TTDL-ZABTER-02-KHA-039

From Dudjom Wiki
Revision as of 09:36, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-02-KHA-039
Wylie title TTDL-ZABTER-02-KHA-039.pdf
Location bdud 'joms gling pa zab gter
Volume 2, Text 39, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠བརྡ་ཡིག༤༠༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆོས་སྐུ་བདེ་ཆེན་རྒྱལ་པོའི་ཕྱི་སྒྲུབ་ཐར་པའི་གྲོང་འཇུག་རྣམ་མཁྱེན་ལམ་བཟང་བཞུགས་སོ༔

༠༠༠བརྡ་ཡིག༤༠༤ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠བརྡ་ཡིག༤༠༤པདྨ་བདག་གི་བརྒྱུད་འཛིན་རྣམས༔ ཐར་བ་དོན་དུ་གཉེར་འདོད་ནས༔ གཏན་གྱི་བདེ་བ་བསྒྲུབ་པ་རྣམས༔ རྟེན་འབྲེལ་དུས་ལ་བབས་དུས་འདིར༔ མི་ཚེ་ཆུད་ཟོས་མི་བཏང་བར༔ རྣམ་གཡེང་ལེ་ལོ་འདུ་འཛི་སྤངས༔ ཉིན་མཚན་དུས་དྲུག་ཐམས་ཅད་དུ༔ བདེ་ཆེན་ཞིང་གི་རྟེན་བརྟེན་པ༔ ཡིད་ལ་བྱ་ཞིང་རྒྱུད་ལ་བཞག༔ བསོད་ནམས་རྒྱ་ཆེར་བསགས་པ་ལ༔ ཆེས་ཆེར་འབད་པ་ཐོན་པ་གལ༔ ལག་ཏུ་ལེན་པའི་རིམ་པ་ལ༔ གནས་ཁང་བྱི་དོར་ལེགས་པར་བྱས༔ དྲི་བཟང་ཆུ་ཡིས་ཆག་ཆག་གདབ༔ དཀྱིལ་འཁོར་བཀོད་ལེགས་ཁོད་སྙོམས་ཤིང་༔ མཛེས་ཤིང་ཡིད་དུ་འོང་བར་བྱ༔ དེ་ཡང་དྲི་བཟང་ཆུ་ཡིས་བྱུག༔ གཞལ་ཡས་རྡུལ་ཚོན་རས་བྲིས་སོགས༔ སྤྱི་དང་མཐུན་པ་ཉིད་དུ་བྱ༔ སྟེང་དུ་མཉྫི་ཁྲིའུའི་ཁར༔ སྐུ་གསུང་ཐུགས་རྟེན་བྱིན་ལྡན་བཞག༔ བླ་བྲེ་འཕན་དར་གདུགས་རྒྱལ་མཚན༔ རྣམ་མཛེས་དར་སྣའི་ལྷབ་ལྷུབ་དཔྱངས༔ མཆོད་རྫས་གཙང་ཞིང་མཛེས་ལྡན་བཀོད༔ དང་པོ་སྐྱབས་སུ་འགྲོ་བ་ལ༔ ན་མོ་བུདྡྷཱ་ཡ༔ ཞེས་བརྗོད་པས་མདུན་གྱི་ནམ་མཁར་པདྨ་དང་ཉི་ཟླའི་གདན་ལ་བླ་མ་དང་གཉིས་སུ་མེད་པའི་སྟོན་པ་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་སྐུ་མཚན་དང་དཔེ་བྱད་ཀྱིས་མཛེས་ཤིང་ཆོས་གོས་རྣམ་པ་གསུམ་གྱིས་ཀླུབ་པ༔ ཕྱག་གཡས་ས་གནོན་དང་གཡོན་མཉམ་གཞག་མཛད་པ་ཡེ་ཤེས་སྒྱུ་མའི་སྐུ་ཅན་སྣང་ལ་རང་བཞིན་མེད་པ་ཞིག་ཏུ་གསལ་བའི་མཐའ་སྐོར་དུ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱིས་བསྐོར་ནས༔ རང་ཅག་ལ་ཞལ་གྱིས་ཕྱོགས༔ སྤྱན་གྱིས་གཟིགས༔ ཐུགས་བརྩེ་ཐུགས་རྗེ་དང་ལྡན་པའི་ངང་ནས་བཞུགས་པའི་མདུན་སར་བདག་སོགས་སེམས་ཅན་ཐམས་ཅད་ཀྱི་མགྲིན་གཅིག་ཏུ་སྐྱབས་སུ་འགྲོ་བར་བསམ་ལ༔ ན་མོ༔ བདག་དང་མཐའ་ཡས་པའི་སེམས་ཅན་ཐམས་ཅད་དུས་འདི་ནས་བཟུང་སྟེ་ཇི་སྲིད་བྱང་ཆུབ་སྙིང་པོ་ལ་མཆིས་ཀྱི་བར་དུ༔ བླ་མ་ལ་སྐྱབས་སུ་མཆིའོ༔ སངས་རྒྱས་ལ་སྐྱབས་སུ་མཆིའོ༔ ཆོས་ལ་སྐྱབས་སུ་མཆིའོ༔ དགེ་འདུན་ལ་སྐྱབས་སུ་མཆིའོ༔ ཐུགས་རྗེས་ཟུངས་ཤིག་བྱིན་གྱིས་བརླབ་པར་མཛད་དུ་གསོལ༔ ཅེས་ལན་གསུམ་བརྗོད་ཅིང་སེམས་བསྐྱེད་པ་ནི༔ དེང་རྒྱལ་བ་སྲས་དང་བཅས་པའི་སྤྱན་སྔར་བདག་གིས་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྲིད་པ་སྡུག་བསྔལ་གྱི་རྒྱ་མཚོ་ལས་བསྒྲལ་ཏེ་རྣམ་མཁྱེན་བླ་ན་མེད་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ༔ དེའི་ཆེད་དུ་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཞིང་དང་ལྷ་ཚོགས་ཡིད་ལ་བྱས་ཏེ་བསྙེན་སྒྲུབ་ཟབ་མོའི་ཆོ་ག་ཉམས་སུ་བླང་བར་བགྱིའོ༔ ཞེས་ལན་གསུམ་གྱི་མཐར༔ སྐྱབས་གནས་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་ཐུགས་རྗེ་བྱིན་རླབས་མཐུ་དང་ནུས་པའི་སྟོབས་ཀྱིས་བདག་གིས་དུས་འདིར་བདེ་ཆེན་པདྨ་བཀོད་པའི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་འགྲུབ་པར་གྱུར་ཅིག༔ ཅེས་ལན་གསུམ་བརྗོད༔ དེ་ནས་རྟེན་ཞིང་ཁམས་གཞལ་ཡས་ཁང་ཁྲི་སྟན་དང་བཅས་པ་བསྒོམ་པ་ལ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ གཟུང་འཛིན་གཉིས་སྣང་གིས་བསྡུས་པའི་ཆོས་ཐམས་ཅད་ཁྱབ་བརྡལ་སྟོང་པ་ཉིད་ཀྱི་ངང་དུ་ཞིག་པར་བསམ༔ སྟོང་པའི་ངང་ལས་རྨི་ལམ་ཡུལ་ལ་སད་པ་བཞིན་དུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་ཞིང་ཁམས་རྒྱ་ཁྱོན་ཆོས་ཀྱི་དབྱིངས་དང་མཉམ་པ་ངོས་འཇམ་ཞིང་ཁོད་སྙོམས་པ་མེ་ལོང་གི་ངོས་ལྟ་བུ་མནན་ན་ནེམ་ཞིང་བཏེགས་ན་སྤར་བ་དར་གྱི་ལྡིང་གུར་གྱི་སྟེང་དུ་ཕྱིན་པ་ལྟ་བུ་སྨན་གྱི་སྤང་རི་ལ་དྲི་བཟང་གི་ན་བུན་འཐུལ་བ༔ ཁ་དོག་སྣ་ཚོགས་པའི་པདྨོ་དང་འཇའ་ཚོན་འོད་ཀྱི་དྲྭ་བ་མིག་མང་རིས་སུ་བྲེས་པ་འཇའ་རིས་ཀྱིས་གང་བའི་ཟ་འོག་ཁ་ཕྱེས་པ་ལྟ་བུ༔ ཡན་ལག་བརྒྱད་དང་ལྡན་པའི་མཚོ་དང་རྫིང་བུ་དག་བྱེད་ཀྱི་བདུད་རྩིའི་ཆུ་མིག་ལ་རིན་པོ་ཆེའི་གྲམ་པ་དང་གཡུ་ཡི་ནེའུ་སིང་དང་༔ གསེར་གྱི་བྱེ་མ་དང་༔ སྤངས་ལྗོངས་ཡིད་དུ་འོང་བའི་སྐྱེད་མོས་ཚལ་དང་༔ སངས་རྒྱས་ཀྱི་སྤྲུལ་པའི་བྱ་ཚོགས་དུང་ལྟར་དཀར་བ་དང་༔ གསེར་ལྟར་སེར་བ་དང་༔ པདྨ་རཱ་ག་ལྟར་དམར་བ་དང་༔ ཨིནྡྲ་ནཱི་ལ་ལྟར་ལྗང་བ་དང་༔ བཻ་ཌཱཪྻ་ལྟར་མཐིང་ག༔ ཁ་དོག་སྣ་ཚོགས་པའི་ཁྲ་བོ་རྣམས་ཀྱིས་མཛེས་པའི་གཟུགས་ངོམས་ཤིང་སྙན་པའི་དབྱངས་ཀྱིས་དམ་པའི་ཆོས་ཀྱི་སྒྲ་སྒྲོགས་པ་དེ་དག་རྒྱ་མཚོ་ལ་འཁོར་ཞིང་དཔག་བསམ་གྱི་ཤིང་ལ་འབབས་པ༔ སྐྱེད་མོས་ཚལ་དུ་ཁ་དོག་ལེགས་ཤིང་ཡིད་དུ་འོང་བའི་རི་དྭགས་རྣམ་པ་སྣ་ཚོགས་ཀྱིས་རྩེ་འཇོ་རོལ་ཞིང་ཆོས་ཉན་པ༔ མཛེས་སྡུག་བལྟ་བས་ཆོག་མི་ཤེས་པའི་ལྷ་མོ་མང་པོས་གར་བསྒྱུར་ཞིང་མཆོད་སྤྲིན་སྤེལ་བ་ས་གཞི་མཛེས་པའི་རྒྱན་དང་བཀོད་པར་ལྷུན་གྱིས་གྲུབ་པའོ༔ ནམ་མཁའ་མཛེས་པའི་རྒྱན་དུ་འཇའ་ཡི་བླ་བྲེ་གདུགས་དང་རྒྱལ་མཚན་བ་དན་དར་སྣ་ཚོགས་ཀྱིས་དཔྱངས་པ་ཕྱོགས་སུ་འཕྱོ་བའོ༔ བར་སྣང་མཛེས་པའི་རྒྱན་དུ་འདོད་ཡོན་གྱི་སྣང་བ་སྨིག་རྒྱུ་གཡོ་བ་བཞིན་དུ་འཆར་བ༔ དེ་ལྟར་རྒྱན་གསུམ་རྫོགས་པའི་ཞིང་ཁམས་དེ་ཉིད་མཐོང་བ་ཙམ་གྱིས་ཡིད་འཕྲོག་ཅིང་དྲན་པ་ཙམ་གྱིས་རྒྱུད་ལ་ཟག་པ་མེད་པའི་བདེ་བ་བསྐྱེད་པར་བྱེད་པའི་རང་བཞིན་ཅན་བཅོམ་ལྡན་འདས་འོད་དཔག་ཏུ་མེད་པའི་ཐུགས་རྗེའི་ཐབས་ཀྱི་སྒྱུ་འཕྲུལ་དུ་རང་ཤར་བའོ༔ ཞིང་ཁམས་དེའི་དབུས་སུ་ཡེ་ཤེས་ལྔ་དང་སྐུ་ལྔ་ལྷུན་རྫོགས་ཀྱི་ངོ་བོ་ལ་རྣམ་པ་ཤར་དཀར་ལྷོ་སེར་ནུབ་དམར་བྱང་ལྗང་དབུས་ཀྱི་ཡ་ཕུབ་མཐིང་ནག་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པ་གྲུ་བཞི་སྒོ་བཞི་རྒྱན་རྟ་བབ་བང་རིམ་བུམ་པ་བྲེ་དང་ཆོས་འཁོར་གདུགས་དང་དར་དཔྱངས་ཉི་ཟླ་ནོར་བུའི་ཏོག་གིས་མཛེས་པར་བརྒྱན་པ༔ འོད་དམར་གྱིས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ལ་ཡོངས་སུ་ཁྱབ་པར་འཕྲོ་བ༔ རིན་པོ་ཆེ་རྣམ་པ་སྣ་ཚོགས་ཀྱི་ཕྲེང་བའི་དྲྭ་བ་དང་དྲྭ་ཕྱེད་འཕྱང་ཞིང་འཇའ་འོད་ཀྱི་མིག་མང་རིས་སུ་བྲེས་པ་དྲིལ་བུ་གཡེར་ཁས་མདོ་འཛིན་བྱས་པ་ལས་ཆོས་ཀྱི་སྒྲ་འབྱུང་བ༔ ཉི་ཟླའི་གསེང་དཀར་གསལ་བ་ལས་ཐིག་ལེ་དང་ཐིག་ཕྲན་འཁྲིགས་པ༔ མདོར་ན་དགའ་བདེ་ལོངས་སྤྱོད་ཕུན་སུམ་ཚོགས་པའི་ཡོན་ཏན་ཐམས་ཅད་མ་ཚང་བ་མེད་པ་ལྷུན་གྱིས་གྲུབ་ཅིང་ཡོངས་སུ་རྫོགས་པའོ༔ གཞལ་ཡས་ཁང་དེའི་དབུས་སུ་རྨ་བྱ་བརྒྱད་གྱིས་བཏེགས་པའི་རིན་པོ་ཆེའི་ཁྲི་རྒྱ་ཆེ་ཞིང་དཔངས་མཐོ་བའི་སྟེང་དུ་པདྨ་འདབ་བརྒྱད་གྱེས་པའི་སྟེང་དུ་ཟླ་བའི་དཀྱིལ་འཁོར་ཉ་རྒྱས་པའི་གདན༔ ཁྲི་དེའི་གཡས་དང་གཡོན་དུ་པདྨ་འདབ་བརྒྱད་གྱེས་པའི་སྟེང་དུ་ཟླ་བའི་གདན༔ དེའི་ཕྱི་རིམ་ཕྱོགས་བཞི་མཚམས་བཞིར་པདྨ་ཟླ་བའི་གདན་རེ་རེ་བསྒོམ༔ རང་གི་རིག་པ་བཅོམ་ལྡན་འདས་འཇམ་དཔལ་དམར་སེར་རལ་གྲི་དང་གླེགས་བམ་འཛིན་པ༔ མཚན་དང་དཔེ་བྱད་རྫོགས་ཤིང་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པ་དཀྱིལ་འཁོར་གྱི་ཤར་ཕྱོགས་སུ་པདྨ་དང་ཟླ་བའི་གདན་ལ་འཁོད་པར་བསམ༔ རང་གི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་དང་དྷཱི་བསམ༔ དེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་གཞལ་ཡས་ཁང་ལྷ་དང་བཅས་པ་སྤྱན་དྲངས་ཏེ་ཞིང་ཁམས་ཞིང་ཁམས་ལ་ཐིམ༔ གཞལ་ཡས་ཁང་གཞལ་ཡས་ཁང་ལ་ཐིམ་པས་གཉིས་མེད་རོ་གཅིག་ཏུ་གྱུར༔ བཅོམ་ལྡན་འདས་ཚེ་དཔག་མེད་མགོན་སྣང་བ་མཐའ་ཡས་དང་དབྱེར་མ་མཆིས་པའི་སངས་རྒྱས་འོད་དཔག་མེད་པ་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་ཤིང་ཆོས་གོས་རྣམ་པ་གསུམ་གྱིས་ཀླུབ་པ་ཕྱག་གཉིས་མཉམ་གཞག་མཛད་པའི་སྟེང་དུ་འཆི་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བའི་ལྷུང་བཟེད་བསྣམས་ཏེ་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའོ༔ གཡས་སུ་སྤྱན་རས་གཟིགས་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་ཞིང་འོག་མ་གཉིས་ཤེལ་དཀར་གྱི་ཕྲེང་བ་དང་པདྨ་དཀར་པོ་བསྣམས་པ་ལོངས་སྤྱོད་རྫོགས་སྐུའི་ཆ་ལུགས་ཅན༔ གཡོན་དུ་ཕྱག་ན་རྡོ་རྗེ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་གཡས་རྡོ་རྗེ་དང་གཡོན་དྲིལ་བུ་བསྣམས་པ་ལོངས་སྤྱོད་རྫོགས་སྐུའི་ཆས་ཀྱིས་བརྒྱན་པ༔ དེ་གཉིས་ཀ་བཞེངས་པའི་སྟབས་ཅན་སྐུ་མཛེས་སྡུག་ལྟ་བས་ཆོག་མི་ཤེས་པ༔ གཙོ་བོ་གསུམ་པོ་འོད་ཟེར་དཔག་ཏུ་མེད་པ་ཡེ་ཤེས་སྒྱུ་མའི་སྐུ་འཇའ་ཚོན་འོད་ལྔའི་ཀློང་དུ་བཞུགས་པའོ༔ དེའི་ཕྱི་རིམ་ནུབ་ཀྱི་པདྨ་ནས་བྱང་ཆུབ་སེམས་དཔའ་འཇམ་པའི་དབྱངས་དང་༔ བྱང་ཆུབ་སེམས་དཔའ་ཕྱག་ན་རྡོ་རྗེ་དང་༔ བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་དང་༔ བྱང་ཆུབ་སེམས་དཔའ་ས་ཡི་སྙིང་པོ་དང་༔ བྱང་ཆུབ་སེམས་དཔའ་སྒྲིབ་པ་རྣམ་སེལ་དང་༔ བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ་དང་༔ བྱང་ཆུབ་སེམས་དཔའ་བྱམས་པ་དང་༔ བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོ་སྟེ༔ དེ་རྣམས་ཐམས་ཅད་ལོངས་སྤྱོད་རྫོགས་པའི་ཆ་བྱད་ཅན་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་དེ་བཞིན་གཤེགས་པ་དེ་ལ་གུས་ཤིང་འགྲེང་སྟབས་སུ་བསྐོར་ནས་འཁོད་པ༔ གཞན་ཡང་བྱང་ཆུབ་སེམས་དཔའི་འཁོར་ཚོགས་དཀར་སེར་དམར་ལྗང་མཐིང་ནག་གི་ཚོགས་ནམ་མཁའི་གཟའ་སྐར་ལྟ་བུས་ཡོངས་སུ་བསྐོར་བ་དང་བཅས་པ་རྫུ་འཕྲུལ་གྱི་དབང་གིས་སྟེང་གི་ནམ་མཁའ་ནས་གཤེགས་ཏེ་གདན་བཤམས་པ་རྣམས་ལ་འཁོད་ཅིང་བཞུགས་པར་བསྒོམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧྲཱིཿཀ་དག་སྤྲོས་པ་བྲལ་བའི་དབྱིངས༔ ཁྱབ་བརྡལ་ཆོས་སྐུའི་ཕོ་བྲང་ནས༔ སྣང་བ་མཐའ་ཡས་སྟོན་འཁོར་བཅས༔ སྒྲུབ་པའི་གནས་འདིར་གཤེགས་སུ་གསོལ༔ ལྷུན་གྲུབ་བདེ་ཆེན་དག་པའི་དབྱིངས༔ བཀོད་པ་རབ་རྫོགས་གཞལ་ཡས་ནས༔ བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ ཕྱོགས་མེད་ཀུན་ཁྱབ་ཐུགས་རྗེའི་དབྱིངས༔ བདེ་བ་ཅན་གྱི་ཞིང་ཁམས་ནས༔ བཅོམ་ལྡན་མགོན་པོ་འོད་དཔག་མེད༔ བྱང་སེམས་འཕགས་པ་འཁོར་དང་བཅས༔ མ་ལུས་ལུས་པ་མེད་པ་རུ༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་རྣམ་པར་མཛེས་པ་དང་༔ པོ་ཊ་ལ་དང་ལྕང་ལོ་ཅན༔ སྒྱུ་འཕྲུལ་དཔག་ཡས་ཞིང་ཁམས་ནས༔ གང་འདུལ་ཐབས་དང་ཐུགས་རྗེ་ཡིས༔ གདུལ་བྱ་འདུལ་ཕྱིར་སྐུར་བཞེངས་པ༔ སངས་རྒྱས་བྱང་སེམས་འཕགས་པའི་ཚོགས༔ མ་ལུས་ལུས་པ་མེད་པ་ཀུན༔ སྐད་ཅིག་གནས་འདིར་གཤེགས་སུ་གསོལ༔ ན་མོ་ཨ་མི་དྷེ་ཝ་ཧྲཱིཿན་མ་སརྦ་ཏ་ཐཱ་ག་ཏ་བོ་དྷི་སཏྭ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ ཞེས་ལྕགས་ཀྱུའི་ཕྱག་རྒྱ་བྱ་ཞིང་ལན་གསུམ་བརྗོད༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧྲཱིཿརིན་ཆེན་ཁྲི་དང་ཟླ་གདན་ལ༔ འོད་དཔག་མེད་མགོན་བཞུགས་སུ་གསོལ༔ གཞལ་ཡས་ཕྱི་ནང་བར་ཁྱམས་ཀྱི༔ པདྨ་ཟླ་བའི་གདན་སྟེང་དུ༔ བྱང་སེམས་འཕགས་པའི་ཚོགས་རྣམས་ཀུན༔ དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛཿཔདྨ་ཀ་མ་ལ་ཡེ་སྟྭཾ༔ ཏིཥྛ་བཛྲ༔ དེ་ནས་ཕྱག་འཚལ་བ་ལ༔ རང་གི་ལུས་ཞིང་གི་རྡུལ་སྙེད་དུ་སྤྲུལ་ནས་བདེ་གཤེགས་སྲས་དང་བཅས་པའི་སྤྱན་སྔར་རྣམ་གསུམ་དད་པའི་སྒོ་ནས་ངག་ནས་མཚན་བརྗོད་བཞིན་ལུས་ཀྱིས་ཕྱག་འཚལ་བར་བསམ་ལ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་སྣང་བ་མཐའ་ཡས་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ༔ བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་རྒྱལ་བ་འོད་དཔག་ཏུ་མེད་པ་ལ་ཕྱག་འཚལ་ལོ་མཆོད་དོ་སྐྱབས་སུ་མཆིའོ༔ ལན་བདུན་རེ་བརྗོད༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་མཐུ་ཆེན་ཐོབ་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་འཇམ་དཔལ་དབྱངས་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཕྱག་ན་རྡོ་རྗེ་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྤྱན་རས་གཟིགས་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ས་ཡི་སྙིང་པོ་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་སྒྲིབ་པ་རྣམ་པར་སེལ་བ་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ནམ་མཁའི་སྙིང་པོ་ལ་ཕྱག་འཚལ་ཞིང་མཛོད་དོ་སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་བྱམས་པ་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཕགས་པ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ ཐར་བ་དང་ཐམས་ཅད་མཁྱེན་པའི་ལམ་ཡང་དག་པ་དམ་པའི་ཆོས་རྣམས་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ འཕགས་པ་ཉན་ཐོས་རང་རྒྱལ་དགྲ་བཅོམ་པའི་ཚོགས་རྣམས་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ དེ་བཞིན་གཤེགས་པའི་རྗེས་སུ་བཞུགས་ཤིང་བསྟན་པ་འཛིན་པ་རྣམས་ལ་ཕྱག་འཚལ་ཞིང་མཆོད་དོ་སྐྱབས་སུ་མཆིའོ༔ རྒྱལ་བའི་དཀྱིལ་འཁོར་ཁྱོད་རྣམས་བདག་གིས་དཔང་དུ་བཙུགས་ཏེ་ཚེ་འཁོར་བ་ཐོག་མ་མེད་པ་ནས་དུས་ད་ལྟ་ལ་ཐུག་གི་བར་དུ་བདག་སྒྲིབ་གཉིས་བག་ཆགས་ཀྱི་དབང་དུ་གྱུར་པས་ལས་ཉོན་སྡིག་སྒྲིབ་མི་དགེ་བའི་ཚོགས་ཅི་དང་ཅི་བསགས་པ་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བཟླུམས་ཏེ་བསྡེབས་ནས་མཐོལ་ཞིང་བཤགས་སོ༔ མི་འཆབ་བོ༔ མི་སྦེད་དོ༔ གནོང་ངོ་ཿའགྱོད་དོ༔ ཕྱིན་ཆད་སྲོག་ལ་བབ་ཀྱང་སྡོམ་པར་བགྱིད་ལགས་སོ༔ བྱང་ཞིང་དག་ནས་ཚེ་འདི་ལ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་དུ་འདྲོངས་པར་མཛད་དུ་གསོལ༔ ཞེས་བདུན་རེ་བརྗོད་ཅིང་ཕྱག་འཚལ་བ་དང་སྟོབས་བཞི་ཚང་བའི་སྒོ་ནས་བཤགས་པ་བྱ་བ་ནི་གནད་མཆོག་ཏུ་ཤེས་པར་བྱའོ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ

༔ རབ་འབྱམས་ཕྱོགས་བཅུ་འཇིག་རྟེན་རྒྱ་མཚོ་ན༔ མཆོད་ཡོན་རྒྱ་མཚོ་ཇི་སྙེད་ཡོད་པ་དང་༔ བདག་གིས་ལེགས་པར་བཤམས་པ་འདི་དག་ཀུན༔ བློ་ཡིས་བླངས་ཏེ་བདེ་ཆེན་ཞིང་ཁམས་སུ༔ བཞུགས་པའི་སངས་རྒྱས་སྲས་དང་བཅས་ལ་འབུལ༔ བདག་ཅག་ཚོགས་རྫོགས་སྒྲིབ་དག་སངས་རྒྱས་ཤོག༔ ཨོཾ་ན་མོ་ཨ་མི་ཏ་བྷ་ཧྲཱིཿསརྦ་ས་པ་རི་ཝཱ་ར་བཛྲ་ཨརྒྷཾ་པྲ་ཏིཙྪ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ རབ་འབྱམས་སོགསཤཔྡའི་བར་རོ༔ ཧཱུྃ་ཧྲཱིཿསྟོང་གསུམ་མི་མཇེད་འཇིག་རྟེན་མཐའ་ཡས་ན༔ རི་རབ་གླིང་བཞི་གླིང་ཕྲན་གླིང་གཡོག་ཏུ༔ བཀོད་པ་ལྷ་ཀླུ་མི་ཡི་ལོངས་སྤྱོད་དཔལ༔ བློ་ཡིས་བླངས་ཏེ་བདེ་ཆེན་ཞིང་ཁམས་སུ༔ བཞུགས་པའི་སངས་རྒྱས་སྲས་དང་བཅས་ལ་འབུལ༔ བདག་ཅག་ཚོགས་རྫོགས་སྒྲིབ་དག་སངས་རྒྱས་ཤོག༔ ཨོཾ་ན་མོ་ཨ་མི་ཏ་བྷ་ཧྲཱིཿསརྦ་ས་པ་རི་ཝཱ་ར་རཏྣ་མཎྜ་ལ་པྲ་ཏཱིཙྪ་པཱུ་ཛ་མེ་གྷ༴ཧཱུྃ་ཧྲཱི༔ སྟོང་གསུམ་མི་མཇེད་འཇིག་རྟེན་མཐའ་ཡས་ན༔ བཀྲ་ཤིས་རྫས་རྟགས་རྒྱལ་སྲིད་སྣ་བདུན་དང་༔ རིན་ཆེན་བདུན་དང་འདོད་རྒུའི་དཔལ་ཡོན་ཀུན༔ བློ་ཡིས་བླངས་ཏེ་བདེ་ཆེན་ཞིང་ཁམས་སུ༔ བཞུགས་པའི་སངས་རྒྱས་སྲས་དང་བཅས་ལ་འབུལ༔ བདག་ཅག་ཚོགས་རྫོགས་སྒྲིབ་དག་སངས་རྒྱས་ཤོག༔ ཨོཾ་ན་མོ་ཨ་མི་ཏ་བྷ་ཧྲཱིཿསརྦ་ས་པ་རི་ཝཱ་ར་མངྒ་ལ་མ་ཎི་རཏྣ་པྲ་ཏཱིཙྪ་སོགས་ཨཱཿཧཱུྃ༔ དེ་ནས་བསྟོད་པ་བྱ་བ་ལ༔ ཨེ་མ་ཧོ༔ ཆོས་ཉིད་སྤྲོས་མཐའ་བྲལ་བའི་ཞིང་ཁམས་ནས༔ རང་བྱུང་ཡེ་ཤེས་ཡེ་སངས་རྒྱས་པའི་སྐུ༔ དུས་གསུམ་རྒྱལ་བ་ཀུན་གྱི་འབྱུང་གནས་མཆོག༔ བཅོམ་ལྡན་སྣང་མཐའ་ཡས་ལ་ཕྱག་འཚལ་བསྟོད༔ ལྷུན་གྲུབ་བདེ་ཆེན་རོལ་པའི་གཞལ་ཡས་ནས༔ སྐུ་དང་ཡེ་ཤེས་དཔག་མེད་བཅོམ་ལྡན་འདས༔ སྐྱེ་འཆི་བསྒྲེས་རྒུད་བྲལ་བ་རྡོ་རྗེའི་སྐུ༔ མགོན་པོ་ཚེ་དཔག་མེད་ལ་ཕྱག་འཚལ་བསྟོད༔ ཕྱོགས་མེད་ཀུན་ཁྱབ་ཐུགས་རྗེའི་ཀློང་ཡངས་སུ༔ དགའ་བདེའི་ཡོན་ཏན་དཔག་མེད་བཀོད་པའི་ཞིང་༔ སྲིད་དང་ཞི་བའི་མཐའ་རུ་མི་གནས་པར༔ རྣམ་དག་དབུགས་ཆེན་འབྱིན་པའི་ཞིང་མཆོག་ནས༔ སྐུ་བཞིའི་ཡེ་ཤེས་ལྔ་ཡི་བདག་ཉིད་དཔལ༔ མཚན་ཐོས་ཙམ་གྱིས་སྲིད་པ་དབུགས་དབྱུང་ཞིང་༔ དྲན་པ་ཙམ་གྱིས་རྣམ་མཁྱེན་ལམ་དུ་བགྲོད༔ སྐུ་དང་ཡེ་ཤེས་རྒྱ་མཚོའི་བདག་ཉིད་དཔལ༔ མགོན་པོ་འོད་དཔག་མེད་ལ་ཕྱག་འཚལ་བསྟོད༔ མདོར་ན་རབ་འབྱམས་དཀྱིལ་འཁོར་རྒྱ་མཚོ་ཡི༔ ངོ་བོ་གཅིག་བསྡུས་སངས་རྒྱས་འོད་དཔག་མེད༔ ཡེ་ཤེས་རང་གདངས་བྱང་སེམས་འཕགས་པའི་འཁོར༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་ཛཔྲ་དམིགས་སྔགས་དང་བཅས་པ་ལ༔ སྣང་སྲིད་ཐམས་ཅད་བདེ་ཆེན་པདྨ་བཀོད་ཀྱི་ཞིང་ཁམས་སུ་གསལ་བའི་དབུས་སུ་རང་བྱུང་ཡེ་ཤེས་ལྔ་ལྡན་གྱི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་དབུས་སུ་རྨ་བྱ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེའི་ཁྲིའི་སྟེང་དུ་ཟླ་བའི་གདན་ལ་བཅོམ་ལྡན་འདས་སྣང་བ་མཐའ་ཡས་མགོན་པོ་འོད་དཔག་ཏུ་མེད་པ་སྐུ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་འོད་ཟེར་འབར་བའི་ཐུགས་ཀར་པདྨ་དང་ཟླ་བའི་གདན་ལ་དྭངས་མ་ལྔ་ལྡན་འོད་ཀྱི་ཐིག་ལེའི་ཀློང་དུ་ཡི་གེ་ཧྲཱིཿཡིག་དམར་པོ་པདྨ་རཱ་གའི་ཁ་དོག་ལྟ་བུ་ལ་སྔགས་ཀྱི་ཕྲེང་བ་ལུ་གུ་རྒྱུད་དུ་འབྲེལ་བས་གཡས་སུ་བསྐོར་བར་བསྒོམ༔ བཟླས་པ་ཙམ་གྱིས་འོད་ཟེར་མུ་མཐའ་མེད་པ་འཕྲོས་པས་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་སྤྱན་དྲངས་ཏེ་བསྐྱེད་ཅིང་བསྒོམ་པའི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ལ་ཐིམ་པར་བསྒོམ༔ དེ་ལྟར་ཡང་ཡང་བསྒོམ་པ་རྒྱལ་པོས་ཕོ་ཉ་འགྱེད་པ་ལྟ་བུའི་ཛཔྲ་དགོངས༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཞེས་ཤེས་པ་གཞན་དུ་མ་ཡེངས་པར་ལྷ་གསལ་བའི་གཟེར་གྱིས་གནད་དང་ལྡན་པས་བཟླས་པར་བྱའོ༔ སླར་ཡང་སྒྲུབ་སྔགས་བཟླ་བ་ལ༔ བདག་གི་སྙིང་ག་ནས་འོད་འཕྲོས་དེ་བཞིན་གཤེགས་པའི་ཐུགས་ཀར་ཕོག་ཐུགས་དམ་གྱི་རྒྱུད་བསྐུལ་ནས་སྐུའི་ཆ་ཐམས་ཅད་ལས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པའི་ཐུགས་དམ་གྱི་རྒྱུད་བསྐུལ༔ དེ་དག་གི་དབང་བྱིན་དངོས་གྲུབ་ཡེ་ཤེས་ཡོན་ཏན་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ༔ སླར་ཡང་འོད་ཀྱི་ཕུང་པོ་འཇའ་སྤྲིན་འཐིབ་པ་བཞིན་དུ་བྱུང་ནས་རང་ལ་ཐིམ་པས་སྒྲིབ་གཉིས་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་ཐོབ་ནས་སྒོ་གསུམ་རྡོ་རྗེ་གསུམ་དུ་སྨིན་ཅིང་གྲོལ་བར་བསམ༔ ཡང་ཡང་གསལ་ཞིང་སྔགས་ཀྱི་ཕྲེང་བ་གཡས་སུ་འཁོར་བར་བསམ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿདེ་ནས་ལས་ལ་སྦྱོར་བ་ལ༔ སངས་རྒྱས་སྲས་དང་བཅས་པའི་ཐུགས་ཀ་ནས་འོད་འཕྲོས་པས་དམྱལ་བ་ཚ་གྲང་གི་སྡུག་བསྔལ་སྦྱངས༔ ཡི་དྭགས་བཀྲེས་སྐོམ་གྱི་སྡུག་བསྔལ་སྦྱངས༔ དུད་འགྲོ་བླུན་རྨོངས་ཀྱི་སྡུག་བསྔལ་སྦྱངས༔ ལྷ་མ་ཡིན་འཐབ་རྩོད་ཀྱི་སྡུག་བསྔལ་སྦྱངས༔ མི་སྐྱེ་རྒ་ན་འཆིའི་སྡུག་བསྔལ་སྦྱངས༔ ལྷ་འཆི་འཕོ་ལྟུང་བའི་སྡུག་བསྔལ་སྦྱངས༔ དེ་དག་སྣང་སེམས་ཐམས་ཅད་རྨི་ལམ་དབྱིངས་སུ་སད་པ་བཞིན་དུ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཀྱི་རོལ་པར་འཕོས་ཤིང་གྲོལ་བར་བསྒོམ༔ ཨོཾ་ཨ་མི་དྷེ་ཝ་ཧྲཱིཿཞེས་སྣང་བ་ཐམས་ཅད་གོང་བཞིན་ཞིང་ཁམས་ཀྱི་རྣམ་པ་རུ་གསལ་བའི་ངང་དང་མི་འབྲལ་བ་གནད་ཀྱི་ཡང་ཐིག་དམ་པ་ཡིན་ནོ༔ དེ་ལྟར་བསྒོམ་བཟླས་གནད་ལྡན་ཅིང་༔ རྩེ་གཅིག་སྒྲུབ་ལ་གཞོལ་ནུས་ན༔ ཚེ་འདིར་ཚེ་རིང་ནད་མེད་ཅིང་༔ ཕྱི་མ་བདེ་ཆེན་ཞིང་ཁམས་སུ༔ གྲོལ་བར་འགྱུར་བ་གདོན་མི་ཟ༔ མི་བསླུ་ངེས་པ་རྡོ་རྗེའི་ཚིག༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་ཡིས༔ བཀའ་འདི་སྲུང་ལ་སྒྲུབ་པ་པོའི༔ ཕྲིན་ལས་རབ་འབྱམས་ཐོགས་མེད་བསྒྲུབས༔ ཁྱད་པར་བར་ཆད་རྐྱེན་སྣང་ཟློག༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ཉིད་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་སུམ་ཅུ་རྩ་ལྔའི་བར་དུ་བཀའ་རྒྱ་བྱས་ནས་མཐར་རྟེན་འབྲེལ་དུས་ལ་བབ་པ་ན་རང་སློབ་བིཪྻ་བྷ་དྲ་དང་ངག་དབང་ཕྲིན་ལས་གཉིས་ཀྱིས་ནན་དུ་བསྐུལ་ངོར་ཡེ་ཤེས་མཁའ་འགྲོའི་བརྡ་རིས་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།