DJYD-KABUM-03-GA-001
DJYD-KABUM-03-GA-001
(1ན)༄༅། །ཧིམ བཱ ན མ ཧཱ བྷོ ཊ སྱ རཱ ཛྙཱ ཀྲ མ པིཎྚ པྲ ཀཱ ཤ ནྱཱ སྟཱ པཱུ རྦ པྲ སཱ ད ཀཱ ནྟ རྀ ངྔྷི ངྷ རྤ ཎ ནཱ མཱ བི ཧ ར ཏི སྨ། །། ༄༅། །གངས་ཅན་བོད་ཆེན་པོའི་རྒྱལ་རབས་འདུས་གསལ་དུ་བཀོད་པ་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་བཞུགས་སོ། ། (1བ)༈ སྡེབ་སྦྱོར་མཉམ་པའི་བྲྀཏྟ་ལས་ཡི་གེ་བཅུ་པ་དག་པའི་སྣང་བ་ཞེས་བྱ་བའི་པྲསྟཱ་རས་མཛེས་པའོ།། །། ༄། སཱུ རྻ བྷཱ ས མ པདྨ མ ངྷྱ མེ། ཀ རྤཱཾ ག ཏྱ ཛེ བྷི རྦྷ བཤྴ མཱཿ ། ༄༅། །པདྨའི་དབུས་ན་ཉི་མའི་ཐིགས་པ་བཞིན། ཐུགས་རྗེའི་ཆ་ཤས་ལྷུང་བས་སྲིད་དང་ཞིའི། ། (2ན)༄༅། །དགེ་ལེགས་མ་ཚང་མེད་པའི་དཔལ་ཡོན་ཏུ། །གསལ་མཛད་ཤཱཀྱའི་རྒྱལ་པོས་འགྲོ་འདི་སྲུངས། (2བ)རང་དང་གཞན་ལ་ཆགས་དང་སྡང་སྤངས་ཡང་། །ཐབས་མཁས་རྣམ་ཐར་གང་ལ་གང་འཚམས་གར། །མཐའ་ཡས་གཞན་ལ་རྟག་པར་སྨན་མཛད་དཔལ། །བདག་ཅག་ལྷ་སྐལ་བབས་པ་པད་དཀར་འཆང་། །སྲིད་འདིར་ཉི་བཞིན་གཟི་བྱིན་གྱིས་བརྗིད་ཅིང་། །ཕུལ་བྱུང་ནུས་མཐུས་བདུད་དཔུང་ཀུན་ཏུ་བཏུལ། །ངེས་ལེགས་བདེ་སྟེར་མཁྱེན་བརྩེ་ཡེ་ཤེས་གཏེར། །འགྲོ་མགོན་མཆོག་ཁྱོད་མོས་བློས་མངོན་བསྟོད་དོ། །འཛམ་གླིང་རྒྱལ་རིགས་ལྷ་རྫིངས་དབུས་ན་གྲགས་པའི་སྒྲ་དབྱངས་ཀུན་ཏུ་རབ་སྙན་ཕུལ་བྱུང་ངོ་མཚར་ལྷ་རིགས་བཙན་པོ་སུམ་རྩེན་བདག་པོའི་གྲོང་ཁྱེར་མཆོག་གི་དགའ་བའི་ཚལ། །ཚལ་གང་ཤིན་ཏུ་མཛེས་བྱེད་སྙིང་པོ་ཕྱོགས་ལས་རྣམ་པར་རྒྱལ་བའི་ཁང་བཟང་བ་གམ་ལྷུན་མཐོ་ཀེ་ལ་ཤ་རིས་ཀུན་ནས་ཉེར་བསྲུངས་བསིལ་ལྡན་ལྗོངས་ཀྱི་ཁབ་ཁྱད་འཕགས། །འཕགས་པ་མཁྱེན་བརྩེ་ནུས་པའི་རང་གཟུགས་མི་ཡི་བརྫུར་ཞུགས་མེས་དབོན་གསུམ་ཞེས་མངའ་བདག་བསོད་ནམས་འདྲེན་བྱེད་སྟོང་ལྡན་རྒྱལ་བསྟན་ཞོ་འཐུང་རུས་པའི་རྩེ་བརྒྱ་འདེགས་དཔའ་ཞིང་། །ཞིང་ཀུན་དགེ་བ་ཆོས་བཞིན་སྤྱོད་པའི་ཁྲིམས་སྲོལ་སྔོན་མེད་གཉིས་འཐུང་དབང་པོ་སུམ་ཅུ་རྩ་གསུམ་ཡན་(3ན)ལག་མཆོག་འཆང་བདག་པོ་དེ་དག་བསྔགས་པའི་མེ་ཏོག་ལན་བརྒྱར་འཐོར། །གཞན་ཡང་ཆབ་སྲིད་རྩིབས་སྟོང་ཅན་འཁོར་ལོ། །དམ་ཆོས་རིན་ཆེན་གླིང་དུ་ཉེར་བསྒྱུར་བས། །བསིལ་ལྗོངས་ཕན་བདེའི་དགའ་སྟོན་རང་དབང་དུ། །བགྱིད་མཛད་བསྟོད་འོས་ཀུན་ལའང་གུས་ཕྱག་བགྱི། །འདི་ན་ལེགས་བཤད་སོར་མོའི་སྒྱུ་རྩལ་གྱིས། ། སྔོན་བྱུང་རྒྱལ་རབས་གཏམ་གྱི་རྒྱུད་མང་སྒྲ། །བློ་གསལ་ཐོས་འཛིན་བཅུད་དུ་བསྒྲགས་པ་ལས། །སྙིང་ལ་རབ་དགའི་སིམ་པ་ཅི་ཡང་(3བ)སྟེར། །དེ་ལ་འདིར་གངས་ཅན་བོད་ཆེན་པོའི་སའི་ཁྱོན་ལ་སྟོབས་ཀྱིས་མངའ་དབང་བསྒྱུར་བའི་རྒྱལ་པོ་མིའི་ལྷ་རྣམས་ཀྱི་རབས་སྔོན་ནས་ད་ལྟའི་བར་དུ་ཇི་ལྟར་བྱུང་བའི་ཚུལ་གསལ་བར་འཆད་པ་ལ། སྐབས་ཀྱི་དབྱེ་བ་རྣམ་པ་གསུམ་དུ་མཆིས་པ་ལས། དུམ་བུ་དང་པོ་སྔ་དར་གྱི་ཚུལ་ནི། དེའང་བསྐལ་བཟང་རྣམ་འདྲེན་བཞི་པ་མཉམ་མེད་ཐུབ་པའི་དབང་པོ་གང་ཉིད་ཐུགས་རྗེ་ཚད་མེད་པའི་སྟོབས་ཀྱིས་རི་ཁ་བ་ཅན་པའི་གདུལ་བྱ་རྣམས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མཆོག་ལ་ཡོངས་སུ་གཏད་པར་མཛད་པའི་ཚུལ་ཡང་། བཀའ་ཆེམས་ལས། སྤྱན་རས་གཟིགས་ཛེ་ཏའི་ཚལ་དུ་འོངས་ནས་སྟོན་པ་མྱ་ངན་ལས་མི་འདའ་བར་གསོལ་བ་བཏབ་པའི་ཚེ། ངའི་གདུལ་བྱ་རྫོགས་སོ། །ཞེས་གསུངས་པ་ན། ད་དུང་ཁ་བ་ཅན་གྱི་སེམས་ཅན་མ་ཐུལ་ལོ། །ཞེས་ཞུས་པས། དེ་ནི་ཁྱོད་ཀྱིས་གདུལ་བར་བྱ་བ་ཡིན་ནོ། །ཞེས་གསུངས་པ་ལྟར། འཕགས་མཆོག་ཉིད་ཀྱིས་ཕྱག་མཚན་དུ་བདག་གིར་བཞེས་ཏེ། ཁ་བ་ཅན་གྱི་ཡུལ་དབུས་དབུ་རུ་ཤོད་ཆེན་དམར་པོ་རི་རྩེའི་ཐད་ཀྱི་བར་སྣང་ལ་བྱོན་ནས་གཟིགས་པས། བོད་ཀྱི་ཡུལ་ནི་མཐིལ་ཐམས་ཅད་ཆུས་གང་ཞིང་ལོགས་ཐམས་ཅད་མུན་པ་སྲོད་འདྲའི་ནགས་(4ན)ཚལ་དུ་གཏིབས་པ་ན། སྲོག་ཆགས་དུད་འགྲོའི་རིགས་བསམ་གྱིས་མི་ཁྱབ་པས་གང་སྟེ་སྡུག་བསྔལ་མི་བཟད་པའི་ལས་ལ་སྤྱོད་པར་གཟིགས་ནས། དེ་རྣམས་ལ་ཐུགས་སྙིང་རྗེ་ཆེན་པོའི་ཤུགས་རབ་ཏུ་གཡོས་ཏེ་གསུང་མཆོག་མ་ཎིའི་སྒྲ་དབྱངས་དང་ལྷན་ཅིག་པར་འོད་ཟེར་གྱི་སྣང་བ་མཐའ་ཡས་པར་བཀྱེ་བས། དུད་འགྲོ་རྣམས་ངན་སོང་གི་སྐྱེ་གནས་ལས་བསྒྲལ་ཏེ་ཐར་པ་དམ་པའི་ལམ་ལ་བཀོད། ཀོང་ཡུལ་མཐིལ་གྱི་ཆུ་གླག་གམ་རྒྱ་ལ་གཤིན་རྗེའི་རྦ་གདོང་གི་ཟམ་ཁ་བྱེ་བས། རུ་བཞི་(4བ)ཆུས་གང་བ་ཐམས་ཅད་དེར་ཞུགས་ནས་ཐིམ་ཞིང་ཆུ་གཞན་དག་ཀྱང་དེ་བཞིན་ཐིམ་པས། བོད་ཁམས་ཡུལ་ལྗོངས་ཀྱི་རྣམ་པ་གསལ་པོར་དོད་དོ། །དེ་ལྟར་ཡང་འཇམ་དཔལ་རྩ་རྒྱུད་ལས། ཁ་བ་ཅན་དུ་མཚོ་བྲི་ནས། །སཱ་ལའི་ནགས་ནི་འབྱུང་བར་འགྱུར། །ཞེས་ལུང་བསྟན་པ་བཞིན་ནོ། །དེ་ལ་སྟོད་མངའ་རིས་སྐོར་གསུམ་ནི་ཤ་རྐྱང་རི་དྭགས་ཀྱི་གླིང་། བར་དབུས་གཙང་རུ་བཞི་ནི་རི་དྭགས་དང་གཅན་གཟན་གྱི་གླིང་། སྨད་མདོ་ཁམས་སྒང་དྲུག་ནི་འདབ་ཆགས་བྱ་གཅན་གྱི་གླིང་། དེ་ཡང་སྟོད་གཡའ་རི་དང་གངས་རི། བར་བྲག་རི་དང་སྤང་ལྗོངས། སྨད་རྩི་ཤིང་དང་ནགས་ཚལ་གྱིས་གང་བར་གྱུར་ཏེ། ཡུལ་སྤྱིའི་འདྲ་དཔེང་། སྟོད་མངའ་རིས་སྐོར་གསུམ་རྫིང་ལྟ་བུ། བར་དབུས་གཙང་རུ་བཞི་ཡུར་བ་ལྟ་བུ། སྨད་མདོ་ཁམས་སྒང་དྲུག་ཞིང་ས་ལྟ་བུའི་ཚུལ་དུ་ཆགས་སོ། །འདི་ཡན་ཆད་ལ་བོད་ཡུལ་དང་པོ་ངན་སོང་དུད་འགྲོའི་གླིང་དུ་ཐ་སྙད་བྱེད་ལ། ལོ་ཚིགས་དང་སྦྱར་ན་སྔ་ཕྱིའི་བཞེད་སྲོལ་མི་འདྲ་བ་འགའ་ཞིག་མཆིས་ཀྱང་། འདིར་བོད་དུ་གྲགས་ཆེ་བ་དཔལ་ལྡན་ཕུག་པ་བའི་ལུགས་ལྟར་སྨོས་ན། སངས་རྒྱས་མྱ་ངན་ལས་འདས་ནས་ལོ་བརྒྱ་ཐམ་པ་འདས་པའི་ལྕགས་ཕོ་སྤྲེའུའི་ལོར་ཁ་བ་ཅན་གྱི་མཚོ་བྲི་ནས་ས་གཞི་ཡུལ་ལྗོངས་ཀྱི་(5ན)རྣམ་པར་ཆགས་པ་ནས། ད་ལྟའི་ལྕགས་མོ་གླང་འདིའི་བར་དུ་ལོ་ཉིས་སྟོང་བདུན་བརྒྱ་བཞི་བཅུ་ཞེ་གཅིག་སོང་ངོ་། །དེ་ནས་བར་དུ་མི་མ་ཡིན་གཞན་གྱི་ཡུལ་དུ་གྱུར་ཚུལ་ནི། ལོ་རྒྱུས་ཆེན་མོ་ལས། དང་པོར་གནོད་སྦྱིན་ནག་པོས་དབང་བྱས་ཏེ། (གཉན་གཡའ་སྑང་སྐྱེས། གར་ཏིང་ནམ་ཚ། གླེང་ལན་ལམ་ཙམ་སྐྱེས། དུ་ཐོ་གར་སྐྱེས། ཤེ་དོ་ཀེར་ཏིང་ནམ། མེ་པདྨ་སྐྱེས། གསང་གི་འཕྲུལ་པོ་ཆེ། དྲང་བ་དྲང་མ་མགུ། བཀོད་སྟོང་ནམ་ཚ།) །ཡུལ་གྱི་མིང་ཡང་བཟང་ཡུལ་རྒྱན་མེར་ཟེར། །མཚོན་ཆ་མདའ་གཞུ་དེ་ཡི་དུས་སུ་བྱུང་། །དེ་ནས་རེ་ཏི་མགོ་གཡག་བདུད་ཀྱིས་བྱས། །མིང་ཡང་བདུད་ཡུལ་ཁ་རག་རོང་དགུར་བཏགས། །སྟྭ་རེ་དགྲ་སྟྭ་དེ་ཡི་དུས་སུ་བྱུང་། །དེ་ནས་སྲིན་བུ་སྐྱ་རེངས་ཁྲག་མིག་བྱས། །ཡུལ་མིང་(5བ)སྲིན་བུ་ནག་པོ་དགུ་ཡུལ་ཟེར། །སྲིན་མོ་རྐང་དང་སྒྱོགས་གཉིས་ལག་ཆར་བྱུང་། །བཞི་པ་དམར་འཇམ་ལྷ་ཡིས་དབང་བྱས་ཏེ། །ལྷ་ཡུལ་གུང་ཐང་ལག་ཆར་ཆུ་གྲི་བྱུང་། །ལྔ་པ་རྨུ་རྒྱལ་ཁོ་རྗེ་ཞེས་བྱས་བཟུང་། །ང་འཕྲད་ཅང་འཕྲད་ལག་ཆར་ཞགས་པ་འཕེན། །དྲུག་པ་ཀྲོག་ཀྲོག་འདྲེ་ཡིས་དབང་བྱས་ཏེ། །ལང་ཏང་ལིང་ཏང་བང་ཁུ་འུར་རྡོ་འཕེན། །བདུན་པ་མ་སངས་རུས་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ནི་བོང་ཁ་ཉ་དྲུག་ཟེར། །ལག་ཆར་དོང་རལ་གོ་ཆ་ཕུབ་ཆུང་བྱུང་། །བརྒྱད་པ་ཀླུས་བཟུང་བོད་ཁམས་གླིང་དགུར་བཏགས། །དགུ་པ་རྒྱལ་པོས་དབང་བྱས་ངམ་པོ་ཅི། །བཅུ་པ་འགོང་གཉན་གཡའ་སྤང་སྐྱེས། གར་ཏིང་ནམ་ཚ། གླེང་ལན་ལམ་ཙང་སྐྱེས། རུ་ཐོ་གར་སྐྱེས། ཤེ་དོ་ཀེར་ཏིང་ནམ། མེ་པདྨ་སྐྱེས། གསང་གེ་འཕྲུལ་པོ་ཆེ། དྲང་བ་དྲང་མ་མགུར། བཀོད་སྟོང་ནམ་ཚ། པོ་སྤུན་དགུས་དབང་བྱས་ཏེ། །ཡུལ་གྱི་མིང་ཡང་སྟོང་སྡེ་བཅོ་བརྒྱད་ཟེར། །ཞེས་གྲགས་སོ། །མཐའ་མ་མིའི་འགྲོ་བ་མཆེད་དེ་མི་ཡུལ་དུ་གྱུར་ཚུལ་ནི། དེ་ནས་བོད་ཡུལ་ཡི་དྭགས་དུད་འགྲོའི་འགྲོ་བ་དེ་ཀུན་མི་ལུས་ཐོབ་ཏུ་རུང་བའི་དུས་ལ་བབས་པ་ན། འཕགས་པ་སྤྱན་རས་གཟིགས་ཀྱིས་བྱིན་གྱིས་བརླབས་པའི་སྤྲེའུ་ཞིག་དང་། སྒྲོལ་མས་བྱིན་གྱིས་བརླབས་པའི་བྲག་སྲིན་མོ་གཉིས་ཁ་བ་ཅན་གྱི་བྲག་རི་བྱ་སྐྱིབས་ཤིག་ཏུ་འདུས་པ་ལས། རིགས་དྲུག་ནས་ཚེ་(6ན)འཕོས་པའི་སྤྲེལ་ཕྲུག་དྲུག་བྱུང་སྟེ། དེའང་དམྱལ་བ་ནས་འཕོས་པ་དེ་ངོ་ནག་ལ་མི་སྡུག་ཅིང་སྡུག་སྲན་ཆེ་བ། ཡི་དྭགས་ནས་འཕོས་པ་དེ་ཟས་ལ་སྲེད་ཅིང་སེར་སྣ་ཆེ་བ། དུད་འགྲོ་ནས་འཕོས་པ་དེ་གླེན་ལ་གཟུགས་བྱད་ངན་པ། ལྷ་མིན་ནས་འཕོས་པ་དེ་རྩུབ་ལ་ཕྲག་དོག་ཆེ་བ། མི་ནས་འཕོས་པ་དེ་སེམས་ཆུང་ལ་ཤེས་རིག་རྒྱས་པ། ལྷ་ལས་འཕོས་པ་དེ་རྒྱུད་དགེ་ཞིང་ལུས་བྱད་བཟང་བ་བྱུང་སྐད། དེ་རྣམས་ཅུང་ནར་སོན་པ་ན་ཀུ་ཅོ་འདོན་པ་ཕ་བྱང་ཆུབ་སེམས་དཔའི་བསམ་གཏན་ལ་ཚེར་མར་གྱུར་ཏེ་ནགས་མ་བྱ་ཚོགས་ཅན་ཞེས་བྱ་བ་ཤིང་ཏོག་གིས་གང་བའི་ནགས་ཚལ་ཞིག་ཏུ་བསྐྱལ། ལོ་ཤས་སོང་བ་ན་བལྟ་རུ་ཕྱིན་པས། དེ་དྲུག་ལས་མི་ཡང་མིན་ལ་སྤྲེའུ་ཡང་མིན་པ་བཞི་བརྒྱ་ཙམ་དུ་འཕེལ་ནས་སྣང་། ནམ་ཞིག་དེ་རྣམས་ལས་ཀྱང་ཤིན་ཏུ་མང་བར་འཕེལ་བས་ཤིང་ཏོག་རྣམས་ཟད་ཅིང་བཀྲེས་པས་གདུང་ནས་དུམ་བུ་བཞིར་ཆད་