TTDL-ZABTER-09-TA-037

From Dudjom Wiki
Revision as of 09:38, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-09-TA-037
Wylie title TTDL-ZABTER-09-TA-037.pdf
Location bdud 'joms gling pa zab gter
Volume 9, Text 37, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༢༥༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་ཡེ་ཤེས་ཉི་མའི་ཕྱི་སྒྲུབ༔ ཟབ་མོའི་གཅོད་ཀྱི་མན་ངག་ལས༔ བསྟན་སྲུང་བཙན་རྒོད་ཆེན་པོའི་སྲོག་དབང་བསྟན་དགྲའི་སྲོག་འཇོམས་དུག་མདའི་གཏེར་མཛོད་བཞུགས་སོ༔ ༠༠༠༠བརྡ་ཡིག༢༥༨བཙན་རྒོད་ཆེན་པོའི་སྲོག་དབང་འདིའི༔ ལག་ལེན་རིམ་པ་འདི་ལྟར་རོ༔ བཙན་བཤོས་དམར་པོ་མེ་རིས་བརྒྱན༔ དེ་ལ་དར་དམར་བཙན་མདའ་བཙུག༔ དབང་ཙཀ་བསྐྱེད་ཆོག་ཇི་བཞིན་དང་༔ ཙཿཡིག་དམར་པོ་སྔགས་འཁོར་ཅན༔ བཙན་མདུང་བཙན་ཞགས་གྭའུ་གསུམ༔ དེ་དག་སྐུ་གསུང་ཐུགས་ཀྱི་རྟེན༔ དམ་ཆུ་དང་ནི་མཁར་གསིལ་དང་༔ རྡོ་རྗེ་རྩེ་ལྔ་འདི་དག་གསུམ༔ མནའ་ཐོ་དམ་བཅའ་བྱ་བའི་རྫས༔ འདའ་དཀའ་མི་འདའ་དབང་གི་རྫས༔ མཆོད་རྫས་བཤམས་ཞིང་གཞུང་བསྲང་བསྒྲུབ༔ ཡི་དམ་ལྷ་ཡི་དབང་རྫོགས་མཐར༔ ཀྱཻ༔ བཙན་རྒྱལ་ཤན་པ་སྐྱ་གཅིག་ཁྱོད༔ ཡུལ་བདུན་དབང་ཕྱུག་གནས་བདུན་དུ༔ ཆ་ལུགས་མ་ངེས་བདུན་དུ་སྟོན༔ སྤྲུལ་པའི་ཕོ་ཉ་རླུང་ལས་མགྱོགས༔ དྲག་རྩལ་རྡོ་རྗེའི་ཐོག་ལས་ཆེ༔ མྱུར་མགྱོགས་ནམ་མཁའི་གློག་ལས་ཆེ༔ སྔོན་ཚེ་ཐུབ་པའི་དབང་པོ་དང་༔ པདྨ་ཐོད་ཕྲེང་བཀའ་བཞིན་དུ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ འདིར་གཤེགས་གཏོར་མའི་རྟེན་ལ་བཞུགས༔ མནའ་ཐོ་དམ་བཅའ་དུས་འདིར་བྱ༔ ནཱ་ག་ཙནྟྲི་ཡཀྴ་ས་མ་ཡ་ཛཿཧཱུྃ་བཾ་ཧོ༔ ཏིཥྛ་ལྷན༔ དེ་ནས་མནའ་ཐོ་བྱ་བ་ནི༔ ཧོཿསྐལ་ལྡན་སློབ་བུ་དགོངས་སུ་གསོལ༔ བཙན་རྒྱལ་ཆེན་པོ་དགོངས་སུ་གསོལ༔ མཆོད་གསོལ་སྐལ་ལྡན་བུ་ཡིས་མཛོད༔ བརྩེ་གྲོགས་བཙན་རྒྱལ་ཆེན་པོས་མཛོད༔ ཕ་མ་བུ་ཚ་ཇི་བཞིན་དུ༔ དབྱེར་མེད་གྲོགས་མཛོད་འདོད་དོན་སྒྲུབས༔ དགྲ་བགེགས་མ་ལུས་ཚར་གཅོད་ཅིག༔ བཙན་རྒྱལ་སྲོག་གི་སྤུ་གྲི་ཁྱོད༔ གང་ལྟར་བསྟེན་ཀྱང་བརྩེ་གདུང་སེམས༔ སྙིང་མ་སྲ་ལ་ཚུལ་མ་ངན༔ རུ་ང་ཕྲག་དོག་མ་མཛད་པར༔ རྣལ་འབྱོར་བསམ་པའི་དོན་ཀུན་སྒྲུབ༔ བར་ཆད་ཐམས་ཅད་བཟློག་པར་མཛོད༔ མ་བུ་བཞིན་དུ་བརྩེ་གདུང་ཞིང་༔ ལུས་དང་གྲིབ་མ་བཞིན་འགྲོགས་མཛོད༔ དམ་ལ་མ་འདའ་དམ་ལོང་ལ༔ མནའ་ཐོ་མཛོད་ཅིག་ས་མ་ཡ༔ ཞེས་བསྟན་སྲུང་ཆེན་པོ་དང་སློབ་མ་གཉིས་ཀྱིས་མནའ་ཐོ་བྱེད་པར་བསམ་ལ༔ བསེག་ཤང་དང་རྡོ་རྗེ་བསྟན་ཏེ༔ ས་མ་ཡ་ན་ར་ཀན༔ ན་མོ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་ས་མ་ཡ་དཔང་མཛོད༔ དེ་ནས་དམ་ཆུ་ཐོགས་ལ༔ ཧོཿསྒྲུབ་པ་སྐལ་ལྡན་བུ་ཡིས་བསྒྲུབ༔ དབྱེར་མེད་གྲོགས་མཛོད་བཙན་རྒྱལ་ཆེ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ བསྲུང་ན་མཆོག་གི་དངོས་གྲུབ་ཐོབ༔ ཉམས་ན་མགོ་འགས་དམྱལ་བར་གཏོང་༔ རྡོ་རྗེའི་བཀའ་ཉོན་དམ་ཚིག་སྲུངས༔ ས་མ་ཡ་ན་ར་ཀན༔ ཞེས་རྡོ་རྗེའི་རྩེ་ནས་དམ་ཆུ་བླུད༔ དེ་ནས་བཙན་རྒྱལ་ཆེན་པོའི་སྐུ་ཐོགས་ལ༔ ཧོཿདགྲ་སྲོག་དམར་པོ་མྱུར་གཅོད་ཅིང་༔ རྣལ་འབྱོར་བུ་བཞིན་སྐྱོང་བའི་གྲོགས༔ བཙན་རྒྱལ་ཤན་པ་ཀུས་འདེབས་སྐུ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ས་མ་ཡེ་སྭཱ་ཧཱ༔ དེ་ནས་སྔགས་འཁོར་ཐོགས་ལ༔ ཧཱུྃ༔ སྔགས་ཀྱི་འཁོར་ལོ་ངག་གི་བཅུད༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ བཙན་རྒྱལ་ཤན་པ་ཆེན་པོ་ཡི༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ནཱ་ག་ཙནྟྲི་ས་མ་ཡ་ཝཱཀ་ཨ་བྷི་ཥིཉྩ་ས་མ་ཡེ་སྭཱ་ཧཱ༔ དེ་ནས་ཙཿདམར་པོ་ཐོགས་ལ༔ ཧཱུྃ༔ ཙཿནི་བཙན་རྒྱལ་སྲོག་ཐིག་ཉིད༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ བཙན་རྒྱལ་ཤན་པ་ཆེན་པོ་ཡི༔ ཐུགས་དང་སྲོག་ལ་དབང་ཐོབ་ཤོག༔ ནཱ་ག་ཙནྟྲི་ས་མ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ས་མ་ཡེ་སྭཱ་ཧཱ༔ དེ་ནས་མདུང་ཞགས་ཐོགས་ལ༔ ཧཱུྃ༔ བཙན་མདུང་དམར་པོས་བསྟན་དགྲ་བསྒྲལ༔ བཙན་ཞགས་དམར་པོས་དམ་ཉམས་འཆིངས༔ བཙན་གྱི་མདུང་ཞགས་འདེབས་འཆིངས་མཚོན༔ འདི་ནི་བཙན་གྱི་མཚོན་ཆ་སྟེ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ ཕ་རོལ་རྒོལ་ངན་སྒྲོལ་འཆིངས་ཤོག༔ རྩ་སྔགས་དང་༔ སརྦ་ཨ་བྷི་ཥིཉྩ་ས་མ་ཡེ་སྭཱ་ཧཱ༔ དེ་ནས་བཙན་མདའ་དམར་པོ་ཐོགས་ལ༔ ཧཱུྃ༔ བཙན་མདའ་དམར་པོ་ཟངས་གཞུ་བཅས༔ བཙན་གྱི་ཕྲིན་ལས་ཆ་ཡིན་པས༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ ཕྲིན་ལས་དབང་བསྒྱུར་དབང་ཐོབ་ཤོག༔ རྩ་སྔགས་དང་༔ ཨ་བྷི་ཥིཉྩ་ས་མ་ཡེ་སྭཱ་ཧཱ༔ དེ་ནས་གྭའུ་ཐོགས་ལ༔ ཧཱུྃ༔ རྫོང་ཁྲོམ་གྭའུ་དམག་གི་རྫོང་༔ བཙན་རྒྱལ་སྤྲུལ་འཁོར་མ་ལུས་རྫོགས༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ བཙན་གྱི་སྲོག་ལ་དབང་ཐོབ་ཤོག༔ རྩ་སྔགས༔ ས་པ་རི་ཝཱ་ར་སརྦ་ཙིཏྟ་ཨ་བྷི་ཥིཉྩ་ས་མ་ཡེ་སྭཱ་ཧཱ༔ དེ་ནས་ནོར་བུ་ཐོགས་ལ༔ ཧཱུྃ༔ ནོར་བུ་རིན་ཆེན་འདོད་རྒུས་ཕྱུག༔ བཙན་གྱི་ཟས་ནོར་དཀོར་གྱི་མཛོད༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ བསོད་ནམས་ནོར་ལ་དབང་ཐོབ་ཤོག༔ རྩ་སྔགས༔ རཏྣ་མངྒ་སྭསྟི་ཨ་བྷི་ཥིཉྩ་ས་མ་ཡེ་སྭཱ་ཧཱ༔ དེ་ནས་གཏོར་མ་ཐོགས་ལ༔ ཧཱུྃ༔ སྔོན་བྱོན་རིག་འཛིན་བྱིན་རླབས་མཐུ༔ ཆོས་ཉིད་ངོ་བོ་གདོད་ནས་དག༔ རྟེན་འབྲེལ་བསླུ་བ་མེད་པའི་མཐུས༔ བཙན་རྒྱལ་གཏོར་མར་བསྒྲུབ་བསྟིམ་སྟེ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ བརྟེན་བསྒྲུབ་བསྙེན་མཆོད་གསོལ་བསྟོད་བསྐུལ༔ ཀུན་ལ་རང་དབང་ཐོབ་པར་ཤོག༔ དེ་ནས་ཧོམ་ཁུང་དང་ཐུན་ཆ་ཐོགས་ལ༔ ཧཱུྃ༔ སྲུབ་མེད་སྲ་མཁྲེགས་བཙོན་ཁང་དང་༔ ཐོགས་མེད་ལས་ཀྱི་མཚོན་ཐུན་ཚོགས༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ བསྐུལ་དམོད་འགུགས་གསོད་བསྒྲལ་འདྲེན་ལས༔ གང་ལ་ཐོགས་མེད་གསང་བདག་བཞིན༔ དྲེགས་པའི་མཐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཨེ་ཁཾ་དགྲ་བགེགས་མཱ་ར་ཡ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་བཙན་ཤིང་སོར་དགུ་དང་ཤྭ་ཐོགས་གླིང་དགུ་ཐོགས་ལ༔ ཧཱུྃ༔ བཙན་གྱི་ཤྭ་དམར་བཙན་མཁར་རྫོང་༔ གླིང་དགུའི་ལེགས་ཉེས་ཀུན་དབང་བསྒྱུར༔ བཙན་ཤིང་སོར་དགུས་ལས་ལ་ཁོལ༔ སྐལ་ལྡན་བུ་ལ་གཏད་པ་ཡིས༔ མ་སྲིང་གྲོགས་བྲན་སྡེ་མཚོན་ཀུན༔ དམར་པོ་བཙན་གྱིས་བྱེད་བསྒྲུབ་པའི༔ བཙན་གྱི་སྲོག་ལ་དབང་ཐོབ་ཤོག༔ རྩ་སྔགས༔ སརྦ་སིདྡྷི་ཨ་བྷི་ཥིཉྩ་ས་མ་ཡེ་སྭཱ་ཧཱ༔ དེ་ནས་པྲ་མོའི་ཤྭ་ཐོགས་ལ༔ ཧཱུྃ༔ བཙན་ཤྭ་དམར་པོས་ལེགས་ཉེས་ཤན་འབྱེད་དེ༔ ཀུན་ཤེས་ཀུན་གསལ་སྟོན་པ་བཙན་གྱིས་མཛོད༔ གསལ་སྒྲིབ་མེད་པའི་ཀུན་ཤེས་པྲ་མོ་ཡི༔ སྒྲུབ་མཆོག་སྐལ་ལྡན་སློབ་མར་དབང་ཐོབ་ཤོག༔ ཀུན་ཤེས་ཀུན་གསལ་པྲ་མོ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ འདི་ཡིས་བསྟན་སྲུང་ལས་ལ་འཁོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་ལྔ་བརྒྱའི་སྙིགས་མའི་དུས༔ ང་ཡི་བརྒྱུད་འཛིན་སྐལ་ལྡན་རྣམས༔ གྲོགས་མེད་གཉན་ཁྲོད་འགྲིམ་པའི་ཚེ༔ གྲོགས་ཀྱི་སྐལ་པར་འདི་སྔགས་སོ༔ ཁྲག་འཐུང་རྡོ་རྗེ་གཤོག་རྒོད་བཀའ་བཞིན་དུ༔ བུད་མེད་མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ བཀའ་འདི་སྲིད་རྒྱལ་མ་མོ་རྣམ་བཞིར་བཅོལ༔ ཐུབ་པར་སྲུངས་ཤིག་བཛྲ་ས་མ་ཡ༔ ལྟ་ལོག་ངན་སྨྲ་མཁན་གྱི་སྙིང་ཁྲག་ཐང་ལ་ཕོས༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིག་འཛིན་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པའོ།།དགེའོ།།ཨྠིྀ།སརྦ་མངྒ་ལཾ།།