TTDL-ZABTER-03-GA-030

From Dudjom Wiki
Revision as of 10:36, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-03-GA-030
Wylie title TTDL-ZABTER-03-GA-030.pdf
Location bdud 'joms gling pa zab gter
Volume 3, Text 30, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre

[edit]
༠༠༠༠བརྡ་ཡིགཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དཔལ་རྡོ་རྗེ་སེམས་དཔའི་དབང་ཆོག་རྡོ་རྗེར་སྨིན་བྱེད་བཞུགས་སོ༔ ༠༠༠༠བརྡ་ཡིག༣༡༨བསྐལ་པ་རྩུབ་འགྱུར་ཐ་མའི་ཚེ༔ ཡང་གསང་སྒོར་ཞུགས་སྐྱེས་བུ་རྣམས༔ ཉམས་པ་བདུད་ལས་རིང་བའི་ཕྱིར༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི༔ དབང་གི་སྨིན་ནས་གྲོལ་བའི་ཕྱིར༔ ཐུགས་རྗེས་ལྡན་པའི་སློབ་དཔོན་གྱིས༔ དད་དམ་ལྡན་པའི་བུ་སློབ་ལ༔ དབང་བསྐུར་བྱེད་པའི་ཐབས་ཟབ་མོ༔ དང་པོ་དབང་ཆས་ལེགས་གྲུབ་ནས༔ དལ་ཞལ་ཕྱེས་ནས་ལྷ་གཞུང་བསྲང་༔ དེ་ནས་ལས་བུམ་བསྐྱེད་ཆོག་ལ༔ ཧཱུྃ༔ བུམ་པ་བརྡལ་ཁྱབ་གཞལ་ཡས་སུ༔ པདྨ་འདབ་བརྒྱད་ཟླ་རྒྱས་སྟེང་༔ ཧཱུྃ་ལས་བཅོམ་ལྡན་རྡོ་རྗེ་སེམས༔ དཀར་གསལ་ཞི་འཛུམ་མཚན་དཔེས་སྤྲས༔ ཕྱག་གཡས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞབས་གཉིས་ཕྱེད་པའི་སྐྱིལ་ཀྲུང་བཞུགས༔ དར་དང་རིན་ཆེན་རྒྱན་གྱི་སྤྲས༔ ཡེ་ཤེས་འོད་ལྔའི་ཀློང་དུ་བཞུགས༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བསྒོམ་པ་ཙམ་གྱི་དངོས་གྲུབ་ཐོབ༔ ཆོས་ཉིད་ནམ་མཁའ་མཛོད་ཀྱིས་མཆོད༔ ཨོཾ་བཛྲ་ཨ་རྒྷཾ་ནས༔ ཤཔྡའི་བར་གྱི་མཆོད༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ ཡེ་ཤེས་ཡོན་ཏན་རྒྱ་མཚོའི་གཏེར༔ ཐུགས་རྗེ་ཐབས་ཀྱི་སྒྱུ་འཕྲུལ་ངོམས༔ རྡོ་རྗེ་དེ་བཞིན་གཤེགས་ལ་བསྟོད༔ བདག་ཉིད་རྡོ་རྗེ་སེམས་དཔའི་ཐུགས་ཀའི་འོད་ཟེར་གཟུངས་ཐག་ལ་བརྒྱུད་དེ་མདུན་བསྐྱེད་བུམ་ལྷའི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་སྐུ་ཡི་ཆ་ཐམས་ཅད་ནས་དག་བྱེད་ཡེ་ཤེས་ཀྱི་བདུད་རྩི་འོ་རྒྱུན་ལྟ་བུར་བབས་ནས་བུམ་པ་མེར་གྱི་གང་བའི་འོད་ཀྱིས་སེམས་ཅན་གྱི་ལས་ཉོན་བག་ཆགས་ཐམས་ཅད་སངས་ཀྱིས་དག་ནས་སྣང་སྲིད་དག་པ་རབ་འབྱམས་ཀྱི་རོལ་པར་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས་ཡིག་བརྒྱ་ཅི་མང་བཟླས༔ མཐར་མཆོད་ཅིང་བསྟོད་དེ༔ བུམ་པའི་ལྷ་འོད་དུ་ཞུ་ནས་བུམ་ཆུ་ལ་ཐིམ་པས་བག་ཆགས་དག་བྱེད་ཀྱི་ནུས་པ་དང་ལྡན་པར་དམིགས༔ དེ་ནས་སློབ་མ་གྲལ་དུ་འཁོད༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ མཎྜལ་ཕུལ་ཞིང་སྐྱབས་སེམས་འབོག༔ དེ་ནས་གསོལ་བ་འདེབས་པ་ནི༔ ཀྱཻ་ཧོཿསངས་རྒྱས་ཐམས་ཅད་འདུས་པའི་དཔལ༔ བླ་མེད་བླ་མ་མཆོག་ཁྱོད་ཀྱིས༔ དཔལ་ལྡན་རྡོ་རྗེ་སེམས་དཔའ་ཡི༔ སྨིན་གྲོལ་དབང་མཆོག་བདག་ལ་སྩོལ༔ ལན་གསུམ༔ དེ་ནས་བླ་མས༔ ཀྱཻ་ཧོཿལས་དང་སྐལ་བཟང་སྐྱེས་བུ་ཁྱོད༔ གསང་སྔགས་ཟབ་མོའི་སྒོར་ཞུགས་ནས༔ ཡང་དག་ལམ་ལ་འཇུག་འདོད་ན༔ སྨིན་གྲོལ་དབང་མཆོག་སྟེར་བར་བགྱི༔ དེ་ནས་དབང་གི་སྣོད་རུང་བྱ་བ་སྡོམ་པ་དང་དམ་ཚིག་སྦྱིན་པ་ལ༔ སྡོམ་པ་གསུམ་གྱི་དམ་བཅའ་བཟུང་བ་ནི༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ སྨིན་གྲོལ་དབང་གི་སྣོད་རུང་ཕྱིར༔ སྡོམ་གསུམ་རིམ་པར་བཟུང་བ་ཡི༔ དམ་ཚིག་གཉན་པོ་སྲུང་ནུས་སམ༔ ཞེ་དམ་བྱ་ཞིང་རྗེས་ཟློས་མཛོད༔ དེ་ནས་སློབ་མས༔ ཧོཿརིག་འཛིན་བླ་མ་ལྷའི་སྤྱན་སྔར༔ སོ་སོར་ཐར་པའི་སྡོམ་པ་དང་༔ བྱང་སེམས་སྔགས་ཀྱི་བསླབ་དམ་ཚིག༔ མ་ལུས་བདག་གིས་ཡོངས་སུ་བཟུང་༔ དེ་ནས་དམ་ཆུ་ཐོགས་ལ༔ ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བསྲུང་ན་ཚེ་འདིར་སངས་རྒྱས་ཐོབ༔ ཉམས་ན་སྙིང་བསྲེགས་དམྱལ་བར་ལྟུང༔ སློབ་མ་ཁྱོད་ཀྱིས་མ་བརྗེད་ཟུངས༔ ས་མ་ཡ་ན་ར་ཀན༔ ཅེས་བསྐྱལ་བཅུག་སྟེ་མནའ་ཆུ་ལྕེ་ལ་བཞག༔ ཧཱུྃ༔ དམ་ཚིག་བདུད་རྩི་འོད་ལྔའི་རང་བཞིན་དུ་གྱུར་ཏེ་སྙིང་གི་དཀྱིལ་དུ་སོང་ནས་ཀུན་རྫོབ་རྒྱུ་ཡི་ངོ་བོ་རྡོ་རྗེ་འོད་འབར་བའི་ལྟེ་བར་དོན་དམ་འབྲས་བུའི་ཐིག་ལེ་འོད་ལྔའི་རང་བཞིན་ཅན་གནས་པའི་བྱིན་བརླབས་ཀྱིས་དམ་སྡོམ་བསླབ་པ་ལ་གནས་ཤིང་འཛིན་པར་གྱུར༔ བཛྲ་ས་མ་ཡ་ཏིཥྛཿདེ་ནས་མིག་དར་བཀབ་ལ༔ ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ན་ཡེ་སྭཱ་ཧཱ༔ དེ་ནས་མེ་ཏོག་ཐོགས་ལ༔ ཨ་ཁཾ་ཝི་ར་ཧཱུྃ༔ དེ་ནས་སློབ་མ་ལྷར་བསྐྱེད་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས༔ འཁོར་འདས་ཀྱི་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པའི་རང་བཞིན་ཅན་དུ་རིག་སྟེ༔ སྟོང་པའི་ངང་ལས་བདག་མདུན་གསལ་སྣང་སྒྱུ་མ་ལྟ་བུའི་ཏིང་འཛིན་གྱི་བྱིན་རླབས་ཆེན་པོའི་མཐུས་སློབ་མའི་རྒྱུད་ཀྱི་ནད་གདོན་སྡིག་སྒྲིབ་བག་ཆགས་གདོས་བཅས་ཤ་ཁྲག་གི་ཕུང་པོ་དང་བཅས་པ་ཐམས་ཅད་འཇའ་ཚོན་ནམ་མཁའ་ལ་ཡལ་བ་ལྟར་ཆོས་ཉིད་སྟོང་པ་ཉིད་ཀྱི་དབྱིངས་སུ་ཡལ་བར་གྱུར༔ སྟོང་པའི་ངང་ལས་སོགས་གཞུང་ལྟར་ལྷར་བསྒོམ༔ ཡེ་ཤེས་དབབ་བསྟིམ་དང་༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱས༔ དེ་ནས་མེ་ཏོག་དོར་བ་ནི༔ ཧཱུྃ༔ སློབ་མའི་རིག་པའི་མེ་ཏོག་འདི༔ སྔོན་ནས་ལས་འབྲེལ་གང་ཡོད་པའི༔ ལྷག་པའི་ལྷ་དེར་དབབ་པ་རུ༔ གསང་སྔགས་བདེན་པས་བྱིན་གྱིས་རློབས༔ བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿདེ་ནས་མིག་དར་བསལ་བ་ནི༔ ཧཱུྃ༔ ཁྱོད་ཀྱི་མི་ཤེས་མ་རིག་སྒྲིབ༔ ཡེ་ཤེས་ཐུགས་རྗེ་བསལ་ནས་ཀྱང་༔ རང་སྣང་ལྷུན་གྲུབ་བདེ་ཆེན་གྱིས༔ དཀྱིལ་འཁོར་ཡོངས་རྫོགས་མཐོང་བར་ཤོག༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བུམ་དབང་བསྐུར་བ་ནི༔ དང་པོ་བུམ་པ་ཐོགས་ལ༔ ཧཱུྃ༔ བཀྲ་ཤིས་བུམ་པ་ལྷའི་གཞལ་ཡས༔ ལྷ་དང་གཉིས་མེད་བདུད་རྩི་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བུམ་པ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོར་སེམས་ཡབ་ཡུམ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ རྡོ་རྗེ་སེམས་དཔའ་ཡབ་ཡུམ་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་སོགས༔ དེ་ནས་རྣམ་སྣང་ཡབ་ཡུམ་ཐོགས་ལ༔ ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ སྐུ་གསང་འདུས་པ་རྣམ་སྣང་མཛད༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དེ་བཞིན་རིགས་ཀྱིས་སྐུ་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་སོགས༔ དེ་ནས་རིན་འབྱུང་ཡབ་ཡུམ་གཏད་ལ༔ ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཡོན་ཏན་གསང་འདུས་རིན་འབྱུང་གནས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རིན་ཆེན་རིགས་ཀྱི་སྐུ་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ༴དེ་ནས་སྣང་མཐའ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ གསུང་གསང་འདུས་པ་སྣང་མཐའ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ པདྨ་རིགས་ཀྱི་སྐུ་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ༴དེ་ནས་དོན་འགྲུབ་ཡབ་ཡུམ་གྱི་སྐུ་གཏད་ལ༔ ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཕྲིན་ལས་གསང་འདུས་དོན་ཡོད་གྲུབ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཀརྨ་རིགས་ཀྱི་སྐུ་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ༴དེ་ནས་མི་བསྐྱོད་རྡོ་རྗེ་གཏད་ལ༔ ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཐུགས་གསང་འདུས་པ་མི་བསྐྱོད་དཔལ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་རིགས་ཀྱི་སྐུ་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ༴དེ་ནས་སྒོ་མ་རྣམ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ དེ་བཞིན་གཤེགས་པ་ཐམས་ཅད་ཀྱི༔ ཚད་མེད་ཕྲིན་ལས་སྒོ་མ་བཞིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ས་ཏྭ་ཛཿཧཱུྃ་བཾ་ཧོ༔ ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསང་དབང་བསྐུར་བ་ནི༔ བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ བྷནྡྷ་བདུད་རྩི་གསུང་གི་བཅུད༔ ཡེ་ཤེས་འོད་ཟེར་དྲྭ་བ་འཁྲིགས༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ རྡོ་རྗེའི་གསུང་གི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་སྔགས་འཁོར་ཐོགས་ལ༔ ཧཱུྃ༔ གསང་སྔགས་རིག་སྔགས་གཟུངས་སྔགས་ཀུན༔ སྙིང་པོ་གཅིག་དྲིལ་སྔགས་འཁོར་ལོས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བཟླས་པ་སྔགས་ཀྱི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཤེར་དབང་བསྐུར་བ་ནི༔ ཧཱུྃ༔ རྡོ་རྗེ་འཁོར་ལོ་རིན་པོ་ཆེ༔ པདྨ་རྒྱ་གྲམ་ཐུགས་ཀྱི་གདངས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཤེས་རབ་ཡེ་ཤེས་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མེ་ལོང་ཐོགས་ལ༔ ཧཱུྃ༔ མེ་ལོང་ཡེ་ཤེས་རྒྱ་མཚོའི་གདངས༔ དུས་གསུམ་རྒྱལ་བའི་ཐུགས་གསང་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རྡོ་རྗེ་ཐུགས་ཀྱི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ འཇའ་ཤེལ་གཏད་ལ༔ ཧཱུྃ༔ ལྷུན་གྲུབ་དྭངས་ཤེལ་འོད་ཐིག་གསལ༔ རྒྱལ་ཀུན་ཐུགས་ཀྱི་གསང་ཆེན་ལམ༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཀ་དག་ཚིག་གི་དབང་ཐོབ་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་སརྦ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཱཿདེ་ནས་རིག་པའི་རྩལ་དབང་བསྐུར་བ་ནི༔ ཐིག་ལེ་སྟོང་པའི་སྒྲོན་མ་གཏད་ལ༔ ཧཱུྃ༔ ཉག་གཅིག་ཐིག་ལེ་སྤྲོས་མཐའ་བྲལ༔ རྣམ་ཐར་གསུམ་ལྡན་ཆོས་ཀྱི་སྐུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨ་ཕཊ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ བརྡལ་ཁྱབ་དབྱིངས་ཀྱི་གཏོར་མ་ལ༔ ལྷུན་གྲུབ་བདེ་ཆེན་བཀོད་པ་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བསྒྲུབ་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་སཏྭ་སརྦ་མཎྜ་ལ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་མཐའ་བརྟེན་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ བཀྲ་ཤིས་རྟགས་བརྒྱད་འདི་གཏད་པས༔ མཚན་དང་དཔེ་བྱད་རྫོགས་པ་ཡི༔ སྤྲུལ་པའི་སྐུ་མཆོག་རབ་ཐོབ་ནས༔ གདུལ་བྱ་འདུལ་བའི་དབང་ཐོབ་ཤོག༔ སརྦ་མངྒ་ལཾ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད༔ དོན་གཉིས་ལྷུན་གྲུབ་རོལ་པ་ཡིས༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ མ་ཎི་རཏྣ་ཨ་བྷི་ཥིཉྩ་ཧཱུྃ༔ ས་མ་ཡ༔ ལྟ་དགོངས་ལྡན་པའི་སློབ་དཔོན་གྱིས༔ དད་དམ་ལྡན་པའི་སློབ་བུ་ལ༔ དབང་འདི་སུ་ཡིས་བསྐུར་གྱུར་ན༔ དཀྱིལ་འཁོར་ཡོངས་ཀྱི་རྩ་དབང་ཐོབ༔ མཆོག་གི་དངོས་གྲུབ་འབད་མེད་ཐོབ༔ རྣམ་མཁྱེན་ས་ལས་ཕྱིར་མི་ལྡོག༔ འདི་ཐོབ་སྐལ་བཟང་སྐྱེས་བུ་རྣམས༔ དམ་ཚིག་སྲོག་གི་གཏའ་རུ་ཟུངས༔ སྒྲུབ་པ་མ་གཡེལ་རྩེ་གཅིག་འབུང་༔ སྙིང་པོའི་ཡང་ཐིག་གནད་དུ་བསྣུན༔ གསང་ཆེན་འོད་གསལ་མྱུར་བའི་ལམ༔ སྣང་བཞིའི་ས་ལམ་གཅིག་ཆོད་ལ༔ གཞོན་ནུ་བུམ་སྐུར་བྱང་ཆུབ་མཛོད༔ འདི་ནི་ཟབ་གསང་བླ་ན་མེད༔ བཀའ་སྲུང་གནོད་སྦྱིན་ཆེན་པོར་གཉེར༔ སྣོད་མིན་ལག་ཏུ་མ་བཏང་ཤིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་ཉེར་གསུམ་བར་དུ་བཀའ་རྒྱ་བྱས་མཐར་རང་སློབ་དད་དམ་ལྡན་པ་པདྨ་རྣམ་རྒྱལ་གྱིས་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་མཁས་གྲུབ་རྒྱ་མཚོའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།