དེ་རྩོད་པ་ལས། བོད་མིའུ་རིགས་བཞི་ཞེས་སེ་དང་རྨུ་དང་ལྡོང་དང་སྟོང་སྟེ་རུས་ཆེན་བཞི་བྱུང་བར་གྲགས་ཤིང་། ཡང་དབྲ་དང་འགྲུ་བསྣན་པས་མིའུ་གདུང་དྲུག་ཀྱང་ཟེར། དེའི་ཚེ་འཕགས་པའི་རྫུ་འཕྲུལ་གྱིས་རི་རབ་ཀྱི་ཟོམ་ནས་གྲོ་ནས་སྲན་མ་བྲའོ་སོ་བ་སྟེ་འབྲུ་སྣ་ལྔ་བླངས་ནས་བོད་ཡུལ་དུ་གཏོར་བས་མ་རྨོས་པའི་ལོ་ཏོག་རྒྱས་པ་ལས་ཞིང་ལ་(6བ)སྔ་བ་ཟོ་ཐང་རིང་མོ་ཞེས་གྲགས་པ་བྱུང་། ཕ་བྱང་ཆུབ་སེམས་དཔས་སྤྲེལ་ཕྲུག་རྣམས་ལ་འདི་ཟོ་དང་ཞེས་སྨྲས་པས་ཟོ་དང་གོང་པོ་རི་དང་། འདིར་རྩེད་མོ་རྩེས་དང་བྱས་པས་རྩེས་ཐང་དུ་གྲགས། སྤྲེལ་ཕྲུག་རྣམས་ཀྱིས་ལོ་ཏོག་ལ་ལོངས་སྤྱོད་པས་མི་ཉིད་དུ་གྱུར་ཏེ། ཟས་སུ་འབྲུ་རིགས་ཟ་ཞིང། གོས་སུ་ཤིང་ལོ་གྱོན། ནགས་གསེབ་ན་རི་དྭགས་ལྟ་བུར་གནས་ཤིང་ཀློ་དང་མོན་པ་ལྟར་སྤྱད་པས་བོད་ཡུལ་ཐམས་ཅད་རིམ་གྱིས་གང་བར་གྱུར་ཏོ། །དེ་ཀུན་ཀྱང་ཕ་རིགས་མ་རིགས་གཉིས་སུ་གནས་པ་བྱུང་སྟེ། སྤྲེའུ་བྱང་སེམས་ཕའི་རིགས་རྣམས་ནི་དད་བརྩོན་དང་གཏོང་ཕོ་ཆེ་བ། བརྩེ་སེམས་ལྡན་ཅིང་དགེ་ལ་དགའ་བ། རྒྱུད་འཇམ་ཞིང་སྨྲ་མཁས་པ། ཚིག་བཙུན་ཞིང་ངང་ཚུལ་བཟང་བ། འོན་ཀྱང་སེམས་ཆུང་ཞིང་ལུས་ཡང་བ་དང་། བྲག་སྲིན་མོའི་རིགས་རྣམས་ནི་ཉོན་མོངས་ཆེ་ཞིང་འགྲན་སེམས་དང་ཕྲག་དོག་རྒྱས་པ། ཟས་ནོར་ལ་སྲེད་པ་ཆེ་ཞིང་ཁྲོ་གཏུམ་ཅན་གཞན་སྐྱོན་སྒྲོག་པ། འོན་ཀྱང་ལུས་ཤེད་དང་སྙིང་སྟོབས་ཆེ་བ་བྱུང་། དེ་ལྟར་མིའི་འགྲོ་བ་དར་བ་ནས་བཟུང་རྗེ་དང་འབངས་ཀྱི་ཐ་སྙད་ཀྱང་བྱུང་སྟེ། ཡིག་རྙིང་ལས། མཆིམས་ཡུལ་གྲུ་ཤུལ་ན། མཆིམས་རྗེ་ནི་གུ་ཡོད། བློན་པོ་སྣང་དང་དིང་། ༡ ཞང་ཞུང་ཡུལ་ན་ནི། རྒྱལ་པོ་ལིག་སྙ་ཤུར། རྨ་ངར་སང་བློན། ༢ མྱང་དོ་(7ན)ཕྱོང་དཀར་ན། གཙང་རྗེ་ཐོད་དཀར། བློན་པོ་གནང་། ༣ གནུབས་ཡུལ་གླིང་དགུ་ན། གནུབས་རྗེ་དམིགས་པ། བློན་པོ་རྨེའུ་དང་འབྲོ། ༤ ཉང་རོ་ཤམ་བོང་ལ། རྔམ་རྗེ་འབྲོམ། བློན་པོ་ཤེས་སུག་གཉིས། ༥ གྱི་རི་ལྗོངས་སྔོན། གྱི་རྗེ་རྨང་པོ། བློན་པོ་ངམ་དང་འབྲོ། ༦ངམ་ཤོད་ཁྲ་སྣར་ན། ཟིང་རྗེ་ཁྲི་འཕྲང་གསུམ། བློན་པོ་མགར་དང་གཉན། ༧ འོལ་ཕུ་སྤང་མཁར་དུ། ཟིང་རྗེ་ཐོན་གྲེང་། བློན་པོ་རྔོག་དང་སྦས། ༨ སྲིན་རོང་ལ་མོ་གོང་དུ། བྲང་རྗེ་གོང་ནམ། བློན་པོ་སྦྲད་དང་ཞུགས། ༩ ཀོང་ཡུལ་བྲེ་སྣ་ན། ཀོང་རྗེ་དར་པོ་ཏུག་དང་། མཁར་བ་བློན། ༡༠ ཉང་ཡུལ་རྣམ་གསུམ་ན། ཉང་བཙུན་གླང་རྒྱལ། བློན་པོ་བུག་དང་དོ་རྗེ། ༡༡ དྭགས་ཡུལ་གྲུ་བཞི་ནི། དྭགས་རྗེ་མང་པོ་རྒྱལ། བློན་པོ་རླངས་སྐམ་གཉིས། ༡༢ ཞེས་རྒྱལ་ཕྲན་སིལ་མ་བཅུ་གཉིས་དང་། ཡུལ་ནི་འབྲོག་མོ་རྣམ་གསུམ་ན། །རྒྱལ་པོ་སེ་མི་ར་ཁྲིད་བཞུགས། །དེ་ཡི་བློན་པོ་ཀ་ར་ནག །ཅེས་སོགས་ནས། གཡེ་མོ་ཡུལ་དྲུག་ན། གཡེ་རྗེ་མཁར་བ། བློན་པོ་རྦོ་དང་སྟུག །སེ་མོ་གྲུ་བཞི་ན། གཉགས་རྗེ་གྲུ་འབྲང་། སེ་དང་ཉང་གཉིས་བློན། ཞེས་སོགས་ཀྱི་བར་རྒྱལ་ཕྲན་བཞི་བཅུ་པོ་རྣམས་ཀྱིས་རིམ་བཞིན་མངའ་དབང་བྱས་པར་གྲགས། རྒྱལ་ཕྲན་དེ་རྣམས་རྟག་ (7བ)ཏུ་གསོད་གཅོང་འཐབ་རྩོད་ལ་དགའ་ཞིང་ལེགས་ཉེས་ལ་མི་བརྩི་བར་བསྐྱོན་འབེབས་ཤིང་བརྩོན་རར་འཛུད་པ་དང་། དེ་བཞིན་མཐའ་བཞིའི་རྒྱལ་པོས་རྒྱུན་དུ་མནར་ཞིང་ལོངས་སྤྱོད་དབུལ་བ་སོགས་བོད་ཡུལ་གྱི་མི་རྣམས་སྡུག་བསྔལ་འབའ་ཞིག་ལ་སྤྱོད་པར་གྱུར་ཏོ། །གོང་གི་ལྕགས་སྤྲེལ་མཚོ་བྲི་བ་ནས་ཤིང་སྟག་རྗེ་གཉའ་ཁྲི་བཙན་པོ་བྱོན་གྱི་བར་དུ་ལོ་གྲངས་ལྔ་བརྒྱ་སུམ་ཅུ་སོ་བཞི་སོང་ངོ་། །དེའི་ཚེ་ཡུལ་སྤྱི་ལ་དབང་བའི་རྒྱལ་པོ་ཞིག་མེད་ན་རྒྱལ་བའི་བསྟན་པ་འབྱུང་དཀའ་ཞིང་། བོད་ཀྱི་སྐྱེ་འགྲོ་རྣམས་ཀྱང་རྒྱུ་འབྲས་བླང་དོར་གྱི་ཁྲིམས་ལ་མི་གནས་པས་སྡུག་བསྔལ་ལས་མི་གྲོལ་བར་དགོངས་ཏེ། གནམ་རིམ་པ་བཅུ་གསུམ་གྱི་སྟེང་ཞེས་གཟུགས་ཁམས་འོད་གསལ་ལྷའི་གནས་རིས་ནས། འཕགས་པས་བྱིན་གྱིས་བརླབས་པའི་ལྷའི་བུ་ཞིག་རྫུ་འཕྲུལ་གྱིས་ས་སྟེང་དུ་བབས་ནས་བོད་ཀྱི་རྗེ་བོ་མཛད་པ་ཡིན། འདི་ཉིད་ལ་ལར་རྒྱ་གར་ལི་ཙ་བཱིའི་རིགས་ཀྱི་རྒྱལ་པོ་དམག་བརྒྱ་པའི་སྲས་མཚན་བཟང་ཅན་ཞིག་ལྷ་འདྲེའི་སྤྲུལ་པར་དོགས་ནས་སྤྱུགས་པ་བོད་དུ་འབྱོར་ཏེ་རྗེ་བོ་མཛད་ཚུལ་གསུངས་པ་ནི་སྐྱེ་འགྲོ་ཐུན་མོང་བ་རྣམས་ཀྱི་མཐོང་སྣང་དང་བསྟུན་པའི་འཆད་ཚུལ་གཞན་ཞིག་ཡིན་མཆི་སྟེ། ཕྱོགས་གཅིག་ནས་གཞལ་ན་རྒྱ་གར་གྱི་རྒྱལ་པོ་རྣམས་ལ་ལྟས་མཁན་བྲམ་ཟེ་རིག་བྱེད་སྨྲ་བ་རེ་ཡོད་པར་བཤད་པས་མཚན་བཟང་དང་ལྟས་ངན་(8ན)ནོར་བའི་དོན་མེད་པ་དང་། གཉའ་ཁྲིའི་ལྷ་བརྒྱུད་རྣམས་མཐར་རྨུ་ཐག་ལ་འཇུས་ཏེ་ནམ་མཁར་གཤེགས་པ་དང་གཤེགས་རྗེས་སྤུར་ལྷག་མེད་འཇའ་ཚོན་ལྟར་ཡལ་བ་ཡིན་ན། དམག་བརྒྱ་པའི་ཡང་མེས་མང་བཀུར་བརྒྱུད་སུ་ཡང་མཐར་ནམ་མཁར་གཤེགས་པའི་ལོ་རྒྱུས་ཡེ་མེད་པ་དང་། མ་ཟད་གྲི་གུམ་བཙན་པོ་འདས་པའི་འོག་ཏུ་སྲས་རྣམས་ཡབ་མེས་ཀྱི་དཀོར་མཛོད་ནས་ལྷ་གླང་རུ་དཀར་འཕུར་ཤེས་ཞོན་ནས་ཀོང་པོར་བྲོས་ཚུལ་བཤད་པས་ན། གླང་རུ་དཀར་དེ་ནི་རྩིབས་ཀྱི་ལྷ་ས་སྟེང་དུ་བྱོན་དུས་དཀོར་ནོར་དུ་བརྫངས་ཚུལ་དང་། སྲིད་པའི་ལྷ་ཕལ་ཆེར་གྱི་བྱུང་ཚུལ་བཅས་ལོ་རྒྱུས་རྙིང་པ་ཁུངས་མ་ན་ཡོད་པས་སོ། །འོན་ཀྱང་འཕགས་པའི་མཛད་པ་ཆུ་ཟླའི་རོལ་གར་ལྟ་བུ་སྐྱེ་འགྲོ་རྣམས་ལ་མཐོང་སྣང་བསམ་གྱིས་མི་ཁྱབ་པ་འབྱུང་དུ་རུང་བའི་ཕྱིར་མཐའ་གཅིག་ཏུ་ཁ་ཚོན་མི་བཅད་དེ། ཤཱཀྱ་ལི་ཙ་བཱིའི་རིགས་ལས་བྱུང་བའི་སྐྱེས་བུ་ཆེན་པོ་གཅིག་ལྷས་སྤྱན་དྲངས་པ་ལྷ་སྐས་ལས་བབས་ནས་བོད་རྗེའི་ཐོག་མ་མཛད་པར་འདོད་ནའང་རུང་སྟེ། ཟས་གཙང་སྲས་ཞེས་དང་དགའ་ལྡན་ལྷ་གནས་ནས་བབས་སོ་ཞེས་པ་མི་འགལ་བ་བཞིན་ནོ། །དེ་ལྟར་སྤྲུལ་པའི་བྱང་ཆུབ་སེམས་དཔའ་དེ་ཉིད་ཀོང་པོ་མཆིམས་ཀྱི་ལྷ་རི་གྱང་མཐོའི་རྩེ་ལ་བབས་ནས་གཟིགས་པས། ཡར་ལྷ་ཤམ་པོའི་(8བ)གངས་རི་འདི་ལྷུན་ཆགས་མཛེས་སྡུག་ཡིད་དུ་འོང་ཞིང་། ཡར་ཀླུངས་ཀྱི་ཡུལ་ནི་མཐོ་རིས་ལྷ་ཡུལ་གྱི་ཡོན་ཏན་ས་ལ་འཕོས་པ་ལྟར་བཟང་བར་མཁྱེན་ནས། ལྷ་རི་རོལ་པའི་རྩེ་ལ་གཤེགས་ནས་ལྷ་སྐས་ལས་བབས་ཏེ་བཙན་ཐང་སྒོ་བཞིར་བྱོན་པ་ན། བོད་མི་སྐལ་བ་དང་ལྡན་པ་འགས་མཐོང་སྟེ། བཙན་པ་ལྷོ་དང་གཉགས། བཙུན་པ་ཁྱུང་དང་སྣུབས། གཉན་པ་སེ་དང་སྤོ་སྟེ་ཡབ་འབངས་རུས་དྲུག་དང་། ལྷ་བོ་ལྷ་སྲས། སེ་བོན། རྨ་བོན། ཅོག་ལ་བོན། ཞང་ཞུང་བོན། ཚེ་མི་བོན་བཅས་ཤེས་པ་ཅན་མི་བཅུ་གཉིས་ཀྱིས་ཐོག་མར་མཇལ་བའི་ཚེ། གཟུགས་བྱད་བལྟ་བས་མི་ངོམས་པ་ལ་ཤིན་ཏུ་ངོ་མཚར་སྐྱེས་ཏེ་གང་ནས་འོངས་ཞེས་དྲིས་པར། ཕན་ཚུན་ཚིག་གི་བརྡ་མ་འཇལ་བར་མཛུབ་མོ་གནམ་ལ་ཀེར་བས། འདི་ནི་ལྷ་ཡུལ་