TTDL-ZABTER-15-BA-094

From Dudjom Wiki
Revision as of 09:23, 4 June 2024 by Jeremi (talk | contribs)

TTDL-ZABTER-15-BA-094

{{Text |classification=Tibetan Publications |subclass=Tibetan Texts |collectiontitle=bdud 'joms gling pa zab gter |collectiontitletib=བདུད་འཇོམས་གླིང་པ་ཟབ་གཏེར། |totalvolumes=21 |author=bdud 'joms gling pa |authortib=བདུད་འཇོམས་གླིང་པ་ |citation=Khrag 'thung [[Bdud 'joms gling pa]. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004. |language=Tibetan |pagestatus=Temporary stub only |volumenumber=15 |volumeLetter=BA |textnuminvol=094 |pdflink=File:TTDL-ZABTER-15-BA-094.pdf |InitCategories=Dudjom Tersar Project; TTDL-ZABTER-Volume-15-BA }}

[edit]
དག་སྣང་ཡེ་ཤེ་དྲྭ་བ་ལས༔ གཏེར་སྲུང་རྨ་རྒྱལ་སྤོམ་ར་ལ་བརྟེན་པའི་གཡང་འགུགས་རྡོ་རྗེའི་ལྕགས་ཀྱུ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ གཏེར་སྲུང་རྨ་རྒྱལ་སྤོམ་ར་ལ༔ བརྟེན་པའི་གཡང་འགུགས་བྱ་བ་ནི༔ འབྲུ་སྣ་ཟས་སྣ་གཏོར་མ་སྐྱེམས༔ འབྱོར་ཚོགས་སྤྱན་གཟིགས་སྣ་ཚོགས་བཀོད༔ རང་ཉིད་ཡི་དམ་ལྷར་གསལ་ཞིང་༔ བཀའ་སྲུང་གཉན་པོ་བསྒྲུབ་ནས་སུ༔ འགྲུབ་རྟགས་མངོན་དུ་གྱུར་བྱས་ཏེ༔ མདའ་དར་གཡབ་ཅིང་འདི་སྐད་དོ༔ ཀྱཻ༔ སྔོན་ཚེ་པདྨ་ཐོད་ཕྲེང་གི༔ བཀའ་དམ་ལ་གནས་གཏེར་གྱི་བདག༔ ལྷ་སྲས་རྨ་ཆེན་སྤོམ་ར་ཁྱོད༔ འདིར་གཤེགས་དགྱེས་པའི་གདན་ལ་བཞུགས༔ བཀའ་དམ་གཉན་པོ་དཔང་གཙུགས་ཏེ༔ ཐུགས་དམ་གནད་བསྐུལ་ཕྲིན་ལས་ལས༔ བཅོལ་ལོ་སྤྲུལ་པ་ཡང་སྤྲུལ་དང་༔ མཐུ་སྟོབས་ནུས་པའི་རྩལ་ཤུགས་བསྐྱེད༔ ཕྱྭ་གཡང་འགུགས་པའི་ཕྲིན་ལས་མཛོད༔ སྟེང་ཕྱོགས་སྲིད་པའི་ཕྱྭ་གཡང་ཁུག༔ ལྷ་གཡང་མི་ལ་འབེབ་པར་མཛོད༔ འོག་ཕྱོགས་སྲིད་པའི་ཕྱྭ་གཡང་ཁུག༔ ཀླུ་གཡང་བདག་ལ་འབེབས་པར་མཛོད༔ གཉན་གྱི་ཡུལ་ནས་ཕྱྭ་གཡང་ཁུག༔ རྨ་གཡང་དངོས་གྲུབ་འདིར་ཕོབ་ཅིག༔ ཅང་ཤེས་རྟ་ཡི་རྟ་གཡང་ཁུག༔ སྤུ་ནག་གནག་གི་ཕྱུགས་གཡང་ཁུག༔ གཡང་དཀར་ལུག་གི་ལུག་གཡང་ཁུག༔ ཚེ་ཚེ་ར་ཡི་ར་གཡང་ཁུག༔ རིན་ཆེན་ནོར་གྱི་ནོར་གཡང་ཁུག༔ བཟའ་བཏུང་ལོངས་སྤྱོད་ཟས་གཡང་ཁུག༔ རྐང་གཉིས་མི་ཡི་གཡང་ཁུག་ཅིག༔ ཁེ་དྲག་བཙན་རྒྱལ་གཡང་ཁུག་ཅིག༔ མི་རྣམས་དཔའ་བའི་གཡང་ཁུག་ཅིག༔ རྟ་ཕོ་མགྱོགས་པའི་གཡང་ཁུག་ཅིག༔ གོ་ཁྲབ་བཙན་པའི་གཡང་ཁུག་ཅིག༔ མཚོན་ཆ་རྣོ་བའི་གཡང་ཁུག་ཅིག༔ མདོར་ན་ཡིད་ལ་གང་འདོད་པའི༔ འདོད་རྒུའི་དཔལ་དང་ལོངས་སྤྱོད་གཏེར༔ དབང་ཐང་བུ་ཡི་དངོས་གྲུབ་སྩོལ༔ བཟའ་མི་ཕན་ཚུན་བྱམས་བརྩེ་ཡི༔ བདེ་ཞིང་མཐུན་པའི་གཡང་ཁུག་ཅིག༔ འཐབ་དང་རྩོད་པ་མི་འབྱུང་ཞིང་༔ རྫོགས་ལྡན་དུས་ཀྱི་བསྐལ་པ་བཞིན༔ དགེ་ཞིང་ཚེ་རིང་བདེ་སྤྱོད་ཅིང་༔ ནད་དང་གནོད་པ་ཀུན་འབྲལ་ནས༔ རྟག་ཏུ་དམ་པའི་ཆོས་སྤྱོད་ཅིང་༔ གཏན་གྱི་བདེ་བ་མཆོག་ཐོབ་ཤོག༔ ཀུ་མ་རི་ཕུ་ཏྲི་སརྦ་རཏྣ་བ་སུ་སིདྡྷི་བསྡུས་བསྡུས་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བརྡ་ཡིག༠༠༠༠༣༨༠བསྒྲུབ་པའི་རྟགས་ཚད་རྫོགས་ནས་སླར༔ དེ་ལྟར་དུས་གསུམ་གཡང་འགུགས་བྱ༔ ལོངས་སྤྱོད་ནོར་གྱི་དངོས་གྲུབ་འཐོབ༔ འདོད་དོན་འགྲུབ་པར་གདོན་མི་ཟ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པ་འདི་ཀུན་བཟང་ཤེས་རབ་ཀྱིས་ནན་དུ་བསྐུལ་ངོར་བདུད་འཇོམས་རྡོ་རྗེས་དག་སྣང་ཡེ་ཤེས་དྲྭ་བ་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།ལེགས་སོ།།སརྦ་མངྒ་ལཾ།།