སྦྱང་བ་ནི།སླར་རང་གི་སོགས།ཕུང་པོར་བསྒོམ༔ ཞེས་པས་བསྟན་ཏེ།སླར་ཡང་ནང་རང་གི་ལུས་ལ་རྩལ་སྦྱང་བར་བྱེད་པ་ལ།རང་ཉིད་ཐ་མལ་དུ་གནས་པ་ལ་ཕར་འཕྲོས་པའི་ཧཱུྃ་དེ་དག་རིམ་པར་ཚུར་འདུས་ཏེ།རང་གི་ལུས་ཀྱི་མགོའི་སྐྲ་རྩེ་མན་དང་རྐང་གི་སོར་རྩེ་ལ་ཡན་ཆད་ཀྱི་ལུས་ཀྱི་ཕྱི་ནང་བར་གསུམ་ཀུན་ཏུ་ཧཱུྃ་གིས་ཁྱབ་པས།ལུས་ཐམས་ཅད་ཕྱི་ཐལ་ནང་ཐལ་ཟང་མ་ཐལ་དུ་མཐེབ་གོར་གྱི་རྩེ་ཙམ་ཡང་མེད་པར་ཐལ་མར་ཕུག་ནས་ལུས་རྡུལ་ཕྲན་དུ་དེངས་པར་བསམ་ལ་དམིགས་པས་འབད་པར་བྱའོ། །མཐར་ནི་རང་ལུས་སྟོང་གཟུགས་འོད་ཀྱི་ཕུང་པོར་བསྒོམ་སྟེ།ཧཱུྃ་གླུ་དྲག་ལ་བཅད་ཐོན་པར་བརྗོད་པའི་ཚེ་ལུས་ཁོལ་བུར་འཕར་བ་དང་།སྐྲང་ནས་ཤ་རྡོལ་འབྱུང་བ་སོགས་ནི་རྩལ་སྦྱོང་བའི་རྟགས་སུ་ཤེས་སོ། །དེ་ལྟར་ཕྱི་སྣང་བ་ལ་རྩལ་སྦྱངས་པས་སྣང་བ་སྒྱུ་མར་མཐོང་ནས་སྣོད་བཅུད་ཐམས་ཅད་དངོས་མཚན་བདེན་པར་མ་གྲུབ་པའི་དོན་ཤེས།ནང་རང་ལུས་ལ་རྩལ་སྦྱང་པར་གནས་སྐབས་སུ་ནད་གདོན་བར་ཆད་ཞི་བ་དང་།མཆོག་ཏུ་ལུས་འོད་སྐུར་སྨིན་ཅིང་།མཐར་ཐུག་རྒྱལ་བ་རྣམས་ཀྱི་སྐུ་རྡོ་རྗེ་དང་གཉིས་སུ་མེད་པར་གྲོལ་བར་བྱེད་དོ། །གསུམ་པ་མཉེན་བཙལ་བ་ནི།དེ་ནས་མཉེན་བཙལ་སོགས།སྙིང་གར་བསྡུ༔ ཞེས་པས་བསྟན་ཏེ།དེ་ནས་མཉེན་བཙལ་བ་ལ་རང་ཉིད་བདེ་བའི་སར་སྐྱིལ་མོ་ཀྲུང་གིས་འདུག་ཅིང་།མདུན་དུ་ཤིང་བུ་ཡོ་འཁྱོག་མེད་པ་ཞིག་བཙུག་སྟེ།དེ་ལ་ཤེས་པ་གཏད་ནས་རང་གི་སྙིང་གར་རླུང་སེམས་འདུས་པའི་ངོ་བོ་ཧཱུྃ་ཡིག་མཐིང་ནག་སྤུ་ཤད་ཀྱིས་བྲིས་པ་ལྟ་བུ་གསལ་འཚེར་འོད་དང་ལྡན་པ་ཞིག་བསྒོམ་པར་བྱས་ནས་དམིགས་པ་འཇུར་ལ་དྲངས་ཏེ་བརྩོན་ནོ། །དེ་ནས་རང་གི་ཐུགས་ཀའི་ཧཱུྃ་དེ་ལས་མེ་ལས་མེ་སྟག་མཆེད་པ་ཇི་བཞིན་དུ་ཧཱུྃ་ལས་ཧཱུྃ་ཡིག་མཐིང་ནག་གྲངས་མེད་པ་རང་མདངས་ཀྱི་འོད་ཀྱི་དྲྭ་བས་ལུ་གུ་རྒྱུད་དུ་འབྲེལ་བ་མང་པོ་རང་གི་ཁ་ནས་རིམ་པར་ཐོན་ཏེ།མདུན་གྱི་དམིགས་རྟེན་ཤིང་བུའི་རྩར་སླེབས་པ་དང་མཉམ་དུ་ཐོག་མར་གྱི་ཧཱུྃ་ཡིག་དེ་གཡས་དཀྲིས་ཀྱི་ཚུལ་དུ་དམིགས་རྟེན་གྱི་རྩེར་ཕྱིན་པས་གཞན་རྣམས་ཀྱང་གཡས་བསྐོར་གྱིས་ཚུལ་དུ་ནི་དཔེར་ན་སྦྲུལ་འཁྱུད་པ་ལྟར་ཤིང་བུ་ལ་དཀྲིས་ཏེ།དམིགས་རྟེན་ཧཱུྃ་ཡིག་གིས་རོམ་མེར་གང་བར་བསམ་ལ་གསལ་གདབ།དེ་ནས་སྔ་མའི་ཧཱུྃ་ཡིག་དམིགས་རྟེན་གྱི་རྩེར་ཕྱིན་ནས་འགྲེངས་ངེར་གནས་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ་ཧཱུྃ་གི་གླུ་སྙན་ལ་རིང་བ་དལ་གྱིས་བརྗོད་པར་བྱའོ། །སླར་ཡང་དམིགས་རྟེན་གྱི་རྩེ་མོ་ནས་ཧཱུྃ་རྣམས་རིམ་བཞིན་ལུགས་སུ་ལྡོག་སྟེ།གཅིག་ལ་གཅིག་ཐིམ་གྱི་ཚུལ་དུ་རྩེམོའི་ཧཱུྃ་དང་བཅས་པ་སྙིང་གའི་ཧཱུྃ་ལ་བསྡུས་ནས་དམིགས་མེད་ཀྱི་ངང་དུ་ངལ་གསོ་བར་བྱ་སྟེ།དེ་ལྟར་ཕར་སྤྲོས་པ་དང་ཚུར་ལུགས་སུ་ལྡོག་པ་རེས་མོས་སུ་ཡང་ཡང་འབད་པར་བྱེད་དོ། །དེས་སེམས་ལ་ཤིན་ཏུ་སྦྱངས་པ་ཐོན་ནས་རྒྱུད་ལ་ཡོན་ཏན་ཁྱད་པར་ཅན་སྐྱེས་ཏེ།དམིགས་པ་གང་གཏད་དུའང་བརྒྱུར་ཐུབ་པའི་དགོས་པ་ཡོད་དོ། །བཞི་པ་ལམ་དུ་ཞུགས་པ་ནི།དེ་ནས་ལམ་དུ་སོགས།འགྲོ་ཀུན་བསྒྲལ༔ ཞེས་པས་བསྟན་ཏེ།དེ་ལ་འདིར་རང་ལུས་ཧཱུྃ་དུ་སྤྲུལ་ནས་ལམ་དུ་ཞུགས་པའི་རིམ་པ་བསྟན་པ་ལ།རང་གི་ལུས་དབང་དང་རླུང་སེམས་གསུམ་ཚོགས་པ་གཅིག་པས་ཧཱུྃ་ཡིག་མཐིང་ག་མཐོ་གང་བ་ཙམ་འོད་དང་འོད་ཟེར་འཕྲོ་བ་གཅིག་ཏུ་གསལ་ཏེ།ས་ལ་ཁྲུ་གང་ཙམ་མ་རེག་པའི་བར་ནས་སྲིན་བུའི་འགྲོས་ཀྱི་ཕར་འཁྱོག་ཚུར་འཁྱོག་གི་ལམ་དུ་ཞུགས་ཤིང་།རང་གི་མཐོང་བའི་ཡུལ་རིས་གངས་ལྗོངས་དང་།མི་མཐོང་ཞིང་རྒྱུས་ཡོད་པའི་ས་སྟེང་ཀུན་ཏུ།དཔེར་ན་འགྲོན་པོ་དོན་གཉེར་ཅན་ལམ་དུ་ཞུགས་པ་བཞིན་དུ་འགྲོ་བ་དང་།ཁྱད་པར་འགྲོ་བ་རིགས་དྲུག་གི་གནས་ཡུལ་ཀུན་རིམ་བཞིན་དུ་ཉུལ་ཏེ།ཧཱུྃ་གི་འོད་ཟེར་གྱིས་རིགས་དྲུག་སོ་སོའི་ལས་དང་ཉོན་མོངས་སྡིག་སྒྲིབ་བག་ཆགས་སྡུག་བསྔལ་དང་བཅས་པར་ཐམས་ཅད་ཉི་མས་མུན་པ་བཅོམ་པ་བཞིན་དུ་ཡུལ་མེད་ཆེན་པོར་སངས་ཀྱིས་དག་ནས།འགྲོ་ཀུན་རྣམ་པར་གྲོལ་བའི་ས་ལ་འགོད་ཅིང་།གཉིས་སྣང་འཁོར་བའི་འཛིན་པ་དབྱིངས་སུ་བསྒྲལ་ཏེ།གཉིས་མེད་མཉམ་པ་ཆེན་པོའི་དབྱིངས་སུ་ངལ་གསོ་ཞིང་།ཧཱུྃ་གླུ་སྙན་པའི་དབྱིངས་ཀྱིས་བརྗོད་ནས་དམིགས་གནད་ལ་འབད་པར་བྱའོ། །དེ་ནས་ཞིང་ཁམས་སྦྱོང་བ་ནི།སླར་ཡང་དཔག་ཆེན་སོགས།རྒྱ་ཡིས་བཏབ།ཅེས་པས་བསྟན་ཏེ།སླར་ཡང་རང་ལུས་ཧཱུྃ་དུ་བཞེངས་པ་དེ་ཉིད་དཔག་ཆེན་གྱིས་མདའ་འཕང་བ་ལྟ་བུའམ་ཁྱུང་ཆེན་མཁའ་ལ་འཕུར་བ་ཇི་བཞིན་དུ་འཕར་ནས་དབུས་ཕྱོགས་སུ་སྟུག་པོ་བཀོད་པའི་ཞིང་ཁམས་གཞལ་ཡས་ཁང་དང་བཅས་པ་གསལ་གདབ་ཅིང་། །དེ་ནས་རིམ་པ་བཞིན་དུ་ཤར་ཕྱོགས་སུ་མངོན་པར་དགའ་བའི་ཞིང་ཁམས།དེ་བཞིན་དུ་ལྷོ་ཕྱོགས་སུ་དཔལ་དང་ལྡན་པའི་ཞིང་ཁམས་དང་།ནུབ་ཕྱོགས་སུ་བདེ་ཆེན་དག་པའི་ཞིང་ཁམས།བྱང་ཕྱོགས་སུ་ལས་རབ་རྫོགས་པའི་ཞིང་ཁམས་དེ་དག་རྣམས་སུ་རིམ་གྱིས་ཕྱིན་ནས་གཞལ་ཡས་ཁང་མཇལ་བའི་དུས་སུ།བདག་གིས་དུས་གསུམ་དུ་བསགས་པའི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་བྱང་ཞིང་དག་པར་བསམ་པ་དང་།དེ་ནས་དེ་བཞིན་གཤེགས་པ་རིགས་ལྔའི་རྒྱལ་བ་འཁོར་དང་བཅས་པ་རྣམས་ལ་མོས་གུས་དྲག་པོའི་སྒོ་ནས་བསྐོར་བ་བྱ་ཞིང་།རྣམ་གསུམ་དད་པ་ཆེན་པོས་ཕྱག་འཚལ་བ་དང་།སྣང་སྲིད་ཁམས་ཀྱི་བསོད་ནམས་ལོངས་སྤྱོད་ལ་སོགས་པ་དངོས་དང་ཡིད་ཀྱི་མཆོད་པ་དཔག་ཏུ་མེད་པ་རབ་འབྱམས་ཞིང་རྡུལ་གྱི་གྲངས་དང་མཉམ་པར་སྤྲུལ་ཏེ་འབུལ་བས།བདེ་གཤེགས་སངས་རྒྱས་རིགས་ལྔས་ཐུགས་བརྩེ་བས་དགོངས་ཏེ།དགྱེས་པའི་ཞལ་མཐོང་ཞིང་སྙན་པའི་གསུང་ཐོས་ནས་དབང་ཞུ་ལུང་ནོད་དེ།མ་འོངས་པ་ན་བླ་ན་མེད་པའི་བྱང་ཆུབ་བརྙེས་ནས་དོན་གཉིས་ལྷུན་གྲུབ་ཀྱི་སངས་རྒྱས་སུ་ལུང་བསྟན་ཐོབ་པར་བསམ་ལ་དམིགས་པ་འཇུར་ལ་དྲངས་ཏེ་འབད་པ་གཅེས་སོ། །དེ་དག་རྣམས་ཀྱི་སྐབས་ཀུན་ཏུ་མ་ཡེངས་པར་ཤེས་པ་ཧཱུྃ་ལ་གཏད་དེ་ངག་ནས་ཧཱུྃ་གི་གླུ་དལ་ལ་སྙན་པའི་དབྱངས་ཀྱིས་བརྗོད་པར་བྱའོ། །དེས་ཡུལ་གྱི་བག་ཆགས་སྦྱོང་ཞིང་ལུས་ངག་ལམ་སྲོལ་དུ་ཚུད་པ་དང་།ཞིང་ཁམས་འབྱུང་པའི་དགོས་པ་ཡོད་དོ། །མཐར་ནི་བསྔོ་བ་དང་སྨོན་ལམ་རྣམ་པར་དག་པས་མཐའ་བརྒྱན་ཅིང་རྒྱ་ཡིས་བཏབ་པར་བྱེད་པ་ནི་གནད་དམ་པའོ།གསུམ་པ་དེ་དག་གི་ཕན་ཡོན་ནི་ཕྱི་སྣང་བ་ལ་རྒྱས་ཐེབས་པས་ཡུལ་སྣང་བདེན་མེད་དུ་མཐོང་ནས་གང་སྣང་ཐམས་ཅད་ཡེ་ཤེས་ཀྱི་རོལ་པར་གོ་འཕོས།ནང་སྒྱུ་ལུས་ལ་རྒྱས་ཐེབས་པས་ལུས་ཀྱི་ཞེན་པ་ལྡོག་ནས་ལུས་འོད་གསལ་དུ་གྲོལ།ཕྱི་སྣང་བ་ལ་རྩལ་སྦྱོང་པས་ངག་སྣང་བདེན་མེད་སྒྱུ་མ་རྨི་ལམ་ལྟ་བུར་ཤེས་ཏེ།སྣང་སྲིད་སྣོད་བཅུད་ཐམས་ཅད་རང་སྣང་རིག་པའི་རྩལ་ལས་གཞན་ནས་འཕྲལ་དང་སླད་ཀྱི་མ་འབྱུང་བའི་དོན་མཐོང་།ནང་རང་ལུས་ལ་རྩལ་སྦྱོང་པས་གནས་སྐབས་སུ་ལམ་འདིར་བརྩོན་པས་ནད་གདོན་བར་ཆད་ཐམས་ཅད་ཞི་བ་དང་།མཐར་ཐུག་དེའི་འབྲས་བུ་སྒྱུ་ལུས་འོད་ཀྱི་སྐུར་སྨིན་ནས་ཟག་མེད་དུ་གྲོལ་བའོ། །མཉེན་བཙལ་བས་གནས་སྐབས་སུ་རྩ་དང་རླུང་གི་སྐྱོན་རྣམས་སེལ་བ་དང་།མཐར་ཐུག་རླུང་སེམས་གཉིས་ལ་རང་དབང་འབྱོར་ནས་ཟད་པར་གྱི་ཏིང་ངེ་འཛིན་འགྲུབ་པའི་དོན་བྱེད་དོ། །ལམ་དུ་ཞུགས་པས་གནས་སྐབས་སུ་འགྲོ་བའི་དོན་འགྲུབ་པ་དང་།ཞིང་ཁམས་འབྱོངས་པའི་བག་ཆགས་རྒྱུད་ལ་བཞག་ཅིང་།མཐར་ཐུག་འཁོར་འདས་རང་སྣང་དུ་རྫོགས་པའི་དོན་གཤིས་ཐོག་ཏུ་ཕེབས་ནས་དོན་གཉིས་ལྷུན་གྲུབ་ཀྱི་མཛད་པ་ལྷུར་ལེན་བྱེད་པར་འགྱུར་རོ། །མདོར་ན་དེ་དག་གི་ཐུན་མོང་དུ་ངག་གི་སྡིག་སྒྲིབ་དག་པ་དང་།ཕྱི་ནང་གི་བར་ཆད་ཞི།ཁྱད་པར་དུ་ངག་ལོངས་སྐུ་འབྱོངས་ཏེ་གསུང་རྡོ་རྗེ་རུ་སྨིན་ཅིང་གྲོལ་བའི་དགོས་པ་ཡོད་དོ། །དེ་དག་ནི་ངག་སྦྱང་གི་རིམ་པའི་རུ་ཤན་དབྱེ་བར་བསྟན་པའི་ལེའུ་སྟེ་ལྔ་པའོ། །ས་མ་ཡ༔ གུ་ཧྱ༔ ཞེས་པས་བཀའ་རྩིས་ཀྱི་ཕྱག་རྒྱས་བཏབ་པའི་དོན་ནོ། །། །གསུམ་པ་ཡིད་ཀྱི་རུ་ཤན་འབྱེད་པའི་རིམ་པ་ལའང་སེམས་ཀྱི་རྩད་བཅད་ནས་བྱུང་གནས་འགྲོ་གསུམ་གཏན་ལ་དབབ་པ།སེམས་གསལ་སྟོང་ཟུང་འཇུག་ཏུ་ཐག་ཆོད་པར་ངོ་སྤྲོད་པ་དང་།རྣལ་དབབ་དངོས་དང་། །སོར་དུ་གཞུག་པ་སྟེ་བཞི་ལས།དང་པོ་སེམས་སྦྱོང་བསྟན་པ་ལ།ཐལ་འགྱུར་ལས།སེམས་ནི་ཐོག་མར་བྱུང་ས་དང་། །བར་དུ་གནས་ས་ཐ་མ་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱོང་སེམས་ཀྱི་གནས་ལུགས་ཤེས། །ཞེས་པས།ཐོག་མར་རང་གི་སེམས་འདི་གང་ནས་བྱུང་བརྟག་པ་ནི།ཕྱི་འབྱུང་བཞི་སྣོད་བཅུད་ཀྱི་ཁམས་དང་།ནང་བདག་ལུས་ཕུང་པོའི་མགོ་མཇུག་བར་གསུམ།བར་འདོད་ཡོན་ཡུལ་སྣང་གི་བཀོད་པ་ལ་སོགས་པ་གང་གི་ཁོང་ནས་ང་ཡིར་འཛིན་པའི་སེམས་འདི་བྱུང་ས་གཏན་ལ་ཕབ་པ་དང་།ཡང་ན་སེམས་འདི་དངོས་པོ་ཡོད་པ་ལས་བྱུང་ངམ་དངོས་པོ་མེད་པ་ལས་བྱུང་བ་ཡིན་ནམ་བརྟག་དཔྱད་ཞིབ་པར་བྱས་ཏེ་གཏན་ལ་ཕབ་པར་བྱེད་དོ། །སེམས་དངོས་ཅན་དུ་འདོད་ན་དེའི་གཟུགས་དབྱིངས་ཁ་དོག་སོགས་ཀྱང་བདེན་གྲུབ་ཏུ་ཡོད་དགོས་པ་དང་།དངོས་མེད་སྟོང་རྐྱང་དུ་འདོད་ན་སྟོང་པ་དངོས་མེད་ཞིག་མེད་པའི་ཁམས་སུ་འགྲོ་ཚུལ་མེད་པ་ཡིན་ནོ། །དེའི་ཕྱིར་ན་སེམས་ཞེས་ཡེ་ནས་གཞི་རྩ་དང་བྲལ་ཞིང་།བྱུང་ས་དང་བྱུང་མཁན་ཞེས་དངོས་ཅན་བདེན་གྲུབ་ཅན་དུ་སྤུ་རྩེ་ཙམ་ཡང་མེད་ཅིང་།སེམས་ཀྱི་རང་བཞིན་ཡེ་ནས་སྐྱེ་འགགས་གནས་གསུམ་དང་བྲལ་བ་ཞིག་ཡིན་ནོ། །དེའི་ཕྱིར་ན་སེམས་དང་སེམས་བྱུང་ལྟར་སྣང་བའི་གཟུང་འཛིན་གྱི་ཀུན་རྟོག་ཐམས་ཅད་ཀྱང་ཡུལ་མེད་དུ་སངས་ཏེ།སེམས་ཉིད་སྨྲ་བསམ་བརྗོད་པ་ལས་འདས་པ་ཡོད་མེད་ཀྱི་ཁས་ལེན་ཐམས་ཅད་དང་བྲལ་ཞིང་།གཞི་མེད་རྩལ་བྲལ་འཁོར་འདས་ཀུན་ཁྱབ་ཀྱི་བདག་ཉིད་ཆོས་སྐུ་སྐྱེ་བ་མེད་པའི་དོན་གཤིས་ཐོག་ལ་ཕེབས་པ་ནི་སེམས་ཀྱི་མཚན་ཉིད་རང་བཞིན་མ་གྲུབ་པའི་དོན་མངོན་དུ་གྱུར་པ་ཡིན་ནོ། །གཉིས་པ་སེམས་གང་དུ་གནས་བརྟག་པ་ནི།ད་ལྟའི་སེམས་འདི་ཕྱི་རི་ཤར་ནས་སྣོད་བཅུད་ཀྱི་ཡུལ་སྣང་ཐམས་ཅད་དང་།ནང་དུ་རང་གི་ལུས་ཀྱི་མགོ་མཇུག་ཕྱི་ནང་བར་གསུམ་ཐམས་ཅད་ཀུན་ལ་བརྟག་ཅིང་དཔྱད་པའི་ཚེ་ན།སེམས་གནས་པའི་ཡུལ་མི་མཐོང་།གལ་ཏེ་གནས་ས་ཡོད་སྙམ་ན་སེམས་དེའི་གཟུགས་དབྱིབས་ཁ་དོག་ལ་སོགས་པ་དངོས་ཅན་བདེན་གྲུབ་ཏུ་ཡོད་དགོས་ཀྱང་དེ་ནི་ཡོད་པ་མ་ཡིན།དེའི་ཕྱིར་ན་སེམས་ཀྱི་མཚན་ཉིད་ཡེ་ནས་བདེན་གྲུབ་ཅན་དུ་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མེད་ཅིང།སྣང་བ་སྣང་དུས་ཉིད་ནས་དཔེར་ན་རྡོ་ཚན་གྱི་སྟེང་དུ་ཁ་བ་བབས་པ་ལྟར།ཤར་བ་རང་ས་ཉིད་ནས་རྗེས་མེད་དུ་འགྲོ་བས་ན།གནས་ས་དང་གནས་མཁན་ཞེས་གཉིས་སུ་མེད་པར་ངོ་བོ་ངེས་བཟུང་དང་བྲལ་བར་གཏན་ལ་ཕེབས་པ་ནི།གསལ་སྟོང་འགགས་པ་མེད་པའི་དོན་ཁོང་དུ་ཆུད་པའོ། །གསུམ་པ་སེམས་གང་དུ་འགྲོ་བརྟག་པ་ནི།ད་ལྟར་གྱི་སེམས་བྱུང་གནས་དང་བྲལ་ཚེ།ཡུལ་དང་ཡུལ་ཅན་ཐ་དད་དུ་གྲུབ་པ་རྡུལ་ཙམ་ཡང་མེད་ཀྱང།ད་དུང་དེ་ཙམ་གྱི་བློ་ཡིད་མི་ཚིམ་པར་འགྲོ་བའི་ཡུལ་ཞིག་ཡོད་སྙམ་ན།ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན་ས་རྡོ་རི་བྲག་ལ་སོགས་པ་དང་།ནང་རང་ལུས་མགོ་སྐྲ་རྩེ་མན་ཆད་ནས་རྐང་གི་སེན་རྩེ་ཡན་ཆད་དང་།བར་གྱི་ཕྱོགས་བཞི་མཚམས་བཞི་སྟེང་འོག་སོགས་གང་གི་ཕྱོགས་སུ་འགྲོ་བརྟག་ཅིང་དཔྱད་ནས།ཡུལ་དང་ཡུལ་དུ་འགྲོ་བའི་སེམས་དེའི་གཟུགས་དབྱིབས་སོགས་ངོས་བཟུང་ནས་དེའི་ཐོག་མཐའ་བར་གསུམ་དུ་གཏན་ལ་ཕབ་པའི་ཚེ་ན།སེམས་ཞེས་འགྲོ་མཁན་དངོས་ཅན་དང་།འགྲོ་བའི་ཡུལ་ཞེས་བདེན་པར་མ་གྲུབ་པའི་དོན་མཐོང་ཞིང་།ཕྱི་ནང་སྣོད་བཅུད་དུ་སྣང་བའི་ཡུལ་ཐམས་ཅད་སེམས་ཀྱིས་བཟོས་པར་ཐག་ཆོད་དེ་གཟུང་བ་ཆོས་ཀྱི་བདག་བདག་མེད་དུ་གཏན་ལ་ཕེབས།འགྲོ་མཁན་གྱི་སེམས་མེད་པས་ཡུལ་ཅན་རང་བཞིན་མེད་པའི་གདིང་རྙེད་ནས་ང་ཡིར་གྱི་ཤེས་པའི་རྫུན་ཕུག་སྟོང་སྟེ།སེམས་ཉིད་རིག་སྟོང་འགྲོ་འོང་དང་བྲལ་བ་ཀུན་ཁྱབ་ཀྱི་ཡེ་ཤེས་ཆེན་པོར་མངོན་དུ་གྱུར་ཅིང་།རིག་པ་སྐྱེ་འགག་གནས་གསུམ་དང་བྲལ་བའི་དོན་ཁོང་དུ་ཆུད་པས་ན།ཇི་སྐད་དུ།ཕྱོགས་བཅུ་དུས་བཞི་གང་ནས་ཀྱང་། །རྫོགས་པའི་སངས་རྒྱས་རྙེད་མི་འགྱུར། །སེམས་ཉིད་རྫོགས་པའི་སངས་རྒྱས་ཏེ། །སངས་རྒྱས་གཞན་དུ་མ་འཚོལ་ཅིག།ཅེས་པའོ། །གཉིས་པ་སེམས་གསལ་སྟོང་ཟུང་འཇུག་ཏུ་ངོ་སྤྲོད་པ་ནི།དེ་ལ་འདིར་སེམས་ཡེ་སྟོང་རྩ་བྲལ་ཀ་དག་ཆེན་པོ་ངོ་སྤྲོད་པ་ལ།མན་ངག་རྣམ་པ་བཞིའི་ཁོངས་སུ་འདུས་ཏེ།མན་ངག་རྣམ་པ་བཞི་གང་ཞེ་ན།ངོ་རང་ཐོག་ཏུ་སྤྲད་པ།ཐག་གཅིག་ཐོག་ཏུ་བཅད་པ། །གདིང་གྲོལ་ཐོག་ཏུ་བཅའ་བ།ངང་མངོན་གྱུར་དུ་འཇོག་པ་སྟེ།དེ་ལ་འདིར་ཐོག་མར་ངོ་རང་ཐོག་ཏུ་སྤྲད་པ་ལ།ད་ལྟའི་ཤེས་པ་སྨྲ་བསམ་བརྗོད་པ་དང་བྲལ་བ།བློའི་ཡིད་དཔྱོད་ལས་འདས་ཤིང་གཏིང་དཔག་དཀའ་བ།འདི་དང་འདིའོ་ཞེས་མཚན་མ་ངོས་བཟུང་དང་བྲལ་བའི་སྟོང་གསལ་འདུས་མ་བྱས་པ་འདི་ནི།རང་བྱུང་གི་ཡེ་ཤེས་ཆེན་པོ་ཆོས་སྐུ་ཀ་དག་གི་དགོངས་པ་མངོན་དུ་གྱུར་བ་ཡིན་ཏེ།ཐལ་འགྱུར་ལས།དགོངས་པ་བློ་ལས་འདས་པ་དང་། །མཚན་བཅས་རང་སར་དག་པ་དང་། །སྟོང་དང་དངོས་པོའི་མཐའ་གྲོལ་བ། །བློ་ཟད་ཡིད་ལས་འདས་པའོ། །ཞེས་པས།ད་ལྟའི་རིག་པ་བློ་ཡིས་བཅས་བཅོས་གང་ཡང་མ་བསླད་པར་ཤེས་པ་བཟོ་མེད་རང་བབས་སུ་ཆམ་བརྡལ་དུ་བཞག་པ་རང་བྱུང་གི་ཡེ་ཤེས་ཉིད་དུ་ངོ་ཤེས་ཏེ།ཆོས་སྐུ་བློ་ལས་འདས་པའི་དགོངས་པ་བཞི་ཆ་གསུམ་བྲལ་གྱི་ངང་ལས་མི་གཡོ་བར་བཞག་པ་སྟེ།དྲན་བསམ་སྔ་ཕྱི་ཐམས་ཅད་རིག་པའི་གདངས་ཡེ་ཤེས་ཀྱི་རོལ་རྩལ་དུ་ཤེས་ཏེ།ཤར་ཆ་གང་ལ་ཡང་བླང་དོར་དགག་སྒྲུབ་མི་བྱེད་པར་ཐག་གཅིག་ཐོག་ཏུ་བཅད་ནས་དེའི་ངང་དུ་སྤྲོས་པ་དང་བྲལ་བར་བཞག་པས།གང་སྣང་གང་ཤར་ཐམས་ཅད་ལྦུ་བ་ཆུར་ཐིམ་པ་ལྟ་བུར་རང་ཤར་རང་གྲོལ་དུ་འགྲོ་ཞིང་རིག་རྩལ་ཡེ་ཤེས་སུ་གོ་འཕོས་ཏེ།སྣང་སྲིད་གཞིར་བཞེངས་ཆེན་པོའི་དགོངས་པ་མངོན་དུ་གྱུར་པ་དེའི་ངང་ལས་རིག་པའི་གདིང་གྲོལ་ཐོག་དེ་ག་རུ་ཐག་བཅད་དེ་སྐུ་གསུམ་མཉམ་ཉིད་དབྱིངས་སུ་གདིང་བཅའ་བ་ལས་འབྲས་བུའི་གྲོལ་ས་འཕྲལ་དང་སླད་ཀྱི་འབྱུང་བ་མ་ཡིན་ཏེ།ཇི་སྐད་དུ།རང་སེམས་གྲོལ་བ་ཞེས་བྱ་སྟེ། །གཅིག་ནས་གཅིག་དུ་སོང་བ་མེད། །གང་གིས་བཀྲོལ་བ་མེད་པའི་སེམས། །གཞི་ནས་བྱུང་གནས་འགྲོ་འོང་མེད། །བརྟགས་པས་མ་རྙེད་རྒྱུ་མཚན་མེད། །གཞི་རྩ་མེད་པས་སྟོང་གསལ་གནས། །རང་གསལ་གནས་པའི་སེམས་དེ་ནི། །གནད་ཀྱིས་གྲོལ་བས་ཕྱོགས་རིས་མེད། །དུས་ཀྱིས་གྲོལ་བས་ལྟོས་གཞི་མེད། །འབད་མེད་གྲོལ་བས་རྩོལ་སྒྲུབ་མེད། །དེ་ལ་གདིང་གི་གྲོལ་བ་བཤད། །ཅེས་སོ། །དེ་ལྟ་བུའི་མན་ངག་ཟབ་མོའི་དགོངས་དོན་རྣམས་རང་གི་སྔོན་གྱི་སྨོན་ལམ་བཟང་པོའི་ལས་འཕྲོ་དང་།ཚོགས་གཉིས་ཀྱི་འབྲས་བུའི་མཐུ་ལ་བརྟེན་ནས་བརྒྱུད་ལྡན་བླ་མ་དམ་པས་རྗེས་སུ་བཟུང་སྟེ།སྨིན་བྱེད་ཀྱི་དབང་དང་གྲོལ་བྱེད་ཀྱི་གདམས་པ་ཟབ་མོའི་བྱིན་རླབས་ལ་བརྟེན་ནས་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ངང་མངོན་དུ་གྱུར་བའི་ཚེ་ན།དེ་ལ་བློ་ཡིད་དཔྱོད་ཀྱིས་བཅས་བཅོས་གང་ཡང་མི་བྱེད་པར་བློ་འདས་འོད་གསལ་ཆེན་པོའི་དབྱིངས་སུ་ལ་བཟླ་ཞིང་།རིག་སྟོང་བརྗོད་པ་དང་བྲལ་བ་ཡེ་གཞི་ཀ་དག་གི་ཀློང་དུ་གདིང་འཆོས་པས་ན་འཁོར་འདས་དག་མཉམ་ཆེན་པོར་གྲོལ་བ་སྟེ།ཇི་སྐད་དུ།ཆོས་སྐུའི་གནས་ལུགས་རྟོགས་ན་གང་ཡང་ཡིན།ཡིད་དཔྱོད་བློ་ཡིས་བཅོས་ན་ཁམས་གསུམ་གོལ། །བློ་འདས་བརྗོད་མེད་དོན་ལ་གདིང་འཆོས་ན། །འཁོར་འདས་དག་མཉམ་ཆོས་ཀྱི་དབྱིངས་སུ་གྲོལ། །ཞེས་གསུངས་པའོ། །དེ་ལྟར་སེམས་སྦྱང་གི་རིམ་པ་ཉམས་སུ་བླངས་པས་ཐུན་མོང་དུ་ཡིད་སྒྲིབ་དག་ཅིང་མངོན་ཞེན་ལྡོག་པ་དང་།ཁྱད་པར་དུ་སེམས་ཀྱི་མཚན་ཉིད་རང་བཞིན་མེད་པར་མཐོང་ནས་རིག་སྟོང་ཡེ་ཤེས་ཆེན་པོར་གྲོལ་ཏེ།མཐར་ཐུག་རྒྱལ་བ་ཀུན་དང་གཉིས་སུ་མེད་པ་ཐུགས་རྡོ་རྗེ་གདོད་མའི་གཞི་དབྱིངས་སུ་གྲོལ་བར་བྱེད་དོ། །གསུམ་པ་རྣལ་དབབ་དངོས་བཤད་པ་ལ།མི་ཡི་རྒྱུ་འགྲུལ་སོགས།ཤིག་གེར་བཞག༔ ཅེས་པས་བསྟན་ཏེ།དེ་ལ་འདིར་རྣལ་དུ་དབབ་པར་བྱ་བ་ལ།ཐལ་འགྱུར་ལས།འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་ཁྱད་པར་ཅན་གྱི་སྔོན་འགྲོའི་སྤྱོད་པ་རྣམས་ཀྱིས་ཁམས་དང་འབྱུང་བ་འཁྲུགས་པར་གྱུར་པ་ལ།རྣལ་མ་མ་བཅོས་རང་བབས་སུ་སྐྱོང་བའི་ཕྱིར་དུ་མི་ཡི་རྒྱུ་འགྲུལ་སོགས་བསམ་གཏན་ལ་ཚེར་མ་མེད་པའི་གནས་ཉམས་དགའ་ཞིང་ཡོན་ཏན་འཕེལ་བའི་ས།སྔོན་བྱོན་གྲུབ་བརྙེས་རྣལ་འབྱོར་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས་མཆོག་དབེན་པའི་དགའ་ཚལ་དུ།ལུས་ནི་བྱ་བ་བཟང་ངན་བླང་དོར་དང་བྲལ་བ་དུར་ཁྲོད་ཀྱི་མི་རོ་རྟོག་མེད་ལྟ་བུར་གཡོ་བ་དང་འགུལ་བསྐྱོད་གང་ཡང་མེད་པར་ལུས་རང་བབས་སུ་ཅི་བདེར་གནས་པར་བྱ་བ་དང་།ངག་ནི་པི་ཝང་གི་རྒྱུན་ཐག་ཆད་པ་བཞིན་དུ་བརྗོད་བྱའི་ཡུལ་ལས་འདས་ཤིང་ལྐུག་པ་ལྟ་བུ་ཇི་བཞིན་གཞན་ཕྱིར་དུ་གཏམ་སྨྲ་བ་དང་།རང་དོན་དུ་ཚིག་བརྗོད་པ་ཁ་དོན་བཟླས་བརྗོད་ལ་སོགས་པ་ཐམས་ཅད་ལ་བརྩོན་པ་སྤངས་ནས་བརྗོད་མེད་དུ་བཞག་པ་དང་།སེམས་ནི་ཡེ་ནས་སྤྲོས་པ་དང་བྲལ་བ་དཔེར་ན་སྤྲིན་མེད་ཀྱི་ནམ་མཁའ་ཇི་བཞིན་དུ།རང་བྱུང་གི་ཡེ་ཤེས་ལ་སྤང་བླང་དགག་སྒྲུབ་སོགས་ཀྱིས་བཅས་བཅོས་གང་ཡང་མེད་པར་འོད་གསལ་བརྗོད་པ་དང་བྲལ་བའི་ངང་དུ་རང་བབ་ཀྱིས་ལྷོད་དེ།གང་ཤར་གང་སྣང་ཐམས་ཅད་ལ་བཅས་བཅོས་མེད་པར་ཡེ་འབྱམས་གཉུག་མའི་ཀློང་དེར་ཤིག་གེར་བཞག་པའི་ཚེ་ན།ཡེ་སྟོང་བརྗོད་པ་དང་བྲལ་བའི་དགོངས་པ་མངོན་དུ་གྱུར་པའོ། །དེས་འབྱུང་བ་འཁྲུགས་པའི་སྐྱོན་རྣམས་རང་སར་ཞི་ནས་སྒོ་གསུམ་གྱི་འཛིན་ཞེན་ཐད་ཀར་གྲོལ་ཞིང་།རྣལ་མ་མ་བཅོས་པའི་དོན་ཁོང་དུ་ཆུད་དེ།མཐར་ཐུག་ཆོས་སྐུ་འགྱུར་བ་མེད་པའི་དགོངས་པའི་གཏན་སྲིད་ཟིན་པའི་དགོས་པ་ཡོད་དོ། །བཞི་པ་སོར་དུ་གཞུག་པ་ནི།དེ་མཐར་རྣམ་སྣང་སོགས།བསྣུན་ཏེ་བྱ༔ ཞེས་པས་བསྟན་ཏེ།འདིར་སོར་དུ་གཞུག་པར་བྱེད་པ་ལ།འདས་རྗེས་ལས།ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག།དེས་ནི་གསུམ་པོ་སོར་ཆུད་ནས།ཉམས་ལེན་ཉིད་ལ་བརྩོན་པར་འགྱུར། །ཞེས་པས།དང་པོ་ཉན་ཐོས་ཀྱི་ལྟ་སྟངས་ལ་རྣམ་པར་སྣང་མཛད་ཀྱི་ཆོས་བདུན་དང་ལྡན་པའི་སྒོ་ནས་མིག་གི་ལྟ་སྟངས་སྣ་རྩེར་ཕབ་སྟེ།སེམས་དང་སེམས་བྱུང་གི་བྱུང་ཚོར་གྱི་རྟོགས་པ་ཐམས་ཅད་རང་སར་ཡན་ཏེ་སྡོད་པའི་ཚེ་ན་སེམས་རང་བབས་སུ་གནས་པར་བྱེད་དོ། །རྣམ་པར་སྣང་མཛད་ཀྱི་ཆོས་བདུན་ནི།རྐང་པ་གཡོན་ནང་དང་གཡས་ཕྱི་ནས་བརླ་སྟེང་དུ་བཞག་སྟེ་རྡོ་རྗེའི་སྐྱིལ་ཀྲུང་བཅའ་བ་དང་།ལག་གཉིས་ཀྱི་མཐེ་བོང་གིས་སྲིན་རྩ་མནན་ནས་མཉམ་བཞག་བཅའ་བ་དང་།སྒལ་ཚིག་མདའ་ལྟར་བསྲང་བ་དང་།ཕོ་བ་རླུང་གིས་དགང་བ་དང་།དཔུང་པ་རྒོད་གཤོག་ལྟར་བརྒྱངས་པ་དང་།མགྲིན་པ་ལྕགས་ཀྱི་ལྟར་ཅུང་ཟད་ནང་དུ་བཀུག་ནས་རང་བབས་སུ་བཞག་པ་དང་།ལྕེ་ཡ་རྐན་དུ་བཅར་བ་སྟེ་ལུས་གནད་ཆོས་བདུན་དང་ལྡན་པར་བྱའོ། །སླར་ཡང་ལུས་གནད་སྔར་བཞིན་རྡོ་རྗེ་སྐྱིལ་ཀྲུང་དང་བཅས་པར་ལག་གཉིས་མཉམ་བཞག་གི་ཕྱག་རྒྱ་བྱས་ཏེ།མིག་གཉིས་ཐད་དྲང་གི་བར་སྣང་ཁམས་ཀྱི་དབྱིངས་སུ་ཧ་རེར་བལྟ་ཞིང་།སྟོང་ཉིད་སྤྲོ་བསྡུ་དང་བྲལ་བའི་ངང་དུ་མཉམ་པར་བཞག་པའི་ཚེ་ན་སེམས་བརྟན་པར་བྱེད་དོ། །དེ་ནས་ཡར་ཧར་གྱིས་ལངས་ཏེ།ཁྲོ་བོའི་སྟངས་སྟབས་རྐང་པ་གྱད་ཀྱི་འདོར་སྟབས་སུ་བགྲད་ཅིང།ལག་གཡོན་སྡིགས་མཛུབ་དཀུར་བརྟེན།གཡས་སྡིགས་མཛུབ་ཕྲག་སྟེང་ནས་སྟེང་གི་ནམ་མཁར་ཤུགས་ཀྱིས་འཕང་ནས་དེའི་ཕྱོགས་སུ་མིག་སྡང་མིག་ཏུ་བལྟ་ཞིང་།ཤེས་པ་ཡང་ནམ་མཁར་མདུང་ཚུགས་ཀྱིས་གཏད་དེ།དྲག་པོའི་གད་རྒྱང་ཧ་ཧ་ཞེས་དྲག་ལ་བཅད་ཐོན་པར་སྒྲོགས་པ་དང་།ཧཱུྃ་སྒྲ་བསྒྲག་ཅིང་གོམ་པ་དྲག་དུ་བོར་བ་དང་། །གྱ་ཚོམ་བྱ་ཞིང་མིག་ཀྱང་ནམ་མཁའ་བགྲད་ཅིང་ལྟ་སྟངས་གཟིར་བ་དང་།སླར་ཡང་སྡིག་མཛུབ་གཡས་དཀུར་བརྟེན་ཅིང་གཡོན་གྱི་སྡིག་མཛུབ་ནམ་མཁར་འཕང་བ་དང་མཉམ་དུ།མིག་གི་ལྟ་སྟངས་དང་ཤེས་པ་ནམ་མཁར་གཏད་པ་སོགས་སྔར་ལྟར་བྱ་ཞིང་།ངག་ནས་ཧི་ཧི་ཞེས་ཁྲོ་བོའི་རྒྱང་གླུ་དྲག་ལ་བཅད་ཐོན་པར་བརྗོད་པ་དང་།ཡང་རུ་ལུ་བསྒྲག་ཅིང་གོམ་པ་དྲག་ཏུ་བོར་བ་དང་།གྱ་ཚོམ་བྱེད་པ་རྣམས་རེས་མོས་སུ་བྱའོ། །དེ་ལྟར་ཁྲོ་བོའི་ལྟ་སྟངས་དང་ལུས་གྱད་སྟབས་སོགས་བྱས་པར་སེམས་བརྟན་པ་མཐར་འཕྱིན་ནས་བརྟུལ་ཞུགས་རྩལ་ཐོན་ཏེ།མཐར་ཐུག་རིག་པ་ཆོས་ཉིད་ཀྱི་གདིང་ཆེན་པོར་དབང་འབྱོར་བ་སྟེ།ཀློང་གསལ་ལས།ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབ། །བོདྷི་སཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་འགྲུབ། །ཅེས་གསུངས་སོ། །དེ་བཞིན་ཕྱི་ནང་གསང་བའི་སྔོན་འགྲོའི་སྤྱོད་པའི་རིམ་པ་རྣམས་ཀྱང་ལེ་ལོ་དང་གཡེང་བ་མེད་པར་ཚུལ་བཞིན་དུ་ཉམས་སུ་བླངས་ཏེ།རང་གི་སྒོ་གསུམ་གྱི་གནད་འཆུན་པར་བྱ་ཞིང་།ལུས་ཀྱི་འདུག་སྟངས།ངག་གི་ཧཱུྃ་སྒྲ།སེམས་ཀྱི་དམིགས་བསམ་སོགས་ཐམས་ཅད་ཀུན་ལ་རང་བཟོ་དང་སླ་ཐབས་སྤངས་ནས།དེ་དག་གི་ཡོན་ཏན་དང་ཕན་ཡོན་སོགས་ལ་བློ་ཐུབ་ཡིད་ཆེས་ཀྱི་དད་མོས་དྲག་པོའི་སྒོ་ནས་ཉམས་སུ་བླངས་ཏེ།རབ་ཞག་གྲངས་བརྒྱད་ཅུར་བརྩོན་ཞིང་སྒོ་གསུམ་གྱི་མངོན་ཞེན་མ་ལྡོག་གི་བར་དུ་གནད་དུ་བསྣུན་ཏེ་འབད་པར་བྱ་བ་ནི་ཁྱད་པར་གྱི་དགོས་ཆེད་དུ་གདམས་པའོ། །དེ་དག་གི་ཡོན་ཏན་ནི།དེ་མཐུས་གནས་སྐབས་སོགས།སྨིན་གྲོལ་བྱེད༔ ཅེས་པས་བསྟན་ཏེ།དེ་ལྟར་ལམ་མཆོག་ཟབ་མོ་འདི་ལྟ་བུ་ཉམས་སུ་བླང་བ་དེའི་མཐུ་ལ་བརྟེན་ནས།གནས་སྐབས་སུ་ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་།ས་དང་ལམ་གྱི་གེགས་སེལ་ཞིང་དམ་པའི་ཆོས་ཀྱི་ཡོན་ཏན་མཐའ་དག་རང་གི་རྒྱུད་ལ་ཐོབ་པ་དང་།མཐར་ཐུག་སྒོ་གསུམ་གྱི་དྲི་མ་མ་དག་པའི་ཉེས་སྐྱོན་ཐམས་ཅད་དང་བྲལ་ནས་སྒོ་གསུམ་དག་པ་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གནས་སུ་འགྱུར་ཏེ།ལྷུན་གྲུབ་སྐུ་དང་ཡེ་ཤེས་ཆེན་པོའི་རོལ་པར་སྨིན་པ་དང་། །དེ་ལས་ཕྱིར་མི་ལྡོག་པར་བརྟན་པ་ཐོབ་པ་ནི་གྲོལ་བ་ཡིན་ནོ།དེ་ལྟར་ཡིད་ཀྱི་རི་ཤན་དབྱེ་བ་བསྟན་པའི་ལེའུ་སྟེ་དྲུག་པའོ། །ས་མ་ཡ།གུ་ཧྱ༔ ཞེས་པ་བཀའ་རྩིས་ཀྱི་ཕྱག་རྒྱས་བཏབ་པའི་དོན་ནོ། །དེ་ཡན་ཆད་ཀྱིས་སྒོ་གསུམ་གྱི་སྔོན་འགྲོའི་རིམ་པ་བསྟན་ཟིན་ཏོ། །། །གཉིས་པ་དངོས་གཞི་ཉམས་སུ་ལེན་པའི་རིམ་པ་ལ།རྡོ་རྗེའི་ལུས་ལ་གནས་ལུགས་སྒྲོན་མ་དྲུག་གི་འཆར་གཞི་མ་འགགས་པར་རང་བྱུང་ཇི་ལྟར་ཡོད་པའི་ཚུལ་དང་།སྒོ་གསུམ་གྱི་གནད་བཤད་པ།གནད་གསུམ་གྱིས་འོད་གསལ་ལ་བལྟ་བ།གཞི་དང་ལམ་གྱི་སྒྲོན་མའི་ངང་ཚུལ་བསྟན་པ།འབྱུང་བ་སྙིགས་མ་དྭངས་མར་སྦྱོང་བའི་ཐབས།ཚུལ་བཞིན་མ་རྟོགས་ན་གཟུང་འཛིན་གྱི་ལམ་དུ་གོལ་ཚུལ།ངང་ཚུལ་ཇི་བཞིན་དུ་རྟོགས་ན་ལམ་དང་འབྲས་བུ་གཞན་ལས་འཕགས་ཚུལ།ལམ་རྟགས་སྣང་བ་བཞིའི་ས་མཚམས།མཐའ་རྟེན་གྱིས་འཇུག་བསྡུ་བ་སྟེ་དངོས་དོན་གྱི་ས་བཅད་རྣམ་པ་དགུ་ལས།དང་པོ་རྡོ་རྗེའི་ལུས་ལ་གནས་ལུགས་སྒྲོན་མ་དྲུག་གི་འཆར་གཞི་མ་འགག་པར་རང་བྱུང་ཇི་ལྟར་ཡོད་པའི་ཚུལ་ནི།དེའང་རྡོ་རྗེའི་ལུས་འདི་གྲུབ་པའི་ཐོག་མར་མའི་མངལ་གནས་སུ་ལྟེ་བ་སྤྲུལ་པའི་འཁོར་ལོའི་རྩ་འཁོར་རྣམས་ཆགས་ཏེ།དེའི་ལྟེ་བར་སྙིགས་མ་འབྱུང་བའི་སྤྱན་དང་།དྭངས་མ་ཡེ་ཤེས་ཀྱི་སྤྱན་གཉིས་ཐིག་ལེ་ཉ་མིག་ཙམ་པ་ཟུང་འཇུག་ཏུ་ཆགས།དེའི་བྱེད་ལས་ཀྱིས་རིམ་བཞིན་སྙིང་ག་མགྲིན་པ་སྤྱི་བོ་གསང་གནས་ཀྱི་རྩ་འཁོར་རྣམས་རིམ་བཞིན་དུ་ཆགས་པ་ཡིན།དབུ་རྐྱང་རོ་གསུམ་ལྟེ་བ་ནས་འཁོར་ལོ་ལྔ་པོའི་དབུས་སུ་ཡས་མར་སྲོག་ཤིང་གི་ཚུལ་དུ་ཆགས།འབྱུང་བའི་སྤྱན་གྱིས་མ་དག་པའི་རྩ་རླུང་ཐིག་ལེའི་ཁམས་རྣམས་བསྐྱེད་པ་དང་དབང་པོའི་དྭངས་མ་མིག་གི་ཨ་འབྲས་ཀྱི་དཀྱིལ་ནས་དབང་རྟེན་དྭངས་གསལ་གཟུགས་མཐོང་བྱེད་དུ་སྐྱེ་བ་སྟེ།དེས་མ་དག་འཁྲུལ་སྣང་གི་དངོས་པོ་ཐམས་ཅད་མཐོང་བར་བྱེད་དོ། །སྒྲོན་མའི་སྤྱན་ལས་དག་པ་རྩ་རླུང་ཐིག་ལེའི་ཁམས་རྣམས་བསྐྱེད་པ་དང་།འོད་རྩ་ཤིན་ཏུ་དྭངས་པ་འཁྲུལ་པའི་སྣང་བ་མི་འཛིན་ཅིང་དག་པ་ཡེ་ཤེས་ཀྱི་སྣང་བ་འཛིན་ཏེ་འོད་གསལ་ཆོད་ཉིད་ཀྱི་སྣང་བ་མངོན་སུམ་དུ་མཐོང་བར་བྱེད་པའི་ལམ་ཡིན་ནོ། །གཉིས་པ་སྒོ་གསུམ་གྱི་གནད་བཤད་པ་ནི།འདུག་སྟངས་རྣམ་པ་སོགས།བལྟ་བ་ཡིན༔ ཞེ་པས་བསྟན་ཏེ།དེ་ལའང་དང་པོ་ལམ་མཆོག་འདི་ཉིད་ཉམས་སུ་ལེན་པར་བྱེད་པ་ལ།རྟེན་ལུས་ཀྱི་གནད་མ་གཅུན་ན།རྩ་གནད་དུ་མི་ཆུན་པ་དང་།དེ་མ་ཆུན་ན་རླུང་རིག་གཉིས་གནད་མི་ཆུན་ཞིང་།དེས་འོད་གསལ་མངོན་དུ་མི་གསལ་བའི་སྐྱོན་དེས་བཅིངས་པས་ན།མི་འགུལ་བ་གསུམ་ལ་གཞི་བཅའ་དགོས་ཏེ།དང་པོ་ལུས་འདུག་སྟངས་ལས་མི་འགུལ་བར་བྱ་བའི་གནད་དོན་ནི།དབྱིངས་དང་ཐིག་ལེ་རླུང་གི་ཆ་དང་བཅས་པ་ཐམས་ཅད་ལུས་ཀྱི་རྩ་ཁམས་རྣམས་སུ་ཁྱབ་ནས་ཡོད་པ་ལ།ལུས་གནད་མ་གཅུན་ན་དེ་དག་མངོན་དུ་མི་འགྱུར་བ།དཔེར་ན་སྦྲུལ་ལ་རྐང་ལག་ཡོད་ཀྱང་རྐྱེན་དང་མ་འཕྲད་ཚེ་མི་མངོན་པ་ལྟར།ལུས་བཞུགས་སྟངས་རྣམ་པ་གསུམ་དང་མི་འབྲལ་བར་བྱ་བ་ནི་སྒོ་གསུམ་གྱི་གནད་མཆིས་པའི།ཆོས་ཉིད་ཡིད་དཔྱོད་ལས་འདས་པའི་འོད་གསལ་མངོན་དུ་བྱེད་པ་དང་། །ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཐོབ་ནས་ཡེ་གདངས་ལྷུན་གྲུབ་རིན་པོ་ཆེའི་དབྱིངས་ཉིད་ལྐོག་གྱུར་མུན་བསྒོམ་ལྟ་བུའི་བློ་ཡིད་ཀྱིས་བཅས་བཅོས་མ་ཡིན་པར་མངོན་སུམ་དབང་པོའི་ཡུལ་དུ་གྱུར་པའོ། །དེའི་ཕྱིར་ན་དང་པོ་ལུས་བཞུགས་སྟངས་གསུམ་ལ་གཞི་བཅའ་དགོས་ཏེ།དེ་ལ་བཞུགས་སྟངས་དང་པོ་དྲང་སྲོང་ཙོག་པུ་བྱེད་པ་ལ།རྐང་མཐིལ་གཉིས་མཉམ་དུ་སར་ཕབ་པས་མ་དག་པའི་རླུང་གི་རྩལ་གནོན་པ་དང་།པུས་བྲང་ཁ་སྦྱར་བས་ལས་རླུང་རང་མལ་དུ་གསོད་པར་བྱེད།རྐང་པའི་ལོང་བུ་གཉིས་གཤིབས་པས་ཐབས་ཤེས་འབྲེལ་བའི་གནད་དང་།ལག་པའི་སོར་མོ་རྣམས་དྲཱ་མིག་ལྟར་བསྣོལ་ནས་པུས་མོ་ཆུའི་འཁོར་ལོ་དང་ལག་མཐིལ་མེའི་དཀྱིལ་འཁོར་གཉིས་ཁ་སྦྱར་དུ་འཁྱུད་པས་ཚ་གྲང་ཆ་སྙོམས་ཤིང་དབྱིངས་དང་རིག་པ་འདྲེས་པའི་གནད་དང་།འཇིང་པ་ཐད་དྲང་དུ་བསྲང་བས་སྒྲོན་མ་བཞིའི་གནད་འཆུན་པའི་དགོས་པ་ཡོད་དོ། །ཡང་ན་རྐང་པ་གཉིས་སྔར་བཞིན་བྱས་ཏེ།ལག་པའི་དཔུང་པ་གཉིས་བསྣོལ་ནས་མཆན་ཁུང་གཡས་གཡོན་དུ་འཆང་བའི་མཐིལ་གཉིས་ཀ་དང་སྤྲད་པ་མེ་གཉིས་འཕྲད་པས་གྲང་བའི་ནད་རིགས་སེལ་བར་བྱེད་དོ། །ཡང་ཅིག་ལྐོག་མ་མེའི་འཁོར་ལོ་དང་ལག་རྒྱབ་ཆུའི་འཁོར་ལོ་གཉིས་ཁ་སྦྱར་བས་ཚ་བའི་ནད་སེལ་ཏེ།ལུས་ཀྱི་འབྱུང་བ་ཆ་སྙོམས་པའི་ཕྱིར་པུས་མོ་གཉིས་ཀྱི་སྟེང་དུ་ལག་པའི་གྲུ་མོ་གཉིས་བཙུགས་ནས་སྡོད་པ་ནི་ལུས་ཀྱི་རྩ་མི་མཆུས་པའི་གནད་ཡོད་དོ། །དེ་ལྟར་གྱི་བཞུགས་སྟངས་ལ་བསླབ་པར་བྱེད་པ་ནི་སྤྲུལ་སྐུའི་ལམ་ཁྱེར་གྱི་ལུས་གནད་དང་།དེ་ལ་སྦྱངས་པའི་ཡོན་ཏན་ཐོབ་པར་བྱ་བའི་གནད་རྣམས་བསྟན་པ་ཡིན་ནོ།གཉིས་པ་གླང་ཆེན་འདྲིལ་སྟངས་བྱ་བ་ལོངས་སྐུའི་བཞུགས་སྟངས་ལ།རྐང་མཐིལ་གཉིས་ཀྱི་སོར་མོ་རྣམས་ཕྱིར་ཕུད་པས་གཡོ་བ་ལས་ཀྱི་རླུང་འཛིན་པའི་གནད་དང་།ཁ་སྦུབས་སུ་ཉལ་བས་ཚོགས་པའི་ཆོས་བཅར་ལ་གནོན་པའི་གནད་དང་།པུས་བྲང་གཉིས་ཆ་མཉམ་དུ་སྦྱར་བས་འབྱུང་བའི་དྲོད་འབེབས་པའི་གནད་དང་།ལག་པའི་གྲུ་མོ་གཉིས་ཀ་སར་བཙུགས་པས་དབྱིངས་ཐོག་ཏུ་རིག་པ་འདྲེན་པའི་གནད་དང་།ལག་པའི་མཐིལ་གཉིས་ཀྱིས་འགྲམ་པ་གྱེན་ལ་བཏེགས་པས་དབྱིངས་དང་རིག་པ་གཉིས་མི་འབྲལ་བའི་གནད་ཡོད་དོ། །འདི་ནི་ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ལམ་ཁྱེར་དུ་བྱ་བའི་གནད་དང་།དེའི་ཡོན་ཏན་ཐོབ་པའི་ཚུལ་བཤད་པའོ། །ཡང་ཅིག་གསུམ་པ་ཆོས་སྐུ་སེང་གེའི་འདུག་སྟངས་ནི།རྐང་པ་གཉིས་མདུན་དུ་ས་ལ་ཕབ་ནས་མཐིལ་གཉིས་ཁ་སྤྲད་པས་ན་འབྱུང་བ་སྙོམས་པའི་དྲོད་ཀྱི་གནད་དང་། །ལག་གཉིས་དེའི་དབུས་སུ་སོར་མོ་རྣམས་སྒོངས་ཏེ་རྡོ་རྗེ་ཁུ་ཚུར་བྱས་ནས་མདུན་སར་བཙུགས་ཏེ་འདུག་པས་འཕྲོ་བ་ལས་ཀྱི་རླུང་ལྡོག་པའི་གནད་དང་།རོ་སྟོད་གསང་ལ་བོར་ནས་རྒལ་རྒྱུད་དྲངས་པོར་བསྲངས་ཏེ་སྡོད་པར་ཉམས་སྣང་མྱུར་དུ་འཆར་བའི་གནད་དང་།མགོ་རྩལ་འཇིང་པ་ལ་བོར་བས་དབྱིངས་རིག་འདུ་འབྲལ་མེད་པའི་གནད་དོ། །འདི་ནི་ཆོས་སྐུའི་བཞུགས་སྟངས་ཀྱི་ལམ་ཁྱེར་བྱ་བའི་གནད་དང་།དེས་ཆོས་ཉིད་འོད་གསལ་བའི་ཡེ་གདངས་མངོན་སུམ་དུ་སྣང་བའི་ཐབས་ཁྱད་པར་ཅན་ཡིན་པས་གནད་མཆོག་ཏུ་ཤེས་པར་བྱའོ། །དེ་ལྟར་གྱི་བཞུགས་སྟངས་རྣམ་གསུམ་གང་ལའང་ལུས་ཀྱི་ཆ་སོ་སོར་སྙོམས་ཤིང་ལྷོད་ཆགས་པ་དབྱིངས་དང་ཐིག་ལེའི་གནད་བརྟན་པས་ན་གང་བདེར་བྱེད་པ་ལས།བཞུགས་སྟངས་གསུམ་ཀ་དུས་གཅིག་ལ་འགྲོ་དགོས་པའི་མཐའ་མ་ངེས་སོ། །ཡང་མིག་མི་འགུལ་བ་ལྟ་སྟངས་དང་མི་འབྲེལ་བར་བྱེད་པ་དེ་ལ།འདུག་སྟངས་དང་པོ་དྲང་སྲོང་ཙོག་པུ་བྱས་ཏེ།གཟིགས་སྟངས་ཀྱང་མིག་ཅུང་ཟད་སྣ་རྩེར་ཕབ་པས།སྤྲུལ་སྐུ་ལ་ཤེས་རབ་ཀྱི་སྤྱན་མངའ་བས་ཡེ་ཤེས་ཀྱི་མཐོང་ཕྱེ་བའོ། །གཉིས་པ་ལོངས་སྐུ་ལ་ཡེ་ཤེས་ཀྱི་སྤྱན་ཡོད་པས།གཟིགས་སྟངས་ཀྱང་གཡས་སམ་གཡོན་ཕྱོགས་ཡང་ན་འཕྲེད་ཟུར་ལ་བལྟ་བ་དང་།ཡེ་ཤེས་རང་བབས་སུ་གསལ་བའི་ཕྱིར་དུ་རང་གི་མདུན་ཐད་ཀྱི་ནམ་མཁའི་མཐོངས་ལ་དྲང་པོར་བལྟ་བ་སོགས་རེས་མོས་སུ་བྱས་ཏེ།དབྱིངས་སྣང་ཇི་ལྟར་གསལ་བ་དེ་རུ་བཞག་པར་བྱེད་དོ། །གསུམ་པ་ཆོས་སྐུ་ལ་ཆོས་ཉིད་ཀྱི་སྤྱན་ཡོད་པས་ན།གཟིགས་སྟངས་ཡང་མིག་འབྲས་གྱེན་དུ་བཟློག་སྟེ།གཙུག་ཏོར་གྱི་ནམ་མཁར་བལྟས་ཚེ་ཡེ་ཤེས་ཀྱི་སྣང་བའི་མཐོང་ཕྱེ་བ་ཡིན་ནོ། །དེ་ལྟར་གྱི་བཞུགས་སྟངས་དང་གཟིགས་སྟངས་རྣམ་གསུམ་གྱི་ཡོན་ཏན་ཐོབ་ཚུལ་གྱི་ཁྱད་པར་ནི།ཐལ་འགྱུར་ལས།ཆོས་སྐུའི་བཞུགས་སྟངས་སེངྒེ་ཡིས།འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེ་མིག་གིས་མཐོང་བར་འགྱུར།ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་སྐུའི་སྣང་བ་རང་སྤྲུལ་ནས། །ཆོས་ཀྱི་མིག་གིས་མཐོང་བར་འགྱུར། །ཞེས་སོ། །གཉིས་པ་ངག་གི་གནད་ནི་རྩ་རྒྱུད་ལས།ངག་མི་བསླབ་དང་གནས་པ་དང་།ལ་ཟླ་བ་ཉིད་བརྟེན་པར་བྱ། །ཞེས་གསུངས་པས་ན།ངག་སྨྲ་བ་མ་བཅད་ན་དེ་ལ་བརྟེན་ནས་འགྱུ་འཕྲོའི་རྟོག་ཚོགས་ཀྱི་འཁྲུལ་པ་འཕེལ་བ་དང་།དེའི་རྐྱེན་གྱིས་ཆགས་སྡང་རེ་དོགས་ཀྱི་བརྗོད་ཚིག་སྣ་ཚོགས་འབྱུང་ཞིང་ཡིད་སློང་བྱེད་ཀྱི་སྒྲིབ་པར་འགྱུར་བས་ན།ངག་གནད་སྨྲ་བཅད་བྱེད་པ་ཤིན་ཏུ་གལ་ཆེ་སྟེ།ཀློང་གསལ་ལས།དེ་ལྟར་ངག་གནད་སུས་གཟིར་བ། །ངག་གི་རྐྱེན་ཟད་མྱ་ངན་འདས།ཞེས་སོ། །གསུམ་པ་སེམས་ཀྱི་གནད་ནི་ཀློང་གསལ་ལས།སེམས་ནི་ཕྱི་ཡི་མཁའ་ལ་གཏད། །ནང་གི་སྒྲོན་མ་མངོན་དུ་སྣང་། །ཞེས་གསུངས་པས། །དེ་ཡང་གཞི་སྐྱེ་འགག་གནས་གསུམ་དང་བྲལ་བ་ཆོས་ཉིད་ནམ་མཁའི་རང་བཞིན་དུ་ངོ་ཤེས་པ་དང་།ལམ་འོད་གསལ་རིག་སྟོང་བསམ་བརྗོད་ལས་འདས་པ་མཉམ་རྫོགས་ཀློང་ཡངས་ཆེན་པོའི་ངང་མངོན་དུ་གྱུར་ཅིང་།འབྲས་བུ་བླ་ན་མེད་པ་རང་ཐོག་ཏུ་རང་སངས་པ་དཔེར་ན་དབྱིངས་དབྱིངས་ལ་ཐིམ་པ་ལྟར།རིག་པ་སྨྲ་བསམ་བརྗོད་པ་དང་བྲལ་བའི་ཆོས་ཉིད་དེ་བཞིན་ཉིད་དུ་མ་བཅོས་རང་སར་ཡན་པས་ན་ཀློང་གསལ་ལས།དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར།ཞེས་སོ། །དོན་གསུམ་པ་གནད་གསུམ་གྱི་འོད་གསལ་ལ་བལྟ་བ་ནི།སྒོ་གནད་མིག་ནི་སོགས།དལ་བར་བསླབ༔ ཅེས་པས་བསྟན་ཏེ།དེ་ལ་འདིར་ཐོད་རྒལ་གྱི་གནད་སྒོ་ཡུལ་རླུང་རིག་ལ་ཐུག་སྟེ།ཐལ་འགྱུར་ལས།དེ་ཡང་སྒོ་དང་ཡུལ་ཉིད་དང་། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་པས། །དང་པོ་འཆར་བྱེད་སྒོ་ཡི་གནད་ནི་དབང་པོའི་དྭངས་མ་མིག་ཡིན་ཏེ།དེ་ཉིད་ལྡོག་ཕབ་ཐད་དྲང་དུ་ཕྱེད་བཙུམ་ཟིམ་བུར་བལྟ་བ་དང་།ཡུལ་གྱི་གནད་ཆོས་སྐུའི་རྟེན་ཉི་མའི་འོག་ཁྲུ་གང་མ་རེག་ཙམ་དུ་སྨིན་ཕྲག་གི་ནམ་མཁར་བལྟ་བ་དང་།ལོངས་སྐུའི་རྟེན་ཟླ་བའི་དཀྱིལ་ལམ་ངོས་ལ་ཐད་དྲང་དུ་བལྟ་བ་དང་།སྤྲུལ་སྐུའི་རྟེན་ཨ་ལོ་ཀེ་དང་མན་ཤེལ་གཉིས་ལ་ཡིད་ཙམ་སྟེང་དུ་དཔེར་ན་དྲང་སྲོང་མདའ་སྲོང་ལྟ་བུས་བལྟ་བ་་ཡིན་ནོ། །གཉིས་པ་རླུང་གི་གནད་འོག་མའི་ཐེག་པ་ལྟར་ཕྱེད་བཅིང་གི་ལམ་ལ་མི་ལྟོས་པར།མཆུ་སོ་གཉིས་ཅུང་ཟད་མ་རེག་པར་བྱས་པའི་བར་ནས་དབུགས་ཀྱི་འབྱུང་འཇུག་དལ་བར་བསླབ་པར་བྱ་བ་སྟེ།རླུང་སེམས་ཡན་པའི་གནད་ཀྱིས་གྲོལ་བ་འབྱུང་སྟེ།ཅི་ཕྱིར་ཞེ་ན་མ་དག་ལས་ཉོན་བག་ཆགས་ཀྱི་རྒྱུའི་རླུང་སེམས་རགས་པ་མངོན་གྱུར་གྱི་སྒོ་ཁ་དང་།ཕྲ་བ་ལྐོག་གྱུར་གྱི་སྒོ་སྣ་བུག་གཉིས་ཡིན་ཏེ།དེའི་རྒྱུ་ཚུལ་གློ་བ་ནས་རྩ་གྲོ་སོག་གི་སྦུ་གུ་ཙམ་ནས་ལས་རླུང་གི་རྒྱུ་བས་གང་བར་གནས་པ་དེའི་འཕེལ་ཁ་ཆེར་མཆེད་པའི་རྐྱེན་གྱིས་དུག་ལྔའི་རྟོག་པ་རགས་པ་དང་ཚ་བའི་ནད་སློང་།རླུང་མར་འགྲིབ་པའི་ཚེ་གྱ་གྱུའི་རྟོགས་ཚོགས་ལུང་མ་བསྟན་དུ་མ་འབྱུང་བ་དང་།གྲང་བའི་ནད་ལྡང་བ་སོགས་རླུང་གི་འགྱུ་ཆ་ལ་བརྟེན་ནས་ཀུན་རྟོག་ཆེ་འབྲིང་ཆུང་གསུམ་མ་ངེས་གྲངས་ལས་འདས་པ་འབྱུང་ངོ་། །དེས་ནི་རྒྱུ་སེམས་ཀྱི་རང་བཞིན་ཆོས་ཉིད་ཀྱི་གདངས་སྐྱེས་བུ་འཕྱེ་བོ་ལྟ་བུ་དང་།རྐྱེན་ལས་རླུང་རྟ་རྒོད་ལོང་བ་ལྟ་བུ་གཉིས་དུས་འཛོམ་པའི་ཚེ་ན།རྟེན་འབྲེལ་གདངས་རྩལ་སྒོ་ལྔའི་ཡུལ་འཛིན་ཅིང་འཁྲུལ་པ་སྣ་ཚོགས་ཀྱི་ལས་བྱེད་དེ།དུར་ཁྲོད་ཕུང་པོ་རོལ་པ་ལས།སེམས་ཀྱི་ངོ་བོ་ཡེ་ཤེས་ཏེ།དེ་ལ་གཟུང་འཛིན་རྩལ་དུ་ཤར།དབུགས་ལ་རྟ་བྱས་རྐྱེན་དང་འཕྲད། །ཅེས་གསུངས་སོ། །སེམས་ཀྱི་རྣམ་པར་རྟོག་པའི་བཞོན་པ་ལྟ་བུར་ཞག་གཅིག་ལ་དབང་པོ་དར་ལ་བབ་པའི་རླུང་ཉི་ཁྲི་ཆིག་སྟོང་རྒྱུ་བའི་ཕྱིར་ན།རྩ་རླུང་འཛིན་རྩོལ་ཅན་གྱི་ལམ་ནས་རླུང་སེམས་བཙན་ཐབས་སུ་འཆིང་བར་བྱེད་པའི་ཐབས་ཟབ་མོ་དུ་མ་ཡོད་ཀྱང་།དེ་ཉིད་གེགས་དང་གོལ་ས་ཤིན་ཏུ་མང་བ་ཡིན་མོད།དེས་ན་ལམ་འདིའི་སྐབས་སུ་རླུང་གནད་ཁ་སྣ་གཉིས་ནས་ཆ་མཉམ་དུ་མཆུ་སོ་བག་ཙམ་ཕྱེ་བའི་བར་ནས་དབུགས་ཀྱི་འབྱུང་འཇུག་བྱས་ཏེ།བཟང་རྟོག་གི་རིགས་བླ་མ་ལ་དད་པ་ཆོས་ལ་མོས་གུས་འཁོར་བར་ངེས་འབྱུང་སེམས་ཅན་ལ་སྙིང་རྗེ་སྐྱེ་བ་སོགས་འབྱུང་ཚེ་རླུང་ནང་དུ་ཅུང་ཟད་བཟུང་སྟེ་ཕྱིར་དལ་བུས་འབུད་པ་དང་།ངན་རྟོག་གི་་རིགས་ཉོན་མོངས་ཆགས་སྡང་གིས་རྒྱུད་བསླངས་ནས་བླ་མ་དང་ཆོས་གྲོགས་ལ་ལོག་ལྟ་སྐྱེ་བ་དང་།ཆོས་ལ་དད་མོས་མེད་ཅིང་བསྒོམ་སྙིང་མི་འདོད་པ་སོགས་འབྱུང་བའི་ཚེ་ན་རླུང་ཕྱིར་འབུད་ཅིང་ནང་དུ་ཆེར་མི་འཛིན་པ་དང་། །ཁྱད་པར་བླ་མ་ལ་གསོལ་བ་འདེབས་ཤིང་དབང་བཞི་ལེན་པ་དང་།འཁོར་བ་སྡུག་བསྔལ་གྱི་རང་བཞིན་དུ་ཤེས་བཞིན་པའི་ངང་ནས་རང་རྒྱུད་ཆོས་ལ་བསྐུལ་བར་བྱེད་པའི་གནད་ལ་བསླབ་པར་བྱའོ། །གསུམ་པ་རིག་པའི་གནད་ནི།ཤེས་པ་མངོན་གྱུར་སོགས།གནད་དུ་ཤེས༔ ཅེས་པས་བསྟན་ཏེ།དབྱིངས་ཐོག་ལས་རིག་པ་གཡོ་མེད་དུ་བཞག་ཅིང་།དཔེར་ན་སྤྲིན་དང་བྲལ་བའི་ནམ་མཁའ་ལྟར།ཤེས་པ་མངོན་གྱུར་གྱི་ངང་མདངས་སྨྲར་བསམ་བརྗོད་པ་དང་བྲལ་བ་རིག་པའི་གཤིས་མ་བཅོས་རང་གསལ་ཆེན་པོའི་ངང་ལས་གཡོ་འགུལ་འཕོ་འགྱུར་མེད་པར་རིག་སྟོང་བསམ་ངོ་དང་བྲལ་བའི་དབྱིངས་སུ་ལྷན་ནེར་སྡོད་པ་ནི་མི་རྟོག་ཡེ་ཤེས་ཆེན་པོའི་དགོངས་པ་མངོན་དུ་འགྱུར་བར་བྱེད་པའོ།འདི་ལྟ་བའི་ཐབས་ཁྱད་པར་ཅན་གྱི་མན་ངག་དེ་དག་ལ་བརྟེན་ནས་མ་དག་པའི་རླུང་ལ་དག་པ་ཡེ་རླུང་གིས་རྒྱས་ཐེབས་ཏེ།དབྱིངས་ཐིག་འོད་གསལ་གྱི་སྣང་བ་གོང་དུ་འཕེལ་ཞིང་རིག་གདངས་དབྱིངས་ཀྱི་གོ་རར་དལ་བའི་གནད་གྱིས་བརྟན་པ་ཐོབ་པའི་ཐབས་ཁྱད་པར་ཅན་དུ་བསྟན་པས་ན་འདི་ཉིད་མཆོག་ཏུ་ཤེས་པར་བྱའོ།དེས་ན་ཉམས་ལེན་གནད་ཀྱི་མན་ངག་མདོར་བསྟན་པ་ནི།བྱ་བྱེད་ལས་ཀྱི་སྒོ་ལུས་ཡིན་པས་ན།དེ་ཉིད་བཞུགས་སྟངས་ལས་མི་འགུལ་བར་དཔེར་ན་དུད་ཁྲོད་ཀྱི་མི་རོ་བཞིན་དུ་རྟོག་མེད་དུ་སྡོད་པ་དང་།བརྗོད་པ་རླུང་གི་སྒོ་ངག་ཡིན་ཕྱིར་དེ་ཉིད་མི་འགུལ་བའི་གནད་བརྗོད་ཚིག་ཐམས་ཅད་ཆམ་གྱིས་བཞག་སྟེ་ལྐུག་པ་ལྟ་བུར་སྨྲ་བཅད་དུ་སྡོད་པ་དང་།རྟོག་དཔྱོད་ནམ་མཁའི་སྒོ་སེམས་ཡིན་ཕྱིར་རང་གི་ཤེས་པ་བཟོ་མི་འཆོས་པར་འོད་གསལ་མངོན་དུ་བྱ།དེས་སྣང་བཞི་ཚད་ལ་ཕེབས་ནས་རླུང་སེམས་རྒྱབ་གྱེས་ཏེ་འཁྲུལ་པའི་རྒྱུན་ཆད།རིག་པ་གཡོ་མེད་དུ་གནས་པས་ཆོས་ཉིད་ཡིད་དཔྱོད་ལས་འདས་པ་ཀ་དག་སྤྲོས་པ་དང་བྲལ་བའི་དབྱིངས་མངོན་དུ་གྱུར་ཏེ།དེའི་ངང་དུ་མ་བཅོས་རང་བབས་སུ་བཞག་ནས་སྒོ་གསུམ་གྱི་བྱ་བ་ཆེ་འབྲིང་ཆུང་གསུམ་ཐམས་ཅད་དགུ་སྤྲུགས་སུ་བཏང་ནས།ལས་ཟིན་པའི་སྐྱེས་བུ་ལྟར་བྱར་མེད་དུ་སྡོད་པ་ནི་གནད་ཁྱད་པར་ཅན་དུ་ཤེས་པར་བྱའོ། །དེ་ལྟར་སྒོ་གསུམ་གྱི་གནད་བཤད་པ་བསྟན་པའི་ལེའུ་སྟེ་བདུན་པའོ། །ས་མ་ཡ༔ ཞེས་པ་དམ་ཚིག་གིས་རྒྱས་བཏབ་པའི་དོན་དང་།གུ་ཧྱ༔ ཞེས་པ་རེ་ཞིག་དབྱིངས་སུ་གབ་པའི་དོན་ནོ། །། །བཞི་པ་གཞི་དང་ལམ་གྱི་སྒྲོན་མའི་ངང་ཚུལ་བསྟན་པ་ནི།གནས་ལུགས་གཞི་ཡི་སོགས།རྣམ་གསུམ་སྟེ༔ ཞེས་པས་བསྟན་ཏེ།དེ་ལ་འདིར་སྣོད་དང་བཅུད་ཀྱི་སྒྲོན་མའི་གནས་ཚུལ་ཅུང་ཟད་བརྗོད་ན།ཡེ་ནས་རིག་པ་བདེ་གཤེགས་སྙིང་པོ་ལྷུན་གྲུབ་རིན་པོ་ཆེའི་ངོ་བོ་རོལ་རྩལ་དུ་གནས་ལུགས་གཞི་ཡི་སྒྲོན་མ་རྣམས་པ་དྲུག་དེ་རང་བྱུང་རང་ཆས་སུ་གནས་ཏེ།དེ་གང་ཞེ་ན་དང་པོ་ལུས་ཀྱི་དྭངས་མ་ཙིཏྟ་ཤ་ཡི་སྒྲོན་མ་ཞེས་པ་རིན་པོ་ཆེའི་མཆོང་གུར་སྨུག་པོ་ལྟ་བུ།མ་དག་པ་སེམས་དང་སེམས་བྱུང་དང་།དག་པ་སྐུ་དང་ཡེ་ཤེས་རྣམས་ཀྱི་རྟེན་བྱེད་པ་ཡིན་ནོ། །དེའི་དབུས་སུ་ཡེ་ཤེས་འོད་ཀྱི་རྩ་བཞི་ནི་ཤར་དུ་ཀ་ཏི་གསེར་གྱི་རྩ་ཆེན་དང་།ལྷོར་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་དང་།ནུབ་ཏུ་ཨ་ཝ་དྷུ་ཏི་རྒྱལ་མཆོག་གསེར་གྱི་ཉི་མ་དང་།བྱང་དུ་སྟོང་པ་རང་གསལ་རྣམས་འོད་ལྔ་དྭངས་པ་ཁྲག་དང་ཆུ་སེར་གྱི་རྐྱེན་དང་བྲལ་བ་སྟེ།དེ་དག་ལུས་སེམས་ཀྱི་ཚོགས་པ་ཇི་སྲིད་གནས་ཀྱི་བར་དུ་རྩའི་རྣམ་པར་གནས་པ་དང་ལུས་སེམས་ཚོགས་པ་བྲལ་ཚེ་རྩ་རྣམས་ཀྱང་འོད་ཀྱི་རང་བཞིན་དུ་དེངས་པ་ཡིན་ནོ། །དེ་ལྟར་གྱི་རྩ་བཞིའི་འདུས་མདོར་ཀུན་བཟང་གཞིའི་ཐིག་ལེ་འོད་ལྔ་མུ་ཁྱུད་ཀྱི་ཚུལ་དུ་འཁོར་ཞིང་གདངས་ཀྱི་ཐིག་ལེ་དང་ཐིག་ཕྲན་དུ་མས་བརྒྱན་པར་གནས་སོ། །རྩའི་དྭངས་མ་དཀར་འཇམ་རྩའི་སྒྲོན་མ་ཞེས་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་སྙིང་གི་རྒྱབ་ཕྱོགས་ཀྱི་རྩ་གཉིས་དབུ་མ་ནས་ཡར་སོང་སྟེ།སྙིང་རྩེ་ནས་སོར་བཞིའི་མཚམས་ནས་གཉིས་སུ་གྱེས་ཤིང་ཕྱི་ནང་གི་ཚུལ་དུ་མགྲིན་པའི་རྩའི་དྲྭ་བ་ནས་ཕྱིར་ཐོན་ཏེ།གནས་པའི་རོ་རྐྱང་གི་ལམ་བརྒྱུད་ཅིང་།རྣ་ལྟག་གཉེས་ནས་བ་མེན་གྱི་རྭའི་དབྱིབས་ལྟ་བུ་རྩ་སྣ་གུག་སྟེ།མིག་གི་ཨ་འབྲས་ལ་ཟུག་ནས་རྩ་ཁ་ཕྱེ་བར་གནས་སོ། །དེ་ཡང་ཤིན་ཏུ་དོན་རྟོགས་དཀའ་བའི་ཕྱིར་ན་རྩ་བ་ཕྲ་བ་རྟ་རྔ་བརྒྱད་བཤགས་ཀྱི་ཆ་གཅིག་གི་ཚད་ཙམ་དང་། །ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེའི་གསང་ལམ་འཁོར་འདས་ཀྱི་ཆ་འཛིན་པས་ན་རྩའི་རྩེ་མོ་ཡངས་པའི་རྣམ་པར་རྗོད་པ་སྟེ།དེ་ནི་འོད་རྩའི་རྟེན་ཡིན་པའི་ཕྱིར་ན་མིང་དུ་རྩ་ཟེར་ཡང་དོན་ལ་རླུང་གི་དྭངས་མ་ཡིན་ནོ།སྒོ་ཡི་དྭངས་མ་རྐྱང་ཞགས་ནི་འཁོར་འདས་གཉིས་ཀྱི་ཆ་འཛིན་པས་དག་སྣང་དང་འཁྲུལ་སྣང་གི་མཐོང་ཕྱེ་བ་དཀར་ནག་ཕྱེད་མ་ཆུའི་དཀྱིལ་འཁོར་མིག་ཡེ་ཤེས་ཀྱི་གསང་ལམ་སྐུ་གསུམ་ལམ་སྣང་དུ་ཤར་བའི་ཆ་རྣམས་གོང་དུ་གསལ་བར་བྱེད་པའི་སྒྲོན་མ་སྟེ།ཀ་ཏིའི་ཡར་སྣ་རྣོ་བ་ཡེ་ཤེས་རྩེ་མོས་དག་པ་སྐུ་དང་ཐིག་ལེའི་སྣང་བ་རྣམས་འཛིན་པ་ཡིན་ནོ། །དེའི་ན་ཙིཏྟ་ཤའི་སྒྲོན་མ།ཀ་ཏི་ཤེལ་གྱི་སྦུ་གུ།རྒྱང་ཞགས་ཆུའི་སྒྲོན་མ་སྟེ་འདི་གསུམ་ལ་སྣོད་ཀྱི་སྒྲོན་མ་རྣམ་གསུམ་སྟེ།དེ་དག་རྩ་བ་སྙིང་།སྡོང་པོ་རྩ།འབྲས་བུ་མིག་གི་ཚུལ་དུ་ཡོད་དེ།ལམ་གྱི་དུས་སུ་གཅིག་ཏུ་བརྩི་བར་ཤེས་དགོས་ཏེ།ཇི་སྐད་དུ།སྙིང་ནས་མིག་ཏུ་འབྲེལ་བའི་རྩ། །ཀ་ཏི་ཤེལ་གྱི་སྦུ་གུ་ཅན། །ཐིག་ལེ་ཁྲག་གི་མ་གོས་པ། །ཡེ་ཤེས་ཆེན་པོ་དེ་ན་རྒྱུ། །ཞེས་གསུངས་སོ། །གཉིས་པ་བཅུད་ཀྱི་སྒྲོན་མ་གསུམ་ནི།ཕྱི་འབྱུང་དྭངས་མ་སོགས།གསུམ་ཞེས་བྱ༔ ཞེས་པས་བསྟན་ཏེ། །ཀུན་གསལ་ལས།ཙིཏྟ་རིན་ཆེན་གཞལ་ཡས་ན།སྐུ་ཡི་ཆ་ཕྲན་ཏིལ་འབྲུ་ཙམ། །འོད་ལྔའི་ཀློང་ན་རྫོགས་པར་བཞུགས། །སྦྱངས་ན་མངོན་སུམ་ལམ་དུ་འཆར། །ཞེས་གསུངས་པ་བཞིན་འོད་རྩ་ཀ་ཏི་ཤེལ་སྦུག་ཅན་གྱི་ནང་དུ། །ཕྱི་འབྱུང་ཆེན་ལྔའི་དྭངས་མ་ནང་དབྱིངས་རྣམ་དག་གི་སྒྲོན་མ་ཞེས་སྙིགས་མའི་འབྱུང་བའི་དྭངས་མའི་ངོ་བོ་གདངས་འོད་ལྔར་འཕོས་པ་ལ་དབྱིངས་དང་། །མ་དག་པའི་དངོས་འཛིན་འཁྲུལ་སྣང་ཐམས་ཅད་རྣམ་པར་དག་ཅིང་དག་དབྱིངས་དྭངས་མའི་ཀློང་དུ་རོལ་པ་ལ་སྒྲོན་མ་ཞེས་བརྗོད་དེ།དཔེར་ན་ཟ་འོག་ཁ་ཕྱེ་བ་ལྟ་བུའི་འཇའ་རིས་འོད་ལྔའི་ཀློང་ནས་དབྱིངས་སྣང་ཐིག་ལེ་དང་བཅས་པ་འཆར་བའི་གཞི་བྱེད་པ་ཡིན་ནོ། །དེ་ལ་ཆེས་ཆེར་གོམས་པའི་ཚེ་ན་ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་མཐོང་གསལ་ནས།དབྱིངས་ཀྱི་ཁ་དོག་ཀྱང་ཕྱི་འབྱུང་ནམ་མཁའི་དྭངས་མ་བཻ་ཌཱཪྻའི་མདོག་ལྟར་མཐིང་ག།སའི་དྭངས་མ་སྦུར་ལེན་གྱི་མདོག་ལྟར་སེར་པོ།ཆུའི་དྭངས་མ་དུང་གི་མདོག་ལྟར་དཀར་པོ།མེའི་དྭངས་མ་པདྨ་རཱ་གའི་མདོག་ལྟར་དམར་པོ།རླུང་གི་དྭངས་མ་ཨིནྡྲ་ནཱི་ལའི་མདོག་ལྟར་ལྗང་བ་རྣམས་མིག་གིས་བལྟར་མི་བཟོད་པ་ལྟ་བུར་འཆར་བར་བྱེད་དོ། །དེ་ལ་ཡང་འཆར་བྱའི་རྣམ་པ་ཅུང་ཟད་དབྱེ་ན།དབྱིངས་དངོས་ནི་འོད་ལྔའི་དྲྭ་བ་དང་དྲྭ་ཕྱེད་ཟ་འོག་རིས་དང་མིག་མང་རིས་ལ་སོགས་པ་དང་།དབྱིངས་ཀྱི་སྣང་བ་འོད་ལྔ་གྱེན་འགྲེང་དང་རྩིབ་ཤར་གྲི་གུག་ཕྱག་མཚན་གྱི་རྣམ་པར་ཤར་བ་སོགས་གཞི་སྣང་གི་བཀོད་པ་བསམ་གྱིས་མི་ཁྱབ་པར་འཆར་བ་དང་།དབྱིངས་ཐིག་ནི་ཉ་མིག་ལྟ་བུའི་ཐིག་ཕྲན་འགུལ་འཕྲིག་དང་བྲལ་བ་འོད་ལྔའི་ཁ་དོག་དང་ལྡན་པ་མང་པོ་དབྱིངས་ངོས་དེར་གང་བར་འཆར་རོ། །དེ་ལྟ་བུའི་དབྱིངས་སྣང་གི་ཀློང་དུ་ནང་འབྱུང་ཕྲན་ལྔའི་དྭངས་མ་ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་པ་འོད་གདངས་ཟླུམ་པོ་གྲྭ་ཟུར་ལས་འདས་པ་ཞིག་ཡིན་ཅིང་།མཐོང་སྣང་ལ་ཀོ་མོའི་ཆུ་ལ་རྡོ་འཕང་བ་ལྟ་བུའམ།རྨ་བྱའི་སྒྲོ་མདོངས་ལྟར་འོད་ལྔའི་ཐིག་ལེ་མུ་ཁྱུད་ཟླུམ་བསྐོར་གྱི་ཚུལ་དུ་འཆར་བ་ཡིན་ནོ། །དེ་ཡང་ནང་འབྱུང་སེམས་ཀྱི་དྭངས་མ་མཐིང་གི་ཁུ་བ་ལྟར་གནག་པ། །ཤའི་དྭངས་མ་གུར་གུམ་གྱི་ཁུ་བ་ལྟར་སེར་བ།ཁྲག་གི་དྭངས་མ་བ་འོ་ལྟར་དཀར་བ།དྲོད་ཀྱི་དྭངས་མ་རྒྱ་མཚལ་གྱི་མདོག་ལྟར་དམར་བ།དབུགས་ཀྱི་དྭངས་མ་སྤང་གི་མདོག་ལྟར་ལྗང་གུའི་ཁ་དོག་འཆར་རོ། །ཐིག་ལེ་སྟོང་སྒྲོན་ལ་ཡང་།གནས་པ་གཞིའི་ཐིག་ལེ་སྙིང་དབུས་ཀྱི་ཀུན་བཟང་གཞིའི་ཐིག་ལེ་དང་།རོ་རྐྱང་གི་རྩ་ལ་གནས་པའི་དཀར་ཆ་དང་དམར་ཆ་གཉིས་ལ་ཀུན་རྫོབ་རྒྱུའི་ཐིག་ལེ་ཞེས་བརྗོད་དོ། །ཆོས་ཉིད་དག་པའི་ཡེ་གདངས་དབང་པོའི་སྒོར་མངོན་སུམ་དུ་སྣང་བའི་འོད་ལྔའི་ཐིག་ལེ་ཟླུམ་སྐོར་ཤིན་ཏུ་དྭངས་ཤིང་གསལ་བ་སྟེ།རིག་སྟོང་འགྱུར་བ་མེད་པ་རང་བྱུང་རིག་པའི་རྩལ་ལམ་འབྲས་བུར་ཤར་བས་ན།ལམ་འདིར་རང་བྱུང་འབྲས་བུའི་ཐིག་ལེ་ཞེས་བརྗོད་དེ།དོན་ལ་སྙིང་དབུས་ཀྱི་སྒྲོན་མའི་གདངས་དེ་སྐུ་གསུམ་ལམ་སྣང་དུ་འཆར་བ་ཡིན་ཏེ།དེ་ལ་གོམས་སྟོབས་ཆེར་སོང་ཚེ་ཐིག་ལེ་དེ་དག་རབ་ཏུ་གནས་ཤིང་བརྟན་པར་འགྱུར་རོ། །མདོར་ན་དབྱིངས་དང་ཐི་ལེའི་འཆར་ཆ་ཐམས་ཅད་འོད་རྩ་ཀ་ཏི་ཤེལ་སྦུག་ཅན་གྱི་སྦུབས་ན་དྭངས་མ་ལྔ་འདུས་པའི་འོད་ཀློང་དུ་ཀུན་བཟང་གཞིའི་ཐིག་ལེའམ་གཉུག་མ་མི་ཤིགས་པའི་ཐིག་ལེ་གནས་པ་ལ།གཟིགས་སྟངས་ཀྱིས་གཅུན་ཏེ།ཤེས་རབ་ཀྱི་མིག་གིས་བལྟས་པས་ན།རྩའི་ནང་མངོན་དུ་གྱུར་པ་ལས་ཕྱིའི་ཡུལ་ནས་སྣང་བ་མ་ཡིན་ནོ། །དེའི་ཕྱིར་ན་དབྱིངས་སྣང་ཕྱི་རི་བཟུང་།རིག་པ་ནང་དུ་བཟུང་ནས་ཤར་ཆ་ཐམས་ཅད་གཞན་དུ་ཡོད་པར་སྣང་ན།རིག་པ་སྟོང་པའི་འོད་གསལ་དང་།ལྷུན་གྲུབ་སྣང་བའི་འོད་གསལ་གཉིས་ཡ་བྲལ་ནས་གཟུང་འཛིན་གྱི་གོལ་སྒྲིབ་ཆེན་པོ་འབྱུང་བ་ཡིན་ནོ། །དེའི་ཕྱིར་ན་རང་གི་རྩ་ནང་རང་གིས་གསལ་བ་ལས་དབྱིངས་དང་ཐིག་ལེའི་སྣང་བ་རྣམས་ཕྱི་ནས་ཤར་བ་མ་ཡིན་པའི་གནད་ཤེས་དགོས་སོ། །སྤྱིར་ལམ་འདིར་ཐོག་མར་བརྩོན་པ་རྣམས་ལ་དང་པོ་ཉིད་ནས་དབྱིངས་སྣང་མངོན་དུ་བྱས་པ་ཙམ་གྱིས་དབྱིངས་དང་ཐིག་ལེ་སོགས་ལ་ཁ་དོག་ཇི་བཞིན་པར་མི་གསལ་ཏེ།དབྱིངས་སྣང་སྐྱ་རིབ་དང་སྔོ་རིབ་སོག་ཕོན་བཅིང་བ་ལྟ་བུའམ་གཤིབས་པ་ལྟ་བུར་སྣང་དེ་ལ་བར་མ་ཆད་པར་ཡང་ཡང་བསྒོམ་པའི་ཚེ་ན།དབྱིངས་ཅུང་ཟད་བརྟན་ཅིང་ཐིག་ལེ་ཡང་མུ་ཁྱུད་ཀྱི་རྣམ་པ་ལྟ་བུར་སྣང་ངོ་། །དེ་ནས་ཡང་ཆེས་ཆེར་བསྒོམ་པའི་ཚེ་ན།ཁ་དོག་ཅུང་ཟད་བཀྲ་བའི་དབྱིངས་ཐིག་རྣམས་འདར་འཕྲིག་གི་རྣམ་པར་ཤར་བ་དང་།བར་དུ་ཇེ་བརྟན་དུ་སོང་ནས་ཐ་མ་འགུལ་འཕྲིག་མེད་པར་གནས་ཤིང་།ཁ་དོག་ཀྱང་ཇི་བཞིན་པ་གསལ་བ་སོགས་འབྱུང་ངོ་།དེ་ལྟ་བུའི་དབྱིངས་ནམ་མཁའ་རྣམ་པར་དག་པའི་ཀློང་དུ་སྒྲོན་མ་ཀུན་གྱི་འཆར་གཞི་གསང་བ་སེམས་ཀྱི་དྭངས་མ་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་བ་ངོ་བོ་གཞིར་གནས་ཀྱི་ཡེ་ཤེས་ཆེན་པོ་གསལ་སྟོང་འཛིན་པ་དང་བྲལ་བ་རིག་པ་བདེ་གཤེགས་སྙིང་པོའི་གནས་ལུགས་མངོན་དུ་གྱུར་པ་དེ་ཡིན་ཏེ།འདི་མེད་ན་སྒྲོན་མ་གཞན་ཐམས་ཅད་ཀྱང་མེད་པར་འགྱུར་ཞིང་།འདི་ལས་སྒྲོན་མ་གཞན་རྣམས་གོང་ལྟར་སོ་སོར་མཚོན་པར་སྣང་བའི་ཕྱིར་ན།སྒྲོན་མ་ཀུན་གྱི་ཤེས་བྱེད་ཀྱི་ཤེས་རབ་ཆེན་པོ་སྟེ།དེ་ཉིད་དབྱེ་ན་རྣམ་གྲངས་བཞིར་ཡོད་པ་ལས།བྱེད་ལས་ཀྱི་སྒོ་ནས་ཅུང་ཟད་དབྱེ་ན།དང་པོ་རྣམ་པར་གྲོལ་བའི་ཤེས་རབ་ཀྱིས་མ་རིག་པ་རིག་པའི་ཀློང་དུ་སྒྲོལ་བ་དང་།ཉོན་མོངས་པ་ལྔ་ཡེ་ཤེས་ཀྱི་ངང་དུ་སྒྲོལ་བ་སོགས་བྱེད་དོ། །རྣམ་པར་བསྐྱོད་བྱེད་ཀྱི་ཤེས་རབ་ཀྱིས་སྐུ་ལྔ་ཀ་དག་གི་དབྱིངས་དང་།རིག་པ་ཡེ་ཤེས་ཀྱི་དབྱིངས་སུ་བསྐྱོད་པར་བྱེད་དོ། །རྣམ་པར་སྡུད་བྱེད་ཀྱི་ཤེས་རབ་ཀྱི་འབྱུང་བ་ལྔ་དྭངས་མ་ལྔའི་དབྱིངས་དང་།ཕུང་པོ་ལྔ་སྐུ་ལྔའི་ཀློང་དང་།སྐུ་ལྔ་རིག་པའི་དབྱིངས་སུ་སྡུད་པ་སོགས་བྱེད་དོ། །རྣམ་པར་འབྱེད་པའི་ཤེས་རབ་ཀྱིས་རིག་དང་མ་རིག།རྟོགས་དང་མ་རྟོགས།ཉོན་མོངས་པ་དང་ཡེ་ཤེས།འཁོར་བ་དང་མྱང་འདས་སོགས་ཀྱི་སྐབས་འབྱེད་དོ། །དེ་ལྟར་གྱི་ཤེས་རབ་དེ་ལ་ངོ་བོ་དང་རྩལ་དང་གདངས་དང་གསུམ་ལས།ངོ་བོ་ནི་གཟིགས་སྟངས་ཀྱི་གནད་ལ་བརྟེན་ནས་ཐིག་ལེ་སྟོང་སྒྲོན་ལ་གཏད་པའི་ནང་གི་རིག་པ་མ་བཅོས་རང་གསལ་ཆེན་པོ་འདུས་མ་བྱས་པ་མངོན་དུ་གྱུར་པ་དེ་ཀ་ཇི་ལྟ་བ་མཁྱེན་པའི་ཆ་དང་།རྩལ་ནི་ཕྱི་གསལ་གྱི་ཤེས་རབ་དགོངས་པའི་དོན་ཀློང་བརྡོལ་དུ་འཆར་བ་ཇི་སྙེད་མཁྱེན་པའི་ཆ་ཡིན་ནོ། །གདངས་ནི་རྒྱུ་མིང་འབྲས་བུར་ཆགས་པ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཅེས་བྱ་བ་གསེར་གྱི་སྐུད་པ་ལྡིང་བ་ལྟ་བུའི་འཁྱོག་མཚམས་སུ་ཐིག་ལེ་ཕྲ་མོས་བརྒྱན་པར་སྣང་ངོ་། །དེ་ཡང་རླུང་གི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འགྲོ་འོང་གི་རྣམ་པར་སྣང་བ་དང་།རྩའི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་གདངས་ཕྲ་ལ་འཁྱོག་པ་དང་།ཐིག་ལེའི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འཁྱོག་མཚམས་རྣམས་སུ་ཐིག་ཕྲན་ཉ་མིག་ལྟ་བུས་བརྒྱན་པར་འཆར་བ་དེ་ག་ཡིན་ནོ། །དེའི་ཕྱིར་ན་ཐེག་པ་འདིར་རང་ལམ་གྱི་རྩ་དང་རླུང་ཐིག་གི་གནད་ཅུང་ཟད་བཤད་དགོས་པ་ཡང་ཨ་ཏིའི་ཨ་ནུ་ཞེས་བྱ་བ་ཡིན་པས་ན་དེའི་ངང་ཚུལ་ཤེས་པར་བྱའོ། །དེ་ལྟར་དབྱིངས་དང་ཐིག་ལེ་རིག་གདངས་རྣམས་ལ་བཅུད་ཀྱི་སྒྲོན་མ་རྣམ་པ་གསུམ་ཞེས་བརྗོད་པའི་དོན་ཤེས་པར་བྱ་བ་དང་།འཆར་བ་ལམ་གྱི་སྒྲོན་མ་བཞིའི་གནད་ཀྱང་།མདོར་བ་རྒྱང་ཞགས་སོགས། །ཉལ་ནས་ཡོད༔ ཞེས་པས་བསྟན་ཏེ།མདོར་ན་ཐབས་ཟབ་མོ་རྒྱང་ཞགས་ཆུའི་སྒྲོན་མ་ཞེས་སྒོའི་དྭངས་མའི་གཟིགས་སྟངས་ཀྱི་གནད་ལས། །ནང་དབྱིངས་ནམ་མཁའ་རྣམ་པར་དག་པའི་སྒྲོན་མ་ལ་གཏད་དུས།རྒྱུ་ལྷུན་གྲུབ་རིན་པོ་ཆེའི་ཡོན་ཏན་ལ་རྒྱུ་བྱས།སྒོ་ཡུལ་རླུང་རིག་གིས་གནད་གཅུན་པ་དང།ཤེས་རབ་ཀྱི་མིག་ལ་རྐྱེན་བྱས་ཏེ།རྟེན་འབྲེལ་གྱི་དབྱིངས་སྣང་དང་ཐིག་ལེ་སྟོང་པའི་སྒྲོན་མ་ལུག་རྒྱུད་དང་བཅས་པ་འཆར་རོ། །དེ་དག་དཔེར་ན་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་སྣོད་ལྟ་བུ་ལ།དབྱིངས་རྣམ་དག་གི་སྒྲོན་མ་བཅུད་ལྟ་བུ་དང་།ཐིག་ལེ་སྟོང་པའི་སྒྲོན་མ་ཞེས་བྱ་བ་དེ་སྙིང་ཁུ་མར་ལྟ་བུ་དང་དེ་ལས་ཆེས་ཆེར་ལྷག་པ་ཡང་བཅད་ལྟ་བུ་དེ་དག་ཀུན་གྱི་འཆར་གཞི་ཤེས་རབ་རང་བྱུང་གི་སྒྲོན་མ་ཞེས་བྱ་བ་རིག་པ་བདེ་གཤེགས་སྙིང་པོ་འཁོར་འདས་གཉིས་ཀྱི་སྤྱི་གཞི་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཡོན་ཏན་གྱི་ཆ་དང་བཅས་པ་ཡེ་ནས་རང་བྱུང་དུ་གནས་པ་ཡིན་ནོ། །དེ་དག་མཐོང་བའི་ཡོན་ཏན་ཡང་དབྱིངས་ནམ་མཁའ་རྣམ་དག་གི་སྒྲོན་མ་མཐོང་ཚེ།རང་སྣང་དོན་གྱི་འོག་མིན་གྱི་ཞིང་ཁམས་མཐོང་བ་དང་མཉམ་པ་དང་།ཐིག་ལེ་སྟོང་པའི་སྒྲོན་མ་ནི་ལྷུན་གྲུབ་བདེ་བ་ཆེན་པོའི་གཞལ་ཡས་ཁང་མཐོང་བ་དང་མཉམ།རིག་གདངས་རྡོ་རྗེའི་ལུ་གུ་རྒྱུད་དྲུག་པ་རྡོ་རྗེ་འཆང་ཆེན་པོའི་སྐུ་མངོན་སུམ་དུ་མཐོང་བ་དང་སྐལ་བ་མཉམ་པ་ཡིན་པས་ཡིད་ཆེས་པར་བྱའོ། །དེ་ལྟར་རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་པ་བཞི་པོ་འདི་ཡེ་ནས་འགྲོ་བ་ཀུན་གྱི་རྒྱུད་ལ་གནས་ཡོད་པས་ན།རྒྱུད་ལས།གནས་ལུགས་གཞི་ཡི་སྒྲོན་མ་དྲུག།རྣལ་འབྱོར་ལམ་གྱི་སྒྲོན་མ་བཞི། །སེམས་ཅན་རྣམས་ལ་རང་བྱུང་གནས། །ཞེས་གསུངས་པ་བཞིན་དུ།གནས་ལུགས་གཞིའི་སྒྲོན་མ་རྣམ་པ་དྲུག་དང་།རྣལ་འབྱོར་ལམ་གྱི་སྒྲོན་མ་རྣམ་པ་བཞི་དང་བཅས་པ་སེམས་ཅན་ཀུན་གྱི་གཤིས་ལ་ཡེ་ནས་རང་བྱུང་རྩོལ་མེད་དུ་གནས་ཡོད་པར་གསུངས་ནའང་།མི་རྣམས་འཁྲུལ་པའི་དབང་གིས་ང་མེད་པ་ལ་ང་རུ་བཟུང་།བདག་མེད་པ་ལ་བདག་སྣང་ཙམ་ལ་བདེན་ཞེན་གྱིས་ཀུན་ནས་དཀྲིས་པའི་དབང་གིས་མ་རིག་གཉིས་འཛིན་གྱི་སྦུབས་སུ་འཁྲུལ་ཏེ།རིག་པ་ཡེ་ཤེས་ཀྱི་ཞལ་བསྒྲིབས་ནས་གནས་ལུགས་སྒྲོན་མ་དྲུག་གི་གནས་ཚུལ་མངོན་དུ་མ་གྱུར་ཅིང་།དཔེར་ན་དབུལ་པོའི་ཁྱིམ་ན་གསེར་ཡོད་ཀྱང་དེ་ངོ་མ་ཤེས་ནས་བསྐྲེས་སྐོམ་གྱིས་གདུང་བ་ལྟར།འཆར་བ་ལམ་གྱི་གནད་རྣམས་བག་ལ་ཉལ་ནས་ལུང་མ་བསྟན་དུ་སོང་ཞིང་འཁོར་བ་ནས་འཁོར་བར་ཁ་བརྒྱུད་དེ་མ་རིག་པའི་ཡོ་ལངས་ཆེན་པོ་འབྱུང་བ་ཡིན་ནོ། །དེ་ལྟར་མ་ཡིན་པའི་ལམ་འདིར་ལས་དང་སྐལ་བ་ལྡན་པ་རྣམས་ཀྱིས་གཞི་དང་ལམ་གྱི་སྒྲོན་མ་རྣམས་གནད་གཅིག་ཏུ་དྲིལ།མདོ་གཅིག་ཏུ་བསྡུས་ཏེ།སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་ལེ་ལོ་མེད་པར་ཉམས་སུ་བླང་བར་བྱ་བ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ནོ། །དེ་ལྟར་སྦྱངས་གཞི་བདེ་གཤེགས་སྙིང་པོ། །སྦྱངས་བྱ་སྒྲོན་མ་དྲུག།སྦྱོང་བྱེད་སྒོ་ཡུལ་རླུང་རིག་གི་གནད་དང་།སྦྱངས་འབྲས་སྣང་བ་བཞི་མཐར་ཕྱིན་ཏེ།ནང་གསལ་གཞོན་ནུ་བུམ་སྐུར་སངས་རྒྱས་པར་འགྱུར་རོ། །ཞེས་གཞི་དང་ལམ་གྱི་སྒྲོན་མའི་ངང་ཚུལ་ཇི་བཞིན་པར་བསྟན་པའི་ལེའུ་སྟེ་བརྒྱད་པའོ། །ས་མ་ཡགུ་ཧྱ༔ ཞེས་པ་དམ་ཚིག་གསང་བའི་བཀའ་རྒྱས་རེ་ཞིག་དབྱིངས་སུ་རྒྱས་བཏབ་པའི་དོན་ནོ། །ལྔ་པ་འབྱུང་བ་སྙིགས་མ་དྭངས་མར་སྦྱོང་བའི་ཐབས་བསྟན་པ་ནི།ད་ནི་ཚུལ་བཞིན་སོགས།ཆམ་གྱིས་བཞག༔ ཅེས་པའི་བར་གྱིས་བསྟན་ཏེ།ད་ནི་དེ་ལྟར་འཁོར་འདས་གཉིས་ཀྱི་བསྡུས་པའི་ཆོས་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཏན་ལ་ཕབ་ནས།མེད་དང་མ་གྲུབ་པའི་གནས་ཚུལ་ཇི་བཞིན་པར་ཤེས་པའི་བདག་མེད་རྟོགས་པའི་ཤེས་རབ་ཀྱི་ངང་མདངས་མངོན་དུ་གྱུར་ཅིང་།མ་དག་སྙིགས་མའི་སྣང་བ་ཐམས་ཅད་དག་དབྱིངས་དྭངས་མའི་རོལ་བར་སྦྱོང་བར་བྱེད་པའི་ཐབས་ཟབ་མོ་ཉམས་སུ་བླང་བར་བྱེད་པ་ལ།གཞི་དུས་ཀྱི་དབང་བླ་མའི་རྣལ་འབྱོར་བསྒོམ་པ་ནི།སྐད་ཅིག་གིས་ཕྱི་ནང་བསྣོད་བཅུད་བདག་ལུས་ཕུང་ཁམས་དང་བཅས་པ་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར་ཆོས་དབྱིངས་སྟོང་པ་ཆེན་པོའི་ངང་དུ་ཞིག་པར་བསམ།སྟོང་པའི་ངང་ལས་ཆུ་ལས་ཆུ་ལྦུར་རྡོལ་བ་བཞིན་དུ་སྐད་ཅིག་གིས་ཞིང་ཁམས་རྣམ་པར་དག་པའི་དབུས་སུ།རང་ཉིད་གཞི་ལུས་རྡོ་རྗེ་རྣལ་འབྱོར་མ་དམར་མོ་ཞལ་གཅིག་ཕྱག་གཉིས་པ་གཡས་གྲི་གུག་དང་གཡོན་པས་བྷན་ཁྲག་འཛིན་པ།ཞབས་གཉིས་མཉམ་པའི་འདོར་སྟབས་མཛད་ཅིང་སྐུ་མཚན་དཔེའི་ལང་ཚོས་མཛེས་ཤིང་བལྟ་ན་སྡུག་པ།སྐུ་གསུམ་མཚོན་ཕྱིར་སྤྱན་གསུམ་རིངས་བའི་ཚུལ་དུ་སྟེང་གི་ནམ་མཁར་གཟིགས་ཤིང་།སྐུ་ལ་དར་དང་རིན་པོ་ཆེ་དང་རུས་པའི་རྒྱན་དྲུག་གིས་སྤྲས་པ།སྣང་ལ་རང་བཞིན་མེད་པ་ཆུ་ཟླ་ལྟ་བུ།གསལ་ལ་དེར་འཛིན་དང་བྲལ་བ་འཇའ་ཚོན་ལྟ་བུའི་རྣམ་པ་གསལ་འཚེར་འོད་དུ་འབར་བ་ཞིག་ཏུ་གསལ་གདབ།དེའི་མདུན་གྱི་ནམ་མཁར་ཡེ་ཤེས་འཇའ་དང་འོད་ཕུང་འཁྲིགས་པའི་ཀློང་དུ་ཐབས་ཤེས་པདྨ་ཉི་ཟླའི་གདན་ལ།ངོ་བོ་སངས་རྒྱས་ཀུན་འདུས་ཀྱི་བདག་ཉིད་དྲིན་ཆེན་རྩ་བའི་བླ་མ་ཡིན་པ་ལ།རྣམ་པ་རིག་འཛིན་ཆེན་པོ་དགའ་རབ་རྡོ་རྗེ་སྐུ་མདོག་དཀར་གསལ་གཞོན་ཚུལ་མཚན་དང་དཔེ་བྱད་ཀྱིས་བརྒྱན་ཅིང་ལོངས་སྐུའི་ཆས་རྫོགས་པ།ཞབས་གཉིས་རྡོ་རྗེ་སྐྱིལ་ཀྲུང་གིས་བཞུགས་པ།ཕྱག་གཉིས་གཡས་ས་གནོན་དང་གཡོན་མཉམ་བཞག་མཛད་ཅིང་།འོད་དང་འོད་ཕུང་དཔག་ཏུ་མེད་པ་འབར་བར་གསལ་བའི་སྐུ་སྟོད་ཀྱི་ཆ་ལ་རྒྱལ་བ་དགོངས་བརྒྱུད་ཀྱི་བླ་མ།སྐེད་པ་བར་གྱི་ཆ་ལ་རིག་འཛིན་བརྡ་བརྒྱུད་ཀྱི་བླ་མ།སྐུ་སྨད་ཀྱི་ཆ་ལ་གང་ཟག་སྙན་བརྒྱུད་ཀྱི་བླ་མ།གཞན་ཡང་མཐའ་བསྐོར་དུ་པཎ་གྲུབ་རིག་འཛིན་གྱི་ཚོགས་དང་།ཡི་དམ་རྒྱུད་སྡེ་བཞི་དྲུག།གནས་གསུམ་གྱི་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་སྤྲིན་ཕུང་འཁྲིགས་པ་བཞིན་དུ་བཞུགས་པར་བསམ།དེ་ལྟར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས།ཕྱོགས་བཅུའི་ཞིང་རབ་འབྱམས་ན་བཞུགས་པའི་སྐུ་གསུམ་རྒྱལ་བ་སྲས་བཅས་བརྒྱུད་གསུམ་རིག་འཛིན་རྒྱ་མཚོའི་ཚོགས་དང་བཅས་པ་ཐམས་ཅད་སྤྱན་དྲངས་ནས་ཆུ་ལ་ཆར་ཐིམ་པ་ལྟར་གཉིས་སུ་མེད་པར་གྱུར་ནས་སྐྱབས་ཀུན་ཡོངས་འདུས་ཀྱི་བདག་ཉིད་དུ་བཞུགས་ཏེ།བདག་སོགས་སེམས་ཅན་ཐམས་ཅད་ལ་ཞལ་གྱིས་ཕྱོགས།སྤྱན་གྱིས་གཟིགས།ཐུགས་བརྩེ་བ་ཆེན་པོས་དགོངས་ཏེ།བདག་ཅག་རྣམས་ཀྱི་འདྲེན་པའི་དེད་དཔོན་ཆེན་པོར་བཞུགས་པར་བསམ་པའི་མདུན་དུ།ཡིད་ཁྱེད་ཤེས་ཀྱི་དད་པས་གསོལ་འདེབས་བླ་མའི་རྣལ་འབྱོར་སྒྲ་དག་སྙན་པའི་དབྱངས་ཀྱིས་བརྗོད་ཅིང་།མཐར་དབང་བཞི་བླང་ནས་སྐྱབས་ཡུལ་རྣམས་བླ་མར་ཐིམ་པར་བསམ།བླ་མ་ཡང་འོད་དུ་ཞུ་ནས་རང་ལ་ཐིམ་པས་བདག་དང་སྣང་བ་ཐམས་ཅད་རྨི་ལམ་དབྱིངས་སུ་སད་པ་བཞིན་དུ་ཆོས་ཉིད་སྤྲོས་པ་དང་བྲལ་བའི་ངང་དུ་འབྱམས་ཀླས་པར་བསམ་ལ།རིག་པ་དེ་བཞིན་ཉིད་ཀྱི་གནས་ལུགས་ཀྱི་ངང་མངོན་དུ་བྱས་ཏེ་ཡུད་ཙམ་མཉམ་པར་བཞག་པ་ནི་གཞི་རང་ལ་ལམ་བྱེད་པ་དང་།སླར་ཡང་རང་གི་སྙིང་ག་ནས་འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པར་ཕྱོགས་བཅུར་འཕྲོས་པས་བརྒྱུད་གསུམ་རིག་འཛིན་གྱི་བླ་མ་དམ་པ་རྣམས་དང་།ཁྱད་པར་དུ་ཕྱོགས་བཅུ་དུས་བཞིའི་བླ་མ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་མཉེས་པའི་མཆོད་པ་ཕུལ་བས་ཐུགས་བདེ་སྟོང་གི་རོས་ཚིམས་ནས།བདག་དང་སེམས་ཅན་ཐམས་ཅད་ཀྱི་ཚོགས་རྫོགས།སྒྲིབ་པ་དག།དེ་དག་གི་ཐུགས་རྗེ་བྱིན་རླབས་དབང་དང་དངོས་གྲུབ་ཐམས་ཅད་དང་།ཁྱད་པར་ཐུགས་ཀྱི་གསང་བ་ཆེན་པོའི་ཡེ་ཤེས་ཡོན་ཏན་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་འཇའ་ཡི་སྤྲིན་དཔུང་འཁྲིགས་པ་ལྟ་བུའི་རྣམ་པ་དཔག་ཏུ་མེད་པ་ཐིབས་ཀྱིས་འདུས་ཏེ།སྤོས་རེང་གི་དུད་པ་ལྟར་བྱུང་ནས་རང་གི་དབང་པོའི་དྭངས་མ་མིག་གི་ཨ་འབྲས་ནས་བརྒྱུད་དེ་འོད་རྩ་ཀ་ཏི་ཤེལ་གྱི་སྦུ་གུ་ཅན་གྱི་ལམ་ནས་སིབ་སིབ་ཞུགས་ཏེ།ནང་དབྱིངས་འོད་གསལ་གྱི་སྒྲོན་མར་ཐིམ་པ་དང་མཉམ་དུ་བདག་ལུས་ཕུང་ཁམས་ཐམས་ཅད་འོད་ཐིག་གི་རོལ་པར་གྱུར་ཅིང༔ དེའི་ངང་དུ་དུས་གསུམ་གྱི་རྟོག་པ་ཐམས་ཅད་དང་བྲལ་ཏེ༔ སྒོ་གསུམ་མ་བཅོས་རང་བབས་ཀྱི་ངང་ནས་མིག་གཟིགས་སྟངས་ཀྱིས་གཅུན་ཏེ༔ དབྱིངས་སྣང་ལ་ཤེས་པ་ཐིམ་འགྲོ་བ་ལྟ་བུའི་ངང་དུ་རེ་ཞིག་མཉམ་པར་བཞག་གོ། །ཡང་འོད་གསལ་གདངས་དེ་ཉིད་ཆེས་ཆེར་མཆེད་ནས་ནང་རང་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་དང་བཅས་པ།མདོར་ན་ཕྱི་ནང་སྣོད་བཅུད་ལ་སོགས་པ་དངོས་པོ་རང་མཚན་གྱི་རྣམ་པར་སྣང་བའི་ཆོས་ཅན་ཐམས་ཅད་ཀུན་ཀྱང་ལྷག་མ་ཙམ་ཡང་མ་ལུས་པར་འོད་ཕུང་ཁ་དོག་རྣམ་པ་ལྔའི་རོལ་པར་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་ཕྱི་ནང་སྣོད་བཅུད་ཐམས་ཅད་འོད་ཀྱི་རྣམ་པར་མེར་གྱིས་ཞུ་སྟེ།སྣོད་བཅུད་དང་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་དག་དབྱིངས་དྭངས་མ་ཆེན་པོའི་རོལ་པ་རུ་འབྱམས་ཀླས་པར་བཞག་ཅིང་།སྒོ་གསུམ་གྱི་གནད་གཅུན་ནས་མིག་ཕྱེད་བཙུམ་གྱིས་འོད་སྣང་གསལ་བ་ལ་བལྟ་ཞིང་དབྱིངས་མངོན་དུ་བྱས་ཏེ།ཡུན་ཅིག་མཉམ་པར་བཞག་པའི་ཚེ་ན་དང་པོ་དབྱིངས་སྣང་སྐྱ་ལམ་མེ་བའམ།སོག་ཕོན་བཅིངས་པ་ལྟ་བུ་འཆར་བ་ལས་ཇི་བཞིན་མི་གསལ་ཡང་།ཆེས་ཆེར་གོམས་འདྲིས་སོང་མཐར་རིག་པ་དབྱིངས་ཐོག་ལས་མི་གཡོ་བར་གནས་ཏེ༔ བློ་བཅོས་ཀྱི་བསམ་བྱ་དང་བསྒོམ་འཛིན་གྱི་འཆིང་བས་མ་བཅིང་བར་དམིགས་བསམ་སྤྲོས་པ་ཐམས་ཅད་ཆམ་གྱིས་བཞག་སྟེ།སྒོ་ཡུལ་རླུང་གི་གནད་ལ་བརྟེན་ནས་ཆོས་ཉིད་འོད་གསལ་བའི་ཡེ་ཤེས་ཀྱི་གདངས་དབང་པོའི་སྒོ་རུ་མངོན་དུ་གྱུར་བ་དེ་ལ་ལམ་བྱས་ཏེ།སྒོ་གསུམ་གྱི་གནད་བྱ་བ་དང་བྱེད་པ་མེད་པ་དཔེར་ན་ལས་ཟིན་པའི་སྐྱེས་བུ་བཞིན་དུ་བྱར་མེད་བྱ་བཏང་ཆེན་པོའི་ངང་དུ་སྡོད་པ་ནི་གནད་མཆོག་ཏུ་གྱུར་བ་ཡིན་ནོ། །དེ་ལྟར་སྒོ་གསུམ་བྱར་མེད་དུ་སྡོད་པའི་ཚེ་ན།ཕྱི་ཡི་དབྱིངས་སྐྱོན་གསུམ་དང་བྲལ་བའི་ནམ་མཁའ་སྟོང་པའི་དབྱིངས་དེ་ལས་མི་གཞན་པའི།ནང་དབྱིངས་ཆོས་ཉིད་ཀྱི་རོལ་པ་འོད་གདངས་ཀྱི་རྣམ་པ་ཅི་ཤར་ཡང་དེ་དག་ལ་བློས་ཡིད་དཔྱོད་སྤངས་ནས།གང་སྣང་ཐམས་ཅད་ཆོས་ཉིད་ཀྱི་ཡེ་གདངས་ཀུན་བཟང་གཞིའི་ངང་མདངས་ཕྱི་གསལ་དུ་ཤར་བ་ནང་དབྱིངས་ཀྱི་འོད་གསལ་ཡུལ་དུ་སྣང་བ་ལ།ནམ་མཁའ་རྣམ་པར་དག་པའི་སྒྲོན་མ་ཞེས་ལྷུན་གྲུབ་སྐུ་དང་ཐིག་ལེའི་འཆར་གཞི་སྟེ།དེ་ཉིད་ལ་འོད་གདངས་ཀྱི་སྣང་བ་ཇི་ལྟར་ཤར་ཡང་བཟང་པོ་ཞེས་བླང་བྱ་དང་།ངན་པ་ཞེས་དོར་བྱ་དང་།འཆར་ཆ་ཤར་གྱི་རེ་བ་དང་།མི་འཆར་གྱི་དོགས་པ་སོགས་མདོར་ན་བློ་ཡིད་དཔྱོད་ཀྱི་བཅས་བཅོས་ལ་སོགས་པ་གང་ཡང་མི་བྱེད་པར་རྒྱང་ནས་སྤངས་ཏེ།འཁོར་འདས་སྟོང་ཉིད་ཆེན་པོར་ངོ་ཤེས་པའི་ལྟ་བ་དེ་ཀའི་ངང་དུ་དབྱིངས་སྣང་ལམ་དུ་བྱེད་པ་དེ་ལས་གཞན་དུས་གསུམ་གྱི་རྟོག་པ་ཕྲ་རགས་ཐམས་ཅད་ཀྱི་རྗེས་སུ་མི་འབྲང་བར་ཆོས་ཉིད་འོད་གསལ་བའི་སྣང་བ་མངོན་དུ་གྱུར་པ་དེའི་ངང་དུ་མ་བཅོས་སྤྲོས་མེད་ཆེན་པོའི་དབྱིངས་སུ་ལ་བཟླ་བར་ཆམ་གྱིས་བཞག་པ་ནི།མྱུར་ལམ་འོད་གསལ་ཐོད་རྒལ་གྱི་མན་ངག་མཆོག་ཏུ་གྱུར་པ་ཡིན་པའི་ཕྱིར་ན།ལམ་འདིར་གེགས་དང་གོལ་ས་སོགས་གང་ཡང་མེད་པ་ཡིན་ནོ། །ཡང་།སྤྱིར་ན་འགྲོ་དྲུག་སོགས།གནད་ཀྱི་མཆོག།ཅེས་པས་བསྟན་ཏེ།དེ་ལྟར་གྱི་དགོངས་པའི་དོན་ཇི་བཞིན་པར་མ་ལོན་ཞིང་ཕྱི་རྟགས་རབ་རིབ་ཙམ་ལ་གདིང་བཅས་ཏེ།ནང་རྟགས་ཀྱི་ཡོན་ཏན་རྒྱུད་ལ་མི་སྐྱེ་བ་ནི་སྣང་བ་གཟུང་འཛིན་དུ་གོལ་ཏེ།འོད་ལྔ་ཡུལ་གྱི་འཁྲུལ་གཞིའི་རྒྱུ་བྱེད་དོ། །དེའི་ཕྱིར་ན་གཟུང་འཛིན་འཐས་པའི་རྐྱེན་གྱིས་འགྲོ་བ་དྲུག་གི་གནས་རིགས་དང་།ཁྱད་པར་ངན་སོང་སོགས་ལ་གནས་པའི་སེམས་ཅན་རྣམས་ཀྱང་རང་གི་འཁྲུལ་སྣང་གློ་བུར་དུ་ཤར་བ་དེ་ལ་ཀུན་རྟོག་ལས་རླུང་གཡོ་བའི་ཆོ་འཕྲུལ་གྱིས་སྣང་བ་ཐམས་ཅད་དངོས་མཚན་བདེན་གྲུབ་ཅན་གྱི་རྣམ་པར་འཐས་པའི་རྒྱུ་ནི།མ་རིག་པ་རྣམ་པ་གསུམ་གྱི་བྱེད་ལས་ཀྱིས་ཤེས་པ་དང་པོ་འཁྲུལ་པ་ཡུལ་གྱི་རྣམ་པར་མཆེད་པ་དེ་ལ།ང་ཡིར་འཛིན་པའི་ཤེས་པ་བག་ཉལ་དུ་ཡོད་པ་ལ་རྣམ་པར་རྟོག་པ་ཕྱི་མས་གསོས་བཏབ་སྟེ།ཡུལ་བཟང་ངན་བར་གསུམ་ཐམས་ཅད་ལ་གཉིས་འཛིན་ཨ་འཐས་ཀྱིས་བཟུང་ནས་བདེ་སྡུག་བར་མ་གསུམ་ཉེ་བར་ལེན་ཅིང་འཁྲུལ་སྣང་དངོས་པོར་འཐས་པའི་རྐྱེན་གྱིས།ཕྱི་སྣང་བ་སྣོད་ཀྱི་འཇིག་རྟེན།ནང་སྲིད་པ་བཅུད་ཀྱི་སེམས་ཅན།བར་འདོད་ཡོན་ལྔ་རུ་ཤར་བའི་ཡུལ་སྣང་འདི་དག་མཆེད་པ་ལ།གཟུང་འཛིན་འཐས་པའི་དབང་གིས་འཁྲུལ་སྣང་བདེ་སྡུག་བར་གསུམ་ཉེ་བར་ལེན་ཅིང་།ཡུལ་ལ་མངོན་པར་ཞེན་པའི་རྐྱེན་གྱིས་འཁྲུལ་པའི་འཁོར་ལོར་ཁ་འཁྱོལ་ནས་སྲིད་པར་འཕྱན་པ་ཡིན་ནོ། །དེ་ལྟར་མ་ཡིན་པའི་འོད་གསལ་གསང་བ་ཆེན་པོ་མྱུར་ལམ་ཐོད་རྒལ་གྱི་གནད་འདིར་བརྟེན་པའི་གང་ཟག་ལས་སྨོན་རྟེན་འབྲེལ་འཛོམ་པ་དག་གིས།ཤེས་པ་དང་པོ་ཉིད་ནས་འོད་གསལ་གྱི་སྣང་བ་མངོན་དུ་གྱུར་ཅིང་།མ་དག་པའི་འཁྲུལ་སྣང་ཐམས་ཅད་དག་དབྱིངས་དྭངས་མའི་རོལ་པར་འོད་གསལ་ཆོས་ཉིད་ཀྱི་ངང་དུ་གོ་འཕོས་ཏེ།ཆོས་ཅན་འཁྲུལ་པའི་སྣང་བ་མ་དག་པ་སྙིགས་མའི་བསྐལ་པ་ཐམས་ཅད་ཆོས་དབྱིངས་བརྡལ་བ་ཆེན་པོའི་ཀློང་དུ་འཁྲུལ་པ་ཀ་ནས་དག་ཅིང་དབྱིངས་སུ་འཇིག་པ་ཡིན་པའི་ཕྱིར་ན།ལམ་འདི་ཉིད་ཀྱི་གནད་དེ་དག་མ་ནོར་བར་ཚུལ་བཞིན་དུ་ཤེས་པར་བྱ་ཞིང་།སྒོ་གསུམ་གཅིག་དྲིལ་གྱི་དད་པའི་སྒོ་ནས་ཡང་ཟབ་སྙིང་པོའི་མྱུར་ལམ་འདི་ཉིད་ཉམས་སུ་བླང་བའི་གནད་ཀྱི་མན་ངག་གདམས་པ་ཀུན་གྱི་མཆོག་ཏུ་གྱུར་ཅིང་།དེས་འབྱུང་བ་ལྔ་ལ་རང་དབང་ཐོབ་ནས་དྭངས་མ་འོད་ཀྱི་སྐུ་རུ་སྨིན་པར་འགྱུར་བ་ཡིན་ནོ། །དེ་ལྟར་འབྱུང་བ་དྭངས་སྙིགས་ཀྱི་ཚུལ་བསྟན་པའི་ལེའུ་སྟེ་དགུ་པའོ། །ས་མ་ཡ༔ གུ་ཧྱ༔ ཞེས་པ་དབྱིངས་སུ་རྒྱས་བཏབ་པའི་དོན་ནོ། །། །དྲུག་པ་ཚལ་བཞིན་མ་རྟོགས་ན་གཟུང་འཛིན་གྱི་ལམ་དུ་གོལ་བའི་ཚུལ་བསྟན་པ་ནི།དེ་ལྟར་ཚུལ་བཞིན་སོགས།དབྱིངས་སུ་འཇིག༔ ཅེས་པས་བསྟན་ཏེ།དེ་ལྟར་རིག་པའི་ཡེ་ཤེས་ཀྱི་ངང་ཚུལ་ཇི་ལྟ་བ་བཞིན་དུ་མ་རྟོགས་ཤིང་ཀུན་གཞི་ལུང་མ་བསྟན་གྱི་ཁམས་ནས་འཛིན་པ་ལས་ཀྱི་རླུང་གཡོས་པའི་ཆོ་འཕྲུལ་གྱིས་སེམས་བག་ཆགས་ཀྱི་རྒྱར་འཐུམ་ནས།རིག་པ་ཡེ་ཤེས་ཆེན་པོའི་གནས་ལུགས་ཀྱི་དོན་ཇི་བཞིན་པར་མ་ཤེས་ཤིང་མ་རིག་པའི་དབང་གིས།ཕྱི་སྣང་བ་ལུང་མ་བསྟན་དུ་བཟུང་ནས་འཁྲུལ་པར་འཕྱན།ནང་རང་ལུས་ལུང་མ་བསྟན་དུ་སོང་ནས་ང་བདག་གི་འཆིང་བས་བཅིངས།བར་རང་སེམས་ལུང་མ་བསྟན་དུ་གོལ་བས་ཡེ་གནས་ཀྱི་རིག་པའི་གནས་ལུགས་མངོན་དུ་མ་གྱུར་ཅིང་།སྟོང་ཉམས་མཆོག་འཛིན་ཅན་ལ་གདིང་འཆོས་པའི་རྐྱེན་གྱིས་རིག་པའི་ཡེ་ཤེས་ལ་རྒྱང་རིང་ནས།ལམ་གྱི་གནད་ཚུལ་བཞིན་དུ་མ་མཐོང་བའི་སྐྱོན་དེས་ལམ་ཇི་ལྟར་བསྒོམ་ཀྱང་གསལ་སྟོང་མྱོང་ཞེན་ཅན་དུ་ལུས་ནས་གཟུང་འཛིན་གྱི་ལམ་དུ་འཕྱང་སྟེ།གོལ་ཤོར་ནོར་གསུམ་གྱི་ཉམས་ཀྱིས་བསླུས་ནས།རྣམ་པ་ཐམས་ཅད་མཁྱེན་པའི་ལམ་ཇི་བཞིན་པ་མངོན་དུ་གྱུར་པ་མ་ཡིན་ནོ། །དེའི་ཕྱིར་ན་དང་པོ་ལྟ་དགོངས་དང་ལྡན་པའི་དགེ་བའི་བཤེས་གཉེན་དམ་པ་བསྟེན་ནས་མཉེས་པ་གསུམ་གྱི་ཞབས་ཏོག་བསྒྲུབ་ཅིང་དམ་ཚིག་ལ་མངོན་ལྐོག་མི་བྱེད་པར་བླ་མའི་མན་ངག་ཚུལ་བཞིན་དུ་ཉམས་སུ་བླངས་ནས།སོ་སོར་རྟོག་པའི་ཤེས་རབ་ཀྱིས་གཞི་ཁྲེགས་ཆོད་ཀྱི་ལྟ་བ་གཏན་ལ་ཕབ་ནས།བདག་མེད་རྟོགས་པའི་ཤེས་རབ་མངོན་དུ་གྱུར་བར་བྱེད་ཅིང་།སྣང་སྲིད་འཁོར་འདས་ཀྱི་བསྡུས་པའི་ཆོས་ཐམས་ཅད་རང་སྣང་ལས་གཞན་ན་རྡུལ་ཙམ་ཡང་བདེན་གྲུབ་ཅན་དུ་མེད་པར་ཐག་ཆོད་དེ།ཆོས་ཉིད་རྒྱུ་འབྲས་ལས་འདས་པ་རིག་པ་སྐུ་གསུམ་མཉམ་པ་ཉིད་ཀྱི་དབྱིངས་ཇི་ལྟ་བ་བཞིན་དུ་མངོན་དུ་གྱུར་ཅིང་ངང་རྟོགས་ནས།སླར་གཞི་ལ་དབང་བསྒྱུར་ནས་སྣང་དང་སྲིད་པའི་ཆོས་ཁམས་ཐམས་ཅད་རང་སྣང་ཡེ་ཤེས་ཀྱི་རོལ་རྩལ་དུ་གོ་འཕོས་ཏེ།སྣང་བ་ཐམས་ཅད་སྣང་ཙམ་ཉིད་ནས་སྟོང་།སྟོང་ཙམ་ཉིད་ནས་སྣང་བ་སྟེ།སྣང་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་གནས་ལུགས་དེ་བཞིན་ཉིད་ཀྱི་ངོ་བོ་སྟོང་པ་གཞི་རྩ་དང་བྲལ་བ་བློ་འདས་ཡེ་གྲོལ་ཆེན་པོ་མཚན་མ་མེད་པའི་དབྱིངས་སྤྲོས་པ་དང་བྲལ་ཞིང་།རང་བཞིན་གྱི་ཆ་འགགས་པ་མེད་པ་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་ངང་རྒྱས་ཤིང་ཡོན་ཏན་སྣ་ཚོགས་ཀྱི་འཆར་སྒོ་རང་གསལ་ཆེན་པོར་རྫོགས་ཤིང་འདུས་མ་བྱས་པ་སྟེ།དེ་ལྟར་སྐུ་གསུམ་མཉམ་རྫོགས་ཆེན་པོའི་དབྱིངས་སྟོང་ཉིད་སྤྲོས་པ་དང་བྲལ་བའི་ཡེ་གཞི་ཀ་དག་གི་གནས་ལུགས་མ་བཅོས་རང་གསལ་ཆེན་པོའི་ངང་རྟོགས་པས་ན།གཞི་དབྱིངས་སྟོང་པའི་ཆ་དང་།གཞི་རྩལ་སྣང་བའི་ཆོས་གཉིས་ཀ་ཡ་མ་བྲལ་བ་སྟོང་གསལ་འདུས་མ་བྱས་པ་སྟེ།དཔེར་ན་རྒྱ་མཚོ་ཆེན་པོ་རླབས་ཀྱིས་མ་བསྐྱོད་ཅིང་རྙོགས་མ་དྭངས་པའི་ཆུ་དྭངས་གསལ་གྱི་ཆ་ལ་གཟུགས་བརྙན་སྣ་ཚོགས་འཆར་བྱེད་ཀྱི་ནུས་པ་རང་བཞིན་དུ་ཡོད་པའི་ཕྱིར་ན།གཟའ་སྐར་དང་གཟུགས་བརྙན་གྱི་སྣང་བ་རྒྱ་ཆེ་ལ་གྲངས་མང་བ་ཇི་ལྟར་ཤར་ཡང་།ཆུ་དྭངས་གསལ་གཉིས་སུ་མེད་པའི་ཆ་ནས་སྣང་བ་ལས་དེ་གཉིས་ཐ་དད་དུ་མ་གྲུབ་ཅིང་།ཆུ་ལ་དྭངས་གསལ་གྱི་འཆར་སྒོ་འགགས་པ་མེད་ཅིང་རང་གསལ་བས་ན་གཟའ་སྐར་དང་དེ་བཞིན་དུ་གཟུགས་བརྙན་གྱི་སྣང་བ་སྣ་ཚོགས་པ་མང་པོ་འཆར་དུ་རུང་བ་དེ་ཡང་།ཆུ་དེ་ཉིད་ཀྱི་དྭངས་གསལ་གྱི་ཆ་ལས་གཟའ་སྐར་དང་གཟུགས་བརྙན་གྱི་སྣང་བ་སྣ་ཚོགས་མཆེད་པ་ལས་ཆུ་མེད་ཚེ་དྭངས་གསལ་འབྱུང་རུང་གི་རྒྱུ་མེད།དེ་མེད་ན་གཟུགས་སྣང་ཤར་བའི་ཡུལ་མེད་པའི་ཕྱིར་ན།ཆུ་ལས་གཞན་པའི་གཟུགས་བརྙན་དུ་གྲུབ་པ་མེད་པ་བཞིན་དུ།སྣང་སྲིད་འཁོར་འདས་ཀྱིས་བསྡུས་པའི་ཆོས་ཐམས་ཅད་སེམས་ཀྱི་ངོ་བོ་གཞིར་གནས་ཀྱི་རིག་པ་ཆོས་སྐུ་མཉམ་པ་ཉིད་ཀྱི་དབྱིངས་ཆེན་པོ་སྟོང་གསལ་འདུས་མ་བྱས་པའི་རང་བཞིན།གཞི་རང་གི་རང་མདངས་འོད་གསལ་བའི་ཆ་དེ་ལས་སྣ་ཚོགས་ཆོས་ཁམས་རྒྱ་མཚོའི་སྣང་བ་ཐམས་ཅད་བྱ་བས་མ་བྱས་རྩོལ་བས་མ་བསྒྲུབ་པར་གཞི་རང་གི་ཆོས་ཉིད་དུ་ཡེ་ནས་རང་བྱུང་དུ་གནས་པའི་ཕྱིར་ན་ཆོས་ཀུན་རིག་པའི་རང་རྩལ་དུ་རང་ཤར་ནས་རང་ཐོག་དུ་རང་གྲོལ་བ་སྟེ།དེས་ན་སྣང་བ་ཐམས་ཅད་སྣང་དུས་ཉིད་ནས་བདེན་མེད་སེམས་ཀྱི་རོལ་པ་རུ་སྣང་བ་ཡིན་པས།སེམས་མེད་ན་སྣང་བ་མི་འབྱུང་བ་ནི་བེམ་གཟུགས་ཀྱིས་སྟོན་ཏེ།དེའི་ཕྱིར་ན་སྣང་བ་སེམས་མིན་སེམས་ལས་གཞན་པའི་སྣང་བ་ཞིག་ཐ་དད་དུ་མེད་ཅིང་།འཁོར་འདས་གཉིས་ཀྱི་ཆ་འཛིན་པས་ན་སེམས་དང་།དེ་ལས་གཞན་པའི་སྣང་བའི་ཆོས་ཞེས་བདེན་པར་མ་གྲུབ་པ་ཡིན་པས་ན།སྣང་བ་སེམས་ཀྱི་རོལ་རྩལ་དུ་ཤེས་དགོས་ཏེ།དཔེར་ན་ནམ་མཁའ་ལ་འཇའ་ཚོན་རྣམ་པ་ཇི་ལྟར་ཤར་ཡང་ནམ་མཁའ་ལས་མ་འདས་ཤིང་ཐམས་ཅད་ནམ་མཁའ་ཉིད་ཀྱི་ཆོ་འཕྲུལ་ཡིན་ཕྱིར།འཇའ་ཚོན་གྱི་རྣམ་པ་རྒྱ་ཆེ་ལ་བཀྲག་འབར་བ་ཇི་ལྟར་སྣང་ཡང་འཇའ་ཚོན་ནམ་མཁའི་རོལ་པར་སྣང་བ་བཞིན་དུ།རྒྱུ་གཞི་དབྱིངས་དྭངས་གསལ་གྱི་ཆ་ལ་རྒྱུ་བྱས།རྐྱེན་ངར་འཛིན་གྱི་ཤེས་པ་དང་ཉེར་ལེན་གྱི་སེམས་ལ་རྐྱེན་བྱས།དེ་གཉིས་རྒྱུ་རྐྱེན་འཕྲད་པའི་རྟེན་ཅིང་འབྲེལ་འབྱུང་དུས་འཛོམ་ནས་སྣོད་བཅུད་དུ་སྣང་བ་ཐམས་ཅད་མེད་བཞིན་དུ་འབྱུང་བ་སྟེ།གཞི་ལས་གཞི་སྣང་དུ་མཆེད་པ་ལས་རིག་པའི་ཡེ་ཤེས་ཞེས་ཡུལ་གཞན་ནས་འབྱུང་བ་མ་ཡིན་ནོ། །དེའི་ན་ཤེས་རབ་ཆེན་པོའི་ཡེ་ཤེས་ནི་ཆོས་སྐུ་གཞིར་གནས་ཀྱི་རིག་པའི་རང་ཞལ་མཐོང་བར་བྱེད་པའི་མིག་ལྟ་བུ་སྟེ།དེ་དག་མ་རིག་པས་བསྒྲིབ་པའི་རྐྱེན་གྱིས་ཤེས་པ་དང་པོ་མ་དག་སྙིགས་མའི་སྣང་བ་ཡུལ་དུ་གྱུར་པ་ལ་རྒྱུ་བྱས།ལས་རླུང་གི་འགྱུ་འཕྲིག་གཡོ་བའི་ཆོ་འཕྲུལ་རྐྱེན་བྱས་ཏེ།ང་ཡིར་འཛིན་པའི་ཤེས་པ་ལ་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་དང་།ཡུལ་སྣང་འཛིན་མ་རིག་པའི་ཤེས་པ་དེ་ལ་ལྷན་སྐྱེས་ཀྱི་མ་རིག་པ་དང་།ཡུལ་དངོས་པོར་འཛིན་ཞེན་སྐྱེས་པ་ལ་ཀུན་ཏུ་བཏགས་པའི་མ་རིག་པ་དང་།དེ་གསུམ་འཛོམ་ནས་ཡུལ་བཟང་ངན་བར་གསུམ་ཉེ་བར་ལེན་པའི་ཆ་ལ་མ་རིག་རྒྱུ་གསུམ་རྐྱེན་བཞིར་གྲགས་པ།དོན་ལ་མ་རིག་པ་རྣམ་པ་གསུམ་གྱི་བྱེད་ལས་ཀྱིས་ཡུལ་ལ་མངོན་པར་ཞེན་ཅིང་ཨ་འཐས་འཁྲུལ་པའི་སྣང་བ་ལ་ཉེ་བར་ལེན་པའི་བྱེད་ལས་ཀྱིས་སེམས་མ་རིག་པའི་སྒོང་རྒྱར་འཐུམ་ནས་གཞིའི་ངང་མདངས་འོད་གསལ་ལྷུན་གྲུབ་བསྒྲིབ་པའི་རྐྱེན་གྱིས་ཀུན་གཞིར་འཕོས།ལྷུན་གྲུབ་འོད་ལྔའི་སྣང་བ་དངོས་པོར་འཐས་པའི་མ་རིག་པས་བསྒྲིབས་པས་ཉོན་ཡིད་དུ་འཕོས།ཤེས་རབ་མ་རིག་པས་བསྒྲིབས་པས་ཡིད་ཤེས་སུ་འཕོས།ཡེ་ཤེས་མ་རིག་པས་བསྒྲིབས་པས་རྣམ་ཤེས་སུ་འཕོས།མདོར་ན་ཡང་དག་པའི་ལམ་ལ་གཉིས་འཛིན་གྱིས་བསྒྲིབ་པ་སོགས་ཀྱི་རྐྱེན་ལས།ཡེ་ཤེས་ལྔའི་རང་མདངས་འོད་ཀྱི་གདངས་ལྔ་ཕྱི་གསལ་དུ་ཤར་བ་ལ།འཛིན་པ་ལས་རླུང་གཡོ་བའི་ཆོ་འཕྲུལ་གྱིས།ཆོས་དབྱིངས་ཡེ་ཤེས་ཀྱི་གདངས་དངོས་པོར་འཐས་ནས་འོད་མཐིང་ག་རུ་འཛིན་པ་དང་།དེ་བཞིན་དུ་མེ་ལོང་ཡེ་ཤེས།མཉམ་ཉིད་ཡེ་ཤེས།སོར་རྟོག་ཡེ་ཤེས།བྱ་གྲུབ་ཡེ་ཤེས་ཀྱི་གདངས་རྣམས་ལ་བདེན་ཞེན་གྱིས་དངོས་པོར་བཟུང་ནས།འོད་གདངས་དཀར་སེར་དམར་ལྗང་གི་རྣམ་པར་སྣང་ཞིང་།དེ་དག་ལ་བག་ཆགས་འཐས་པའི་བྱེད་ལས་ཀྱིས་རྩལ་དུག་ལྔ་དང་།འབྱུང་བ་ལྔ་རུ་བསྒྲིབས་པ་སོགས་ཀྱིས་མ་དག་སྙིགས་མའི་སྣང་བ་དུ་མའི་མཆེད་གཞིར་གྱུར་པ་ཡིན་ནོ། །དེ་དག་གི་དོན་རྣམས་མདོར་བསྡུ་ན་གཞི་ཡེ་ནས་རྣམ་པར་དག་ཅིང་སྐྱོན་ཡོན་གང་གིས་ཀྱང་བསླད་མི་འཇུག་ཅིང་།སྤྲོས་པའི་མཐའ་བརྒྱད་དང་བྲལ་བ་རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ་སྟེ།དེའི་རང་བཞིན་འགགས་པ་མེད་པའི་ཆ་ལས་ཡེ་ཤེས་ལྔའི་རང་གདངས་འོད་ལྔ་ཕྱི་གསལ་དུ་ཤར་བ་ལ།འོད་ལྔ་རང་སྣང་དུ་མ་ཤེས་པའི་སྒྲིབ་ཆ་དེ་ལ་རྒྱུ་བདག་ཉིད་གཅིག་པུའི་མ་རིག་པ་དང་།དེ་ལས་ལས་རླུང་གཡོ་བའི་ཆོ་འཕྲུལ་གྱིས་དྭངས་མ་དངོས་པོར་བསྒྲིབ་པའི་ཁ་དོག་གི་རྣམ་པར་འཐས་པའི་བྱེད་ལས་ཀྱིས་ཕྱི་འབྱུང་ཆེན་ལྔ་རུ་གྲུབ་པས།དེས་ནང་འབྱུང་ལྔ་བསྐྱེད་པ་དང་།དེའི་བྱེད་ལས་ཀྱིས་ནང་འབྱུང་སྙིགས་མར་འཐས་པས་ཕྱི་འབྱུང་ལྔའམ།འབྱུང་ཕྲན་ནམ།སྙིགས་མར་འཐས་པའི་ཕུང་པོ་ཁམས་དང་སྐྱེ་མཆེད་ཚོགས་བརྒྱད་སེམས་སེམས་བྱུང་དང་བཅས་པ་ལུགས་སུ་འབྱུང་སྟེ།འཁོར་བ་ཡོངས་སུ་མཆེད་ནས་འཁྲུལ་པ་སྣ་ཚོགས་ཀྱི་འདུ་བྱེད་ཅིང་གནས་པ་དང་།ཡང་དེ་དག་མི་རྟག་པར་ཚོགས་བརྒྱད་ལུགས་སུ་ལྡོག་སྟེ་སྟོང་པ་ཁྱབ་བརྡལ་ཆེན་པོའི་དབྱིངས་སུ་འཇིག་པ་ཡིན་ནོ། །ལར་རྣལ་འབྱོར་ལམ་གྱི་གནས་སྐབས་དང་སྦྱར་ནས་ལུགས་འབྱུང་ལྡོག་གི་ཚུལ་བརྗོད་ན།སེམས་ལས་སེམས་བྱུང་གི་རྟོག་པ་དང་པོ་སྐྱེས་པ་དང་།བར་དུ་གནས།ཐ་མ་འགྱུར་ཏེ་ཡལ་བ་ལྟར།སེམས་ཀྱི་ཀློང་དུ་ཐིམ་པའི་བར་མ་ཆད་པ་སྟེ།དེ་ཡང་ཐིམ་ཞེས་པ་སྤྲིན་ནམ་མཁར་དེངས་པ་ལྟ་བུར།སེམས་དང་སེམས་བྱུང་གི་རྟོག་པ་གཉིས་མེད་དུ་རང་གཞིའི་ཀློང་དུ་རང་གྲོལ་བ་ཡིན་ནོ། །དེའི་ན་སེམས་ཀྱི་ངོ་བོ་སྟོང་པ་ཆོས་སྐུ།རང་བཞིན་འགགས་པ་མེད་པར་གསལ་བ་ལོངས་སྐུ།ལམ་སྣང་མངོན་དུ་བྱེད་པ་སྤྲུལ་སྐུ་སྟེ།སྐུ་གསུམ་མཉམ་པ་ཉིད་ཀྱི་དབྱིངས་སུ་གྲོལ་བའི་ས་ལ་འཕེན་པ་ཡིན་ནོ། །བདུན་པ་ངང་ཚུལ་ཇི་བཞིན་དུ་རྟོགས་ན་འབྲས་བུ་གཞན་ལས་འཕགས་ཚུལ་བསྟན་པ་ནི།ངང་ཚུལ་རྟོགས་པའི་སོགས།ཁྱད་དུ་འཕགས༔ ཞེས་པས་བསྟན་ཏེ།དེ་ལ་འདིར་ཡེ་གཞི་ཀུན་ཏུ་བཟང་པོའི་ངང་ཚུལ་ཇི་བཞིན་དུ་རྟོགས་ནས།གཞིའི་ཆོས་ཉིད་འགྱུར་བ་མེད་པ་ནམ་མཁའི་རང་བཞིན་དུ་ཤེས་པའི་ཤེས་རབ་ཆེན་པོ་སྟོབས་སུ་གྱུར་ནས།ངང་གནས་ཀྱི་ཡེ་ཤེས་མངོན་དུ་གྱུར་ཅིང་མ་རིག་པ་གཞི་ལ་སངས་ནས་གཉིས་འཛིན་གྱི་འཆིང་བ་དབྱིངས་སུ་ཞིག་སྟེ།མ་དག་པ་འཁོར་བའི་སྣང་ཞེན་གྱི་དངོས་པོར་འཐས་པ་ཐམས་ཅད་ཀུན་ཀྱང་།འོད་གསལ་ཆོས་ཉིད་ཀྱི་རོལ་པར་དག་དབྱིངས་དྭངས་མའི་འོད་གསལ་ཉིད་དུ་གོ་འཕོས་པ་དང་།ཐབས་ཟབ་མོ་སྒོ་ཡུལ་རླུང་རིག་གི་གནད་ལ་བརྟེན་ནས་ཚེ་འདིར་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པར་བྱེད་པའི་མྱུར་ལམ་འདི་ལ་བརྟེན་ནས།སྔོན་གྲུབ་པའི་དབང་ཕྱུག་རིག་འཛིན་དགའ་རབ་རྡོ་རྗེ་དང་།ཤྲཱི་སིདྷ་ལ་སོགས་དུས་གསུམ་དུ་གཤེགས་ཤིང་བཞུགས་པའི་རྒྱལ་དང་རྒྱལ་སྲས་སོགས་བྱང་ཆུབ་སེམས་དཔའ་འཕགས་པའི་ས་ན་གནས་པ་ཐམས་ཅད་ཀྱི།བགྲོད་པ་གཅིག་པུའི་ལམ་མཆོག་ཏུ་གྱུར་པ།རྒྱལ་བ་ཀུན་གྱི་མེས་པོ་ཀུན་བཟང་རྡོ་རྗེ་འཆང་ཆེན་པོའི་ཐུགས་ཀྱི་གསང་བ་བསམ་གྱི་མི་ཁྱབ་པའི་ཆོས་ཉིད་རིག་པའི་ཡེ་ཤེས་ཆེན་པོ་རྒྱུ་འབྲས་ལས་འདས་པའི་དབྱིངས་སུ།འཁོར་འདས་འུབ་ཆུབ་རོལ་པའི་ཀློང་ཆེན་པོའི་དགོངས་པ་མངོན་དུ་གྱུར་ཅིང་ཡེ་གྲོལ་ཆོས་སྐུའི་ཀློང་དུ་གདིང་ཐོབ་པ་སྟེ།འདི་ལྟ་བུའི་མྱུར་ལམ་འོད་གསལ་ཐོད་རྒལ་གྱི་གདམས་པ་ཟབ་མོ་འདི་ཉིད།དཔེར་ན་སའི་སྙིང་པོ་གསེར་ལྟ་བུ།ཆུ་ཡི་སྙིང་པོ་ལན་ཚྭ།རླུང་གི་སྙིང་པོ་ག་བུར་ལྟ་བུ་སྟེ།ལམ་དང་འབྲས་བུ་ཀུན་གྱི་སྙིང་པོ་ཡང་གསང་བླ་ན་མེད་པའི་ཆོས་ཟབ་མོ་ཚེ་འདིར་འཇའ་ལུས་འཕོ་ཆེན་དྭངས་མའི་སྐུར་སྨིན་པར་བྱེད་པའི་ཕྱིར་ན།ལམ་དང་སྒྲུབ་པ་ཀུན་ལས་འདི་ཉིད་ཁྱད་པར་བདུན་གྱིས་འཕགས་པ་ཡིན་ཏེ།དེ་ཇི་ལྟར་འཕགས་ཞེ་ན།ལམ་དང་སྒྲུབ་པ་གཞན་ལས་ལྟ་ཅི་སྨོས་ཏེ།ཐེག་པའི་ཡང་རྩེ་ནི་ཨ་ཏི་རྫོགས་པ་ཆེན་པོ་མན་ངག་སྡེའི་ཁྱད་ཆོས་གཞི་ཁྲེགས་ཆོད་ཡིན་ཀྱང་།དེ་ལས་ཀྱང་ཐེག་མཆོག་བླ་ན་མེད་པ་མྱུར་ལམ་ཐོད་རྒལ་འདི་ཉིད་ཁྱད་དུ་འཕགས་པ་ཡིན་ཏེ།ཁྲེགས་ཆོད་ཀྱི་ལམ་ནས་ས་རྡོ་རི་བྲག་ལ་སོགས་པ་མ་དག་སྙིགས་མའི་སྣང་བ་ཐམས་ཅད་སྐད་ཅིག་ལ་དག་པར་མི་ནུས་ཤིང་།ཐོད་རྒལ་གྱིས་སྣང་བ་སྣང་དུས་ཉིད་ནས་འོད་ལྔར་འཕོས་པའི་ཁྱད་པར་དང་།ཁྲེགས་ཆོད་ཀྱི་རིག་པ་འོད་གསལ་སྒྲིབ་གཡོགས་དང་བྲལ་བ་ཙམ་ལས་མི་མཐོང་།ཐོད་རྒལ་གྱིས་སྒོ་ཡུལ་རླུང་རིག་གི་གནད་རྟོགས་པས་འོད་གསལ་མངོན་སུམ་དུ་དབང་པོའི་སྒོར་མཐོང་བའི་ཁྱད་པར་དང་།ཁྲེགས་ཆོད་ཀྱིས་ཚོགས་དྲུག་གི་ཡུལ་སྣང་སྤངས་པ་ལྟར་བྱས་ཏེ་སེམས་ཀྱི་གདངས་ཚོལ་བ་དང་།ཐོད་རྒལ་གྱིས་འཁྲུལ་པའི་སྣང་བ་རང་སར་དག་ནས།དབྱིངས་དང་ཡེ་ཤེས་འདུ་འབྲལ་མེད་པའི་ངང་ནས་སྒྲོན་མ་བཞིའི་གདངས་ལ་ལོངས་སྤྱོད་པའི་ཁྱད་པར་དང་།ཁྲེགས་ཆོད་ཀྱིས་རགས་པའི་རྩ་རླུང་འཛིན་རྩོལ་ཅན་ལ་བརྟེན་ནས་གེགས་དང་གོལ་ས་མང་བ་ལ།ཐོད་རྒལ་གྱིས་རྩོལ་མེད་ཀྱི་ཡེ་ཤེས་རང་སོར་བཞག་ནས་དེ་ལ་ལམ་དུ་བྱས་པས།དུག་གསུམ་འཁྲུལ་པའི་ལས་རླུང་རང་མལ་དུ་སོད་ནས།རགས་པའི་རྩ་ཐིག་རླུང་གསུམ་དྭངས་མར་འཕོ་ནུས་པའི་ཁྱད་པར།ཁྲེགས་ཆོད་ཉམས་སུ་ལེན་པའི་སྐྱེས་བུ་རྣམས་ཀྱང་གྲོལ་བའི་ས་ལ་འཕེན་ནའང་ལུས་རྡུལ་ཕྲན་དུ་དེངས་པ་ཙམ་ལས་འོད་གསལ་དུ་མི་སྨིན།ཐོད་རྒལ་གྱིས་སྤྱན་དང་མངོན་ཤེས་རླབས་པོ་ཆེའི་བདག་ཉིད་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་སངས་རྒྱས་པའི་ཁྱད་པར།ཁྲེགས་ཆོད་ལ་བརྩོན་འགྲུས་དྲག་པོའི་སྒོ་ནས་ཉམས་སུ་བླངས་ན་ཚེ་གཅིག་གིས་སངས་རྒྱས་བའི་དམ་བཅའ་ཡིན་ཏེ།ཐོད་རྒལ་གྱིས་སྒོ་ཡུལ་རླུང་གི་གནད་ལ་བརྟེན་ནས་བར་མ་ཆད་པར་བསྒོམས་ན་རབ་མི་ལོ་བདུན།འབྲིང་གི་བཅུ།ཐ་ནའང་མི་ལོ་བཅུ་གསུམ་གྱི་སངས་རྒྱས་པའི་ཁྱད་པར།ཁྲེགས་ཆོད་ཀྱིས་ཚེ་འདིར་འཕོ་ཆེན་དྭངས་མའི་སྐུ་མི་འགྲུབ་སྟེ།ཐོད་རྒལ་གྱིས་ཚེ་གཅིག་ལུས་གཅིག་འདི་ཉིད་ལ་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་འགྲུབ་པའི་ཁྱད་པར་ཏེ།འདི་ལྟ་བུའི་ཁྱད་ཆོས་བདུན་གྱིས་འཕགས་པའི་མྱུར་ལམ་ཟབ་མོ་འདི་ཉིད་གང་ཟག་སྐལ་བ་དང་ལྡན་པ་རྣམས་ཀྱིས་ལེ་ལོ་དང་གཡེང་བ་མེད་པར་ཉམས་སུ་བླངས་ན།ཚེ་འདིར་འཇའ་ལུས་འོད་ཀྱི་སྐུ་རུ་སྨིན་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་བཀའ་དྲི་མ་མེད་པ་ཡིན་ནོ། །བརྒྱད་པ་ལམ་རྟགས་སྣང་བ་བཞིའི་ས་མཚམས་བསྟན་པ་ལའང་བཞི་ལས།དང་པོ་ཆོས་ཉིད་མངོན་སུམ་གྱི་སྣང་བ་ནི།དེ་ལྟར་རྩེ་གཅིག་སོགས།རྟོགས་ནས་སུ༔ ཞེས་པའི་བར་གྱིས་བསྟན་ཏེ།དེ་ལྟར་མྱུར་ལམ་ཐོད་རྒལ་གྱི་གདམས་པ་འདི་ཉིད་མི་འགུལ་བ་གསུམ་ལ་གཞི་བཅས་ཏེ།ཉིན་མོ་ཆོས་སྐུའི་རྟེན་ཉི་མ་དང་།མཚན་མོ་ལོངས་སྐུའི་རྟེན་ཟླ་བ་དང་།ནང་ནུབ་ཏུ་སྤྲུལ་སྐུའི་རྟེན་ཨ་ལོ་ཀེ་ལ་ལྟ་བ་སོགས་ཀྱིས་རྩེ་གཅིག་ཏུ་ཉམས་སུ་ལེན་ཅིང་གནད་དུ་བསྣུན་པའི་ཚེ་ན།བསྐྱེད་རིམ་ལྷུར་ལེན་བྱས་ཏེ།ཆོས་ཉིད་ཀྱི་ངང་མདངས་བློ་ཡིས་བཅོས་ནས་ལྷ་མི་གཟུགས་ཀྱི་རྣམ་པར་འཆོས་པ་ལྟ་བུ་དང་།གཞི་ཀ་དག་གི་དགོངས་པ་ཁྲེགས་ཆོད་ལྟ་བུར་ལྷུན་གྲུབ་ཀྱི་ཡོན་ཏན་ཐམས་ཅན་ཕྱི་གསལ་དུ་མེད་ལ།ནང་གསལ་དུ་ལྐོག་ཏུ་གྱུར་ནས་གནས་ཤིང་མངོན་སུམ་ཉིད་དུ་མ་གྱུར་པ་ལྟ་བུ་མ་ཡིན་ཅིང་།ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པ་ཐམས་ཅད་མངོན་གྱུར་ཆེན་པོའི་ངང་དུ་བརྟན་པ་ཐོབ་པར་བྱེད་ཅིང་།སྐུ་གསུམ་རང་ཐོག་ཏུ་གྲོལ་བའི་ཐབས་མཆོག་ཏུ་གྱུར་པ་ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཚུད་པས།གདོད་མ་གཞིའི་རང་བཞིན་འགགས་པ་མེད་པའི་ཡེ་ཤེས་ལྔ་ཡི་རང་གདངས་འོད་གསལ་དྭངས་མ་ལྔའི་ཐིག་ལེ་འོད་ལྔའི་རང་བཞིན་ཅན་དུ་ཆོས་ཉིད་ཀྱི་སྣང་བ་དབང་པོའི་སྒོ་རུ་མངོན་སུམ་དུ་སྣང་ཞིང་ངང་མངོན་དུ་གྱུར་པས་ན།དེ་ཉིད་བླང་དོར་མེད་པའི་ངང་ལ་སྒོ་གསུམ་གྱི་གནད་མ་འཆོལ་བར་འོད་གདངས་མངོན་དུ་བྱས་ནས་ཆམ་གྱིས་བཞག་པས་མཚན་མ་མེད་པ་དོན་གྱི་ཞི་གནས་ཏེ།སྒོ་གསུམ་གཡོ་མེད་དུ་གནས་པས་རྟོག་པ་ཕྲ་རགས་ཐམས་ཅད་གདོད་མའི་ཡེ་གཞིའི་ཀློང་དུ་ཞི་བས་ན་ཞི་དང་།རིག་པ་རང་གི་ངང་དུ་བརྟན་པ་ཐོབ་པས་ན་གནས་པའོ། །དེ་ལྟར་སྣང་སེམས་ཐམས་ཅད་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འཕོས་པས་ཆོས་ཉིད་འོད་གསལ་གྱི་སྣང་བ་ལྷག་པར་མཐོང་ནས་རྒྱལ་བ་རྣམས་ཀྱི་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་རང་གི་སྒོ་གསུམ་དང་ཐ་མི་དད་པར་ཞུགས་པས།ལུས་སྨིན།ངག་དག།ཡིད་འོད་གསལ་དུ་འཕོས་པའི་ལྟས་མཚན་ཚུལ་བཞིན་དུ་འབྱུང་བ་ནི།ཕྱི་རྟགས་དབྱིངས་སྣང་ཡོལ་བ་བཀྲམ་པ་ལྟ་བུའི་རྣམ་པ་ལ་ལྷུན་ཆགས་ཤིང་ངང་བརྟན་པ་དང་།ཐིག་ལེ་རྣམས་ཀྱང་ཉ་མིག་ཙམ་ནས་མཐེབ་གོར་ཙམ་གསུམ་འབྲེལ་དང་ལྔ་ལྡན་ལ་སོགས་པ་འཆར་ཞིང་།དེ་དག་གི་གོ་མཚམས་རྣམས་སུ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་གསེར་སྐུད་ལྡིང་བ་ལྟ་བུར་འགྲོ་འོང་གི་རྣམ་པར་འཆར་བ་འབྱུང་སྟེ།དེ་ལ་ཆེས་ཆེར་གོམས་པས་དབྱིངས་དང་ཐིག་ལེའི་སྣང་བ་ཐམས་ཅད་ཇེ་བརྟན་དུ་སོང་བ་དང་།མ་དག་པ་འཁོར་བའི་ས་ནས་ཁྲེགས་ཆོད་ཆོས་ཉིད་ཀྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པས་ན།དོན་དམ་ཆོས་ཉིད་ཀྱི་བདེན་པ་མངོན་སུམ་དུ་མཐོང་ཞིང་རྣམ་པར་གྲོལ་བའི་ས་ཐོབ་ནས།སྔར་མ་མཐོང་བའི་ཆོས་ཉིད་འོད་གསལ་གྱི་སྣང་བ་ཡེ་ཤེས་ལྷུན་གྲུབ་རིན་པོ་ཆེའི་གདངས་ཡིད་དཔྱོད་དུ་མ་སོང་བར།མངོན་སུམ་དབང་པོའི་སྒོ་རུ་མཐོང་བའི་ཡོན་ཏན་རྣམས་བརྗོད་ལས་འདས་ཤིང་།ས་དང་ལམ་གྱི་དབྱེ་ན།མདོ་ལམ་གྱི་ས་དང་པོར་སླེབས་པ་ཡིན་ཞིང་།སྔགས་ལམ་ལྟར་ན་མ་དག་འཁྲུལ་པའི་སྣང་སེམས་ཐམས་ཅད་འོད་གསལ་ཆོས་ཉིད་ཀྱི་རང་བཞིན་དུ་རྣམ་པར་དག་ནས།ཁྲེགས་ཆོད་གཞིའི་གནས་ལུགས་ཇི་ལྟ་བ་མངོན་དུ་གྱུར་ཅིང་།ངང་ཚུལ་ཇི་བཞིན་དུ་རྟོགས་ནས་མ་རིག་པའི་སྒྲིབ་པ་དབྱིངས་སུ་སངས་ཏེ།རིག་པ་ཡེ་ཤེས་ཆེན་པོར་སྨིན་པས་ན།སྔགས་ལམ་གྱི་རྣམ་པར་སྨིན་པའི་རིག་འཛིན་གྱི་ས་དོན་གྱི་ཐོབ་པ་ཡིན་ནོ། །ཡང་།ལམ་འདིའི་གནད་འགགས་སོགས།གདིང་ཐོབ་བོ༔ ཞེས་པས་བསྟན་ཏེ།དེ་ལྟར་ཡང་གསང་བླ་ན་མེད་པའི་མྱུར་ལམ་ཟབ་མོའི་འདིའི་གནད་འགགས་རྣམས།བླ་མ་དམ་པའི་མན་ངག་གི་དགོངས་དོན་ལ་བརྟེན་ནས་ཚུལ་ཇི་ལྟ་བ་བཞིན་དུ་ཤེས་པར་བྱས་ཏེ།སྒོ་ཡུལ་རླུང་རིག་གི་གནད་ཀྱིས་ཕྱིའི་ཡུལ་རྐྱེན་ནམ་མཁའ་དང་ཉི་ཟླ་གསུམ་ལ་བརྟེན་ནས།ལེ་ལོ་དང་གཡེང་བ་མེད་པར་རྩེ་གཅིག་ཏུ་ལམ་མཆོག་ཀུན་གྱི་སྙིང་པོ་འདི་ཉིད་ཉམས་སུ་བླངས་ཏེ།སྒྲུབ་པ་ལྷུར་ལེན་ལ་བརྩོན་པའི་རིགས་ཅན་སྐྱེས་བུ་མི་མཆོག་དམ་པ་གང་མཆིས་པ་རྣམས་ཀྱིས།ལམ་མཆོག་འདི་ཉིད་ཚུལ་བཞིན་དུ་ཉམས་སུ་བླངས་ན་ཟླ་བ་དྲུག་གིས།ཕྱི་དབྱིངས་དང་ཐིག་ལེ་རིག་གདངས།ནང་བདེ་གསལ་མི་རྟོག་པའི་དགོངས་ཉམས་ལ་སོགས་པ་སྣང་ཉམས་ཤེས་ཉམས་ཀུན་ལ་ངེས་པར་བརྟན་པ་ཐོབ་ཅིང་།འོད་གསལ་ཆོས་ཉིད་ཀྱི་སྣང་བ་མངོན་སུམ་དུ་དབང་པོ་དྭངས་མའི་སྒོ་རུ་སྣང་བ་ཡིན་ནོ། །དེའི་ཕྱིར་ན་ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཐོབ་ནས།ལྷུན་གྲུབ་ཡེ་ཤེས་ཀྱི་གདངས་མངོན་སུམ་དུ་མཐོང་བའི་ཡོན་ཏན་གྱི་སྣང་སེམས་ཐམས་ཅད་དྭངས་མར་འཕོས་པས།ཕྱིན་ཆད་འཁོར་བར་མི་ལྡོག་པའི་གདིང་མངོན་གྱུར་དུ་ཐོབ་པས་ན།འདི་དུས་སུ་ཚེ་འཕོས་ཏེ་བར་ཆད་ནའང་སྐྱེ་བ་སྤྲུལ་པའི་སྐུ་ཐོབ་སྟེ།འཁོར་བར་མི་ལྟུང་ཞིང་ཐར་པ་ཆེན་པོའི་ལམ་སྣ་ཟིན་པར་འགྱུར་རོ། །དེ་ལྟར་ཆོས་ཉིད་མངོན་སུམ་དུ་མཐོང་བའི་ཚུལ་བསྟན་པ་དང་།དེའི་ཡོན་ཏན་གྱི་ས་ལམ་རིམ་པར་མི་ལྟོས་པར་དོན་གྱི་ཐོབ་ཚུལ་བསྟན་པའི་ལེའུ་སྟེ་བཅུ་པའོ་ཞེས་དང་།ས་མ་ཡ༔ གུ་ཧྱ༔ ཞེས་པ་དམ་ཚིག་གསང་བའི་བཀའ་རྩིས་གྱིས་རྒྱས་གདབ་པའི་དོན་ཡིན་ནོ། །། །གཉིས་པ་ཉམས་སྣང་གོང་འཕེལ་གྱི་ཚུལ་བཤད་པ་ནི།གསང་སྔགས་ཐེག་ཆེན་སོགས།རྫོགས་པ་ཡིན༔ ཞེས་པས་བསྟན་ཏེ།དེ་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་མྱུར་ལམ་ཟབ་མོ་འདི་ཉིད་ཐེག་པ་འདིར་མོས་པའི་སྐྱེས་བུ་རྣམས་ཀྱིས་ལེ་ལོ་དང་ཕྱི་བཤོལ་མེད་པར་ཉམས་སུ་བླངས་ཏེ།འདུས་བྱས་འཁོར་བའི་ཆོས་ལ་སྙིང་པོ་དང་བློ་གཏད་མེད་པའི་དོན་གོ་བ་རང་རྒྱུད་ལ་ལོན་པར་བྱས་ནས་འཁོར་བ་རིང་དུ་སྤངས་ཏེ།འོད་གསལ་གསང་བ་ཆེན་པོའི་ལམ་མཆོག་ངེས་པ་དོན་གྱི་སྙིང་པོ་དེ་ལ་སྤྱོད་པའི་སྐྱེས་བུ་སྐལ་བཟང་ལས་འཕྲོ་འཛོམ་པའི་རྣམ་འབྱོར་པ་དག་གིས།བརྒྱུད་ལྡན་བླ་མ་དམ་པའི་མན་ངག་གི་མཐུ་དང་བྱིན་རླབས་ལ་བརྟེན་ནས།འདུས་མ་བྱས་པའི་ཡེ་ཤེས་ལྷུབ་གྲུབ་རིན་པོ་ཆེའི་ལམ་གྱི་འབྲས་བུ་མཐར་ཕྱིན་གྱི་བར་དུ་བརྩོན་འགྲུས་དྲག་པོའི་སྒོ་ནས་ལམ་ཉམས་སུ་བླང་བའི་ཚེ་ན།ཕྱི་དབྱིངས་དང་ཐིག་ལེ།ནང་བདེ་གསལ་མི་རྟོག་པའི་ཡེ་ཤེས་རྣམས་གོང་ནས་གོང་དུ་འཕེལ་བར་གྱུར་རོ། །དེ་ལྟར་རིག་པ་ཡེ་ཤེས་རྣལ་མའི་དོན་ཟབ་མོ་མངོན་སུམ་དུ་མཐོང་བར་བྱེད་པའི་མན་ངག་ཁྱད་པར་ཅན་འདི་ལ།བློ་ཡིད་གཉིས་དང་ཐེ་ཚོམ་མེད་པར་རྩེ་གཅིག་ཏུ་ཉམས་སུ་བླངས་ནས་ལེ་ལོ་མེད་པར་གནད་དུ་བསྣུན་པའི་ཚེ་ན།ཕྱི་ལྟར་འོད་གསལ་གྱི་སྣང་བ་འོད་ལྔ་གྱེན་འགྲེང་དང་རྩིབ་ཤར།ཐིག་ལེ་དང་ཐིག་ཕྲན་སོགས།དབྱིངས་དང་ཐིག་ལེ།ལྷ་སྐུ་གཞལ་ཡས་ཁང་ལ་སོགས་པ་ཐམས་ཅད་རིམ་བཞིན་དུ་བསྒོམ་ཉམས་གནད་དུ་བསྣུན་པའི་སྟོབས་ཀྱིས་གོང་འཕེལ་གྱི་ཚུལ་དུ་སྣང་བ་སྟེ།དེ་ཡང་དབྱིངས་ཀྱི་སྣང་བ་ལ་གྲུ་ཆད་ཀྱིས་རྣམ་པ་ནི་གཞལ་ཡས་ཁང་གི་ལོགས་གཅིག་འཆར་བ་ལྟ་བུ་ནས།རིམ་པར་དབྱིངས་སྣང་སྣ་ཚོགས་མཆོད་རྟེན་གྱི་རྣམ་པ་ལྟ་བུ་དང་།མདུང་རྩེ་དང་།རལ་གྲིའི་དབྱིབས་ལྟ་བུ་དང་།འཁོར་ལོ་དང་།རྡོ་རྗེ།པདྨ་ལ་སོགས་པའི་རིགས་ལྔའི་ཕྱག་མཚན་གྱི་རྣམ་པ་དུ་མ་དང་།གཞན་ཡང་རེ་ལྡེ་དང་རྩིབ་གུག།མེ་ལོང་དང་།འོད་ལྔ་སྤྲིན་དཔུང་གི་རྣམ་པ་ལྟ་བུ་སོགས་དབྱིངས་ཀྱི་སྣང་བ་གྲངས་མེད་པའི་རྣམ་པར་མཆེད་པ་དང་།ཐིག་ལེའི་སྣང་བ་ཡང་ཉ་མིག་ཙམ་ནས་ཆེས་ཆེར་རིམ་པ་བཞིན་དུ་གོང་དུ་འཕེལ་བ་ནི།མཐེབ་རྩེ་དང་མཛུབ་མོའི་རྩེ་གཉིས་སྤྲད་པ་ལ་མཐེབ་གོར་དང་།དེ་ནས་ཡང་བསྒོམས་སྟོབས་ཀྱིས་ཐིག་ལེ་ཁམ་ཕོར་ཙམ་ནས་རྔ་ཆུང་གི་ཚད་ཙམ་དང་།ཡང་ཆེར་འཕེལ་ནས་ཤིང་རྟའི་འཕང་ལོ་དང་།ཕུབ་ཀྱི་རྦ་འཁོར་ཙམ་དང་།ཐིག་ལེ་ཤིན་ཏུ་ཆེ་བའི་ཚད་ནི་འདོམས་ཀྱིས་འཁོར་ཙམ་གྱི་བར་དུ་མཆེད་པ་ཡིན་ནོ། །དེ་དག་འོད་ལྔའི་ཁ་དོག་དང་ལྡན་ཞིང་གསལ་ལ་འཚེར་བ་ལྷུན་འཐུག་ཅིང་དབྱིབས་མུ་ཁྱུད་ཀྱི་རྣམ་པ་ཅན་དུ་སྣང་སྟེ།དེ་ཡང་རིག་པ་གནད་དུ་དབབ་པའི་རྟགས་སུ་དབྱིངས་དང་ཐིག་ལེ་ཐམས་ཅད་དབྱིངས་ཀྱི་གོ་ར་ལས་མི་གཡོ་བར་གནས་པ་དང་།རླུང་གི་ཆ་དག་པའི་རྟགས་སུ་དེ་དག་མི་འགུལ་ཞིང་དབྱིངས་ཀྱི་ཀློང་དུ་ལྷན་ནེར་གནས་པའི་རྣམ་པར་སྣང་བའོ། །དེ་དག་གི་སྐབས་རྣམས་སུ་རིག་གདངས་རྡོ་རྗེ་ལུག་རྒྱུད་ནི་དང་པོ་ཕྲ་ལ་འཁྱོགས་པ།དཔེར་ན་རྟ་རྔའི་ཉག་མ་གཅིག་གི་ཚད་ཙམ་ནས་རིམ་བཞིན་དེ་ཉིད་གསུམ་ཆར་འགྱུར་བའི་ཚད་ལ་ཉག་ཕྲན་ཙམ་པ་དང་།དེ་ལས་ཆེར་སྨིན་ཏེ་མུ་ཏིག་གི་ཕྲེང་བ་ལྟ་བུའམ།གསེར་གྱི་སྐུད་པ་ལྡིང་བ་ལྟ་བུ་ལ།འོད་གདངས་ཁ་དོག་ལྔ་དང་ལྡན་པ་གསལ་ལ་དྭངས་པའི་རྣམ་པར་འཆར་བ་དང་།ཡང་ཕྲ་ཞིང་འཁྱོག་པའི་རྣམ་པ་ཅན་ལ་འཁྱོག་མཚམས་རྣམས་སུ་ཐིག་ལེ་དང་ཐིག་ཕྲན་གྱིས་བརྒྱན་པ།རླུང་གི་གནད་ལ་བརྟེན་ནས་གྲོལ་བའི་རྟགས་སུ་འགྲོ་འོང་གི་རྣམ་པ་རུ་འཆར་བ་འབྱུང་བ་ཡིན་ནོ། །དེ་ལྟ་བུའི་རིག་པ་འོད་ཀྱི་གདངས་སྣང་དེ་དག་རིམ་པ་བཞིན་དུ་ཆོས་ཉིད་མངོན་སུམ་གྱི་དུས་སུ་སྐྱེན་པོས་མདའ་འཕང་བ་ལྟ་བུའམ།བུང་བ་བཅུད་ལ་འཁོར་བ་ལྟ་བུའི་རྣམ་པར་སྣང་བ་ནས་ཆེར་སྨིན་ཏེ།གོང་འཕེལ་གྱི་དུས་སུ་བྱ་རྒོད་ནམ་མཁའ་ལ་དལ་གྱིས་འགྲོ་བ་ལྟ་བུ་རིག་གདངས་ཅུང་ཟད་བརྟན་པར་འགྱུར་ཏེ།དེ་ནས་ཡང་ཉམས་ལེན་ལ་བར་མ་ཆད་པར་གནད་དུ་བསྣུན་པའི་ཚེ་ན།མུ་ཏིག་ཕྲ་མོ་བསྟར་ལ་བརྒྱུས་པ་བཞིན་དུ་རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཆེར་སྨིན་ཏེ།གོང་ལྟར་རིམ་པ་བཞིན་དུ་ཆེར་འཕེལ་བ་དང་།ཁྱད་པར་རིག་པ་དབྱིངས་ལས་མི་གཡོ་བར་ལྷན་ནེར་གནས་ཤིང་ཇེ་བརྟན་དུ་འགྱུར་བ་ཡིན་ནོ།དེ་ལྟར་ལམ་ཚུལ་བཞིན་དུ་ཉམས་སུ་བླངས་པའི་མཐར་ཐུག་ནི་ཟད་པའི་སར་ཕྱིན་ནས།མ་དག་པའི་སྣང་བ་ས་རྡོ་རི་བྲག་ལ་སོགས་པ་ཕྱི་ནང་སྣོད་བཅུད་དུ་གཟུང་བའི་དངོས་པོ་གཟུགས་བརྙན་གྱི་རྣམ་པ་རྒྱ་ཆེ་ལ་གྲངས་མང་བ་ལྟར་སྣང་བ་ཀུན་ཀྱང་།དག་པ་ཡེ་ཤེས་ཀྱི་རོལ་པར་སྨིན་ཏེ།མ་དག་སྒྱུ་མ་ལྟ་བུའི་སྣང་བ་ཐམས་ཅད་དཔེར་ན་རྡུལ་ཕྲ་རབ་ཀྱི་ཆ་ཙམ་ཡང་མི་མངོན་པར་དག་དབྱིངས་དྭངས་མ་ཉིད་དུ་གོ་འཕོས་ཏེ།གང་ཤར་གང་སྣང་ཐམས་ཅད་འོད་ལྔ་དང་འཇའ་ཚོན་གྱི་རྣམ་པར་སྣང་ཞིང་།མ་དག་འཁྲུལ་པའི་སྣང་སེམས་ཐམས་ཅད་སྐུ་དང་ཡེ་ཤེས་ཀྱི་རོལ་པར་ཤར་བའི་ཚེ་ན།དེ་ནི་ལམ་མཐར་སོན་ནས་ཕྱི་ཡི་དབྱིངས་དང་ཐིག་ལེ་རྣམས་ཀྱི་འཕེལ་ཚད་རྫོགས་པ་ཡིན་པས་གནད་དུ་ཤེས་པར་བྱའོ། །དེ་ནས་ནང་རྟགས་འབྱུང་ཚུལ་ནི།ནང་རྟགས་ལུས་དང་སོགས།རབ་ཏུ་འཁྲུགས༔ ཞེས་པས་བསྟན་ཏེ།དེ་ལྟར་མྱུར་ལམ་ཟབ་མོ་འདི་ཉིད་ཉམས་སུ་བླང་བའི་སྟོབས་ཀྱི་མ་དག་པའི་རླུང་ལྔར་དག་པ་ཡེ་ཤེས་ཀྱི་རླུང་གིས་རྒྱས་ཐེབས་ནས་སྨིན་པའི་ཚེ་ན།ནང་རྟགས་ལུས་དང་རྩའི་ཁམས་ལ་བརྟེན་ནས་འབྱུང་སྟེ།དེའི་ན་ལུས་རྩའི་དྲྭ་བ་དང་།རྩ་རླུང་གི་གྲོང་ཁྱེར་གསུངས་པ་ལྟར།རྩ་ཁམས་འཁྲུགས་པའི་རྐྱེན་རླུང་ལྔའི་འཕེལ་གྲིབ་ལ་བརྟེན་ནས་འབྱུང་བ་ཡིན་ཏེ།དེ་ཇི་ལྟར་འབྱུང་བ་ཡིན་སྙམ་ན།ཕྱི་སློང་ལྷ་འདྲེའི་ཆོས་འཕྲུལ་ཐན་དང་ལྟས་ངན་སྣ་ཚོགས་གཟུགས་ཅན་སྣང་བའི་ཡུལ་དང་།གཟུགས་མེད་རྨི་སྣང་དང་ཡིད་ཀྱི་ཁམས་སུ་ཤར་བ་མི་སེམས་བདུད་ཀྱི་བསྒྱུར་ནས་ཆོས་མ་ཡིན་པའི་ལམ་ལ་ཁ་དྲངས་ཚེ་བདེན་པར་འཛིན་ཅིང་ལོག་ལམ་དུ་བློ་འཇུག་པ་དང་།གདམས་པ་ཟབ་མོ་ལ་ཡིད་ཆེས་མེད་ཅིང་སྐུར་འདེབས་བྱེད་པ་དང་།ཉམས་ལེན་གྱི་འཕྲོ་དོར་ནས་ཆོས་ལ་མི་བརྩོན་པ།རྨི་སྣང་ལ་བགེགས་ལྷར་བརྫུས་ནས་ལུང་སྟོན་པ་དང་།ལྷ་འདྲེའི་ཆོ་འཕྲུལ་གྱིས་སྐུ་གསུང་ཐུགས་ཀྱི་རྟེན་རྙེད་པ།དངོས་ཅན་ས་དང་རྡོ་སོགས་ལ་ལག་རྗེས་འཇོག་པ།འཇིག་རྟེན་པའི་ཆོས་ལ་བློ་འཇུག་པ་ལ་སོགས་དུ་མ་བྱུང་བའོ། །དེ་དག་གང་ལའང་ཆགས་ཞེན་རེ་དོགས་མི་བྱེད་པར་རང་བབས་སུ་བཞག་ལ།རང་གི་མདུན་གྱི་ནམ་མཁར་རྩ་བའི་བླ་མ་བསྒོམ་ཞིང་དེ་ལ་ཡིད་ཆེས་ཀྱི་དད་པའི་སྒོ་ནས་གསོལ་འདེབས་དབང་ལེན་བྱེད་ཅིང་ཉམས་ལེན་བར་མ་ཆད་པར་བརྩོན་པར་བྱའོ། །ཡང་ནང་སློང་ལུས་ཀྱི་ན་ཚ་ཞེས་པ་རླུང་ལྔའི་འཕེལ་འགྲིབ་ལ་བརྟེན་ནས་འབྱུང་ཚུལ་ནི།དེ་ཡང་གྱེན་རྒྱུའི་རླུང་ལ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཐེབས་ནས་དཀྲུགས་པའི་ཚེ།ཡར་འཕེལ་ནས་ཁོག་སྟོད་འཚང་བ་དང་ཤུགས་རིང་འདོན་པ།རྔམ་པ་འབྱུང་ཞིང་ནང་རོལ་ཐམས་ཅད་རླུང་གིས་གང་སྟེ།ན་བའམ་མི་བདེ་བའི་རྣམ་པ་མ་ངེས་པ་སྣ་ཚོགས་འབྱུང་།མར་འགྲིབ་ཚེ་ཟས་འཇུ་དཀའ་ཞིང་དབུགས་མི་བདེ་བ་སོགས་འབྱུང་ངོ། །སྲོག་འཛིན་གྱི་རླུང་ལ་ཡེ་ཤེས་ཀྱི་རླུང་གིས་རྒྱས་ཐེབས་ནས་སྨིན་པའི་ཚེ།སེམས་ལ་དགའ་སྣང་དང་སྡུག་སྣང་སོགས་གཉེན་ལ་ཆགས་པ་དང་དགྲ་ལ་སྡང་བའི་རྣམ་པས།རང་གི་སེམས་ལས་སུ་མི་རུང་བ་དུ་མ་དང་།འགྲིབ་ཚེ་དྲན་མེད་ཧད་པོར་སངས་ནས་སྨྱོན་པ་ལྟ་བུ་ཀུན་སྤྱོད་རྩུབ་པ་སོགས་འབྱུང་ངོ་། །མེ་མཉམ་གྱི་རླུང་འཁྲུགས་པའི་རྟགས་སུ་ལུས་ལ་རང་བཞིན་གྱི་ཚ་དྲོད་འབར་ཞིང་རྔུལ་ཆུ་རྡོལ་བ།དགུན་ཚ་བའི་ནད་རིགས་འབྱུང་ཞིང་།མར་འགྲིབ་ཚེ་དབྱར་གྲང་བའི་ནད་དང་སྲིན་བུ་ལྡང་བ་སོགས་འབྱུང་བ་ཡིན་ནོ། །ཁྱབ་བྱེད་ཀྱི་རླུང་གིས་རྒྱས་ཐེབས་པས་འཕེལ་ཚེ་ལུས་ཀྱི་ཤ་ཆེར་རྒྱས་པ་དང་།བཀྲག་མདངས་ཆེ་བ།མར་འགྲིབ་ཚེ་ལུས་ཀྱི་ཟོ་མདོག་ཉམས་ཤིང་འགུལ་བསྐྱོད་མི་ནུས་པ་སོགས་འབྱུང་ངོ་། །ཐུར་སེལ་གྱི་རླུང་ལ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཕོག་ནས་འཕེལ་ཚེ།དྲི་ཆུ་དང་གཤང་ལྕི་སོགས་ལོག་ནས་ཕྱིར་མི་ཐོན་པ་དང་།མར་འགྲིབ་ཚེ་རྩ་ཆུ་སོགས་རང་བཞིན་གྱིས་རྒྱུན་མི་ཆད་པར་རང་རྡོལ་དུ་འབྱུང་བ་ལ་སོགས་པའི་ཉམས་མ་ངེས་པ་སྣ་ཚོགས་སུ་འོང་བ་ཡིན་ནོ། །དེ་ལྟར་མ་དག་པའི་རླུང་ལྔར་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཕོག་པའི་བྱེད་ལས་ཀྱིས་གསལ་སྣང་བདེ་བའི་ཉམས་དང་།རྩུབ་ཉམས་སྡུག་བསྔལ་གྱི་ཚོར་བ་ལུས་ལ་ན་ཚ་ཟུག་རྔུ་རླུང་མཁྲིས་བད་ཀན་ལ་སོགས་འདུ་བའི་ནད་དང་།རྩ་ཆུ་འགག་པ།ཆུ་ཁྲག་ཏུ་འགྱུར་བ་ལུས་ཀྱི་སྟོད་སྨད་གཉིས་ལ་ཚ་གྲང་གི་ནད་གཉིས་ཀས་ཐེབས་ནས་འདར་ཤོམ་བྱེད་པ།གློ་ཚད་དང་རྐང་འབམ་སྐྲང་དང་ལྦ་བ།རྨ་ཆེན་རྡོལ་བ་དང་།ལུས་ཀྱི་ཡན་ལག་ཞ་བ་ལ་སོགས་པ་འབྱུང་ཞིང་།མོ་རྩིས་དང་རྨི་ལམ་རྣམས་ཀྱང་ཤིན་ཏུ་འཁྲུགས་པར་སྣང་བ་དང་།སེམས་ཀྱང་གཏད་མེད་ཟ་ཟི་དཔེར་ན་སྐྱེས་བུ་ཆང་གིས་མྱོས་པ་ལྟ་བུ་བྱ་བ་དང་སྤྱོད་པ་ཐམས་ཅད་མ་ངེས་ཤིང་།མི་དང་དུད་འགྲོ་ལ་སོགས་པའི་སྣ་ཚོགས་ཀྱི་སྤྱོད་པ་བྱེད་ཅིང་མཐའ་གཅིག་ཏུ་མ་ངེས་པ་འབྱུང་ཞིང་།སེམས་ཀྱང་བརྟན་གནས་ཚུགས་ཐུབ་མེད་པ་ལྟ་བུར་འབྱུང་བ་ཡིན་ནོ། །དེ་དག་གང་བྱུང་ཡང་ཐམས་ཅད་ཉམས་རྫུན་པོ་ཆེའི་རང་བཞིན་དུ་ཤེས་པར་བྱས་ཏེ།ཉམས་ནད་དང་རྒྱབ་བརྟེན་འདྲེ་རུ་མི་འཛིན་པར།སྨན་དཔྱད་རིམ་གྲོ་རྣམས་ཀྱི་མཆོག་བླ་མ་དམ་པའི་མན་ངག་ལ་བརྟེན་ནས།རང་གི་ཉམས་ལེན་ལ་གདིང་ཐོབ་པར་བྱེད་པ་ནི་གནད་མཆོག་ཏུ་གཅེས་པ་ཡིན་ནོ། །མདོར་ན་རྩ་རླུང་ཐིག་ལེའི་ཁམས་ཀྱི་བྱེད་ལས་ཀྱིས་ལུས་ལ་ན་ཚ་དང་ཟུག་རྔུ་མ་ངེས་པ་སྣ་ཚོགས་འབྱུང་བ་དང་།ངག་ཀྱང་སྨྱོན་པའི་རང་ཚིག་ཐོལ་བྱུང་དུ་རྡོལ་བ་བཞིན་དུ་ཆོས་དང་མཐུན་པའི་གླུ་དང་མགུར་མ་ལ་སོགས་པའམ།གཞན་བློ་ཆོས་ལ་བསྒྱུར་ནུས་པའི་ཚིག་སྣ་ཚོགས་སྨྲ་བ་དང་།འཇིག་རྟེན་ཐ་མལ་པའི་ཚིག་གཞན་ཡིད་དགའ་བར་བྱེད་པའི་གཏམ་དང་།ཁྲོ་འཁྲུགས་སྡང་བའི་རྒྱུ་རུ་འགྲོ་བའི་འཆོལ་ཚིག་རྣམས་ཀྱང་རང་བཞིན་གྱིས་མ་བསམ་བཞིན་དུ་བཀག་འགོག་མེད་པར་རང་རྡོལ་དུ་སྨྲ་བ་སོགས་འབྱུང་བ་དང་།གཞན་ཡང་དོན་དང་འགལ་བའི་གཏམ་འགྱུར་ལྡོག་མང་བ་དུ་མ་སྨྲ་བ་སྟེ།དེ་དག་གི་སྐབས་སུ་སེམས་ཀྱང་སྨྱོན་པ་སྙིང་ནད་ཅན་ལྟ་བུར་སོང་བ་ལ།གྲོགས་གཞན་ཅུང་ཟད་འུར་བའི་རྐྱེན་གྱིས་རང་གི་སེམས་བསླང་བ་ལྟར་བྱས་ཏེ།ཤེས་པ་གཏད་སོ་དང་བྲལ་ཞིང་རྟོག་ཚོགས་གང་ཤར་ཐམས་ཅད་ལ་དགག་སྒྲུབ་དང་བླང་དོར་མེད་པར་ཤར་ཆ་དེ་གའི་དབང་དུ་སེམས་ཤོར་ནས་འཛིན་རྩོལ་མི་བཏུབ་པར་བདག་མེད་བྱུང་རྒྱལ་གྱི་ངང་དུ་ལུས་པར་གྱུར་ཏེ།དེའི་རྐྱེན་གྱིས་སྙིང་མི་དགའ་ཞིང་འདུག་མི་ཚུགས་པར་མཁུན་པ་འདེབས་པ།ཀྱི་ཧུད་ཟེར་བ།ཤུགས་འདོམ་པ་སོགས་བྱེད་ཅིང་།གནས་མལ་དུ་སྡོད་སྙིང་མི་འདོད་པའི་སྣང་བ་སྐྱེས་ནས་རང་གནས་སུ་སྡོད་མི་ཚུགས་པ་འབྱུང་བ་དང་།ཡང་དགའ་སྡུག་གི་སྣང་བ་ཟ་ཟི་རྒྱུན་མི་ཆད་པ་ལྟར་འབྱུང་ནས་དེ་ཀ་མེད་ཐབས་ལ།ཡུལ་རྒྱུས་མེད་ཞིག་ཏུ་འགྲོ་ན་དགའ་སྙམ་པ་བྱུང་ནས་འགྲོ་བར་བྱེད་ཚེ།ཡུལ་དེའི་མི་རྣམས་ཀྱིས་རང་ལ་སྡང་སེམས་སྐྱེས་འདུག་སྙམ་ནས་འགྲོ་སྙིང་མི་འདོད་ཅིང་།རང་གཅིག་པུར་འདུག་པར་སེམས་པ་ལ་སོགས་པ་བདེ་བ་དང་སྡུག་བསྔལ།ལྷ་སྣང་དང་འདྲེ་སྣང་།དག་པ་དང་མ་དག་པའི་སྣང་བ་སྣ་ཚོགས་འདི་མི་ཤར་བསམ་པ་གཅིག་ཀྱང་མེད་པ་ཡིན་པས་ན།དེ་དག་གང་ཤར་ཡང་ཐབས་ལ་མཁས་པའི་སྒོ་ནས་ཤེས་པར་བྱ་བ་གནད་གལ་ཆེ་བའོ། །གསང་སློང་སེམས་ཀྱི་དགའ་སྡུག་འབྱུང་བ་ནི་ཉོན་ཡིད་བསླང་ནས་ཉོན་མོངས་པ་དུག་ལྔའི་རྟོག་པ་རེ་མོས་སུ་ཤར་ནས།རྟོག་པ་ཤིན་ཏུ་ཤུགས་དྲག་པ་རྣམས་ནི།གཉེན་པོས་ཀྱང་མི་ཁེགས་པར་སེམས་ཉོན་མོངས་པས་ཟིལ་གྱིས་གནོན་ཏེ་སྙིང་སོགས་ན་བ་དང་།གཞན་ཡང་མཐོང་ཚོར་གྱི་རང་བཞིན་དུ་གྱུར་བའི་ཆེ་བ་མི་དང་།ཆུང་བ་སྲོག་ཆགས་ཕྲན་བུ་ཡན་ཆད་ཀྱིས་རང་ལ་གནོད་པར་བསམ་ནས།འདུག་མི་བརྟན་པ་གནད་དབེན་པ་ཞིག་ཏུ་འགྲོ་ཚེ།མི་ཡིས་རྒྱུ་འགྲུལ་མེད་ཚེ་རྟོག་པ་ཤུགས་ཆེ་བ་རེ་ལ་བརྟེན་ནས་སྡུག་བསྔལ་དྲག་པོ་གློ་བུར་དུ་འབྱུང་བ་དང་།བསྔངས་སྐྲག་ཆེན་པོ་སྐྱེས་ནས་འདུག་ཚུགས་མེད་པའི་ཀུན་རྟོག་ཤུགས་ཆེ་བ་རུ་ལྡང་ནས་བཅོས་སུ་མེད་པ་སྨྱོན་པ་ལྟ་བུ་དང་རེས་འགའ་ཡང་སྣང་སྲིད་གྲོགས་སུ་ཤར་ནས་སེམས་ལ་སྙིང་རྗེ་དང་དགའ་སྣང་ཤར་ནས་བདག་གིས་ཆོས་ཉིད་ཀྱི་དོན་ཤེས་པ་འདྲ་སྙམ་སྟེ།དགའ་བདེའི་ཉམས་ལ་ཞེན་ཅིང་གདུང་བས་གོལ་བ་དང་།ལ་ལ་སྔར་དང་མི་འདྲ་བའི་ངེས་འབྱུང་དྲག་པོ་སྐྱེས་ཏེ།སྣང་བའི་ཆོས་ཐམས་ཅད་ལ་ཞེན་འཛིན་བྲལ་བ་ལྟར་སྣང་བ་དང་།ལ་ལ་གསལ་ཉམས་ཀྱི་རྩལ་འབར་ཏེ།གནས་རིས་དྲུག་གི་སྡུག་བསྔལ་ལ་བསམ་མནོ་བྱས་ཚེ་མངོན་སུམ་དུ་སྣང་ནས་སྙིང་རྗེ་བཟོད་བླག་མེད་པར་སྐྱེས་ཏེ་ངུ་སྙིང་འདོད་པ་དང་།ཡང་དེ་དག་གི་སྡུག་བསྔལ་ཐམས་ཅད་རང་ཐོག་ལ་མྱོང་བའི་སྣང་བ་ཤར་ཞིང་བཟོད་མེད་ཀྱི་སྡུག་བསྔལ་དུ་མ་འབྱུང་བའི་རྣམ་པར་འཆར་བ་དང་།ལ་ལ་རང་གི་ཉམས་ལེན་མཐར་ཕྱིན་ཡོད་སྙམ་ནས།གཞན་དོན་ལ་སེམས་ཏེ་གཤིན་པོའི་དཀོར་དང་།གསོན་ལ་སྲུང་སྐྱོབ་དུ་རློམས་ཏེ་མི་ཚེ་གཏོ་ཡས་ལ་འདའ་བ་སོགས།མདོར་ན་རྣམ་པ་ཆོས་ལྟར་བཅོས་ཀྱང་བྱ་བ་དང་བྱེད་པ་ཐམས་ཅད་ཆོས་བརྒྱད་ཀྱི་དབང་དུ་སོང་བ་རྣམས་ནི།དཔེར་ན་འཚོ་བྱེད་ཀྱི་སྨན་འཚོལ་བ་ལ་རེག་ཕུང་གི་སྡུག་དང་འཕྲད་པ་ལྟར།རྣལ་འབྱོར་ཉམས་ལེན་ཞན་ཏེ།བདུད་ཀྱི་བར་ཆད་ཀྱི་དབང་དུ་སོང་ནས་འཁྲུལ་པའི་ཁར་འཕྱན་པ་ཡིན་ནོ། །དེའི་ཕྱིར་ན་བརྒྱུད་ལྡན་གྱི་བླ་མ་དམ་པའི་མན་ངག་གི་ངོ་སྤྲོད་སྔོན་ལ་བྱས་ཏེ།རང་གི་སྒོ་གསུམ་ལ་ཉམས་ཀྱི་རྣམ་པ་ཇི་ལྟར་འབྱུང་ཡང་ཐམས་ཅད་རང་སྣང་དུ་ཤེས་ནས་ཉམས་ཀྱི་བར་ཆད་ཀྱི་དབང་དུ་མི་བཏང་བར།དད་མོས་གདུང་ཤུགས་དྲག་པོའི་སྒོ་ནས་གདམས་པ་ཉམས་སུ་ལེན་པ་ལ་བརྩོན་པར་བྱེད་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན།མདོར་ན་མ་དག་པའི་བསྐལ་པ་ལས་ཀྱི་རླུང་ལ་དག་པ་ཡེ་ཤེས་ཀྱི་རླུང་གི་ནུས་པ་ཕོག་ནས་དག་དབྱིངས་སུ་སྨིན་ཏེ།མ་དག་པའི་སྣང་བ་འོད་གསལ་ཆོས་ཉིད་ཀྱི་དབྱིངས་སུ་འཇིག་པར་བྱེད་པའི་སྔ་ལྟས་སུ་ཕྱི་ནང་གསང་གསུམ་གྱི་ཉམས་མ་ངེས་པ་སྣ་ཚོགས་སྒོ་གསུམ་གྱི་སྟེང་དུ་འབྱུང་བ་ནི།ཆོས་གཞན་གང་དུ་འཇུག་ཀྱང་དག་དབྱིངས་དྭངས་མར་འཕོས་ཏེ།ཚེ་འདིར་སངས་རྒྱས་ཐོབ་པར་དཀའ་བས་ན།བདུད་རྣམས་ཀྱིས་བར་ཆད་ཆེར་མི་བྱེད་པ་དང་།ལམ་འདི་ནི་སྐལ་ལྡན་སྐྱེས་བུའི་སྤྱོད་ཡུལ་འཇའ་ལུས་ཆོས་སྐུ་ཐོབ་པའི་མན་ངག་ཟབ་མོ་འདི་ཉིད་མཐར་ཕྱིན་ན་ཚེ་འདིར་གྲོལ་ནས་དོན་གཉིས་ཀྱི་མཛད་པ་མཐར་སོན་པས་ན།དེ་ལ་ཆོས་མིན་རང་རྒྱུད་དུ་གོལ་བའི་བདུད་དང་།ཆོས་དང་བླ་མར་སྨོད་པའི་དམ་སྲི་ལ་སོགས་པའི་བགེགས་ཀྱི་རིགས་སུ་གྱུར་པ་ཐམས་ཅད་ཀྱིས།ཐར་པ་བྱང་ཆུབ་བསྒྲུབ་པའི་ལམ་ཟབ་མོ་འདི་ལ་བར་ཆད་སྣ་ཚོགས་བྱེད་པ་ཡིན་ཏེ།དེ་ཇི་ལྟར་ཡིན་སྙམ་ན།སྤྱིར་གནས་ཉི་ཤུ་རྩ་བཞི་དང་།ཡུལ་སུམ་ཅུ་རྩ་གཉིས།དུར་ཁྲོད་ཆེན་པོ་བརྒྱད་ལ་སོགས་པ་ཕྱིའི་གནས་སུ་བསྟན་པ་རྣམས་ཀྱང་།བྱེ་བྲག་ཏུ་དེ་དག་རང་གི་སེམས་དང་སེམས་བྱུང་གི་རྩལ་ལས་མ་འདས་པའི་ཕྱིར་ན།རླུང་གི་བྱེད་ལས་ཀྱིས་དེ་དག་གི་གནས་མ་བདེ་བའི་རྣམ་པས།འཇིག་རྟེན་མཁའ་འགྲོ་དང་མཁའ་ལ་རྒྱུ་བའི་ཤུགས་འགྲོ་རྣམས་ཀྱི་ཡེ་ཤེས་ཀྱི་མཁའ་འགྲོའི་རྣམ་པར་བརྫུ་ནས།ཆོས་མིན་ལོག་པ་ཆོས་བརྒྱད་ཀྱི་ཕྱོགས་སུ་ཁ་ཁྲིད་ཅིང་དེ་དང་མཐུན་པའི་ལུང་བསྟན་བསླབ་བྱ་སོགས་ཀྱིས་མྱུར་ལམ་ཟབ་མོ་འདི་ལས་བློ་ཁ་གཞན་དུ་བསྒྱུར་བར་བྱེད་པ་སོགས་ནི་བསླུ་བ་མཁའ་འགྲོའི་རྟགས་ཡིན་པས།དེ་དུས་སུ་རང་ལུས་ལྷར་བསྒོམ་པ་དང་།ཉམས་ཀྱི་ངོ་བོ་ལྟ་བ་ཡིན་ཕྱིར་མཉམ་ཉིད་འོད་གསལ་ཆེན་པོར་བཞག་ཚེ་སེལ་བའོ། །ཡང་བར་ཆད་བདུད་ཀྱི་རྟགས་ནི།ལམ་འདིར་ཞུགས་པའི་སྐལ་ལྡན་རྣམས་ལ་བདུད་དང་དམ་སྲི་སོགས་ཀྱི་བར་ཆད་བརྩམས་ནས།ཕ་རོལ་སྐྱེ་འགྲོ་རྣམས་ཀྱི་སེམས་རྒྱུད་བདག་གིས་ཤེས་པར་སྣང་བ།རང་ལུས་ཁ་དོག་སྣ་ཚོགས་སུ་སྤྲུལ་ནུས་པ་ལྟ་བུ་དང་།མེ་ལོང་ལ་སོགས་པར་བལྟས་ཚེ་གཟུགས་བརྙན་གཉིས་སུ་སྣང་བ་དང་།ཡང་ལུས་ལ་གྲིབ་མ་གཉིས་ཡོད་པ་སོགས་སྣང་ཞིང་།ཁྱད་པར་ལྟར་སྣང་གི་རྗེས་སུ་ཁྲིད་ནས་བགེགས་ཡི་དམ་གྱི་གཟུགས་སུ་སྤྲུལ་ཏེ་ཞལ་སྟོན་པ་དང་།བསླུ་བྱེད་ཀྱི་ལུང་སྟོན་པ་སོགས་འབྱུང་བ་རྣམས་ནི་བདུད་ཀྱི་དབང་དུ་བྱེད་ཉེ་བ་ཡིན་པས།དེའི་དུས་སུ་གུ་གུལ་གྱི་དུད་པས་བདུག་ཅིང་།བདུད་རྩི་ཆེ་ཆུང་གིས་བཀྲུ་བ་དང་།ལུས་ལ་ལྡེར་ཚོ་རྙིང་པའི་འདག་པ་བྱུག་ཅིང་།ངག་ནས་ཧཱུཾ་དྲག་ལ་བཅད་ཐོན་པ་བརྗོད་བཞིན།སེམས་སྐྱེ་མེད་ཀྱི་ངང་ལ་བཞག་པས་སེལ་བར་བྱེད་དོ། །འཕེལ་གྲིབ་ཉམས་ཀྱི་རྟགས་ནི།རང་གི་རླུང་སེམས་འདུ་ཚུལ་གྱི་ཏིང་ངེ་འཛིན་གློ་བུར་དུ་སྐྱེས་པ་དང་།ཉམས་ཀྱི་སྣང་བར་ནམ་མཁའ་ནས་ལྷ་དང་ལྷ་མོ་ལ་སོགས་པའི་གཟུགས་མཐོང་བ།འོད་སྣང་མ་ངེས་པ་དམར་གོར་དང་དཀར་ལེབ་དུད་ཁུ་ལྟ་བུ་སོགས་སྣང་ཉམས་ཆལ་མ་ཆོལ་མར་ཤར་ཞིང་།དེ་ལ་ཞེན་ཅིང་ཆགས་ནས་དགའ་སྤྲོའི་སྣང་བ་རྒྱུན་མི་ཆད་པ་ལྟར་འབྱུང་སྟེ།དེའི་དུས་སུ་རང་ཆུའི་དཀྱིལ་དུ་འདུག་པ་སོགས་དང་།ལུས་ལ་མར་གྱི་བཀུ་མཉེ་བྱེད་ཅིང་།ངག་གིས་ཨཱཿམང་དུ་བརྗོད་ནས།སེམས་རྟོག་མེད་དུ་བཞག་པས་སེལ་བའོ། །མདོར་ན་ལྷན་སྐྱེས་ཀྱི་ལྷ་དང་།མཉམ་འོང་གི་བདུད་འདྲེའི་ཆོ་འཕྲུལ་དུ།ལུས་ལ་ན་ཚ་ཟུག་རྔུ་མ་ངེས་པ་སྣ་ཚོགས་གཏོང་བ་དང་།མཐོང་བའི་ཡུལ་དུ་ཐན་དང་ལྟས་ངན་སྣ་ཚོགས་འབྱུང་བ་རྣམས་ལ་ཉམས་ནད་དུ་བཟུང་ནས་མོ་རྩིས་བྱེད་པ་དང་།རྒྱབ་རྟེན་འདྲེ་རུ་མཐོང་ནས་རིམ་གྲོ་དང་སྨན་དཔྱད་སོགས་བྱས་ཀྱང་དེ་དག་ཀུན་གཅིག་གིས་ཀྱང་ཕན་པ་མེད་ཅིང་།ད་དུང་མོ་རྩིས་དང་རྨི་ལམ་ཐམས་ཅད་རབ་ཏུ་འཁྲུགས་ནས་སེམས་ཀྱི་རྣམ་པར་རྟོག་པ་ཡང་སློང་བར་བྱེད་པ་འབྱུང་ངོ་། །དེ་དག་བདེན་མེད་སོགས།རྣམ་པར་རྒྱལ༔ ཞེས་པས་བསྟན་ཏེ།དེའི་ཕྱིར་ན་ཉམས་སྣང་ཕྱི་ནང་གསང་གསུམ་དེ་དག་གི་དུས་སུ་ཉམས་ཀྱི་ཟུག་རྔུ་དང་སྣང་བ་ཆལ་ཆོལ་གྱི་དབང་དུ་མི་བཏང་བར་སྒོ་གསུམ་གྱི་བྱ་བ་དགུ་སྤྲུགས་སུ་བཞག་སྟེ།གང་ཤར་གང་སྣང་ཐམས་ཅད་བདེན་མེད་ཉམས་ཀྱི་སྣང་བ་རུ་ངེས་པར་བྱ་བ་སྟེ།དེ་ནི་སྤྱོད་པའི་ཕྱོགས་སུ་ལྟ་བ་མི་འཆོར་བར་ལྷུན་གྲུབ་འོད་གསལ་གྱི་སྣང་བ་མངོན་དུ་གྱུར་པ་དེ་གའི་ངང་དུ་གང་ཤར་ལ་བདེན་ཞེན་མེད་པར་དཔེར་ན་མེ་ལོང་དྭངས་གསལ་གྱི་ཆ་ལ་གཟུགས་བརྙན་གྱི་རྣམ་པ་ཇི་ལྟར་ཤར་ཡང་ཐམས་ཅད་མེ་ལོང་གི་རོལ་པ་ལས་མ་འདས་པ་ལྟར།རྣལ་འབྱོར་པ་རྣམས་ལམ་གྱི་སྐབས་སུ་དགའ་སྡུག་ཉམས་ཀྱི་སྣང་བ་མ་ངེས་པ་ཇི་ལྟར་ཤར་ཡང་།དེ་དག་ཐམས་ཅད་རང་གི་གཞིའི་རོལ་པ་དང་།ཡེ་ཤེས་ཀྱི་རྩལ་ལས་མ་འདས་པའི་ཕྱིར་ན།བདེ་སྡུག་ཉམས་ཀྱི་སྣང་བ་ཐམས་ཅད་ལ་རེ་དོགས་དང་དགག་སྒྲུབ་གང་ཡང་མི་བྱེད་པ།དཔེར་ན་སེངྒེས་གངས་ཟིན་པ་ལྟར་གནས་ལུགས་ཀྱི་ལྟ་བ་ཟབ་མོའི་གཏིང་མི་འཆོར་བར་ཆོས་ཉིད་བསམ་བརྗོད་དང་བྲལ་བའི་དབྱིངས་སུ་མཉམ་པར་འཇོག་ནུས་ན།ཉམས་ཀྱི་སྣང་བ་ཐམས་ཅད་བདེན་མེད་དུ་སྒྱུ་མ་དང་རྨི་ལམ་གྱི་སྣང་བ་ལྟ་བུར་རིམ་པ་བཞིན་དུ་ཆོས་ཉིད་སྟོང་པའི་དབྱིངས་སུ་འཇའ་སྤྲིན་ནམ་མཁའ་ལ་ཡལ་བ་ལྟར་སོང་ནས་འོད་གསལ་ལྷུན་གྲུབ་གྱི་སྣང་བ་ལ་གདིང་ཐོབ་སྟེ།རིག་རྩལ་ཡེ་ཤེས་སུ་སྨིན་ཏེ་མི་འགྱུར་གསང་བའི་རྟགས་རྣམས་ཀྱང་རིམ་གྱིས་འབྱུང་བ་ཡིན་ནོ།དེའི་སྐབས་སུ་ལྟ་བའི་ཕྱོགས་སུ་སྤྱོད་པ་མི་འཆོར་བར་རང་གི་སྒོ་གསུམ་གྱི་བྱ་བ་བསྡམས་ནས།སྡོམ་པ་དམ་ཚིག་རྣམས་གཅེས་པའི་སྲོག་ལྟར་བསྲུང་ཞིང་འཆོལ་རྙོག་མི་བྱེད་པ་དང་།ཟབ་མོ་དོན་གྱི་ཉམས་ལེན་ལ་ཐང་ལྷོད་མེད་པར་བརྩོན་པར་བྱེད་པ་ནི་གནད་ཀྱི་ཡང་གཅེས་དམ་པ་ཡིན་ནོ། །དེ་ལྟར་གོང་དུ་སྨོས་པ་བཞིན་ཉམས་ཀྱི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་བརྗོད་པ་རྣམས་ཀྱང་རང་སྣང་ཡེ་ཤེས་ཀྱི་རྩལ་དུ་ཤེས་པར་བྱས་ཏེ།བར་ཆད་ཀྱི་དབང་དུ་མ་སོང་བར་རྩེ་གཅིག་ཏུ་ཉམས་སུ་བླང་བ་འདི་ཡི་ཡོན་ཏན་ནི་འོད་གསལ་དབྱིངས་ཐིག་གི་སྣང་བ་ཐམས་ཅད་ཆེར་འཕེལ་ནས།འོད་ལྔ་གྱེན་འགྲེང་དང་།རྩིབས་ཤར།པདྨ་དང་འཁོར་ལོ་ལ་སོགས་པ་དང་།ཡང་གྲུ་ཆད་མཁར་ཐབས་རྫོགས་པའི་བར་དང་།ཐིག་ལེ་ཆེ་བ་གནམ་ས་ཁེབས་པ་ཙམ་དང་།ཆུང་བ་ཡུངས་འབྲུའི་ཚད་ཙམ་ལྔ་ཚོམས་སུ་སྣང་བ་དང་།གཞན་ཡང་སྣང་ཡུལ་ཐམས་ཅད་འཇའ་འོད་ཐིག་ལེའི་རང་བཞིན་དུ་ཤར་ཏེ།མ་དག་པའི་སྣང་བ་མི་མཐོང་བ་ལྟ་བུར་འབྱུང་བ་ནི།ཤེས་རབ་ཀྱི་མིག་ལ་ཡེ་ཤེས་ཀྱི་སྤྱན་ཐོབ་པས།མཉམ་པར་བཞག་དང་མ་བཞག་གི་རྣམ་དབྱེ་མེད་པར་འོད་གསལ་ཆོས་ཉིད་ཀྱི་རང་མདངས་མངོན་དུ་གྱུར་པས་ན་སྙིགས་མ་དྭངས་མར་འཕོས་པ་དང་།དྭངས་མ་འོད་ལྔར་སྨིན་ནས་གོང་འཕེལ་གྱི་རྩལ་རྫོགས་འགྲོ་བ་ཡིན་ནོ། །མདོར་ན་ཕྱིའི་འོད་གསལ་གྱི་སྣང་བ་འདར་འཕྲིག་མེད་པར་གནས་ཤིང་།ཐིག་ལེ་ཡང་ཉ་མིག་ཙམ་ནས་མཐེབ་གོར་ཙམ་དུ་སྣང་བ།ཡང་ཐིག་ལེ་ཆེར་མི་གསལ་བཞིན་དུ།རིག་གདངས་རྡོ་རྗེ་ལུ་གུ་རྒྱུད་ཁྲ་འཁྲིག་གེར་མངོན་སུམ་དུ་སྣང་བ་དང་།དབྱིངས་ཀྱི་སྣང་བ་ཤིན་ཏུ་གསལ་བའི་ཀློང་དུ་འོད་གདངས་གྲུ་ཆད་ཀྱི་རྣམ་པར་སྣང་བའི་དུས་སུ་ཚེའི་དུས་འདས་ནས་བར་ཆད་ཀྱང་།རང་བཞིན་སྤྲུལ་པའི་སྐུ་རུ་དབུགས་འབྱིན་ཏེ་གྲོལ་བ་ཐོབ་པར་འགྱུར་རོ། །ཡང་དབྱིངས་ཀྱི་སྣང་བ་པདྨ་དང་འཁོར་ལོ་མཆོད་རྟེན་ལ་སོགས་པ་དང་།གཞན་ཡང་ཡིག་རིས་སྣ་ཚོགས་དང་།སྲོག་ཆགས་ལྟ་བུའི་རྣམ་པ་མ་ངེས་པ་དུ་མར་སྣང་བ་དང་།ཐིག་ལེ་མཐེབ་གོར་ཙམ་ནས་ཁམ་ཕོར་དང་རྔ་ཆུང་ཕུབ་ཀྱི་རྦ་འཁོར་ཙམ་པ་རྣམས་འོད་ལྔ་མུ་ཁྱུད་ཀྱི་རྣམ་པར་ཡོད་པ་ཐིག་ལེ་ལྔ་ལྡན་གྱི་ཀློང་དུ་ལྷ་སྐུ་གདུང་ཕྱེད་དང་།སྐུ་རྐྱང་འོད་ཁྱིམ་གྲུ་ཆད་ཀྱི་རྣམ་པར་ཤར་བ་དང་།རིག་གདངས་ཤེལ་ཕྲེང་བསྟར་ལ་བརྒྱུས་པའི་རྣམ་པ་ལྟ་བུ་དབྱིངས་ཐིག་གི་དྲྭ་བར་དལ་གྱི་འཁོར་བའི་རྣམ་པར་སྣང་བའི་དུས་སྐབས་སུ་ཚེ་དུས་བྱས་ཀྱང་བར་དོ་མེད་པར་གྲོལ་བར་འགྱུར་བ་གདོན་མི་ཟ་བ་ནི།གོང་འཕེལ་གྱི་འཕེལ་ཚད་རྫོགས་པའི་ཚེ་ན་ཆོས་ཉིད་སྐྱེ་འགགས་ལས་འདས་པར་དབང་འབྱོར་བས།བར་དོ་མེད་པར་རང་བཞིན་ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་སུ་ངེས་པར་གྲོལ་བར་གྱུར་ཏེ།མདོར་ན་ཉམས་སྣང་གོང་དུ་འཕེལ་བའི་ཚད་རྫོགས་པའི་ས་མཚམས་འདི་ལ་བབས་པའི་ཚེ་ན།སྐྱེས་བུ་དེ་འཁོར་བར་མི་ལྡོག་ཅིང་སྐྱེ་འཆིའི་སྣང་བ་ལས་འདས་ཤིང་སྲིད་པ་ལས་རྣམ་པར་རྒྱལ་བ་སྟེ།དེ་ཡང་མདོ་ལམ་གྱི་ས་ལྔ་པ་སྦྱངས་དཀའ་བ་དང་།སྔགས་ལམ་གྱི་ཚེ་ལ་དབང་བའི་རིག་འཛིན་གྱི་ས་དོན་གྱི་ཐོབ་པར་བསྟན་པ་ཡིན་ནོ། །དེ་ལྟར་གོང་འཕེལ་གྱི་ཉམས་རྩལ་རྫོགས་ཚུལ་དང་དེ་དག་གི་ཡོན་ཏན་གྱིས་རང་བཞིན་སྤྲུལ་པའི་ཞིང་ཁམས་རྣམས་སུ་གྲོལ་བའི་ཕན་ཡོན་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །ཞེས་པ་རྫོགས་ཚིགས་སུ་བསྟན་ཏེ།ས་མ་ཡ༔ གུ་ཧྱ༔ ཞེས་དམ་ཚིག་གི་བཀའ་རྒྱས་སུ་བཏབ་པའི་དོན་ནོ། །། །གསུམ་པ་རིག་པ་ཚད་ལ་ཕེབས་པའི་དོན་བསྟན་པ་ནི།དེ་ལྟར་ཡང་ཡང་སོགས།འཆར་བ་ཡིན༔ ཞེས་པས་བསྟན་ཏེ།དེ་ལྟར་སྔོན་སྨོན་ལས་འཕྲོ་འཛོམ་པའི་སྐྱེས་བུ་རྣམས་ཀྱིས་མྱུར་ལམ་ཟབ་མོ་འདི་ཉིད་ལ་བརྩོན་པ་དྲག་པོའི་སྒོ་ནས་ཡང་ནས་ཡང་དུ་ཉམས་སུ་བླངས་ཏེ་སྦྱངས་པས་ན།དེའི་ནུས་པས་སྒྲོན་མ་རྣམ་བཞིའི་སྟོབས་བསྐྱེད་པས་རིག་པ་བཅུད་དུ་སྨིན་ཅིང་།དབྱིངས་དང་ཐིག་ལེ་རིག་གདངས་རྣམས་ཚད་ལ་ཕེབས་པ་ནི་འདི་ལྟ་སྟེ།ཕྱི་རྟགས་དབྱིངས་ཀྱི་སྣང་བ་གཞལ་ཡས་ཁང་གི་རྣམ་པའམ་འོད་གདངས་དྭངས་གསལ་དུ་མཆེད་པའི་ཀློང་དུ།འོད་ལྔའི་ཐིག་ལེ་ལྔ་ཚོམ་དུ་ཤར་བའི་ནང་དབུས་སུ་བདེ་གཤེགས་རིག་ལྔའི་ཕྱག་རྒྱ་ཕྲ་མོའི་སྐུ་ཡར་ཕྱེད་སྣང་ཞིང་སྐུ་སྨད་འཇའ་སྤྲིན་ནམ་འོད་ཀྱི་རྣམ་པས་མི་མངོན་པ་དང་།ཡང་སྐུ་གདུང་ཕྱེད་བཀས་པ་ལྟར་སྣང་ཞིང་དེ་དག་བསྒོམ་སྟོབས་ཀྱིས་ཆེར་སྨིན་ཏེ།སྐུ་རྐྱང་ལོངས་སྤྱོད་རྒྱན་རྫོགས་ཀྱི་རིགས་ལྔ་རེ་རེ་བཞིན་ཚང་བར་འཆར་བ་ཡིན་པས།དེ་ལ་བར་མ་ཆད་པར་བྱས་ཏེ་སྦྱངས་པ་མཐར་ཕྱིན་ནས་རིམ་པ་བཞིན་དུ་ལྷ་ཡབ་ཡུམ་ཟུང་འབྲེལ་དུ་སྣང་བ་ནི་འདི་ལྟར་འབྱུང་སྟེ།འོད་ལྔའི་ཐིག་ལེ་ལྔ་ཚོམ་གྱི་ཀློང་དུ་རིགས་ལྔའི་ཚོམ་བུ་ལྔ་ལྔར་ཤར་བའི་ནང་དབུས་རྣམས་སུ།ལོངས་སྤྱོད་ཀྱི་རྒྱན་རྫོགས་པའི་རྣམ་པར་སྣང་མཛད་དཀར་པོ་དང་།དེ་བཞིན་དུ་རྡོ་རྗེ་སེམས་དཔའ་སྔོན་པོ།རིན་ཆེན་འབྱུང་ལྡན་སེར་པོ།སྣང་བ་མཐའ་ཡས་དམར་པོ།དོན་ཡོད་གྲུབ་པ་ལྗང་གུ་རྣམས་རང་རང་རིགས་ཀྱི་ཡུམ་དང་བཅས་པ་འཁྲིལ་སྦྱོར་དུ་སྣང་ཞིང་།དེ་དག་རིགས་དང་མཐུན་པའི་འཁོར་རྣམས་ཀྱང་སེམས་དཔའ་སེམས་མ་བཞི་བཞིས་བསྐོར་བ་དང་བཅས་པར་འཆར་ཏེ།དེ་ལྟ་བུའི་ཕྱག་རྒྱ་རྣམས་ཀྱང་སྐུ་མཛེས་ཤིང་ཡིད་དུ་འོང་བ་སྐྱེ་མཆེད་དྭངས་པས་བལྟ་བས་ཆོག་མི་ཤེས་ཤིང་།སྐུ་ལ་དར་དང་རིན་པོ་ཆེ་སྣ་ཚོགས་ཀྱི་རྒྱན་ཆས་རྫོགས་པ།འོད་དང་འོད་ཟེར་འཕྲོ་བའི་རྣམ་པར་འཆར་དང་།རིག་གདངས་རྡོ་རྗེ་ལུག་རྒྱུད་ཀྱང་ཆེར་སྨིན་པའི་ཚད་དུ་ཁ་དོག་ཀྱང་ཤེལ་ལྟར་དཀར་བ་དང་།སྦུལ་ལེན་གྱི་མདོག་ལྟར་སེར་བ།རྒྱ་མཚལ་གྱི་ཁུ་བ་ལྟར་དམར་བ།ཨིནྡྲ་ནི་ལའི་ཁ་དོག་ལྟར་ལྗང་གུ་སྟེ།དེ་དག་དཔེར་ན་མུ་ཏིག་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟ་བུ་རུ་དྲྭ་བ་དང་དྲྭ་བ་ཕྱེད་པའི་རྣམ་པར་འཆར་བ་རྣམས་ནི།ཕྱིའི་དབྱིངས་ཐིག་དང་རིག་གདངས་ཀྱི་འཕེལ་ཚད་རྫོགས་ཚུལ་མདོ་ཙམ་བསྟན་པ་ཡིན་པས་གནད་མཆོག་ཏུ་ཤེས་པར་བྱའོ། །དེ་ལྟར་ཉམས་ལེན་གྱི་འཕེལ་ཚད་རྫོགས་ནས་མི་འགྱུར་གསང་བའི་རྟགས་རྣམས་འབྱུང་ཚུལ་ནི།ནང་རྟགས་ལུས་ནི་སོགས།ས་རུ་གྲོལ༔ ཞེས་པས་བསྟན་ཏེ།དེ་ལ་འདིར་རིག་པ་ཚད་དུ་ཕེབས་ནས་ནང་རྟགས་སྒོ་གསུམ་ལ་འཆར་བ་ནི།ལུས་ལ་གཉེར་མ་མེད་ཅིང་གཞོན་ཤ་ལྡན་པ།སྐྲ་དཀར་ནག་པོར་འགྱུར་ཞིང་སོའུ་སྐྱེ་བ།ལུས་ནི་རི་བྲག་ཀུན་ལ་ཟང་ཐལ་དུ་འགྲོ་ཞིང་འབྱུང་བས་མི་ཚུགས་པ།ལུས་ཤིང་བལ་ལྟར་ཡངས་ཤིང་དབུགས་ཀྱི་འགྱུ་བ་མི་ཚོར་བ་དང་།རང་ལུས་ཟང་ཐལ་དྲི་མ་མེད་པ་འོད་ཀྱི་ལུས་སུ་སྣང་ནས།རི་བྲག་ལ་སོགས་དངོས་པོ་ཐོག་རེག་གི་རྣམ་པ་ཇི་ལྟར་སྣང་བ་ཀུན་ལ་རང་བཞིན་གྱི་ཐོགས་པ་མེད་པར་ཟང་ཐལ་དུ་འགྲོ་བ་དང་།ལུས་ལ་རིགས་ལྔའི་ཕྱག་མཚན་གྱི་རྣམ་པའི་ཤ་མཚན་དང་རིས་སུ་སྣང་བ་ལ་སོགས་པ་འབྱུང་བའོ། །ངག་ནི་ཁྲོ་ཚིག་མི་འབྱུང་ཞིང་གང་སྨྲས་ཐམས་ཅད་གཞན་ཡིད་དགའ་བའི་ཚིག་དང་།ཁྱད་པར་འཁྲུལ་ཚིག་མི་སྨྲ་ཞིང་ཆོས་ཀྱི་ཚིག་དོན་སྣ་ཚོགས་མ་བསླབ་བཞིན་དུ་ཐོལ་བྱུང་དུ་སྨྲ་བ་དང་།གཞན་ཡང་སྔར་མ་ཐོས་པའི་གཏམ་རྒྱུད་གཞན་བློ་ཆོས་ལ་བསྒྱུར་ནུས་པ་དང་།ཆོས་མཐུན་གྱི་གླུ་དང་མགུར་མ་ལ་སོགས་པ་རང་རྡོལ་དུ་འབྱུང་བ་དང་།འབྱུང་བའི་སྒྲ་སྐད་དང་རིགས་དྲུག་གི་སྐད་ལ་སོགས་པ་ཤེས་པར་འབྱུང་སྟེ་གཞན་སྣང་ཡང་དག་དགེ་བའི་ལམ་ལ་སྦྱོར་ནུས་པ་འབྱུང་བ་ཡིན་ནོ། །སེམས་ཉིད་ཡེ་ཤེས་ལྔ་རུ་གོ་འཕོས་པས་སེམས་རྟགས་ལུས་ལ་འབྱུང་སྟེ།ནམ་མཁའ་ལ་བྱ་བཞིན་འཕུལ་བ་དང་།ཆུ་ལ་ཉ་ལྟར་བགྲོད་པ།བཅོས་མིན་གྱི་སྙིང་རྗེ་ངམ་ངམ་ཤུགས་ཀྱི་རྒྱུད་ལ་གནས་པ།ལུས་འབྱུང་བ་ལྔར་སྤྲུལ་ནུས་ཤིང་བསམ་པའི་ཡུལ་ཀུན་ཏུ་ཐོགས་མེད་དུ་འགྲོ་བ་སོགས་དང་།ཁྱད་པར་གཞན་སེམས་ཤེས་པ་ལ་སོགས་པའི་མངོན་པར་ཤེས་པ་ལྔ་དང་།ཐོག་རེག་གི་བཅད་པའི་ཡུལ་དང་།རྒྱལ་བའི་ཞིང་ཁམས་སོགས་མཐོང་བའི་སྤྱན་ལྔ་ཤེས་རབ་དང་ཏིང་ངེ་འཛིན་གྱི་སྒོ་བསམ་གྱིས་མི་ཁྱབ་པ་ལ་མངའ་དབང་འབྱོར་བས་སྤྲུལ་བསྒྱུར་སྐྱེ་འཇུག་རྣམས་ལ་རང་དབང་བསྒྱུར་ཏེ།སྣང་སྲིད་དག་མཉམ་ཆེན་པོར་ཤར་བ་ལས་མ་དག་པའི་སྣང་བ་རྡུལ་ཙམ་ཡང་མེད་པའོ། །འདིའི་དུས་སུ་སྔར་གྱི་རྣམ་སྨིན་རྒྱུ་དང་འབྲས་བུར་མི་ལྟོས་པར་ཡར་གྱི་ཟང་ཐལ་ཆེན་པོར་གདུལ་བྱ་ཐེར་འབུམ་དང་བཅས་པ་ཐམས་ཅད་མཁྱེན་པ་རྫོགས་པའི་སངས་རྒྱས་ཀྱི་ས་རུ་གྲོལ་བ་ཐོབ་པས་ན།རྫོགས་ཆེན་རང་ལམ་དུ་ཚད་ཕེབས་པ་དང་།མདོ་ལམ་གྱི་ས་བརྒྱད་པའི་ཡོན་ཏན་དང་།སྔགས་བསྐྱེད་པའི་ལམ་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་ཡང་དོན་གྱི་ཐོབ་པ་ཡིན་ནོ། །ཞེས་རིག་པ་ཚད་ཕེབས་ཀྱི་དབྱིངས་ཐིག་འཆར་ཚུལ་དང་མཐར་ཕྱིན་ནས་ཡོན་ཏན་རྫོགས་པའི་གནད་གསལ་བར་བསྟན་པའི་ལེའུ་སྟེ་བཅུ་གཉིས་པའོ། །ས་མ་ཡ།གུ་ཧྱ༔ ཞེས་པ་སྐལ་མེད་ལ་བཀའ་རྒྱས་སུ་བཏབ་པའི་དོན་ཡིན་ནོ། །དེ་ལྟར་ཉིན་མོའི་རྣལ་འབྱོར་གྱི་ལམ་གྱི་རིམ་པའི་གནད་བསྡུས་མདོ་ཙམ་བསྟན་ཟིན་ཏོ། །། །དེ་དག་གི་ཆ་རྐྱེན་དུ་མཚན་མོའི་རྣལ་འབྱོར་གྱི་ལམ་རིམ་བསྟན་པར་བྱེད་པ་ལའང་།ཤེས་བྱ་བུམ་པར་བསྡུ་བ་དང་།གཉིད་འོད་གསལ་དུ་སྦ་བ།འབྱུང་ཁམས་དག་སྦྱོར་དང་གསུམ་དུ་ཡོད་པ་ལས།དང་པོ་ནི།བསྐལ་མང་གོང་ནས་སོགས།གཉིད་ནས་སླར༔ ཞེས་པས་བསྟན་ཏེ།དེ་ལ་འདིར་ལས་དང་སྐལ་བར་ལྡན་པའི་སྐྱེས་བུ་རྣམས་ཀྱིས་སྔོན་བསྐལ་པ་གྲངས་མེད་མང་པོའི་གོང་རོལ་ནས།ཚུལ་ཁྲིམས་རྣམ་པར་དག་པས་གཞི་བཟུང་།སྦྱིན་སོགས་ཕ་རོལ་ཏུ་ཕྱིན་པ་དྲུག་མཐར་ཕྱིན་པ་སྨོན་ལམ་གྱི་ཚོགས་དང་།འོད་གསལ་རྫོགས་པ་ཆེན་པོའི་ལམ་མ་ནོར་བར་ཚུལ་བཞིན་དུ་ཉམས་སུ་ལེན་པར་བྱེད་པ་འབྲས་བུ་ཡེ་ཤེས་ཀྱི་ཚོགས་ཏེ།ཚོགས་གཉིས་རྒྱ་ཆེན་པོ་བསགས་པའི་མཐུ་དང་།སྔོན་གྱི་སྨོན་ལམ་བཟང་པོའི་མཚམས་སྦྱོར་གྱི་སྟོབས་ལ་བརྟེན་ནས།བརྒྱུད་ལྡན་རིག་འཛིན་བླ་མས་རྗེས་སུ་བཟུང་སྟེ་ཐེག་པ་ཆེན་པོའི་དོན་དམ་པའི་ཆོས་ལ་ལས་འབྲེལ་བཞག་ཅིང་།ཆོས་ཉིད་ཡིད་དཔྱོད་དུ་མ་ལུས་པར་དབང་པོ་སྐྱོན་དང་བྲལ་བར་རྒྱང་ཞགས་ཆུ་ཡི་སྒྲོན་མ་སོགས་ཀྱི་གནད་ལ་བརྟེན་ནས།ཆོས་ཉིད་ཀྱི་དོན་མངོན་སུམ་རང་གནས་སུ་མཐོང་བའི་སྐྱེས་བུ་ལས་ཅན་སྐལ་བ་བཟང་པོ་ཉིན་མོའི་སྐར་མ་ཙམ་རེ་འབྱུང་སྲིད་ན།དེའི་དབང་སྐལ་དང་ལམ་གྱི་ཆ་རྐྱེན་དུ་འོད་གསལ་ཉིན་མཚན་ཁ་སྦྱར་ནས་ཐུན་དྲུག་གི་ཚུལ་དུ་ཉམས་སུ་ལེན་པའི་རིམ་པ་རྣམས་མདོ་ཙམ་བསྟན་པས་ན།དེའི་ཕྱིར་དུ་སྦྱངས་པ་མཐར་སོན་པར་བྱེད་པ་ལ།ཉིན་གྱི་དུས་སུ་སྒོ་གསུམ་གྱི་བྱ་བ་དགུ་སྤྲུགས་སུ་བཏང་ནས་ལུས་བཞུགས་སྟངས་དང་མི་འབྲལ་བར་གདམས་པ་ཉམས་སུ་བླངས་ཤིང་།འོད་གསལ་དབྱིངས་ཐིག་གི་སྣང་བ་མངོན་དུ་བྱེད་ཅིང་རིག་པ་མ་བཅོས་རང་བབས་སུ་བཞག་པ་དང་།མཚན་མོའི་ཐུན་ཆ་གསུམ་དུ་བྱས་ཏེ།སྲོད་ལ་ཉལ་ཚེ་ལུས་དྲང་སྲོང་གི་འདུག་སྟངས་དང་བཅས་ཏེ།མ་དག་པའི་རླུང་ངོ་ལན་གསུམ་བསལ་ནས་སྟེང་འོག་གི་རླུང་ཁ་སྦྱོར་བུམ་ཅན་དུ་བཟུང་སྟེ།རང་གི་གནས་ཡུལ་ཐམས་ཅད་དག་པའི་ཞིང་ཁམས་ཡིད་དུ་འོང་བ་ཞིག་ཏུ་གསལ་གདབ།རང་ལུས་འོད་ཀྱི་ཕུང་པོ་ཕྱི་ནང་གསལ་སྒྲིབ་མེད་པ་ཞིག་ཏུ་བསྒོམ་ནས།ཤེས་བྱ་བུམ་པར་བསྡུ་བའི་ཐབས་ལ་སྦྱང་བ་ནི།རང་ལུས་དྭངས་གསལ་ཕྲུ་མ་ཕུས་བཀང་བ་ལྟ་བུའི་ནང་དབུས་སུ།རྩ་དབུ་མ་མདའ་སྨྱུག་འབྲིང་པོའི་ཚད་ཙམ་ཞིག།ཆུ་ཤིང་ལྟར་དྲང་བ།པདྨའི་འདབ་མ་ལྟར་སྲབ་པ།རྒྱ་ཚོས་ཀྱི་ཁུ་བ་ལྟར་སྣུམ་པ།ཏིལ་མར་གྱི་སྒྲོན་མེ་ལྟར་གསལ་བ་སྟེ་མཚན་ཉིད་བཞི་དང་ལྡན་པ།ཕྱི་དཀར་ལ།ནང་དམར་བ།བར་མཐིང་ག།ཡར་སྣེ་སྤྱི་བོར་ཟུག་ཅིང་ཁ་ཕྱེ་བ།མར་སྣ་གསང་བར་ཚིག་གི་འགག་པ་ལྟར་ཡོད་པ། །དེའི་གཡས་སུ་རོ་མ་ཕྱི་དཀར་ལ་ནང་དམར་བ།གཡོན་དུ་རྐྱང་མ་ཕྱི་དཀར་ལ་ནང་དམར་བ།གཉིས་ཀའང་གསལ་ལ་དྭངས་པའི་རྣམ་པ་ཅན།མར་སྣ་གཉིས་ལྟེ་འོག་སོར་བཞིའི་ཐད་ནས་དབུ་མར་ཡི་གེ་ཆའི་རྣམ་པར་ཟུག་པ།ཡར་སྣེ་གཉིས་རྣ་ལྟག་གཉིས་ནས་འགུག་ཅིང་སྣ་བུག་གཉིས་སུ་ཟུག་པར་བསྒོམ་པའོ། །དེ་ལྟ་བུའི་རྩ་གསུམ་གྱི་འདུས་མདོ་དབུ་མའི་ནང་ཁོངས་ལྟེ་འོག་ཏུ་པདྨ་འདབ་བཞིའི་ལྟེ་བར།ངོ་བོ་སྟོང་ཉིད་ཤེས་རབ་ཡུམ་གྱི་རང་བཞིན་ལ།རྣམ་པ་ཨ་ཐུང་དམར་གསལ་འོད་ཀྱི་རང་བཞིན་རྩ་བ་བརྟན་པ།རྩེ་མོ་རྣོ་བའི་སྟེང་དུ་ནཱ་ད་དང་བཅས་པ་གསལ་གདབ།སྤྱི་བོར་བདེ་ཆེན་གྱི་འཁོར་ལོའི་དབུས་སུ་འོད་ཀྱི་ཐིག་ལེ་དཀར་པོའི་ཀློང་དུ།ངོ་བོ་ཐབས་མཆོག་ཏུ་མི་འགྱུར་བ་བདེ་ཆེན་ཡབ་ཀྱི་རང་བཞིན་ལ།རྣམ་པ་ཧཾ་ཡིག་དཀར་པོ་ཆུ་ཤེལ་གྱི་མདོག་ལྟར་གསལ་ལ་དྭངས་པ།མགོ་ཐུར་དུ་བསྟན་ཅིང་བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩིའི་ཟིལ་པ་ཁྲོམ་པ།ངོ་བོ་བདེ་བ།རྣམ་པ་ཆུ།བྱེད་ལས་དགའ་བ་བཞིའི་ཡེ་ཤེས་བསྐྱེད་པ།རེག་བྱ་བསིལ་བ་སྟེ་མཚན་ཉིད་བཞི་ལྡན་དུ་བསྒོམ་པར་བྱ་ཞིང་།དེ་ནས་རང་གི་སྨིན་མཚམས་ནས་སོར་བཅུ་གཉིས་ཀྱི་མཚམས་སུ།ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་རྣམས་དང་།དགོངས་བརྡ་སྙན་བརྒྱུད་ཀྱི་བླ་མ་རིག་འཛིན་གྱི་ཚོགས་དང་།ཡི་དམ་རྒྱུད་སྡེ་བཞི་དྲུག།མ་གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་ལ་སོགས་པའི་ཐུགས་རྗེ་བྱིན་རླབས་ཡེ་ཤེས་ཡོན་ཏན་ཐམས་ཅད་འདུས་པའི་ངོ་བོ་འོད་ཕུང་ལྗང་སྔོན་རླུང་གི་རྣམ་པར་བྱུང་བ།རང་གི་སྣ་བུག་གཉིས་ནས་དལ་བུས་རྔུབས་ཏེ།སྤོས་རིང་གི་དུད་པ་ལྟར་སྔོ་ཕྱུར་གྱིས་བྱུང་ནས་རོ་རྐྱང་གི་ལམ་བརྒྱུད་དེ་ལྟེ་འོག་གི་ཨ་ཐུང་ལ་ཕོག་པས།དེ་ལས་གཏུམ་མོ་ཡེ་ཤེས་ཀྱི་མེའི་ངོ་བོ་བདེ་བ།རྣམ་པ་མེ།བྱེད་ལས་སྤྱི་བོའི་ཟླ་བ་བཞུ་བའི་བདེ་ཆེན་སྟོང་པའི་ཡེ་ཤེས་བསྐྱེད་པ།རེག་བྱ་ཚ་བ་སྟེ་མཚན་ཉིད་བཞི་དང་ལྡན་པའི་ཡེ་ཤེས་ཀྱི་མེ་ལ།བྱིན་རླབས་ཡེ་ཤེས་ཀྱི་རླུང་གིས་གསོས་ཐེབས་ནས་མེ་ལྕེ་རབ་ཏུ་ཆེར་མཆེད་དེ།རིམ་པ་བཞིན་དུ་རང་གི་ལྟེ་བའི་རྩ་འཁོར་ཐམས་ཅད་ལ་ཁྱབ་པས།ཉོན་མོངས་པ་ང་རྒྱལ་གྱིས་བསྐྱེད་པའི་རྩ་རླུང་ཐིག་ལེའི་སྒྲིབ་པ་དང་བག་ཆགས་ཐམས་ཅད་ལྷག་མེད་དུ་བསྲེགས་པར་བསམ་ལ།རླུང་ཐུན་ཐུང་རེ་འཛིན་པ་དང་།དེ་བཞིན་དུ་སྙིང་ག་ཆོས་ཀྱི་འཁོར་ལོའི་རྩ་འཁོར་རྣམས་སུ་ཁྱབ་པས།ཉོན་མོངས་པ་གཏི་མུག་གིས་བསྐྱེད་པའི་རླུང་ཐིག་རྩའི་སྒྲིབ་པ་དང་བག་ཆགས་ངན་པ་ཐམས་ཅད་རྩྭ་ཕུང་ལ་མེ་ལྕེ་ཕོག་པ་བཞིན་དུ་ལྷག་མེད་དུ་བསྲེགས་པར་བསམ་ལ།སྔར་ལྟར་རླུང་གི་སྦྱོར་བ་ལ་བརྩོན་པར་བྱའོ། །དེ་བཞིན་དུ་ཡང་ཡེ་ཤེས་ཀྱི་མེ་ལྕེས་མགྲིན་པའི་རྩ་འཁོར་རྣམས་སུ་ཁྱབ་པས་ཉོན་མོངས་པ་འདོད་ཆགས་ཀྱི་སྒོ་ནས་བསྐྱེད་པའི་རྩ་རླུང་ཐིག་ལེའི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་ལྷག་མེད་དུ་བསྲེགས་པར་བསམ།ཡང་སྤྱི་བོའི་རྩ་འཁོར་རྣམས་སུ་ཁྱབ་པས།ཉོན་མོངས་པ་ཞེ་སྡང་གིས་བསྐྱེད་པའི་རྩ་ཐིག་རླུང་གསུམ་གྱི་སྒྲིབ་པ་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས་པར་བསམ་པ་སྟེ།འཁོར་ལོ་བཞི་པའི་མས་ནས་ཡས་རིམ་གྱི་ཚུལ་དུ་གཏུམ་མོ་ཡེ་ཤེས་ཀྱི་མེས་ཁྱབ་ཅིང་།ཉོན་མོངས་པའི་རྒྱུ་ས་བོན་བག་ཆགས་དང་བཅས་པ་སྦྱངས་པར་བསམ་པ་དང་།སླར་ཡང་མེ་ལྕེ་ཆེར་མཆེད་ནས་མ་དག་གདོས་བཅས་ཀྱི་ཕུང་པོ་ཁམས་དང་།ཚེ་རབས་ནས་བསགས་པའི་ནད་གདོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ལྷག་མེད་དུ་བསྲེགས་པར་བསམ་པ་དང་།མེ་ལྕེ་མར་མཆེད་ནས་གསང་གནས་ཀྱི་རྩ་འཁོར་ཐམས་ཅད་ལ་ཁྱབ་པས།ཉོན་མོངས་པ་ཕྲག་དོག་གིས་བསྐྱེད་པའི་རྩ་རླུང་ཐིག་ལེའི་སྒྲིབ་པ་བག་ཆགས་ཐམས་ཅད་བསྲེགས་པར་བསམ་ལ།སྔར་བཞིན་རླུང་ཐུན་ཐུང་རེ་བཟུང་།དེ་ལྟར་མ་དག་པའི་རྩ་རླུང་ཐིག་ལེའི་ཁམས་ཐམས་ཅད་གཏུམ་མོ་ཡེ་ཤེས་ཀྱི་མེས་བསྲེགས་ཏེ།མེ་ལྕེ་དེ་ཉིད་ཀྱི་རེག་བྱ་སྤྱི་བོའི་ཧཾ་ཡིག་ལ་ཕོག་པ་ཙམ་གྱིས་ཧཾ་ཡིག་དེ་ལས་ངོ་བོ་བདེ་སྟོང་ཟག་པ་མེད་པའི་ཡེ་ཤེས་ཀྱི་བདུད་རྩིའི་ཆུ་རྒྱུན་བ་འོའི་མདོག་ལྟ་བུ་ངང་ནར་གྱིས་བྱུང་སྟེ།མེ་དང་བདུད་རྩི་བྲོས་དེད་ཀྱི་ཚུལ་དུ་སྤྱི་བོར་ཐོན་ཚེ།ལུས་དང་རྩའི་སྒྲིབ་པ་དག།བུམ་དབང་གི་ས་བོན་ཐེབ།དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ།མགྲིན་པར་ཁྱབ་པས་ངག་དང་རླུང་གི་སྒྲིབ་པ་དག།གསང་དབང་གི་སྣོད་དུ་གྱུར།མཆོག་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ།ཐིག་ལེ་སྙིང་གར་ཁྱབ་པས་ཡིད་དང་ཐིག་ལེའི་སྒྲིབ་པ་དག།ཤེར་དབང་གི་སྣོད་དུ་རུང་།ཁྱད་པར་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ།ལྟེ་བར་ཁྱབ་པས་ཉོན་མོངས་པ་དང་ཤེས་བྱའི་སྒྲིབ་པ་དག།ཚིག་དབང་གི་སྣོད་དུ་གྱུར།ལྷན་དགའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་བསམ་སྟེ།རྗེས་ཤེས་རིག་སྟོང་བསམ་བརྗོད་དང་བྲལ་བའི་ངང་དུ་ཅུང་ཞིག་ངལ་གསོ།སླར་ཡང་མེད་དང་བདུད་རྩི་གཉིས་མེད་དུ་གྱུར་ནས་ལྟེ་བའི་ཨ་ཐུང་ཉིད་ལ་ཕོག་པ་ལས་མེ་ཆེར་ལྷབ་ཀྱིས་འབར་ཏེ་ལུས་ཐམས་ཅད་ལ་ཁྱབ་པས་རྩ་མདུད་རྣམས་ཁྲོལ་གྱིས་ཞིག་ནས་དཀར་དམར་ཐམས་ཅད་གཅིག་ཏུ་འདྲེས་ཏེ།དཀར་ཆ་དག་པ་སྐུ།དམར་ཆ་དག་པ་གསུང་།རླུང་རིག་དག་པ་ཐུགས་སུ་སྨིན་པར་བསམ་པ་དང་།བྱིན་རླབས་ཡེ་ཤེས་ཀྱི་རླུང་།གཏུམ་མོ་ཡེ་ཤེས་ཀྱི་མེ་དང་།བདེ་སྟོང་ཡེ་ཤེས་ཀྱི་བདུད་རྩི་གསུམ་གཉིས་མེད་དུ་གྱུར་པ་རྒྱ་ཆེར་རབ་ཏུ་མཆེད་དེ།དབུ་མ་མེ་དང་བཅས་པས་སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་ཚེ་རབས་ཐོག་མཐའ་མེད་པ་ནས་དུག་ལྔ་དུག་གསུམ་གྱིས་བསྐྱེད་པའི་ནད་གདོན་འགལ་རྐྱེན་བར་ཆད་ཐམས་ཅད་དང་།ལས་ཉོན་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་དང་བཅས་པ་ཐམས་ཅད་སྤུ་ཤད་ཕྲ་མོ་ལ་མེ་ལྕེ་ཕོག་པ་ལྟར་སྐད་ཅིག་གིས་བསྲེགས་ཏེ།སྟོང་ཁམས་ཐམས་ཅད་རང་ལུས་དབུ་མ་མེ་དང་བཅས་པས་ཁྱབ་པར་བསམ་ལ་རླུང་བཟུང་ནས་ཅུང་ཟད་མཉམ་པར་བཞག།མཐར་དེ་དག་ཇེ་ཕྲར་གྱུར་ནས་སྔར་བཞིན་ལུས་སྟོང་གསལ་འོད་ཀྱི་ཕུང་པོ་རུ་གསལ་གདབ་པའི་དབུས་ཀྱི་དབུ་མའི་མར་སྣེའི་ལྟེ་འོག་གི་སྦུབས་སུ་ཨ་ཐུང་དང་གཏུམ་མོ་ཡེ་ཤེས་ཀྱི་མེ་གཉིས་རོ་གཅིག་ཏུ་གྱུར་པ་ལ་ཤེས་པ་རྩེ་གཅིག་ཏུ་གཏད་དེ།སེམས་གཞན་དུ་མ་ཡེངས་པར་རིག་པ་འོད་གསལ་བའི་ཡེ་ཤེས་མི་འགྱུར་བ་དེའི་ངང་མངོན་དུ་བྱས་ཏེ་གཉིད་ཀྱི་རྣལ་འབྱོར་ལ་འཇུག་གོ། །དེ་ནས་དོན་གཉིས་པ་གཉིད་འོད་གསལ་དུ་སྦ་བ་ནི།ནམ་ཕྱེད་ལོངས་སྐུའི་སོགས།ཐུན་ཆུང་བཟུང་༔ ཞེས་པས་བསྟན་ཏེ།སླར་ཡང་ནམ་ཕྱེད་ཀྱི་དུས་གཉིད་ལས་ལྡང་སྟེ།ལུས་གནད་ལོངས་སྐུའི་འདུག་སྟངས་གླང་ཆེན་ཉལ་སྟབས་ལ་བརྟེན་ཏེ།སེམས་མ་བཅོས་པར་དར་ཅིག་མཉམ་པར་བཞག་མཐར།རང་གི་སྣ་རྩེ་ཐད་ཀྱི་མདུན་མཁའ་རུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་འདུས་པའི་ངོ་བོ་དྲིན་ཆེན་རྩ་བའི་བླ་མའི་ཐུགས་རྗེ་བྱིན་རླབས་ཡེ་ཤེས་ཡོན་ཏན་ཐམས་ཅད་གཅིག་ཏུ་འདུས་པའི་རང་བཞིན།འོད་ཀྱི་ཐིག་ལེ་དཀར་པོ་གསལ་འཚེར་གཟི་བརྗིད་འབར་བ།དཔེར་ན་ཆུ་ཤེལ་གྱི་ཕུང་པོ་ལ་ཉི་མའི་འོད་དང་འཕྲད་པ་ལྟ་བུ་ཞིག་གསལ་བཏབ་སྟེ།དེ་ལས་འོད་ཟེར་དཀར་པོ་ཆུ་ཤེལ་གྱི་མདོག་ལྟར་འཕྲོས་ནས།རང་གི་ལུས་ལ་ཕོག་པ་ཙམ་གྱིས་སྒོ་གསུམ་གྱི་སྡིག་སྒྲིབ་བག་ཆགས་ཐམས་ཅད་ལྷག་མེད་དུ་བཅོམ་སྟེ།ལུས་ངག་ཡིད་གསུམ་དུ་འཁྲུལ་པའི་གཟུང་འཛིན་བག་ཆགས་དང་བཅས་པ་ཐམས་ཅད་འོད་ཀྱི་རང་བཞིན་དུ་ཞུ་ནས་ཐིག་ལེ་ལ་ཐིམ་པ།དཔེར་ན་ཆུ་ཉིད་ལ་ནི་ཆུ་བཞག་པ་ཇི་བཞིན་དུ།འོད་ཐིག་དང་རོ་གཅིག་ཏུ་གྱུར་ནས་སྣ་རྩེའི་ཐིག་ལེ་ཉིད་ལ་ཐིམ་པར་བསམ་ལ།རླུང་ཤེས་དམིགས་གནད་གཅིག་ཏུ་དྲིལ་བར་བྱས་ཏེ།རིག་པ་རང་བབ་ཀྱི་ངང་ནས་ཐིག་ལེ་མངོན་དུ་བྱེད་ཅིང་དེའི་ངང་ནས་སེམས་མ་བཅོས་པར་གནས་བཞིན་ཐུན་ཆུང་ཞིག་བཟུང་ལ་མཉམ་པར་བཞག་གོ། །ཡང་།མཐར་ནི་དབུ་མ་སོགས།ཕྱོགས་ནས་སུ༔ ཞེས་པས་བསྟན་ཏེ།དེ་ལྟར་ཐུན་ཆུང་ཞིག་ཏུ་མཉམ་པར་བཞག་མཐར།ལུས་གནད་ནི་སྔར་བཞིན་གླང་ཆེན་ཉལ་སྟབས་སུ་བཞུགས་ནས།རང་ལུས་འོད་ཀྱི་ཕུང་པོ་ཕྱི་ནང་གསལ་སྒྲིབ་མེད་པའི་དབུས་སུ་རྩ་དབུ་མ་མཚན་ཉིད་བཞི་དང་ལྡན་པ་སྔར་བཞིན་དུ་གསལ་བཏབ་སྟེ།སྙིང་གའི་ཐད་ཀྱི་དབུ་མའི་ནང་དུ་འོད་ཕུང་དཀར་པོའི་དབུས་སུ་ཨ་དཀར་དྲི་མ་མེད་པ་གསལ་ལ་འཚེར་བ་འོད་འབར་བ་ཞིག་བསྒོམ།སྤྱི་བོའི་ཚངས་བུག་དབུ་མའི་ཡར་སྣེའི་ནང་དུ་འོད་དཀར་གྱི་ཀློང་དུ་སྔར་བཞིན་ཨ་དཀར་པོ་གསལ་འཚེར་འོད་འབར་བ་ཞིག་བསྒོམ་ལ།དེ་ལྟ་བུའི་ཨ་ཡིག་གཉིས་ཀྱི་བར་དུ་འོད་ཀྱི་ཨ་དཀར་བཅུ་དགུ་བརྩེགས་མར་གནས་པ་ལ་བར་མཚམས་ཐམས་ཅད་འོད་ཀྱིས་སྦྲེལ་བར་བསམ་པ་དང་།ཨ་ཡིག་དེ་དག་རྣམས་ཀྱང་འོད་དང་འོད་ཟེར་རབ་ཏུ་འབར་བའི་རང་བཞིན་ཅན།དཔེར་ན་ཉི་མའི་དཀྱིལ་འཁོར་སྤྲིན་དང་བྲལ་བ་ལྟ་བུར་གསལ་ལ་འཚེར་བའི་རྣམ་པ་ཅན་དུ་གསལ་གདབ།དེ་དག་ལས་འོད་ཟེར་འཕྲོས་ཏེ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་།བརྒྱུད་གསུམ་རིག་འཛིན་གྱི་བླ་མ་རྣམས་དང་།ཡི་དམ་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དང་།གནས་གསུམ་གྱི་དཔའ་བོ་མཁའ་འགྲོ་རྣམས་ཀྱི་སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་པ་ཕུལ་བས།ཐུགས་བདེ་སྟོང་གི་རོས་ཚིམས།ཐུགས་རྗེ་བྱིན་རླབས་ཡེ་ཤེས་ཡོན་ཏན་དབང་བྱིན་དངོས་གྲུབ་མ་ལུས་པ་ཐམས་ཅད་འོད་ཕུང་འཇའི་སྤྲིན་དཔུང་དཀར་པོའི་རྣམ་པར་བསྡུས་ཏེ།རང་གི་སྤྱི་བོ་ནས་རིམ་བཞིན་ཨ་རྣམས་དང་སྒོ་གསུམ་ལ་ཐིམ་པས་དབང་བྱིན་དངོས་གྲུབ་ཐམས་ཅད་གཅིག་ཆར་དུ་ཐོབ་པར་བསམ།མཐར་ཨ་ཡིག་རྣམས་ནི་རིམ་པ་བཞིན་དུ་དང་པོ་ཡས་ནས་མས་རིམ་གྱི་ཚུལ་དུ་སྤྱི་བོའི་ཨ་འོད་ཀྱི་རང་བཞིན་དུ་ཞུ་ནས་ཨ་གཉིས་པར་ཐིམ་སྟེ།དེ་ཉིད་ཨ་ཡིག་གཉིས་ཀྱི་འོད་དང་བཀྲག་མདངས་དང་ལྡན་པར་བསམ།ཨ་ཡིག་གཞན་རྣམས་ཀྱང་གསལ་འཚེར་འོད་དུ་འབར་བཞིན་རིམ་གྱིས་གཅིག་གཅིག་ལ་ཐིམ་པའི་ཚུལ་གྱིས་རིམ་པར་བསྡུས་ཏེ།མཐར་སྙིང་གའི་ཐད་ཀྱི་དབུ་མའི་ནང་གི་ཨ་ལ་ཐིམ་པས།དེ་ཉིད་ཨ་དཀར་ཉེར་གཅིག་གི་བཀྲག་མདངས་དང་གཟི་བརྗིད་ཐམས་ཅད་འདུས་པའི་རང་བཞིན་ཅན་དུ་གྱུར་ནས་འོད་དང་འོད་ཟེར་འབར་བ་དབུ་མའི་ནང་ཀུན་ཀྱང་འོད་དཀར་གྱིས་གང་ཞིང་ཁྱབ་པ་དང་།ཁྱད་པར་བདག་ལུས་སྣོད་བཅུད་ཀྱི་ཁམས་ཐམས་ཅད་ལ་འོད་ཀྱིས་ཁྱབ་པས་མུན་ཁུང་དུ་སྒྲོན་མེ་བཏེགས་པ་ལྟར་ངང་ལྟེམས་ཀྱིས་སོང་བར་བསམ་ལ།གསལ་སྟོང་མྱོང་ཞེན་མེད་པའི་ངང་ནས་ཤེས་པ་གཞན་དུ་མ་ཡེངས་པར།སྙིང་གའི་ཨ་དཀར་འོད་དང་ལྡན་པ་དེ་ལ་སེམས་རྩེ་གཅིག་ཏུ་གཏད་དེ།གཉིད་དུ་ཕྱོགས་ནས་སྒོ་གསུམ་རང་བབས་སུ་བཞག་པའི་ཚེ་ན།དོན་གྱི་འོད་གསལ་ཟིན་པའི་གནད་གལ་པོ་ཆེ་ཡིན་ནོ། །དོན་གསུམ་པ་འབྱུང་ཁམས་དག་སྦྱོར་ནི།ཐོ་རངས་འབྱུང་ཁམས་སོགས།རྒྱ་ཡིས་བཏབ༔ ཅེས་པས་བསྟན་ཏེ།དེ་ལ་འདིར་ཐོ་རངས་འབྱུང་ཁམས་དག་སྦྱོར་བྱེད་པ་དེ་ལའང་ས་བཅད་རྣམ་པ་ལྔ་ཡོད་པ་ལས།ཐམས་ཅད་ཀྱི་ཐོག་མར་ཐོ་རངས་དང་པོ་མལ་ནས་ལངས་ཏེ་སེངྒེའི་འདུག་སྟངས་དང་བཅས་ངག་ནས་ཧ་ཞེས་པའི་སྒྲས་དབུགས་རིང་ཐང་གཅིག་ལ་རླུང་རོ་ཕྱིར་ལན་གསུམ་འཕང་སྟེ།དང་པོ་འདོད་ཆགས་ཀྱི་སྒོ་ནས་བསགས་པའི་ལན་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་དུག་གསུམ་གྱི་རྩ་བ་ལས་ཀྱི་རླུང་ཁམ་ནག་གི་རྣམ་པར་ཐོན་པར་བསམ་པ་དང་།དེ་བཞིན་དུ་གཉིས་པར་ཉོན་མོངས་པ་ཞེ་སྡང་གི་སྒོ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ལ་སོགས་པ་ཐམས་ཅད་ལས་རླུང་དམར་ནག་གི་རྣམ་པར་ཐོན་པར་བསམ་པ་དང་།ཧ་སྒྲ་གསུམ་པར་ཉོན་མོངས་པ་གཏི་མུག་གི་སྒོ་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་ལས་རླུང་ནག་པོའི་རྣམ་པར་ཐོན་ཏེ།དེ་དག་ཕྱིའི་ནམ་མཁའ་རྣམ་པར་དག་པའི་དབྱིངས་སུ་ཐིམ་པས།རང་ལུས་སྒྲིབ་བྲལ་འོད་ཀྱི་ཕུང་པོར་གྱུར་པར་བསམ་པ་དང་།སྙིང་གའི་ཐད་ཀྱི་དབུ་མའི་ནང་གི་ཨ་ཡིག་དཀར་གསལ་བཀྲག་འབར་བ་དེ་ལས་མེ་ལས་མེ་སྟག་འཕྲོ་བ་བཞིན་དུ།རང་གི་སྨིན་མཚམས་ཀྱི་ཐད་དྲངས་ཀྱི་ནམ་མཁར་སོར་ལྔའི་མཚམས་སུ།དང་པོ་ནམ་མཁའ་དག་སྦྱོར་གྱི་སྐབས་སུ་ཨ་ཡིག་མཐིང་ག་ཞིག་འཕྲོས་ཏེ།རང་གི་ཞལ་ནས་ཐོན་ཅིང་མདུན་མཁར་སྨིན་མཚམས་ཀྱི་ཐད་དུ་གནས་པ་ལ་སེམས་ཅུང་ཟད་གཏད་མཐར།ཨ་ཡིག་དེ་ལས་འོད་ཕུང་ཁ་དོག་མཐིང་གསལ་གྱི་རྣམ་པར་འབྱུང་སྟེ།རང་ལ་ཕོག་པའི་རྐྱེན་གྱིས་རང་གི་ཚེ་རབས་ནས་བསགས་པའི་ལས་ཉོན་སྡིག་སྒྲིབ་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས།བདག་ལུས་ཕུང་ཁམས་སྐྱེ་མཆེད་དང་བཅས་པ་འོད་དུ་ཞུ་ནས་ཨ་ཡིག་ལ་ཐིམ་པར་བསམ་པ་དང་།ཡང་ཨ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས་ཁམས་གསུམ་སྣོད་བཅུད་ཐམས་ཅད་ལ་ཕོག་པས།སྣོད་བཅུད་ཐམས་ཅད་ལན་ཚྭ་ཆུ་རུ་ཞུ་བ་བཞིན་དུ་འོད་ཕུང་མཐིང་གའི་རྣམ་པར་གྱུར་ནས་ཨ་ཡིག་ལ་ཐིམ་པར་བསམ།སླར་ཡང་བདག་ལུས་སྣོད་བཅུད་ཨ་ཡིག་དང་བཅས་པ་ཐམས་ཅད་འོད་དུ་ཞུ་ནས་དམིགས་མེད་ནམ་མཁའི་རང་བཞིན་དུ་གྱུར་པར་བསམ་ལ།མཐར་སྤྲོས་པ་དང་བྲལ་བའི་ངང་དུ་མཉམ་པར་བཞག་གོ། །དེ་བཞིན་དུ་གཉིས་པ་འབྱུང་བ་ཆུ་ཁམས་དག་སྦྱོར་ལ་རང་ལུས་དབུ་མ་ཨ་དང་བཅས་པ་སྔར་ལྟར་གསལ་ཞིང་ཨ་དེ་ལས་ཨ་ཡིག་དཀར་གསལ་ཆུའི་སྙིང་པོར་བསྒོམ་ལ།འཕྲོས་པའི་འོད་གདངས་དཀར་པོའི་རྣམ་པ་དང་།གསུམ་པ་འབྱུང་བ་ས་ཁམས་དག་སྦྱོར་ལ་ཨ་ཡིག་སེར་པོ་ས་ཡི་སྙིང་པོ་འོད་ཀྱི་རང་བཞིན་ཅན་དུ་བསྒོམ་ལ།འཕྲོས་པའི་འོད་གདངས་སེར་པོའི་རྣམ་པ་དང་།བཞི་པ་མེ་ཁམས་དག་སྦྱོར་ལ་སྙིང་གའི་ཨ་དེ་ལས་ཨ་ཡིག་དམར་པོ་མེ་ཡི་སྙིང་པོ་ཅན་སྤྲོས་པའི་འོད་གདངས་དམར་པོ་རུ་གསལ་བ་དང་།ལྔ་པ་རླུང་ཁམས་དག་སྦྱོར་ལ་ཨ་ལས་ཨ་ཡིག་ལྗང་ཁུ་རླུང་གི་སྙིང་པོ་ཅན་དང་།འོད་གདངས་ལྗང་ཁུ་གསལ་བ་མ་གཏོགས།འོད་ཟེར་སྤྲོ་བསྡུས་ཀྱི་དམིགས་པ་རྣམས་ནི་གོང་ལྟར་འབྱུང་བ་ནམ་མཁའ་དག་སྦྱོར་གྱི་སྐབས་དང་འདྲ་བ་སྟེ།ཨ་ཡིག་རྣམས་ཀྱང་འབྱུང་བ་རང་མདོག་ལྟར་གསལ་འཚེར་འོད་དུ་འབར་བའི་རང་བཞིན་དུ་བསྒོམ་སྟེ།འཕྲོ་འདུ་དམིགས་པའི་གནད་གཅུན་ཞིང་ཤེས་པ་བཟོ་མི་འཆོས་པར་མིག་གི་ལམ་ནས་ཨ་ཡིག་ལ་གཏད་ནས་སེམས་ཅི་གནས་སུ་ཡུན་ཅིག་ལ་མཉམ་པར་བཞག་ཅིང་།མིག་ནི་སྨིན་མཚམས་ཀྱི་ཐད་ཀྱི་ཨ་ཡིག་དེ་ཉིད་ལ་གཏད་དེ།འོད་ཟེར་འཕྲོ་འདུའི་དམིགས་གནད་བསྐྱང་ནས་སྡོད་པར་བྱའོ། །མཐར་ནི་ཐུན་འཇོག་ཁར་སྔར་ལྟར་ཨ་ཡིག་རྣམས་ལས་རང་མདོག་གི་འོད་ཟེར་འཕྲོས་ཏེ།རང་ལུས་ཕུང་པོ་ཁམས་དང་སྐྱེ་མཆེད་སྣང་སྲིད་སྣོད་བཅུད་སྣང་བའི་དངོས་པོ་ཀུན་ཀྱང་འོད་དུ་ཞུ་སྟེ།དེ་མ་ཐག་པར་མདུན་གྱི་ཨ་ཡིག་དེ་ཉིད་ལ་ཐིམ་མཐར།ཨ་ཡིག་ཀྱང་འོད་དུ་ཞུ་ནས་གོང་ལྟར་འབྱུང་བ་ནམ་མཁའི་རང་བཞིན་ནས།འབྱུང་བ་ཆུ་དང་།དེ་བཞིན་དུ་ས་དང་།མེ་ཡི་ཁམས་དང་།རླུང་གི་ཁམས་རྣམས་སུ་དྭངས་མའི་རང་བཞིན་དུ་འོད་དུ་ཞུ་མཐར།ནམ་མཁས་གར་ཁྱབ་འབྱུང་བ་ལྔའི་ཁ་དོག་དང་མཐུན་པའི་འོད་གདངས་ཀྱི་དབྱིབས་ནི།ནམ་མཁའི་ཁམས་དག་སྦྱོར་ལ་འོད་མཐིང་ག་ཟུར་བརྒྱད་པ་དང་།དེ་བཞིན་དུ་ཆུ་ཁམས་དག་སྦྱོར་ལ་འོད་དཀར་པོ་ཟླུམ་ལ་འཁྱིལ་བ་དང་།ས་ཁམས་དག་སྦྱོར་ལ་འོད་སེར་པོ་གྲུ་བཞི་དང་།མེ་ཁམས་དག་སྦྱོར་བ་འོད་དམར་པོ་ཟླ་གམ་དང་།རླུང་ཁམས་དག་སྦྱོར་བ་འོད་ལྗང་གུ་གཞུའི་དབྱིབས་ལྟ་བུ་སྟེ།དེ་ལྟར་འོད་གདངས་དེ་དག་གིས་ཀུན་ནས་ཁྱབ་པས་བདག་ལུས་ཕུང་ཁམས་སྣོད་བཅུད་ཐམས་ཅད་ཀྱང་འབྱུང་བ་རང་རང་གི་དྭངས་མའི་རྣམ་པར་དག་ཅིང་མ་དག་སྙིགས་མའི་སྣང་བ་དབྱིངས་སུ་འཕོས་ཏེ།སྤྲོས་མཐའ་དང་བྲལ་བ་བརྡལ་ཁྱབ་ཆོས་སྐུ་ཆེན་པོར་འབྱམས་ཀླས་ནས་མཆོག་ཏུ་མི་འགྱུར་བའི་འོད་གསལ་མངོན་དུ་གྱུར་བ་དེའི་ངང་དུ་མཉམ་པར་བཞག་ཅིང་།མཐར་ཟག་བཅས་བསྐྱེད་བསྒོམ་གྱི་དམིགས་པ་དང་།ཟག་མེད་འོད་གསལ་གྱི་ཏིང་ངེ་འཛིན་བསྒོམ་པའི་དགེ་བའི་དངོས་པོ་གང་མཆིས་པ་ཐམས་ཅད་གཅིག་ཏུ་བཟླུམས་ཏེ།མ་གྱུར་མཁའ་ཁྱབ་ཀྱི་སེམས་ཅན་རྣམས་ལ་བསྔོ་བ་ནི་དམ་པ་གསུམ་གྱི་གནད་ཡང་དག་པ་ལམ་གྱི་རྩ་བར་གྱུར་པས་ན།འཁོར་གསུམ་དམིགས་པ་མེད་པའི་ངང་དུ་མཉམ་པར་བཞག་ཅིང་མཐར་ནི་བསྔོ་བ་དང་སྨོན་ལམ་བཟང་པོའི་རྒྱ་ཡིས་བཏབ་པར་བྱའོ། །དེ་ལྟར་འབྱུང་ལྔའི་དག་སྦྱོར་གྱི་དམིགས་རིམ་རྣམས་ཞག་གྲངས་རེ་རེ་བྱས་ཏེ་ལྔའམ།ཡང་ན་ལྔ་ལྔར་སྦྱང་ནས་ཉེར་ལྔ་དང་།ཟླ་བ་ལྔ་སོགས་གང་རུང་ལ་སྦྱང་ནས་དམིགས་པ་གསལ་ངར་ཐོན་པ་གལ་ཆེ་བའི་གནད་ཤེས་པར་བྱའོ། །ཡང་བར་སྐབས་འཆི་བ་སྦྱང་བའི་མན་ངག་ལ་བསླབ་པ་ནི།བར་སྐབས་འཆི་བ་སོགས།འཕོ་ནུས་འགྱུར།ཞེས་པས་བསྟན་ཏེ།དེ་ལ་འདིར་ཁ་ཅིག་གིས་ཐོད་རྒལ་བའི་ཤེས་པ་མིག་གི་ཡེ་ཤེས་ཀྱི་གསང་ལམ་ནས་འཕོ་བར་བཞེད་པས་ན།དེའི་ཉམས་ལེན་ལ་རྩལ་ཐོན་པའི་ཕྱིར་དུ་ཉིན་མཚན་ཐུན་གྱི་བར་སྐབས་རྣམས་སུ།འཆི་བ་སྦྱང་བའི་མན་ངག་ལ་བརྩོན་པར་བྱ་བ་ནི།དང་པོ་ཆོས་སྐུའི་ལམ་སྦྱང་ལ།ལུས་ཀྱི་གནད་ནི་སེང་གེའི་འདུག་སྟངས་སམ་ཉལ་སྟབས་ཀྱིས་གནས་ཤིང་།ད་ནི་མྱ་ངན་ལས་འདའོ་སྙམ་པའི་ངང་ནས་འཆི་བའི་དུས་བབ་ཡིད་ལ་བྱས་ཏེ།འགྱུ་འཕྲོའི་སྤྲོས་པ་ཐམས་ཅད་ཆམ་གྱི་བཏང་ནས་སེམས་མ་བཅོས་པར་རང་བབས་སུ་བཞག་ཅིང་ཤེས་པ་མིག་ལ་གཏད་པ་དང་།མིག་ནི་ཧ་རེ་ནམ་མཁར་བལྟ་ཞིང་དབྱིངས་ནམ་མཁའ་རྣམ་པར་དག་པའི་མཁའ་ཀློང་དུ་ད་ནི་མྱ་ངན་ལས་འདའོ་བསམ་པའི་ངང་ནས་སེམས་སྤྲོ་བསྡུ་གང་ཡང་མེད་པའི་ངང་དུ་བར་སྣང་ལམ་དུ་བྱེད་ཅིང་སྡོད་པའི་ཚེ་ན།དབྱིངས་རིག་མི་འགྱུར་པའི་གདིང་ཐོབ་ནས་བར་དོ་མེད་པར་སངས་རྒྱས་པར་འགྱུར་རོ། །ཡང་ཅིག་གཉིས་པ་ལོངས་སྐུའི་ལམ་སྦྱང་ལ།ལུས་གནད་གླང་ཆེན་ཉལ་སྟབས་ཀྱིས་སྡོད་ཅིང་།ཡུལ་ཕྱི་ནང་ཀུན་ལ་ཆགས་འཛིན་གྱི་ཞེན་པ་ཐམས་ཅད་སྤངས་ཏེ།བདག་ནི་ངེས་པར་འཆི་བའི་དུས་ལ་བབ་པའི་གནས་སྐབས་ལ་ཐུག་པ་ཡིན་སྙམ་པའི་ངང་ནས།སྔར་བཞིན་གྱི་འཆི་བའི་དུས་དེ་ཡིད་ལ་བྱས་ནས་དངོས་པོ་གང་ལའང་ཞེན་ཆགས་འཛིན་པ་ཐམས་ཅད་སྤངས་ཏེ།ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ལྔ་གང་རུང་ཡིད་ལ་བྱེད་ཅིང་།གོང་བཞིན་ཤེས་པ་གཞན་དུ་མ་ཡེངས་པར་མིག་ལ་གཏད་ཅིང་བར་སྣང་ལམ་དུ་བྱས་ནས་མིག་གིས་བལྟ་སྟངས་དང་བཅས་དབྱིངས་སྣང་མངོན་དུ་བྱེད་པ་དང་།དེའི་ཚེ་ན་སེམས་ཀྱི་གདངས་མ་དག་པའི་སྣང་བ་སྣོད་བཅུད་ཐམས་ཅད་དག་དབྱིངས་དྭངས་མའི་རོལ་པ་རུ་གོ་འཕོས་ནས་སྣང་བ་ཐམས་ཅད་ཟུང་འཇུག་སྐུ་དང་ཡེ་ཤེས་ཀྱི་རང་བཞིན་དུ་སྨིན་ཏེ་སྣང་བ་ཐམས་ཅད་དབྱིངས་དང་ཐིག་ལེའི་རོལ་པ་ཆེན་པོར་འབྱམས་ཀླས་ནས།ཆོས་ཉིད་ངང་བཞག་ཆེན་པོའི་ཡེ་ཤེས་ཚད་ལ་ཕེབས་ཏེ།རང་བཞིན་ལོངས་སྐུའི་ཞིང་དུ་འཕོ་ནུས་སོ། །གསུམ་པ་སྤྲུལ་སྐུའི་ལམ་སྦྱངས་ལ།སླར་ཡང་ལུས་གནད་དྲང་སྲོང་ཙོག་པུར་གྱིས་སྡོད་ཅིག་འཆི་བའི་དུས་ཡིད་ལ་བྱས་ཤིང་།མ་དག་འཁོར་བའི་ཆ་སེམས་དང་སྣང་བས་བསྡུས་པའི་དངོས་པོ་ཀུན་ལ་ཆགས་ཞེན་འཁྲི་བ་ཐམས་ཅད་སྤངས་ཏེ།བདེན་མེད་སྒྱུ་མ་རྨི་ལམ་གྱི་རང་བཞིན་དུ་ཤེས་པའི་ངང་ནས།སྣང་བ་ཐམས་ཅད་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཆོས་ཉིད་སྟོང་པའི་དབྱིངས་སུ།དཔེར་ན་གཉིད་སད་པའི་རྨི་ལམ་ཇི་བཞིན་དུ་བདེན་པར་མ་གྲུབ་པར་ཤེས་བཞིན།རང་བཞིན་སྤྲུལ་པའི་ཞིང་ཁམས་ཡིད་ལ་བྱེད་ཅིང་མིག་གིས་གཟིགས་སྟངས་དང་བཅས་དབྱིངས་དང་ཐིག་ལེའི་སྣང་བ་མངོན་དུ་བྱེད་ཅིང་།རིག་པ་དབྱིངས་ཐོག་ལས་གཡོ་བ་མེད་པར་སྤྲོས་པ་དང་བྲལ་བར་བཞག་གོ། །དེ་ལྟར་ཚུལ་བཞིན་ཉམས་སུ་བླངས་པའི་གནད་དེ་ལ་བརྟེན་ནས་འཆི་བ་དང་པོ་ཀ་དག་ལ་རང་དབང་ཐོབ་པ་དང་།གཉིས་པ་རང་གདངས་ཀྱི་ཡེ་ཤེས་འོད་གསལ་ཆེན་པོ་མངོན་དུ་གྱུར་བ་དང་།གསུམ་པ་ངང་གནས་ཀྱི་ཡེ་ཤེས་ལ་དབང་འབྱོར་ནས་སྣང་ཡུལ་ཐམས་ཅད་འོད་གསལ་དུ་གོ་འཕོས་ཏེ།རང་བཞིན་རྣམ་པར་དག་པའི་ཞིང་དུ་འཕོ་ནུས་པར་འགྱུར་བ་ཡིན་ནོ། །དེ་ལྟར་འབྱུང་བ་ལྔའི་དག་སྦྱོར་ལ་བརྟེན་ནས་ཟད་པའི་སྐྱེ་མཆེད་བསྒྲུབ་པའི་ཐབས་དང་།འཆི་བ་སྦྱངས་པའི་མན་ངག་གཉིས་བསྟན་པའི་ལེའུ་སྟེ་བཅུ་གསུམ་པའོ། །ས་མ་ཡ༔ གུ་ཧྱ༔ ཞེས་པ་རེ་ཞིག་བཀའ་རྒྱས་སུ་བཏབ་པའི་དོན་ནོ། །། །ཡང་རྩ་བའི་ས་བཅད་བརྒྱད་པའི་སྐབས་ཀྱི་སྣང་བ་བཞིའི་ས་མཚམས་ཀྱི་ས་བཅད་བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི།དེ་ལྟར་སྦྱངས་པའི་སོགས།ངང་དུ་འབྱམས༔ ཞེས་པས་བསྟན་ཏེ།དེ་ལ་འདིར་ལམ་སྣང་བ་བཞིན་རྩལ་རྫོགས་ནས་ཟད་པའི་ས་ལ་བསྐྱལ་ནས་འགགས་བསྡམས་པའི་ཚུལ་ནི།དེ་ལྟར་ལམ་འདིར་བརྩོན་འགྲུས་དང་སྙིང་སྟོབས་ཁོ་ནའི་བྱེད་ལས་ཀྱི་ཉམས་ལེན་ལ་སྣ་མི་སུན་ཅིང་།མི་ཚེ་ཆོས་ལ་སྦྱངས་པའི་སྟོབས་ཀྱིས་ནང་དོན་གྱི་ཡེ་ཤེས་མངོན་དུ་གྱུར་ནས་ལམ་གྱི་ཡོན་ཏན་གྱི་སྣང་བའི་འོད་གསལ་ལྷུན་གྲུབ་སྐུ་དང་ཐིག་ལེའི་འཕེལ་ཚད་ཐམས་ཅད་མཐར་ཕྱིན་ཏེ།ཚད་ཕེབས་ཀྱི་སྣང་བ་ཕྱི་ནང་མ་འཛོལ་བར་རང་རྒྱུད་ལ་འབྱོར་བའི་ཚེ་ན།མ་དག་པའི་དངོས་པོ་ཅི་ཡང་མི་སྣང་ཞིང་སྣང་བ་ཐམས་ཅད་འོད་གདངས་ཁོ་ནར་སྣང་བར་འགྱུར་རོ། །དེའི་སྐབས་སུ་ཐིག་ལེ་ཆེན་པོ་གཅིག་གི་ཀློང་དུ་ཐིག་ལེ་ལྔ་ཚོམས་སུ་ཤར་བའི་ནང་དུ།རིགས་ལྔའི་ཚོམ་བུ་ལོངས་སྤྱོད་ཀྱི་རྒྱན་རྫོགས་པ་ཡབ་ཡུམ་ཟུང་འབྲེལ་རང་མདོག་དང་མཐུན་པའི་འཁོར་བཞི་བཞིས་བསྐོར་བ་རེས་མོས་སུ་ཤར་བ་དང་།དེ་དག་རྣམས་ཀྱང་མཐར་དབྱིངས་དང་ཐིག་ལེ་རྣམས་ཟད་པའི་སྔ་ཐོག་ཏུ་རིགས་ལྔའི་ཚོམ་བུ་དེ་དག་གི་ཐུགས་ཀ་ནས་འོད་ཀྱི་སྣམ་བུ་རིགས་ལྔ་སོ་སོའི་རང་མདོག་དང་མཐུན་པར་བྱུང་ནས་རང་གི་སྙིང་གར་ཟུག་པའི་སྟེང་དུ།འོད་ལྔའི་ཐིག་ལེ་རིན་པོ་ཆེའི་ཕོར་པ་ཁ་སྦུབས་པ་ལྟ་བུ་བརྩེགས་མར་གནས་པའི་རྣམ་པར་འཆར་རོ། །འོད་དེ་དག་ཤར་མ་ཐག་ཏུ་ཚད་རྫོགས་པའི་མཐར་རང་ལ་ཐིམ་པས།འོད་ཟེར་ཆེན་པོའི་དབང་ནོད་པས་ཕྱི་ནང་སྣོད་བཅུད་ཐམས་ཅད་འོད་གསལ་དུ་དེངས་ནས།མཐར་དུང་ཁང་གི་ཁྲག་འཐུང་རོལ་བའི་དཀྱིལ་འཁོར་ཐམས་ཅད་འབར་བ་གར་དགུའི་ཉམས་དང་བཅས་ཏེ་སྟེང་ཕྱོགས་ཀྱི་ནམ་མཁར་སྣང་བ་དང་།དེའི་ཚེ་རང་ལུས་ཀྱང་འོད་ཀྱི་ཀློང་དུ་ལག་སོར་བཀྲམ་པ་ཙམ་ལས་མི་སྣང་ངོ། །དེ་ནས་དབྱིངས་དང་ཐིག་ལེ་སྐུ་དང་ཞིང་ཁམས་ཐམས་ཅད་ཀྱི་སྣང་བ་ཐམས་ཅད་རིམ་གྱིས་ནུབ་པ་ནི།དཔེར་ན་བཅོ་ལྔའི་ཟླ་བ་ཉ་གང་ནས་སླར་གནམ་སྟོང་གི་ཟླ་བ་དབྱིངས་སུ་ནུབ་པ་བཞིན་དུ་ནང་གསལ་ལ་ཐིམ་མོ། །མཐར་མ་རིག་པ་གཞི་ལ་སངས་ནས་ཆོས་ཅན་གྱི་སྣང་བ་དབྱིངས་སུ་དག་སྟེ།འོད་གསལ་ཆོས་ཉིད་ཆེན་པོའི་དོན་གཤིས་ཐོག་ཏུ་ཕེབས།ཕྱི་སྣང་བའི་ཡུལ་དང་།ནང་གདོས་པའི་ལུས་དང་།བར་ལས་རླུང་གི་རྒྱུ་བ་རྣམས་འོད་གསལ་གྱི་རོལ་པ་རུ་སྨིན་ཏེ།ཟད་པའི་ས་ལ་ཐུག་ནས་འཇའ་ལུས་འཕོ་བ་ཆེན་པོའི་སྐུ་མངོན་དུ་གྱུར།སེམས་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཆོས་ཅན་གྱི་སྣང་བ་ཆོས་ཉིད་དུ་ཟད་པས་མི་འཇིགས་པའི་གདིང་ཆེན་པོ་བཞི་ཐོབ་སྟེ།ངོ་བོ་ཀ་ནས་དག་པའི་ཡེ་ཤེས་སྤྲོས་པའི་མཐའ་བརྒྱད་དང་བྲལ་བ།རྣམ་པར་ཐར་པའི་སྒོ་གསུམ་དང་ལྡན་པ།སྟོང་དབྱིངས་རྡོ་རྗེ་བཙུན་མོའི་མཁའ་ཀློང་ཡངས་པར་ཁྱབ་བརྡལ་ཕྱོགས་ལྷུང་བྲལ་བའི་ངང་དུ་འབྱམས་ཀླས་པའོ། །ལུས་ནི་དུར་ཁྲོད་སོགས།འབྱམས་ཀླས་སོ༔ ཞེས་པས་བསྟན་ཏེ།དེ་དུས་ནང་རྟགས་སུ་ལུས་ནི་དུར་ཁྲོད་ལ་མི་རོ་འཕང་བ་ཇི་བཞིན་དུ།སྲོག་གཅོད་ཀྱི་གཤེད་མ་བརྒྱ་ཡིས་བསྐོར་ཀྱང་འཇིགས་པའི་ཡུལ་དང་བྲལ།གཉིས་སྣང་འཛིན་པའི་སེམས་ཟད་པས་འཇིགས་མཁན་གྱི་ཡུལ་སྟོང་།སྣང་སྲིད་དག་མཉམ་དུ་སངས་པས་རེ་དང་དོགས་པ་མེད་པ་དང་།ངག་ནི་རླུང་ཁམས་འཛིན་བྱེད་ཀྱི་རླུང་དག་པས་ངག་བྲག་ལ་བྲག་ཆ་སྣང་བ་བཞིན་དུ་སོང་ནས།སྒྲ་ཚིགས་བརྗོད་པ་རྣམས་ཀྱང་ཀུན་གྱི་རྗེས་སུ་ཟློས་པ་ལས་ངག་རླུང་གི་འཛིན་པ་ཟད་པས་ཚིག་དང་བརྗོད་པ་སོགས་ལ་ཞེན་པ་མེད་ཅིང་ཟད་པའི་ས་ལ་ཐུག་པ་ཡིན་ནོ། །ད་དུང་ཤེས་སྒྲིབ་ཕྲ་བའི་བག་ཆགས་བག་ལ་ཉལ་དུ་ཡོད་པས་བར་སྐབས་རེ་ལ་མཁའ་ལ་གློག་འཁྱུག་ནས་སྣང་བ་སྟོན་པ་བཞིན་དུ།སྐབས་རེ་ལ་རང་ལུས་འོད་ཀྱི་ཀློང་དུ་འོད་ལུས་ཀྱི་རྣམ་པའམ་ལག་པའི་སོར་མོ་བཀྲམ་པ་ཙམ་སྣང་སྟེ།སྣང་སེམས་ཀྱི་སྐབས་འབྱེད་ཅིང་གཏམ་དང་ཆོས་ཚིག་སོགས་བཅོས་བསྒྱུར་མེད་པར་ཐོལ་བྱུང་རང་བརྡོལ་དུ་སྨྲ་ཤེས་པ་འོང་བ་དང་།ཚིག་དབང་གི་ནུས་པ་ཀུན་གཞི་ལ་ཐེབས་པས་ཡིད་དང་ལས་རླུང་གི་འཛིན་པ་དབྱིངས་སུ་དག་ནས་ཡེ་ཤེས་ཆེན་པོར་རོལ་པར་སྨིན་ཏེ།ཆོས་ཉིད་སྤྲོས་པ་དང་བྲལ་བའི་དབྱིངས་སུ་ཞིག་པ་དཔེར་ན་ཆབ་རོམ་ལ་དྲོད་ཀྱིས་རྒྱས་ཐེབས་ནས་གྲང་ལྷག་གི་སྤུན་ཐག་དང་བྲལ་བའི་ཚེ་ན།ཆུ་ཡི་རང་བཞིན་ཉིད་དུ་ཞིག་པ་ལྟར་ཆོས་ཉིད་ཡིད་དཔྱོད་ལས་འདས་པའི་དོན་ཇི་བཞིན་ཉིད་དུ་མཐོང་ནས་གཟུང་འཛིན་གྱི་སྤུན་ཐག་དང་བྲལ་ཏེ།སྟོན་ནམ་སློང་བྱེད་ཀྱི་སྐྱོན་གསུམ་དང་བྲལ་བའི་ནམ་མཁའ་ལྟར།རིག་པ་སྨྲ་བསམ་བརྗོད་བྲལ་གྱི་ངང་ལས་གཡོ་བ་མེད་པར་གདོད་མ་གཞིའི་དབྱིངས་སུ་ཁྱབ་བརྡལ་ཕྱོགས་ཡན་ཆེན་པོའི་ངང་དུ་འབྱམས་ཀླས་སོ། །དེའི་ཕྱིར་ན་རྒྱུད་ལས།ཆོས་ཉིད་ཟད་པའི་སྣང་བ་ཡིས། །རྫོགས་ཆེན་བྱ་བྲལ་འབྲས་བུ་ཐོབ། །འདི་ལྟར་མཐའ་རུ་ཕྱིན་གྱུར་ན། །མྱང་འདས་གཞན་ནས་བཙལ་རྒྱུ་མེད། །ཅེས་གསུངས་པ་ལྟར་རོ། །དེ་ལྟར་གྱི་གདམས་པ་ཟབ་མོ་འདི་ཉིད་རང་ལམ་ནས་ཆོས་ཉིད་ཟད་པ་དང་།མདོ་ལམ་གྱི་ས་བཅུ་པ་ཆོས་ཀྱི་སྤྲིན་ཞེས་པ་དང་།སྔགས་བསྐྱེད་པའི་ལམ་གྱི་ལྷུན་གྱིས་གྲུབ་པའི་རིགས་འཛིན་ས་མཆོག་དོན་གྱི་ཐོབ་པ་ཡིན་ནོ། །ཞེས་ཆོས་ཟད་བློ་འདས་ཆེན་པོའི་ཚུལ་བསྟན་པའི་ལེའུ་སྟེ་བཅུ་བཞི་པའོ། །ས་མ་ཡ༔ གུ་ཧྱ༔ ཞེས་པ་དགོངས་པའི་ཀློང་དུ་རྒྱས་བཏབ་པའི་དོན་ནོ། །། །དགུ་པ་མཐའ་རྟེན་གྱིས་མཇུག་བསྡུ་བ་ལའང་།ཡང་དག་སངས་རྒྱས་དང་མངོན་རྫོགས་སངས་རྒྱས་ཀྱི་འབྲས་བུའི་གྲོལ་ས་བསྟན་པ་དང་།མི་འགུལ་བ་གསུམ་ལ་གཞི་བཅའ་བ།སྡོད་པ་གསུམ་གྱི་ཚད་བཟུང་བ།ཐོབ་པ་གསུམ་གྱི་གཟེར་གདབ་པ།གདིང་བཞིའི་གྲོལ་ཚད་བསྟན་པ་དང་ལྔ་ལས།དང་པོ་ནི།སླར་ཡང་ཤེས་སྒྲིབ་སོགས།ཐོབ་པ་ཡིན༔ ཞེས་པས་བསྟན་ཏེ།དེ་ལ་འདིར་ལམ་སྣང་བ་བཞིའི་ཚད་རྫོགས་མཐར་སླར་ཡང་ཤེས་སྒྲིབ་ཕྲ་བའི་ཕྲ་བ་ཉིད་གཉེན་པོ་རྡོ་རྗེ་ལྟ་བུའི་ཏིང་འཛིན་གྱིས་དབྱིངས་སུ་ཞིག་སྟེ།མ་རིག་པའི་དྲི་མའི་མཐའ་ཐམས་ཅད་དང་བྲལ་བའི་ཚེ་ན།ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཆེན་པོའི་རྩལ་རྫོགས་ནས་གདོད་མ་གཞིའི་ཆོས་ཉིད་དེ་བཞིན་ཉིད་ལ་མངའ་དབང་བསྒྱུར་བ་དང་།ཇི་སྙེད་པ་གཟིགས་པའི་ཡེ་ཤེས་མངོན་དུ་གྱུར་ཏེ་ལྷུན་གྲུབ་སྐུ་དང་ཡེ་ཤེས་ཀྱི་རོལ་པར་འབྱམས་ཀླས་པར་འགྱུར་ཏེ།དེའང་འཕྲལ་དང་སླད་ཀྱིས་འབྱུང་བ་མ་ཡིན་པར་ཡེ་གདོད་མ་ནས་གཞི་ལ་རང་ཆས་སུ་རྫོགས་པ་ནང་དབྱིངས་གཞོན་ནུ་བུམ་སྐུར་སངས་རྒྱས་པ་ཡིན་ཏེ།དེ་ཡང་སྐྱེ་མཆི་བགྲེས་རྒུད་ཐམས་ཅད་ལས་འདས་པས་གཞོན་ནུ།ངང་ཉིད་ཡེ་ཤེས་ཀྱི་ཕུང་པོ་ལས་ཕྱི་རྒྱ་མ་རལ་བས་བུམ་པ།ཡེ་ཤེས་ཡོན་ཏན་ཐམས་ཅད་ཕུན་སུམ་ཚོགས་པས་སྐུ་ཡང་དག་པའོ། །དེའི་དུས་སུ་ཐོབ་པ་གཉིས་འབྱུང་སྟེ།སྐྱེ་བ་ལ་རང་དབང་ཐོབ་པས་འཕོ་བ་ཆེན་པོའི་སྐུར་བཞེངས་ནུས་པ་དང་།འཇུག་པ་ལ་རང་དབང་ཐོབ་ནས་སྐུའི་རྣམ་པ་དེ་ཉིད་ཀྱིས་དུས་དེར་གཞན་དོན་རླབས་པོ་ཆེ་མི་མཛད་ནའང་།དུས་གཅིག་ལ་སེམས་ཅན་སུམ་སྟོང་ལ་རིག་པ་གཏད་པའི་མོད་ལ།ལས་བཟང་ངན་ལ་མི་ལྟོས་པར་རྣམ་པར་གྲོལ་པའི་ས་ལ་སྒྲོལ་བ་མཛད་ནས་ན་བུན་ནམ་མཁའ་ལ་དེངས་པ་བཞིན་ནང་དབྱིངས་སུ་བཞུགས་ནས་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་ཕྲིན་ལས་ཀྱིས་འཁོར་བ་མ་སྟོང་གི་བར་དུ།གཞན་དོན་མཛད་པའི་ཚུལ་ནི་ནང་གསལ་ཐིམ་ལ་མ་རྨུགས་པའི་གདངས་ཕྱིར་གསལ་དུ་སྣང་བ་ཡིན་ནོ།འདི་དུས་སུ་དབང་པོ་རབ་ཀྱི་རབ་རྣམས་ཚེ་ཚད་ལ་མི་ལྟོས་པར་ཆུ་ལ་ཆུ་ཐིམ་པའམ། །ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར།ལུས་སེམས་གཉིས་ཀ་འོད་གསལ་དུ་སྨིན་ནས་གྲོལ་བ་དུས་མཉམ་པ་དང་།རབ་ཀྱི་འབྲིང་མཁའ་ལ་འཇའ་སྤྲིན་འཁྲིགས་པའི་ངང་དུ་ཕུང་པོ་ལྷག་མེད་དུ་ཡལ་བ་དང་།རབ་ཀྱི་ཐ་མ་ལུས་སེམས་བྲལ་བའི་རྗེས་སུ་རིམ་གྱིས་ཕུང་པོའི་གདོས་པ་ཇེ་ཆུང་དུ་སོང་ནས་མཐར་ལྷག་མེད་དུ་ཡལ་བ་རྣམས་ནི་འཇའ་ལུས་ཆེན་པོ་རུ་གྲགས་པ་ཡིན་ལ།འབྲིང་གི་རབ་གཞིའི་འོད་གསལ་ཤར་བའི་གནས་སྐབས་སུ་ཞག་གྲངས་བདུན་ཚུན་ཆད་དུ་སྐྲ་སེན་གྱི་སྙིགས་མ་ཙམ་བཞག་སྟེ་ཕུང་པོ་ལྷག་མེད་དུ་ཡལ་བ་ནི་འཇའ་ལུས་ཆུང་ངུར་བརྗོད།འབྲིང་གི་འབྲིང་ནི་ལུས་ཀྱི་གདོས་པ་ཇེ་ཆུང་ལ་སོང་ནས་བཞི་ཆ་བརྒྱད་ཆ་ཙམ་དུ་འགྲོ་བ་དང་།འབྲིང་གི་ཐ་མ་རྣམས་འདས་ཚེ་ནམ་མཁའ་ལ་འོད་འཁྲིགས་པ་དང་།སྒྲ་རྣམ་པ་གཉིས་དང་།ས་གཡོ་བ་དང་།སྐུ་རྣམ་པ་གཉིས་འབྱུང་བ་དང་།གདུང་དང་རིང་བསྲེལ་ལ་སོགས་པ་འབྱུང་བ་ཡིན་ནོ། །དེ་ལྟར་སྔ་མ་གསུམ་ནི།དག་གྲོལ་མཉམ་རྫོགས་ཀྱི་ཆོས་སྐུ་ཡང་དག་རྫོགས་པའི་སངས་རྒྱས་ཞེས་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པ་ནི་ནམ་མཁའ་ལ་ནམ་མཁའ་ཐིམ་པ་ལྟར།ཆོས་དབྱིངས་སྤྲོས་པ་དང་བྲལ་བ་ཀ་དག་གཞོན་ནུའི་བུམ་སྐུའི་ངང་དུ་འབྱམས་ཀླས་པ་དང་།ཕྱི་མ་གསུམ་ནི་ཟུང་འཇུག་དབྱིངས་གྲོལ་གྱི་ཆོས་སྐུ་ཞེས་འོད་དང་སྒྲ་དང་གདུང་དང་སྐུ་དང་ས་གཡོ་བ་ལ་སོགས་པ་འབྱུང་བ་ནི་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་ས་ཐོབ་པ་ཡིན་ནོ། །གཉིས་པ་ནི་མི་འགུལ་བ་གསུམ་ལ་གཞི་བཅའ་བ་ནི།ཀློང་གསལ་ལས།དེ་ལ་མཐའ་རྟེན་མན་ངག་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད།ཅེས་གསུངས་པ་ལྟར།ལུས་བཞུགས་སྟངས་ལས་མི་འགུལ་བས་རྩ་རླུང་གནད་དུ་ཕེབས།མིག་གཟིགས་སྟངས་ལས་མི་འགུལ་བས་དབྱིངས་དང་ཐིག་ལེའི་འཕེལ་ཟིན།རིག་པ་དབྱིངས་ཐོག་ལས་མི་འགུལ་བས་དབྱིངས་རིག་ཟུང་དུ་ཆུད་པར་བྱེད་དོ། །གསུམ་པ་སྡོད་པ་གསུམ་གྱི་ཚད་བཟུང་བ་ནི།རྩ་རྒྱུད་ལས།སྡོད་པ་གསུམ་གྱི་ཚད་བཟུང་བས། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངོས་བཟུང་བའོ། །ཞེས་པས།ཕྱིའི་སྣང་བ་སྡོད་པས་རྐྱེན་ངན་གྲོགས་སུ་འཆར།ནང་སྒྱུ་ལུས་སྡོད་པས་འཁོར་བའི་བྱ་བ་ལ་མི་འཇུག།གསང་བ་རླུང་སེམས་སྡོད་པས་རྣམ་རྟོག་འཕྲོ་འདུའི་རྒྱུན་ཆད་པ་དང་།དབྱིངས་དང་ཐིག་ལེའི་འཕེལ་རྫོགས་ནས་ཞིང་ཁམས་ཚད་ལ་ཕེབས་པར་བྱེད་དོ། །འདིའི་ཚེ་རྟགས་སྒོ་གསུམ་ལ་འཆར་བ་དང་།ཚད་རྨི་ལམ་གྱིས་བཟུང་བ་གཉིས་འབྱུང་སྟེ།དེ་ལ་དང་པོ་རྟགས་སྒོ་གསུམ་ལ་འཆར་བ་ནི།ཆོས་ཉིད་མངོན་སུམ་གྱི་དུས་སུ་བུམ་དབང་གི་ནུས་པ་ལུས་ལ་ཐེབས་པས་ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟ་བུ་དཀའ་ཞིང་ངལ་བའི་རྣམ་པས་འགུལ་སྙིང་མི་འདོད་པ་དང་།ངག་ལྐུག་པ་བཞིན་སྨྲ་སྙིང་མི་འདོད་པ་དང་།སེམས་འདབ་ཆགས་རྙི་ལ་ཐོགས་པ་ལྟར་རྣམ་པར་རྟོག་པ་དུམ་བུར་འཕྲོ་བའི་རྒྱུན་ཆད་ནས་གར་གཏད་དུ་སྡོད་ཚུགས་པ་འབྱུང་ངོ་། །གོང་འཕེལ་གྱི་དུས་སུ་ལུས་སྒེག་ཆོས་ངོ་ཚ་དང་བྲལ་བ་སྐྱེས་བུ་ཆང་གིས་མྱོས་པ་ལྟ་བུ་རྒྱན་གོས་སོགས་ཀྱི་སྤྲོས་པ་མེད་པ་དང་།གསང་དབང་གི་ནུས་པ་ངག་ལ་ཐེབས་པའི་རྟགས་སུ་ངག་སྨྱོན་པ་རང་ཚིག་བརྡོལ་བ་ལྟ་བུ་ཆོས་གཏམ་མགུར་མ་སོགས་ཐོལ་བྱུང་དུ་སྨྲ་བ་དང་།སེམས་རྩི་དུག་གིས་ལན་བདུན་ན་བའི་སྐྱེས་བུ་བཞིན་འཁོར་བ་ལ་བློ་མི་འཇུག་པའོ། །ཚད་ཕེབས་ཀྱི་དུས་སུ་ལུས་ཀྱི་གདོས་པ་དག་པའི་རྟགས་སུ་འབྱུང་བ་བཞི་ལ་མི་ཐོགས་པར་ཟང་ཐལ་དུ་འགྲོ་བ་དང་།ངག་གྲུལ་བུམ་གྱི་ཕྲུ་གུའི་དབྱངས་ལྟར་སྙན་ཅིང་ཆོས་ཚིག་སྣ་ཚོགས་ཀྱིས་གཞན་བློ་ཆོས་ལ་བསྒྱུར་ནུས་པ་དང་།ཤེར་དབང་གི་ནུས་པ་སེམས་ལ་ཐེབས་པའི་རྟགས་སུ་སེམས་རྟོག་རིག་པར་འཕོས་ཏེ།རིག་པ་ལ་རང་དབང་བསྒྱུར་ནས་ཡུལ་རྐྱེན་ལ་མི་ལྟོས་པར་སླར་འཁོར་བར་བསྐྱལ་ཀྱང་མི་ལྟུང་བའོ། །ཆོས་ཉིད་ཟད་པའི་གནས་སྐབས་གོང་དུ་སྨྲས་པ་ལྟར་རོ། །གཉིས་པ་ཚད་རྨི་ལམ་གྱིས་བཟུང་བ་ནི།གསང་བ་སྒྲ་རྒྱུད་ལས།རབ་ལ་འཆར་དང་འབྲིང་གིས་ཤེས། །ཐ་མས་འགྱུར་བ་ངེས་པ་སྟེ། །ཞེས་གསུངས་པས། །དེ་དུས་རབ་ཀྱིས་རྨི་ལམ་གྱི་འཁྲུལ་སྣང་དབྱིངས་སུ་ནུབ་ནས་འོད་གསལ་གྱི་རོལ་པར་འབྱམས་ཀླས་པ་དང་།འབྲིང་གིས་རྨི་ལམ་རྨི་ལམ་དུ་ཤེས་ནས་བདེན་ཞེན་མེད་པར་སྤྲུལ་བསྒྱུར་སོགས་ལ་དབང་བྱེད་པ་དང་།ཐ་མས་ཀྱང་བག་ཆགས་ངན་པའི་རྨི་ལམ་རྒྱུན་ཆད་ནས་བཟང་པོ་ཤ་སྟག་ཏུ་རྨིས་པ་ཡིན་ནོ། །བཞི་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི།གསང་རྒྱུད་ལས།ཐོབ་པ་གསུམ་གྱིས་གཟེར་གདབ་པས། །ཟག་བཅས་ཕུང་པོ་མི་སྣང་ངོ་། །ཞེས་གསུངས་པས།ཕྱི་སྣང་བ་ལ་དབང་ཐོབ་པས་ཡུལ་སྣང་གནས་སུ་དག་ནས་རྐྱེན་སྣང་ཞིང་ཁམས་སུ་འཆར།ནང་སྒྱུ་ལུས་ལ་དབང་ཐོབ་པས་སྒྱུ་ལུས་རྡུལ་ཕྲན་དུ་དེངས་ནས་ལུས་འོད་གསལ་དུ་གྲོལ།གསང་བ་རླུང་སེམས་ལ་དབང་ཐོབ་པས་འཁྲུལ་སྣང་འཁྲུལ་འཛིན་ཐམས་ཅད་དབྱིངས་སུ་དག་པས།མཚམས་མེད་པ་ལྔ་བྱས་པའི་སེམས་ཅན་སྡིག་པོ་ཆེ་ལའང་།རིག་པ་གཏད་པ་ཙམ་གྱིས་རྣམ་པར་གྲོལ་བའི་ས་ལ་འཕེན་པར་བྱེད་དོ། །ལྔ་པ་གདིང་བཞིའི་གྲོལ་ཚད་བསྟན་པ་ནི།རིན་ཆེན་སྤུངས་པ་ལས།མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང་། །ཞེས་གསུངས་པས།རང་བཞིན་ཆོས་སྐུ་གདོད་མའི་མགོན་པོ་ཡེ་སངས་རྒྱས་པའི་དོན་གཤིས་ཐོག་ཏུ་ཕེབས་ཏེ།དེ་ལས་གཞན་པའི་སངས་རྒྱས་རང་མཚན་པ་མེད་པར་ཐག་ཆོད་པས་དད་གུས་དང་དགའ་སྤྲོའི་སྣང་བ་མཉམ་པ་ཉིད་དུ་དག་པའི་གདིང་དང་།རང་ཐོག་ཏུ་རང་གྲོལ་བ་ལས་གཞན་གྱིས་བཅོས་སུ་མེད་པའི་དོན་མཐོང་ནས་རྒྱུ་འབྲས་རྣམ་སྨིན་ལ་མི་རེ་བའི་གདིང་དང་།གཞི་རང་ངོར་སངས་ནས་མྱང་འདས་རང་མཚན་པ་མ་གྲུབ་པས་ཐོབ་བྱའི་འབྲས་བུ་ལ་རེ་བ་མེད་པའི་གདིང་དང་།རིག་པ་གདོད་ནས་འཁྲུལ་བ་མེད་པའི་ངང་རང་གྲོལ་དུ་སངས་པས་འཁོར་བ་དང་ངན་སོང་ལ་དོགས་པ་མེད་པའི་གདིང་དང་བཞིའོ། །ལམ་འདིར་འཇུག་པའི་སོགས།གཏན་ཚིག་གོ༔ ཞེས་པས་བསྟན་ཏེ།དེ་ལྟར་མྱུར་ལམ་ཟབ་མོ་འདིར་འཇུག་པའི་སྐྱེས་བུ་ལས་ཅན་རྣམས་ཀྱིས་ལེ་ལོ་དང་གཡེང་བ་མེད་པར་བརྩོན་འགྲུས་དྲག་པོའི་སྒོ་ནས་ཚུལ་བཞིན་དུ་ཉམས་སུ་བླངས་ན།རབ་ཀྱིས་མི་ལོ་བཅུ་གཉིས།འབྲིང་རྩ་ལྔ།ཐ་ནའང་ཚེ་ལུས་གཅིག་ཏུ་བར་མ་ཆད་པ་རུ་ཉམས་ལེན་གནད་དུ་བསྣུན་པའི་སྐྱེས་བུ་ལས་ཅན་གང་སུ་ཡང་རུང་བ་རྣམས་ཀྱང་།མ་དག་འཁྲུལ་སྣང་དུ་མཆེད་པའི་དངོས་པོ་ཐམས་ཅད་དག་དབྱིངས་དྭངས་མའི་དབྱིངས་སུ་གོ་འཕོས་ནས་འཇའ་ལུས་འཕོ་བ་ཆེན་པོ་ཆོས་ཀྱི་སྐུར་མངོན་པར་རྫོགས་པའི་སངས་རྒྱས་སུ་འགྲུབ་པ་རྒྱལ་བ་རྡོ་རྗེ་འཆང་གི་བཀའ་ཚད་མ་ཡིན་ཏེ།འདི་ནི་མི་འགྱུར་བའི་གཏན་ཚིག་གོ་ཞེས་སོ། །དེ་ལྟར་ཚད་ཕེབས་ཀྱི་མཐའི་ཕྱི་ནང་གི་ལམ་རྟགས་རྫོགས་ཚུལ་དང་།ཆོས་ཟད་བློ་འདས་ཆེན་པོའི་སར་ཕེབས་ནས་མཐར་ཟླ་བ་གཅིག་གམ་བདུན་ནམ་བཅུ་གཉིས་ནས་ནང་གསལ་གཞོན་ནུ་བུམ་སྐུར་སངས་རྒྱས་པའི་ཚུལ་བསྟན་པའི་ལེའུ་སྟེ་བཅོ་ལྔ་པའོ། །ས་མ་ཡ༔ གུ་ཧྱ༔ ཞེས་པ་ནི་ཐེག་དམན་ཉན་ཐོས་ཀྱི་རིགས་ལ་བཀའ་རྒྱ་བསྡམ་པ་དང་།རེ་ཞིག་གསང་བ་མི་འགྱུར་བའི་དབྱིངས་སུ་རྒྱས་བཏབ་པའི་དོན་ནོ། །། །གསུམ་པ་ཐ་མར་དགེ་བ་མཇུག་གི་དོན་ནི།བཀའ་སྲུང་དྲེགས་པ་སོགས།ཨ་ཐམ་རྒྱ༔ ཞེས་པ་སོགས་ཀྱིས་བསྟན་ཏེ།དེ་ལ་འདིར་རང་སྣང་གི་སྟོན་པ་ཀུན་བཟང་མཚོ་སྐྱེས་རྡོ་རྗེའི་བཀའ་དང་ཐ་ཚིག་གཉན་པོས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་།བྱེ་བྲག་ཏུ་རང་བཞིན་རྫོགས་པ་ཆེན་པོའི་བསྟན་པ་བསྲུང་བར་ཁས་བླངས་ཤིང་སྣང་སྲིད་ཀྱི་ཁམས་ན་ཆེ་བཙན་འགྲན་ཟླ་དང་བྲལ་བ།བཀའ་སྲུང་དྲེགས་པ་ཐམས་ཅད་ཀྱི་སྤྱི་རྗེ།ཞིང་བཅུའི་དགྲ་ལ་གནོད་པ་སྟེར་ཞིང་།དམ་ལྡན་སྒྲུབ་པ་པོ་ལ་མཐུན་རྐྱེན་གྱི་དངོས་གྲུབ་སྦྱིན་པ་དང་།གཞན་སྣང་དབང་དུ་སྡུད་ཕྱིར་ཁ་དོག་དམར་ལ།བསྟན་དགྲའི་སྲོག་དབུགས་སྡུད་ཕྱིར་ནག་པོའི་ཉམས་དང་ལྡན་པའི་བཀའ་སྲུང་གནོད་སྦྱིན་ཆེན་པོ་དང་།ཁམས་གསུམ་ལ་དབང་ཞིང་།དེ་དག་གི་སྟོབས་འབྱོར་ནུས་པ་སོགས་ཀྱིས་ཕྱུག་ཅིང་།ལྷ་རྣམས་ཀྱི་ནང་ནས་བླ་ན་མེད་པ་དབང་ཕྱུག་ལྷའི་བླ་མ་མ་ཧཱ་དཱེ་ཝ་ཞེས་ལྷ་ཆེན་པོ་དེ་ཉིད་ལ་གཏད་ནས།ཆོས་འདི་ཉམས་སུ་ལེན་པའི་སྐལ་བཟང་སྐྱེས་བུ་རྣམས་གནས་སྐབས་སུ་སྐུ་ཚེ་མཛད་ཕྲིན་ཡར་ངོའི་ཟླ་བ་ལྟར་འཕེལ་ཞིང་རྒྱས་པ་དང་།མཐར་ཐུག་ཀ་དག་ཀུན་ཏུ་བཟང་པོའི་ས་རུ་མ་སྐྱོལ་གྱི་བར་དུ་འཇིགས་སར་ལམ་གྱི་སྐྱེལ་མ་ལྟ་བུར་གང་འདོད་ཀྱི་ཕྲིན་ལས་རབ་འབྱམས་འགྲུབ་པ་ལ་ཆོས་སྐྱོང་རྣམས་ཀྱིས་བསྲུང་ཞིང་བསྐྱབ་པའི་ཕྱིར་དང་།བཀའ་ལ་འགལ་ཞིང་དམ་ལས་ལོག་པའི་བསྟན་དགྲ་གདུག་པ་ཅན་རྣམས་ཀྱི་ཚེ་བླ་སྲོག་གསུམ་མི་ནོར་ལོངས་སྤྱོད་དང་བཅས་པའི་སྙིང་ཁྲག་ནང་རོལ་རྣམས་ལྷག་མེད་དུ་རོལ་ལ།དེ་ལྟ་བུའི་དམ་ཉམས་ལོག་ལྟ་ཅན་གྱི་ལག་ཏུ་གསང་ཆེན་ཟབ་རྒྱས་ཀྱི་མན་ངག་འདི་ཉིད་མ་ཤོར་ཞེས་པའི་བཀའ་དོན་དང་།དགོངས་པ་མི་འགྱུར་བའི་དབྱིངས་སུ་རྒྱས་བཏབ་པའི་དོན་གྱི་ཨ་ཐམ་རྒྱ་ཞེས་དང་།ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་ནི་རྡོ་རྗེའི་དམ་ཚིག་གཉན་པོ་མི་འགྱུར་བ་སྐུ་གསུང་ཐུགས་ཀྱིས་རྒྱས་བཏབ་པའི་དོན་ནོ། །ཆོས་འདི་ཉིད་བཀའ་གསང་བ་ལས་ཀྱང་ཆེས་གསང་བ་ཡང་གསང་བླ་ན་མེད་པ་ཀུན་ཏུ་བཟང་པོའི་དགོངས་བཅུད་ཟབ་མོ་ཡིན་པས་ན་གསང་རྒྱ༔ ཟབ་རྒྱ༔ གུ་ཧྱ༔ ཨྠིྀ༔ ཅེས་པ་འདི་ཉིད་སོགས།མངྒ་ལཾ་ཞེས་པ་ནི།དེ་ལྟར་གསང་ཆེན་གཉིས་དང་ལྡན་པའི་རྒྱ་དང་།ཟབ་པ་ཆོས་ཀྱི་དབྱིངས་ཀྱི་རྒྱ་སོགས་ཀྱིས་རྒྱས་བཏབ་ཅིང་།ནམ་ཞིག་གདུལ་བྱ་དང་རྟེན་འབྲེལ་དུས་ལ་བབ་པའི་ཚེ་ན་སྔོན་གྱི་སྨོན་ལམ་གྱིས་འབྲེལ་བའི་རྡོ་རྗེ་སློབ་མ་རྣམས་ཀྱིས་བསྐུལ་བའི་ཚེ།གནས་ཀྱི་ཁྱད་པར་ཡུལ་སྐྱོང་རྫ་རྒྱལ་རྡོ་རྗེ་འཕན་པོའི་ཉེ་འདབས་སུ།འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་མཚན་བརྗོད་པར་དཀའ་བ་དོན་གྱི་སླད་དུ་སྨོས་ན།རིག་འཛིན་ཆེན་པོ་བདུད་འཇོམས་རྡོ་རྗེ་ཞེས།ཉོན་མོངས་བདུད་སྡེའི་དཔུང་ཚོགས་མ་ལུས་པ་འཇོམས་པར་བྱེད་པ་རྡོ་རྗེ་ལྟ་བུ་སྟེ།བསྒོམ་བྱུང་གི་ཤེས་རབ་ཀློང་ནས་རྡོལ་བའི་ཟབ་པ་དང་རྒྱ་ཆེ་བའི་གདམས་པ་འདི་ཉིད།ཡི་གེ་མེད་པའི་སྐོར་སྟོང་ཆེན་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་མཁའ་འགྲོ་གསང་བའི་མཛོད་ལས་ཞལ་བསྒྱུར་བའི་ཡི་གེ་པ་ནི་མངོན་པར་དགའ་བའོ། །དང་པོ་ཆོས་འདི་བཀའ་བཙན་པའི་དགེའོ། །བར་དུ་ཆོས་འདི་བྱིན་རླབས་ཆེ་བའི་དགེའོ། །མཐའ་མར་ཆོས་འདི་བཀྲ་ཤིས་པའི་དགེའོ། །ཕྱོགས་དུས་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་པའི་དོན་སརྦ་མངྒ་ལཾ།ཞེས་པས་རྫོགས་པའོ། །༈སྨྲས་པ།དེ་ལྟར་མངོན་སུམ་ཡང་ཟབ་སྙིང་པོའི་གདམས་པ་འདི། །ཁམས་དྲུག་ལྡན་པའི་སྐྱེས་བུའི་དལ་འབྱོར་གྲུ་གཟིངས་ལ། །བརྟེན་ནས་འཁོར་བའི་སྡུག་བསྔལ་རྒྱ་མཚོ་རབ་བརྒལ་ཏེ། །རང་སྣང་དག་པ་འོག་མིན་ཉམས་དགའི་གནས་མཆོག་ཏུ། །བགྲོད་པའི་ཤིང་རྟ་མྱུར་ལམ་ཟབ་མོ་འདིར་བརྩོན་ན། །རྣམ་གྲོལ་ཡང་དག་གསང་བ་ཆེན་པོའི་ལམ་རྙེད་ནས། །ཚེ་འདི་ཉིད་ལ་གདོས་བཅས་ཕུང་པོ་འོད་གསལ་དུ། །སྨིན་ནས་འཇའ་ལུས་གཞོན་ནུ་བུམ་སྐུར་སངས་རྒྱས་ཏེ། །ཁམས་གསུམ་འཁོར་བ་དོང་སྤྲུགས་དོན་གཉིས་ལྷུན་གྲུབ་འགྱུར། །དེ་ཕྱིར་བྱར་མེད་དོན་གྱི་རྣལ་འབྱོར་རྣམས། །རྣམ་གྲོལ་ལམ་བཟང་ཐར་བའི་ཐེམ་སྐས་ལ། །འཇུག་ཕྱིར་ཡིད་བཞིན་ནོར་བུ་ལས་ལྷག་པའི། །མན་ངག་ཡང་བཅུད་ཀུན་གྱི་སྙིང་པོ་མཆོག།ཐེག་པའི་ཁྱད་ཆོས་འོད་གསལ་མྱུར་ལམ་འདི། །མཚོ་སྐྱེས་པདྨ་ལས་བྱུང་སྤྲུལ་པའི་སྐུ། །སངས་རྒྱས་གཉིས་པ་རྡོ་རྗེ་ཐོད་ཕྲེང་དང་། །དངོས་ཞལ་མི་གཉིས་བསྟན་པའི་སྒྲོན་མེ་མཆོག།ལས་ཅན་རྣམ་གྲོལ་ལམ་འགོད་དེད་དཔོན་རྗེ། །འབྲེལ་ཚད་དོན་ལྡན་གཏེར་ཆེན་ཆོས་ཀྱི་རྒྱལ། །གང་དེའི་ཐུགས་རྗེས་བརྩེ་བས་རྗེས་བཟུང་ནས། །གདམས་ཟབ་མྱུར་ལམ་གཅེས་ནོར་ཚུལ་དུ་གནང་། །སྙིང་མིག་སྲོག་ལས་ཕངས་པའི་ཟབ་ཁྱད་ཀྱང་། །ལམ་འདིར་མོས་པའི་སྐལ་བཟང་འགྲོ་དོན་ཕྱིར། །ལྷག་བསམ་དཀར་བས་ཞལ་རྒྱུན་བདུད་རྩིའི་བཅུད། །རང་བློར་འཚམས་པའི་ཉུང་བསྡུས་བརྗེད་བྱང་བཀོད། །དགེ་འདིས་ཐབས་ཤེས་འོད་གསལ་ལམ་ཟབ་མོར། །རབ་ཞུགས་འགྲོ་རྣམས་ཆོས་དབྱིངས་ཉམས་དགའི་གནས། །ལྔ་ལྡན་རྒྱལ་བའི་ཞིང་དུ་སངས་རྒྱས་ཏེ། །མི་གནས་ཆོས་སྐུའི་གཏན་སྲིད་ཟིན་གྱུར་ཅིག།རྒྱལ་བའི་བསྟན་པ་དར་ཞིང་རྒྱས་པ་དང་། །དེ་འཛིན་སྐྱེས་བུའི་སྐུ་ཚེ་ཞབས་པད་བརྟན། །འཇིག་རྟེན་ཁམས་སུ་བདེ་ལེགས་ཕུན་ཚོགས་ཤིང་། །ཆོས་འདི་བསྟན་པ་མཐར་རྒྱས་བཀྲ་ཤིས་ཤོག།ཅེས་པ་འདིའང་དུས་རིང་མོ་ནས་རྡོ་རྗེའི་སྤུན་གྲོགས་བླ་མ་མཐའ་ཡས་ཀྱི་ཡང་སྲིད་སྤྲུལ་པའི་སྐུ་ཀུན་བཟང་བསྟན་པའི་ཉི་མ་དང་།རང་སློབ་དམ་པ་ཤཱཀྱའི་དགེ་བཙུན་བྱ་བྲལ་བ་ཤེས་རབ་འོད་ཟེར་ནས་རིན་ཆེན་གཉིས་པའི་སྐྱེས་བཅས་བཀའ་བསྐུལ་སྤྱི་བོར་ཕེབས་པ་དང་།ཁྱད་པར༧སྐྱབས་རྗེ་ཐམས་ཅད་མཁྱེན་པའི་དངོས་སློབ་ལམ་འདིར་མོས་པ་ཤིན་ཏུ་ཆེ་བའི་ཤཱཀྱའི་དགེ་བཙུན་དམ་པ་སྟོབས་ལྡན་ནས་ཀྱང་ཆོས་མིན་གྱི་བྱ་བ་རྒྱང་ནས་སྤངས་ཏེ་མྱུར་ལམ་འདི་ཉིད་ལ་སྒྲུབ་པ་ལྷུར་ལེན་བྱེད་པའི་དམ་བཅའ་བཅས་ཏེ་བསྐུལ་བ་ཟབ་པ་དང་།གཞན་ཡང་རང་སློབ་དམ་པ་ཤཱཀྱའི་དགེ་བཙུན་སངས་རྒྱས་དང་།ཕན་བདེ།ཉེ་ཆར་པདྨའི་ལུང་ཟིན་ཡི་གེའི་འདུ་བྱེད་དགེ་བཙུན་ཚུལ་ཁྲིམས་རྡོ་རྗེ་དང་།རིགས་ཀྱི་མྱུ་གུ་ཆོས་དབྱིངས་སྒྲོན་མ་སོགས་ཀྱིས་ཡང་ཡང་ནན་ཆེར་བསྐུལ་བ་ལ་བརྟེན་ནས༦སྐྱབས་རྗེ་ཐམས་ཅད་མཁྱེན་པ་ཡིད་བཞིན་ནོར་བུས་དངོས་དང་རྨི་ལམ་ལྟ་བུར་གསུངས་པའི་ཞལ་རྒྱུན་རྣམས་མདོར་བསྡུས་ཙམ་བརྗེད་བྱང་གི་ཚུལ་དུ།གསེར་དགོན་དབེན་གནས་མཚམས་ཁྲོད་འོད་གསལ་ལྗོངས་ཀྱི་ཉེ་འདབས་སུ།རྗེ་ཉིད་ཀྱི་གཟུངས་མའི་ཆ་ཙམ་འཛིན་པ་སློབ་འབངས་ཀུན་གྱི་ཐ་ཤལ་བ་ཀུན་བཟང་ཆོས་ཉིད་བདེ་སྐྱོང་དབང་མོས་ཟླ༤ཚེས༢༥དགེ་བར་ཟིན་ཐོ་རུ་བཀོད་པ།ཡི་གེའི་རིས་བྱེད་ཤཱཀྱའི་དགེ་བཙུན་རང་གི་ཉེ་གནས་སྐྱེས་མཆོག་ཚུལ་ཁྲིམས་རྡོ་རྗེས་བགྱིས་པའོ། །དགེའོ། །དགེའོ། །དགེའོ། །༈པདྨའི་རིང་ལུགས་སྔ་འགྱུར་རྫོགས་པ་ཆེ། །ངེས་དོན་སྙིང་པོའི་ཤིང་རྟ་བདུད་འཇོམས་གླིང་། །གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར། །མི་ནུབ་བཤད་དང་སྒྲུབ་པས་འཛིན་གྱུར་ཅིག།སརྦ་མངྒ་ལཾ། །