TTDL-ZABTER-07-JA-011

From Dudjom Wiki
Revision as of 09:37, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-07-JA-011
Wylie title TTDL-ZABTER-07-JA-011.pdf
Location bdud 'joms gling pa zab gter
Volume 7, Text 11, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༢༡༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡུམ་ཆེན་གསང་བ་ཡེ་ཤེས་ཀྱི་ཐུགས་སྒྲུབ་ཡེ་ཤེས་ཉི་མ་བཞུགས་སོ༔ རྡོ་རྗེ་གཤོག་རྒོད་རྩལ་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ མ་འོངས་སེམས་ཅན་ཐམས་ཅད་ལ༔ འདུལ་བྱེད་རྣམ་སྤྲུལ་ཆུ་ཟླའི་གར༔ ཕྱོགས་མེད་ཐུགས་རྗེ་ཉི་ལྟར་ཁྱབ༔ འགྲན་མེད་འཁོར་གྱི་སྐར་ཚོགས་འདུ༔ ལྔ་གསུམ་མངོན་ཤེས་སྤྱན་ལྔ་ཡིས༔ གསུམ་དུ་གཟིགས་ནས་བསྟན་འགྲོའི་དོན༔ རྣམ་རོལ་མ་ངེས་བསམ་ཡས་ཀྱི༔ འཁོར་བ་དྲུག་ཏུ་རང་གཟུགས་སུ༔ རྒྱུད་བསྟུན་ཐབས་ཀྱི་ཆོས་བསྟན་མཛད༔ སྐལ་བཟང་བདེ་གཤེགས་སྟོང་ཕྲག་གིས༔ བསྟན་པའི་རཱུ་ཏྲ་ངེས་གྲོལ་ཕྱིར༔ ཚེ་དཔག་མེད་དུ་དབང་ཡང་བསྐུར༔ རྡོ་རྗེ་གསུམ་གྱི་དངོས་གྲུབ་བདོག༔ རྣམ་བཞིའི་ཕྲིན་ལས་རང་དབང་བསྒྱུར༔ རྣམ་གཉིས་དངོས་གྲུབ་ཀུན་ལ་སྟེར༔ འཇིག་རྟེན་འཁོར་བའི་འཁོར་ལོ་ལ༔ སྡུག་བསྔལ་རྒྱུན་མཐོང་སྙིང་རླུང་གིས༔ ལྡོག་པ་བཞི་ཡིས་བློ་བཏུལ་ནས༔ བརྩོན་འགྲུས་སྙིང་སྟོབས་བསྒྲིལ་པའི་བུ༔ རིག་པའི་རྣོ་མྱུར་དབང་འབྱོར་བའི༔ ལུས་ཀྱི་གྲུར་ཞོན་སྲིད་མཚོའི་བར༔ བསྒྲོད་འདོད་གང་ཟག་ལས་ཅན་ལ༔ འཚོ་བའི་མཆོག་གྱུར་ཟབ་རྒྱའི་བཅུད༔ བདུད་རྩི་ཡན་ལག་བརྒྱད་ལྡན་འདི༔ རོལ་བའི་སྐལ་ལྡན་ལས་ཅན་ཀྱང་༔ ཤེས་རབ་ལམ་དུ་འཛུད་དཀའ་བས༔ ཐབས་ལ་བསྟུན་པའི་བསྐྱེད་རིམ་གྱིས༔ རང་རིག་རང་ངོ་གསལ་བར་འགྱུར༔ ཡང་གསང་མཁའ་འགྲོའི་ཐུགས་ཐིག་འདི༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ རྐང་བཞི་འཇོམས་པའི་གོད་ཡམས་ཀྱིས༔ དབུལ་ཕྱུག་གོ་ལོག་བཅུ་གཉིས་མཐར༔ ས་འཕངས་སྙིང་རླུང་གློ་བུར་ལང་༔ བཅུ་དྲུག་རང་མགོ་གཞན་གྱིས་གཅོད༔ དེ་དུས་ཆོས་སྤྱིའི་བྱིན་རླབས་ཉམས༔ བསྟན་འགྲོ་གསོ་བའི་བདུད་རྩི་འདི༔ དེ་ཕྱིར་རིན་ཆེན་སྤས་རྒྱར་རྒྱ༔ བརྡ་ཐིམ་བརྡ་ཐིམ་བཛྲ་རྒྱ༔ ༠༠༠༠བརྡ་ཡིག༢༡༤ཆོས་བརྒྱད་ལས་དབེན་གནས་བཟང་དུ༔ དཀྱིལ་འཁོར་མཛེས་ལྡན་མཚན་རྫོགས་དབུས༔ རྩ་གསུམ་གཏོར་མ་བརྗིད་ལྡན་ལ༔ ཕྱི་ནང་གསང་མཆོད་བྱེ་བྲག་བཤམས་༔ དཀར་ནག་མགྲོན་ལ་དཀར་དམར་བསྔོ༔ བསངས་སྦྱངས་མཆོད་རྫས་ཡིད་ཀྱིས་སྤེལ༔ ཤ་མཁོན་མགྲོན་ལ་ལན་ཆགས་བསྔོ༔ དྲན་རྫོགས་ཙམ་གྱི་རིག་སྐུ་ཡིས༔ ལོག་རྟོག་བགེགས་ལ་བཀའ་བསྒོ་ནི༔ ཧཱུྃ་ཧྲཱིཿང་ནི་ཡེ་ཤེས་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་དྲག་མོའི་སྐུ༔ ཁམས་གསུམ་མ་ལུས་དབང་དུ་བསྡུས༔ སྲིད་གསུམ་མ་ལུས་ཟིལ་གྱིས་གནོན༔ རབ་འབྱམས་རྒྱལ་བ་བསྐྱེད་པའི་ཡུམ༔ སྤྲུལ་པའི་མཁའ་འགྲོས་ནམ་མཁའ་གང་༔ ལས་བྱེད་མཁའ་འགྲོས་བར་སྣང་གང་༔ སྒྲོལ་བྱེད་མཁའ་འགྲོས་ས་གཞི་གང་༔ ཧཱུྃ༔ ཉོན་ཅིག་བགེགས་དང་ལོག་འདྲེན་ཚོགས༔ ཤ་མཁོན་བུ་ལོན་ལན་ཆགས་རྣམས༔ གླུད་ཀྱི་གཏོར་མ་འདིས་འཇལ་གྱིས༔ མགུ་བར་གྱིས་ལ་རང་གནས་སུ༔ ད་ལྟ་ཉིད་དུ་འགྲོ་བར་གྱིས༔ གནས་འདིར་གསང་ཆེན་མཁའ་འགྲོའི་དལ༔ ད་ལྟ་ཉིད་དུ་འདེབས་འཚལ་བས༔ བཀའ་འདས་ལུས་སེམས་རྡུལ་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ རྩ་སྔགས་དང་ཧཱུྃ་བཞིའི་སྔགས་བརྗོད༔ དེ་ནས་སྟེང་འོག་བར་གསུམ་ཀུན༔ ཡེ་ཤེས་ལྔ་ལས་གྲུབ་པ་ཡི༔ རྡོ་རྗེ་བསྲུང་བའི་གུར་ཁང་ནི༔ གཞོམ་གཞིག་བྲལ་བའི་འཁོར་ལོ་བསྒོམ༔ ཧཱུྃ་ཧྲཱིཿབདག་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ ཐུགས་ལས་སྤྲོས་པའི་འོད་ཟེར་གྱིས༔ སྟེང་འོག་ཕྱོགས་མཚམས་ཐམས་ཅད་ཀུན༔ རྡོ་རྗེ་བསྲུང་བའི་འཁོར་ལོར་བསྒོམ༔ ཨོཾ་བཛྲ་རཏྣ་པདྨ་ཀརྨ་ཛྙཱ་ན་རཀྵ་སྭཱ་ཧཱ༔ དེ་ནས་རང་སེམས་རྣམ་དག་ཉིད༔ གདོད་ནས་ཡེ་ཤེས་མཁའ་འགྲོ་རུ༔ ཡེ་ཡིན་མ་རིག་དབང་གིས་བསྒྲིབ༔ ད་ནི་རིག་པའི་རང་ངོར་བལྟ༔ ཧཱུྃ་ཧྲཱིཿརང་རིག་གདོད་ནས་ཡེ་ཤེས་མཁའ་འགྲོའི་དལ༔ མ་རིག་དབང་གིས་ཆོས་ཉིད་འཆར་སྒོ་འགགས༔ ད་ནི་རང་རིག་ཡེ་ཤེས་རྟོགས་པའི་ལྷ༔ རང་ངོ་མཇལ་ཕྱིར་ཡེ་ཤེས་འཆར་སྒོ་ཕྱེས༔ ཨོཾ་བཛྲ་པྲ་ཝེ་ཤ་ཡ་ཕཊ༔ ཕྱི་རུ་གཟུང་ཡུལ་རང་སར་གྲོལ༔ ནང་དུ་འཛིན་པ་གནས་དག་ཅིང་༔ རང་རིག་ཡེ་ཤེས་རྟོགས་པའི་ལྷ༔ གཉིས་མེད་ཡིད་ཀྱིས་གུས་ཕྱག་འཚལ༔ ཧཱུྃ་ཨཱཿགཟུང་འཛིན་གཉིས་མེད་ཡེ་ཤེས་ཀློང་༔ གདོད་ནས་རང་རིག་ཡུམ་ཆེན་མོ༔ རྟོག་ཚོགས་གནས་དག་མཁའ་འགྲོའི་གར༔ རང་ཞལ་མཇལ་ཕྱིར་གུས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿརང་བྱུང་ལྷུན་གྲུབ་ཡེ་ཤེས་ལྷ༔ རང་ངོ་རིག་པའི་ངང་ཉིད་ལས༔ རང་སྣང་རང་དབང་བསྒྱུར་བ་དང་༔ སྣོད་བཅུད་བྱིན་རླབས་བཅུད་ཆེན་དབབ༔ ཧཱུྃ༔ ལྷུན་གྲུབ་བདེ་བ་ཆེན་པོའི་གནས༔ རང་སྣང་རྣམ་དག་གཞལ་ཡས་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་གསང་བ་ཡེ་ཤེས་དང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་སོགས༔ རབ་འབྱམས་ཡེ་ཤེས་མཁའ་འགྲོའི་ཚོགས༔ ཆོས་ཀྱི་དབྱིངས་ནས་སྐུར་བཞེངས་ལ༔ དམ་ཚིག་དབང་གིས་གནས་འདིར་བྱོན༔ སྒྲུབ་མཆོག་གསང་ཆེན་དཀྱིལ་འཁོར་ལ༔ བྱིན་རླབས་ཡེ་ཤེས་བྱིན་ཕོབ་ཅིག༔ གསང་བ་གསུམ་གྱིས་དབང་བསྐུར་ཅིག༔ མཁའ་སྤྱོད་ཞིང་དུ་བྱིན་གྱིས་རློབས༔ ཨོཾ་ཨཱཿཧཱུྃ་ཧྲཱིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛ་ཛ་ཨ་ཝེ་ཤ་ཡ་ཨ་ཨ༔ སྣང་བ་སྣོད་ཀྱི་བྷནྡྷ་རུ༔ སྲིད་པ་བཅུད་ཀྱི་ཆོས་སོ་ཅོག༔ ངོ་བོ་བདག་མེད་སྟོང་པ་ཉིད༔ གདོད་ནས་མཆོད་པའི་སྤྲིན་དུ་ཤར༔ ཨོཾ་ཨཱཿཧཱུྃ༔ གཟུང་དང་འཛིན་པས་བསྡུས་པ་ཡི༔ ཆོས་ཀུན་རྣམ་དག་དྲི་མ་མེད༔ ཕྱི་ནང་གསང་བའི་མཆོད་སྤྲིན་དུ༔ ཡེ་ནས་རང་བྱུང་ལྷུན་གྲུབ་བོ༔ ཨོཾ་བཛྲ་ཨརྒྷཾ་ཨཱཿཧཱུྃ༔ ཨོཾ་བཛྲ་པཱདྱཾ྄་ཨཱཿཧཱུྃ༔ སོགས་ཤཔྡའི་བར་དང༔ བཛྲ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱི་ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱི་ཋ༔ ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིཾ་ཏ་བྷ་ལ་བྷ་ཏི་གུ་ཧྱ་ཧྲཱི་ཤྭ་ས་མ་ཡ་ཧཱུྃ་ཧྲཱི་ཋ༔ ཨོཾ་ཨཱཿཧཱུྃ་བོ་དྷི་ཙིཏྟ་ཏ་ན་ག་ན་གུ་ཧྱ་སརྦ་ག་ཎ་པཉྩ་ཨ་མྲྀ་ཏ་སརྦ་སྭཱ་ཧཱ༔ དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན༔ རང་ལུས་སེམས་དང་སྣོད་བཅུད་ཀུན༔ ཡེ་ནས་ཆོས་དབྱིངས་སྟོང་པར་རིག༔ རྒྱས་འདེབས་ཆད་ལྟར་མི་བྱེད་དོ༔ ཨཱཿགདོད་ནས་ཆོས་ཀུན་མ་བཅོས་པར༔ རྣམ་པར་དག་པའི་སྟོང་པ་ཉིད༔ གནས་ལུགས་ངོ་བོ་ཀ་ནས་དག༔ སྟོང་གསལ་མཐའ་བྲལ་དེ་བཞིན་ཉིད༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ ཀུན་ཏུ་སྣང་བའི་ཏིང་ངེ་འཛིན༔ བཅོས་བཞག་སྙིང་རྗེ་ཕྱོགས་རིས་ཅན༔ འདི་ལྟར་མ་ཡིན་ཀུན་ཁྱབ་ཀྱི༔ སྟོང་པའི་རང་མདངས་སྙིང་རྗེའི་ཆ༔ ཧཱུྃ༔ ཡེ་སྟོང་བརྡལ་ཁྱབ་ཆེན་པོའི་མདངས༔ ཕྱོགས་རིས་དེར་འཛིན་བྲལ་བ་ཡི༔ རང་བྱུང་ཁྱབ་གདལ་ཆེན་པོ་ཉིད༔ སྙིང་རྗེའི་གདལ་བ་ཀུན་ཏུ་སྣང་༔ དྷརྨ་དྷ་ཏུ་སྭ་བྷ་ཝ་བི་ཤུདྡྷེ་ཧཱུྃ་ཨཱཿདེ་ནས་རྒྱུ་ཡི་ཏིང་ངེ་འཛིན༔ རང་བྱུང་རྒྱུ་ཡི་ཧེ་རུ་ཀ༔ རིག་པ་ཧྲཱིཿཡིག་དམར་པོ་ཤར༔ རིམ་བརྩེགས་གཞལ་ཡས་ལྷ་བསྐྱེད་རྒྱུ༔ ཧཱུྃ་ཧྲཱིཿཁྱབ་གདལ་སྟོང་པའི་ངང་ཉིད་ལས༔ རང་བྱུང་རྒྱུ་ཡི་ཡི་གེ་ཧྲཱིཿདམར་གསལ་ཐིག་ལེའི་ཀློང་དུ་ཤར༔ འོད་ཟེར་འཕྲོ་འདུས་ངོ་བོར་གསལ༔ ཨོཾ་བཛྲ་ཙིཏྟ་ཧཱུྃ་ཨཱཿསྣང་བ་ལྷ་ཡི་གཞལ་ཡས་ཁང་༔ སྲིད་པ་སྒྱུ་མའི་ལྷ་རུ་གསལ༔ སྒྲ་གྲགས་དག་པ་སྔགས་ཀྱི་སྒྲ༔ ཕྱི་ཡི་དཀྱིལ་འཁོར་རྣམ་པ་གསུམ༔ རང་ལུས་བདེ་ཆེན་གཞལ་ཡས་ཁང་༔ སེམས་ཉིད་གནས་དག་ཡེ་ཤེས་ལྷ༔ སྨྲ་བརྗོད་སྔགས་ཀྱི་རང་སྒྲ་གསུམ༔ ནང་གི་དཀྱིལ་འཁོར་རྣམ་པ་གསུམ༔ ངོ་བོ་སྟོང་པ་གཞལ་ཡས་ཁང་༔ རང་བཞིན་གསལ་བ་མཁའ་འགྲོའི་སྐུ༔ ཀུན་ཁྱབ་ཐུགས་རྗེའི་སྒྱུ་འཕྲུལ་གར༔ གསང་བའི་དཀྱིལ་འཁོར་རྣམ་པ་གསུམ༔ སྟོང་པ་འོག་མིན་གཞལ་ཡས་ཁང་༔ ངོ་བོ་ཆོས་སྐུའི་དཀྱིལ་འཁོར་ལ༔ རང་བཞིན་ལོངས་སྤྱོད་རྫོགས་སྐུའི་དལ༔ ཐུགས་རྗེ་སྤྲུལ་སྐུའི་དཀྱིལ་འཁོར་རྫོགས༔ ཡང་གསང་དཀྱིལ་འཁོར་རྣམ་གསུམ་མོ༔ ཧྲཱིཿལས་འོད་ཟེར་རབ་འཕྲོས་པས༔ རང་བྱུང་འབྱུང་བ་རིམ་བརྩེགས་སྟེང་༔ ཡེ་ཤེས་ལྔ་ལས་གྲུབ་པ་ཡི༔ རིམ་ལྔ་སྲུང་བའི་འཁོར་ལོའི་དབུས༔ ལྷུན་གྲུབ་མཚན་རྫོགས་གཞལ་ཡས་ཁང་༔ འོད་དང་འཇའ་ཚོན་དྲྭ་བ་འཁྲིགས༔ སྟོང་པའི་དབྱིངས་སུ་འཇའ་ལྟར་ཤར༔ བྷྲཱུྃ་ཧཱུྃ་བྷྲཱུྃ་བི་ཤྭ་བི་ཤུདྡྷེ་ཨེ་ཛྙཱ་ན་ཙཀྲ་མཎྜ་ལ་བྷྲཱུྃ་ཧཱུྃ་ཨཱཿརང་བྱུང་བདེ་ཆེན་གཞལ་ཡས་དབུས༔ མ་ཆགས་པདྨ་བཞད་པའི་ཁར༔ སྐྱོན་བྲལ་ཉི་མའི་གདན་སྟེངས་སུ༔ བདུད་བགེགས་ལོག་འདྲེན་བསྣོལ་བའི་སྟེང་༔ རང་ཉིད་གསང་བ་ཡེ་ཤེས་སྐུ༔ དམར་མོ་ཞལ་གཅིག་ཕྱག་གཉིས་པ༔ ཕྱག་གཡས་གྲི་གུག་ནམ་མཁར་ཕྱར༔ གཡོན་པས་ཐོད་ཁྲག་ཐུགས་ཀར་བསྣམས༔ ཁ་ཊྭཱྃ་རྩེ་གསུམ་མཆན་དུ་བཅུག༔ སྤྱན་གསུམ་ནམ་མཁའི་དབྱིངས་ལ་གཟིགས༔ ཞི་མ་ཁྲོ་འཛུམ་གཟི་འོད་འབར༔ དབུ་སྐྲ་སིལ་མས་སྐུ་རྒྱབ་ཁེབས༔ གཅེར་བུ་རུས་པའི་རྒྱན་དྲུག་དང་༔ པད་དཀར་ཕྲེང་བའི་དོ་ཤལ་མཛེས༔ གཡས་བསྐུམ་རྟིང་པ་བྷ་གར་གཏད༔ གཡོན་པས་རོ་ཡི་སྙིང་གར་བརྫིས༔ མཚན་དཔེས་མཛེས་ཤིང་གཞོན་ནུའི་ཚུལ༔ ནུ་འབུར་པདྨོ་རབ་ཏུ་རྒྱས༔ འཇའ་དང་འོད་ཀྱི་ཀློང་དུ་གསལ༔ སྤྱི་བོར་འོད་ཐིག་ཟླ་དཀྱིལ་དུ༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ མཐིང་ནག་རྒྱན་མེད་གཅེར་བུ་ལ༔ རྡོ་རྗེ་སྐྱིལ་ཀྲུང་མཉམ་བཞག་ཅན༔ རྒྱལ་ཀུན་ཡུམ་གྱི་ངོ་བོར་བཞུགས༔ མདུན་དུ་ཡེ་ཤེས་འོད་ཀློང་དུ༔ པདྨ་ཟླ་རྒྱས་ལྟེ་བ་རུ༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ མདངས་ལྡན་བཅུ་དྲུག་ལོན་པའི་ཚུལ༔ དཀར་མོ་ཞི་འཛུམ་མཚན་དཔེས་བརྒྱན༔ གཅེར་བུ་རུས་པའི་རྒྱན་དྲུག་དང་༔ རིན་ཆེན་སྣ་ཚོགས་རྒྱན་གྱིས་སྤྲས༔ ཕྱག་གཉིས་གྲི་གུག་ཐོད་ཁྲག་བསྣམས༔ གར་སྟབས་ལྕང་ལོས་སྐུ་རྒྱབ་ཁེབས༔ ཕྱོགས་བཞི་པདྨ་འདབ་བཞི་ཡི༔ ཤར་ཕྱོགས་རྡོ་རྗེ་མཁའ་འགྲོ་མ༔ དཀར་མོ་གྲི་ཐོད་ཁ་ཊྭཱྃ་ཀ༔ གཅེར་བུ་གར་སྟབས་རུས་རྒྱན་ཅན༔ དཀར་མོ་བྱེ་བ་འབུམ་གྱིས་བསྐོར༔ ལྷོ་རུ་རིན་ཆེན་མཁའ་འགྲོ་མ༔ སེར་མོ་གྲི་ཐོད་ཁ་ཊྭཱྃ་ཀ༔ གཅེས་བུ་གར་སྟབས་རུས་རྒྱན་ཅན༔ སེར་མོ་བྱེ་བ་འབུམ་གྱིས་བསྐོར༔ ནུབ་ཏུ་པདྨ་མཁའ་འགྲོ་མ༔ དམར་མོ་གྲི་ཐོད་ཁ་ཊྭཱྃ་ཀ༔ གཅེར་བུ་གར་སྟབས་རུས་རྒྱན་ཅན༔ དམར་མོ་བྱེ་བ་འབུམ་གྱིས་བསྐོར༔ བྱང་དུ་ལས་ཀྱི་མཁའ་འགྲོ་མ༔ ལྗང་མོ་གྲི་ཐོད་ཁ་ཊྭཱྃ་ཀ༔ གཅེར་བུ་གར་སྟབས་རུས་རྒྱན་ཅན༔ ལྗང་མོ་བྱེ་བ་འབུམ་གྱིས་བསྐོར༔ ཀུན་ཀྱང་མཚན་དཔེས་རབ་བརྒྱན་ཅིང་༔ བཅུ་དྲུག་དགའ་མའི་ལང་ཚོ་ཅན༔ ལྗང་སྔོན་རལ་པས་སྐུ་རྒྱབ་ཁེབས༔ ནུ་འབུར་པདྨོ་རབ་ཏུ་རྒྱས༔ སྤྱན་གསུམ་ནམ་མཁའི་དབྱིངས་སུ་གཟིགས༔ ཞལ་འཛུམ་སྙན་ཆ་རིགས་ཀྱི་མདོག༔ རིན་པོ་ཆེ་ཡི་ཝང་མིག་མཛེས༔ ཡེ་ཤེས་འོད་ལྔའི་ཀློང་དུ་གསལ༔ སྒོ་བཞིར་ལས་ཀྱི་སྒོ་མ་བཞི༔ ཤར་དུ་སྒོ་མ་ལྕགས་ཀྱུ་མ༔ དཀར་མོ་ལྕགས་ཀྱུ་ཐོད་ཁྲག་བསྣམས༔ གཅེར་བུ་གར་སྟབས་ཁ་ཊྭཱྃ་ཀ༔ ལྷོ་སྒོར་སྒོ་མ་ཞགས་པ་མ༔ སེར་མོ་ཞགས་པ་ཐོད་ཁྲག་བསྣམས༔ གཅེར་བུ་གར་སྟབས་ཁ་ཊྭཱྃ་ཀ༔ ནུབ་སྒོར་སྒོ་མ་ལྕགས་སྒྲོག་མ༔ དམར་མོ་ལྕགས་སྒྲོག་ཐོད་ཁྲག་བསྣམས༔ གཅེར་བུ་གར་སྟབས་ཁ་ཊྭཱྃ་ཀ༔ བྱང་སྒོར་སྒོ་མ་དྲིལ་བུ་མ༔ ལྗང་མོ་དྲིལ་བུ་ཐོད་ཁྲག་བསྣམས༔ གཅེར་བུ་གར་སྟབས་ཁ་ཊྭཱྃ་ཀ༔ ཀུན་ཀྱང་ཁྲོ་ཚུལ་རྔམས་པའི་སྐུ༔ རུས་རྒྱན་མེ་འབར་གཏུམ་རྔམས་ཞལ༔ དམར་སེར་རལ་པ་གྱེན་དུ་བརྫེས༔ རང་འདྲའི་སྤྲུལ་པ་གློག་ལྟར་འཁྱུགས༔ ཕྲིན་ལས་བཞི་ལ་ཐོགས་མེད་ཅིང་༔ བར་ཆད་དགྲ་བགེགས་ཀུན་སྒྲོལ་ཏེ༔ ཚད་མེད་རྣམ་བཞིའི་ངོ་བོར་བཞུགས༔ ཕྱི་ནང་བར་ཁྱམས་ཐམས་ཅད་དུ༔ ཡེ་ཤེས་འཇིག་རྟེན་མཁའ་འགྲོ་དང་༔ ཤ་ཟ་ཤུགས་འགྲོ་མ་མོ་དང་༔ གནས་ཡུལ་དུར་ཁྲོད་བདག་མོའི་ཚོགས༔ ཏིལ་གོང་ཁ་ཕྱེས་བཞིན་དུ་གསལ༔ གནས་གསུམ་ཡི་གེ་གསུམ་གྱིས་མཚན༔ འོད་འཕྲོས་འོག་མིན་མཁའ་སྤྱོད་ནས༔ རབ་འབྱམས་རྒྱལ་བ་ཞི་ཁྲོའི་ཚོགས༔ དམ་ཚིག་དབང་གིས་ཐུགས་རྒྱུད་བསྐུལ༔ ཁ་བ་བབས་ལྟར་སྤྱན་དྲངས་ནས༔ བདག་མདུན་རྣམས་ལ་གཉིས་མེད་དུ༔ ཆུ་ལ་ཆུ་བཞག་ཅི་བཞིན་བསྒོམ༔ ཨ་གུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧྲཱ་ིཿམ་ཧ་རི་ནི་ས་ར་ཙ་ཧྲཱིཿཡ་ཙིཏྟ་ཧྲིཾ་ཧྲིཾ་བཛྲ་ས་མ་ཡ༔ ཛ་ཛཿཛཿཧཱུྃ་བཾ་ཧོཿདེ་ནས་རང་རིག་ལྷ་ཉིད་ཀྱང་༔ མ་རིག་དྲི་མ་བསལ་ཕྱིར་དང་༔ ལུས་སེམས་དབྱེར་མེད་ཡེ་ཤེས་ལྷའི༔ སྐུ་གསུང་ཐུགས་སུ་བསྒོམ་པ་ཡིས༔ མཐར་ཐུག་འོད་གསལ་ཆོས་སྐུར་སྨིན༔ རང་སྣང་རང་དབང་བསྐུར་བའི་ཕྱིར༔ ཡེ་ཤེས་སྤྱན་དྲངས་བསྟིམ་པར་བྱ༔ དོན་ལ་རང་རིག་ཡེ་ཤེས་ལྷ༔ ཕྱི་རུ་འཛིན་ཡུལ་ཞེན་མེད་སྟོང་༔ མིང་གིས་སོ་སོར་དབྱེ་ཙམ་ལས༔ རང་རིག་ལས་ནི་ཐ་མི་དད༔ འོན་ཀྱང་རང་རིག་ལྷར་གནས་ཀྱང་༔ ཡེ་ཤེས་ཕྱི་ནས་སྤྱན་འདྲེན་ནི༔ ངོ་བོ་ཆོས་སྐུ་མངོན་གྱུར་ཕྱིར༔ རང་སྣང་རང་དབང་བསྐུར་ཕྱིར་རོ༔ དེ་ཕྱིར་འཁོར་འདས་རབ་འབྱམས་ནས༔ བཞུགས་པའི་སངས་རྒྱས་བྱང་སེམས་དང་༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས༔ ཡེ་ཤེས་མཁའ་འགྲོའི་རྣམ་རོལ་དུ༔ ཁ་བ་བབས་ལྟར་སྤྱན་དྲངས་ནས༔ བདག་དང་མདུན་བསྐྱེད་ལྷ་རྣམས་ལ༔ ཆུ་ལ་ཆུ་བཞིན་གཉིས་མེད་བསམ༔ ཧཱུྃ་ཧྲཱིཿའོག་མིན་གནས་དང་མཁའ་སྤྱོད་ནས༔ ཆོས་སྐུ་ཡུམ་ཆེན་ཀུན་བཟང་མོ༔ ལོངས་སྐུ་གསང་བ་ཡེ་ཤེས་དང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ སྒྱུ་འཕྲུལ་དཔག་ཡས་མཁའ་འགྲོའི་གར༔ ཡེ་ཤེས་དབྱིངས་སུ་ཐ་མི་དད༔ དོན་ལ་སྐུ་གསུམ་མཁའ་འགྲོ་དང་༔ མ་ངེས་གར་བསྒྱུར་སྒྱུ་འཕྲུལ་གྱིས༔ མ་ཚོགས་མཁའ་འགྲོ་རྒྱ་མཚོར་བཅས༔ སྒྲུབ་མཆོག་བྱིན་གྱིས་བརླབས་པ་དང་༔ མཆོག་ཐུན་དངོས་གྲུབ་སྩོལ་བ་དང་༔ འཁོར་བའི་དབྱིངས་སུ་སྒྲོལ་བའི་ཕྱིར༔ གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ དམ་ཚིག་དབང་གིས་སྤྱན་འདྲེན་ནོ༔ བརྩེ་བའི་ཐུགས་ཀྱིས་གཤེགས་སུ་གསོལ༔ མ་ཚོགས་མཁའ་འགྲོ་རྒྱ་མཚོའི་ཚོགས༔ ནམ་མཁར་སྐར་ཚོགས་བཞིན་འཁྲིག་ཅིང་༔ བར་སྣང་སྤྲིན་དཔུང་བཞིན་འཐིབ་སྟེ༔ ས་གཞིར་ཆར་ལྟར་འབབས་པ་བཞིན༔ སྒྲུ་འཕྲུལ་གར་གྱིས་གཤེགས་སུ་གསོལ༔ བཛྲ་ས་མ་ཡ༔ ཛཿཧཱུྃ་བཾ་ཧོཿདེ་ནས་བཞུགས་སུ་གསོལ་བ་ནི༔ རང་སྣང་ཀློང་ལས་ཡེ་ཤེས་པ༔ སྒྱུ་མའི་འཕྲུལ་བཞིན་བཞེངས་ཏེ་བསྟིམ༔ དམ་ཚིག་ཡེ་ཤེས་གཉིས་མེད་དུ༔ བསྟིམ་ལ་འགྱུར་མེད་རྡོ་རྗེའི་ངང་༔ ཧཱུྃ་ཧྲཱིཿགདོད་ནས་རང་རིག་ཆོས་ཀྱི་སྐུ༔ དམ་ཚིག་པ་དང་ཡེ་ཤེས་པ༔ གཉིས་མེད་ལྷུན་རྫོགས་རྡོ་རྗེའི་ངང་༔ འགྱུར་མེད་ཆོས་སྐུའི་ངོ་བོར་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ མེ་ཉིད་ལས་ནི་མེ་སྟག་དང་༔ ཆུ་ལས་ཆུ་ལྦུར་ཇི་བཞིན་དུ༔ རང་ལས་སྤྲུལ་པའི་རང་འདྲ་ཡིས༔ རང་རིག་ལྷ་ལ་རང་ཕྱག་འཚལ༔ ཧཱུྃ་ཧྲཱིཿསྐྱེ་མེད་ཡེ་ཤེས་ཀུན་བཟང་མོ༔ འགགས་མེད་གསང་བ་ཡེ་ཤེས་དང་༔ ཕྱོགས་མེད་ཡེ་ཤེས་མཚོ་རྒྱལ་མ༔ སྒྱུ་འཕྲུལ་གར་གྱི་རོལ་པ་ལས༔ མཁའ་འགྲོའི་ཚོགས་ལ་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿསྣང་སྲིད་མཆོད་པའི་སྤྲིན་ཆེན་པོ༔ ནམ་མཁའི་ངོ་བོ་མི་ཟད་གཏེར༔ ཡེ་ནས་ལྷུན་གྲུབ་ཤེས་པ་ཉིད༔ མཆོད་པ་ཀུན་གྱི་མཆོག་ཆེན་པོ༔ ཧཱུྃ་ཧྲཱིཿསྣང་ཞིང་སྲིད་པའི་ཁམས་འདི་ན༔ གཟུང་བ་ཡུལ་གྱི་ཆོས་སོ་ཅོག༔ མཆོད་སྤྲིན་མི་ཟད་གཏེར་དུ་ཤར༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ གསང་བ་ཡེ་ཤེས་དཀྱིལ་འཁོར་ལ༔ ཚོགས་གཉིས་རྫོགས་ཕྱིར་མཆོད་པ་འབུལ༔ གསང་བ་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པཱུ་ཛ་ཧོཿརཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པཱུ་ཛ་ཧོཿཨོཾ་ཨཱཿཧཱུྃ༔ ཡེ་ཤེས་བྷནྡྷ་ཡངས་པའི་ནང་༔ རྩ་བརྒྱད་སྟོང་སྦྱར་སྨན་ཆེན་པོ༔ ཡེ་ཤེས་འོད་ཟེར་རླངས་པ་འཕྱུར༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འཁྲིགས༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་ཨ་མྲྀ་ཏ་ལ་ཁཱ་ཧི༔ ཧཱུྃ་ཧྲཱིཿཡེ་ཤེས་དབྱིངས་ཀྱི་བྷནྡྷ་རུ༔ འཁོར་བ་དབྱིངས་སྒྲོལ་རཀྟ་འཁྱིལ༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་རཀྟ་ཁཱ་ཧི༔ ཧཱུྃ་ཧྲཱིཿསྤྱི་སྣོད་འཇིག་རྟེན་གཏོར་གཞོང་དུ༔ ནང་བཅུད་སེམས་ཅན་གཏོར་མར་བཤམས༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ མ་ཧཱ་བ་ལིཾ་ཏ་ཁཱ་ཧི༔ ཧཱུྃ་ཧྲཱིཿསྣང་བ་ཡབ་ལ་སྟོང་པ་ཡུམ༔ ཡབ་ཡུམ་སྦྱོར་བའི་བྱེད་ལས་ཀྱིས༔ བདེ་བའི་རོ་སྙོམས་མཆོད་པ་འབུལ༔ མི་བསྒྲལ་ཤུགས་ཀྱིས་སྒྲོལ་བ་ཡི༔ བྱང་སེམས་དཀར་དམར་བདེ་བའི་བཅུད༔ འཁོར་བ་དབྱིངས་སྒྲོལ་ཤ་རུས་ཁྲག༔ སྐུ་གསུམ་མཁའ་འགྲོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་ཐུན་དངོས་གྲུབ་སྩོལ༔ ཨོཾ་བོ་དྷི་ཙིཏྟ་ཏ་ན་ག་ན་གུ་ཧྱ་སརྦ་པཱུ་ཛ་ཧོཿརང་སེམས་ཆོས་སྐུའི་ངོ་བོར་བཞུགས༔ རང་རྩལ་རྫོགས་པའི་ཡེ་ཤེས་ལྷ༔ རང་ངོ་རིག་པའི་ངོ་མཚར་གྱིས༔ གདུང་དབྱངས་གར་བསྒྱུར་རོལ་མོས་བསྟོད༔ ཧཱུྃ་ཧྲཱིཿཆོས་སྐུའི་ཞིང་ན་ཀུན་བཟང་མོ༔ ལོངས་སྐུ་གསང་བ་ཡེ་ཤེས་དང་༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མ༔ སྤྲུལ་པ་གར་གྱི་སྒྱུ་འཕྲུལ་ངོམས༔ གསང་ཆེན་མཁའ་འགྲོའི་དཀྱིལ་འཁོར་ལ༔ གཉིས་མེད་ཡིད་ཀྱི་ཕྱག་འཚལ་བསྟོད༔ རབ་འབྱམས་རྒྱལ་བའི་ཡུམ་ཆེན་མོ༔ ལོངས་སྤྱོད་རྫོགས་པའི་སྐུར་སྟོན་པ༔ མ་ཅིག་གསང་བ་ཡེ་ཤེས་ཀྱི༔ སྐུ་ཡི་སྤྲུལ་པས་འཁོར་འདས་ཁྱབ༔ གསུང་གི་ང་རོས་ཁམས་གསུམ་དབང་༔ ཐུགས་ལས་རབ་འབྱམས་མཁའ་འགྲོ་འགྱེད༔ ཡོན་ཏན་སྤྲུལ་པས་ལོག་རྟོག་འདུལ༔ ཕྲིན་ལས་གར་གྱིས་འཁོར་བ་འཇོམས༔ རང་བྱུང་ཡེ་ཤེས་མཁའ་འགྲོ་མ༔ རང་ངོ་རིག་པས་ཕྱག་འཚལ་བསྟོད༔ ཆོས་སྐུ་ཡུམ་ཆེན་ངོ་བོ་ཉིད༔ ལོངས་སྐུའི་མཁའ་འགྲོ་ཀུན་གྱི་གཞི༔ སྤྲུལ་སྐུའི་མཁའ་འགྲོའི་སྤྱི་རྗེ་མོ༔ རང་སེམས་ཆོས་ཉིད་རོལ་པ་རུ༔ གནས་དག་ཡེ་རིག་སྟོང་གསལ་གྱི༔ གཞི་ལས་རྡོ་རྗེ་རྣལ་འབྱོར་མ༔ རང་ཤར་རིག་པས་ཕྱགས་འཚལ་བསྟོད༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ལ༔ ཚེ་འདིར་མཆོག་གི་དངོས་གྲུབ་ཀུན༔ འབད་མེད་རང་བྱུང་མངོན་ཐོབ་ཅིང་༔ ཀ་དག་ཆོས་སྐུའི་ཀློང་ཡངས་སུ༔ གཞོན་ནུ་བུམ་སྐུར་དབང་འབྱོར་ཤོག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རང་རིག་ཀུན་བྱེད་རྒྱལ་པོ་ཉིད༔ གདོད་ནས་ཡུམ་ཆེན་ངོ་བོར་གནས༔ རྟོག་ཚོགས་ཡེ་དག་སྒྱུ་འཕྲུལ་གར༔ རང་ངོར་རྫོགས་སོ་ཕྱི་རབས་རྣམས༔ འདི་ལས་གཞན་དུ་འཚོལ་ན་འཁྲུལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཐུགས་སྒྲུབ་ཡེ་ཤེས་ཉི་མ་ཞེས༔ ཡང་གསང་མཁའ་འགྲོ་འདུས་པ་ནི༔ ཉམས་སུ་ལེན་པའི་གང་ཟག་རྣམས༔ མི་མཐུན་ཕྱོགས་ལས་རྣམ་རྒྱལ་ཞིང་༔ མཆོག་ཐུན་དངོས་གྲུབ་ཀུན་ཐོབ་ཅིང་༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ འདི་ཉིད་སྒྲུབ་པ་ཀུན་གྱི་བཅུད༔ པདྨ་བདག་གི་སྙིང་ཐིག་མཆོག༔ ཡང་གསང་ཐུགས་སྒྲུབ་གསུམ་པ་ནི༔ མ་མོ་སྨུག་ནག་རལ་གཅིག་མ༔ དཔལ་ལྡན་སྲིད་རྒྱལ་རྣམ་བཞི་དང་༔ གནོད་སྦྱིན་ཤན་པ་བཀའ་འཁོར་དང་༔ ལྷ་བཙན་ནག་པོ་ཡབ་ཡུམ་བཅས༔ སྙིང་ཐིག་སྲུང་མ་ཡོངས་ལ་གཉེར༔ སྒྲུབ་མཆོག་སྐལ་ལྡན་བུ་རྣམས་ལ༔ མ་ཡི་བུ་བཞིན་གྲོགས་མཛོད་ཅིག༔ ས་མ་ཡ༔ དམ་ཉམས་བསྟན་དགྲ་བདུད་རིགས་དང་༔ ལྟ་ལོག་ངན་སྨྲ་མཁན་པོ་དང་༔ སེ་འཕང་ནག་པོའི་དབང་པོ་སྣུབས༔ ས་མ་ཡ༔ བཀའ་འདི་སྲུང་མ་ཁྱོད་རྣམས་ཀྱིས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བཀའ་རྒྱ༔ དགོངས་རྒྱ༔ གཉེར་རྒྱ༔ གསང་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ༠༠༠༠བརྡ་ཡིག༢༢༨ཡངས་གསང་ཐུགས་སྒྲུབ་ཡེ་ཤེས་ཉི་མ་འདི།།གར་དབང་གླིང་པ་བདུད་འཇོམས་རྡོ་རྗེ་ཡིས།།གསང་བའི་གནས་མཆོག་རྔ་རོལ་སྟག་རྩེ་ཡི།།གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་པའོ།།མི་ལོ་གསུམ་གྱི་བར་དུ་བཀའ་རྒྱ་བྱས་ནས་སུ།།དེ་མཐར་མཁའ་འགྲོའི་འདུ་གནས་འབྲོས་ཕུག་ཏུ།།དག་པར་ཕབ་པའི་ཡི་གེའི་རིས་བྱེད་ནི།།ཧོར་གྱི་བནྡེ་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།ལེགས་སོ།།ཨྠིྀ།།།།