གནམ་ནས་འོངས་པའི་བཙན་པོར་འདུག་པས་བདག་ཅག་གི་རྗེ་བོར་ཞུའོ་ཟེར་ནས། ཤིང་གི་ཁྲི་བཅོས་པ་ལ་བཞུགས་སུ་གསོལ་ཏེ་གཉའ་བར་བཏེགས་ནས་སྤྱན་དྲངས་པ་ན། མཐོང་ཐོས་ཀྱི་མི་ཐམས་ཅད་རབ་ཏུ་ངོ་མཚར་བར་གྱུར་ནས་ཞབས་ལ་གུས་པས་བཏུད་དེ་མངོན་པར་བསྟོད་ཅིང་མཆོད་པར་བྱེད་དོ། །འདི་ནི་མི་རྗེ་ལྷས་མཛད་པ་བོད་སྤྱི་ལ་དབང་བའི་རྒྱལ་པོ་ལ་སྔ་བ་རྗེ་གཉའ་ཁྲི་བཙན་པོ་ཞེས་གྲགས། འདིས་སྐུ་མཁར་གྱི་ཐོག་མ་ཡུམ་བུ་བླ་སྒང་བྱ་བ་བརྩིགས། (9ན)སུམ་པའི་བོན་པོ་ཨོ་ཡོང་རྒྱལ་བ་བཏུལ་ཞིང་། སྣུབས་རྗེ་སྲིད་པ་རྒྱལ་ཕྲན་ཆབ་འབངས་སུ་འདུས་སོ། །དེ་ལྟར་རྗེ་གཉའ་ཁྲི་བཙན་པོ་ཉིད་བོད་ཤིང་ཕོ་སྟག་དང་། ཕྱི་ལུགས་འདས་ལོ་བརྩིས་ན་ཡེ་ཤུའི་འདས་ལོ་མ་བྱུང་གོང་གི་ལོ་ནས་ཡར་འདེད་ཀྱིས་ལོ་༢༤༧པར་ཐོག་མར་བོད་དུ་ཕེབས་པ་ནས་ད་ལྟའི་ལྕགས་གླང་བར་དུ་ལོ་ཉིས་སྟོང་ཉིས་བརྒྱ་དང་བརྒྱད་སོང་ངོ་། །དེ་ནས་གཉའ་ཁྲི་བཙན་པོ་དང་གནམ་མུག་མུག་གི་སྲས་མུ་ཁྲི་བཙན་པོ། ས་དིང་དིང་གི་སྲས་དིང་ཁྲི་བཙན་པོ། སོ་ཐམ་ཐམ་གྱི་སྲས་སོ་ཁྲི་བཙན་པོ། དོག་མེར་མེར་གྱི་སྲས་མེར་ཁྲི་བཙན་པོ། གདགས་ཀྱི་ལྷ་མོ་དཀར་མོའི་སྲས་གདགས་ཁྲི་བཙན་པོ། སྲིབ་ཀྱི་ལྷ་མོའི་སྲས་སྲིབ་ཁྲི་བཙན་པོ་སྟེ། འདི་རྣམས་ལ་གནམ་གྱི་ཁྲི་བདུན་དུ་གྲགས་ཤིང་། དེ་རྣམས་རི་བྲག་ལ་ཐོགས་པ་མེད་ཅིང་ནམ་མཁའ་ལ་གཤེགས་བཞུད་མཛད། མཐར་རྨུ་ཐག་ལ་འཇུས་ནས་མཁའ་ལ་གཤེགས་ཏེ་ཡལ་རྗེས་སྤུར་མེད་པས་ན་བང་སོ་གནམ་ལ་བཏབ་ཅེས་གྲགས་སོ། །དེ་ནས་སྲིབ་ཁྲི་བཙན་པོ་དང་ས་བཙུན་རླུང་རྗེའི་སྲས་གྲི་གུམ་བཙན་པོ། འདི་འཁྲུངས་པའི་ཚེ་ཨ་ཕྱི་དགྲ་ལྷ་དཀར་མོ་ལ་མཚན་ཅི་གསོལ་དྲིས་པས། བླ་སྤང་ངམ་རིང་མེས་(9བ)མ་ཚིག་གམ། བླ་མཚོ་སྔོན་མོ་མ་བསྐམས་སམ། བླ་བྲག་དཀར་པོ་མ་ཉིལ་ལམ་ཟེར་བ་ལ། དེ་རྣམས་མ་ནོར་བར་སྨྲས་ཀྱང་རྒན་མོ་རྒན་ཆེས་ནས་དབང་པོ་ཉམས་པས་ལོག་པར་གོ་སྟེ། འོ་ན་རྒྱལ་ས་མི་ཟིན་ཟེར་ནས་མཚན་ལོག་པར་བཏགས་ཞེས་གྲགས། གྲི་གུམ་བཙན་པོའི་བཙུན་མོ་ཀླུ་སྲིན་མེར་ལྕམ་ལ། སྲས་ཤ་ཁྲི། བྱ་ཁྲི། ཉ་ཁྲི་གསུམ་དང་། སྲས་མོ་ལྷ་གཅིག་བཅས་རིམ་པར་བལྟམས། དེ་ཚེ་རྒྱ་གར་དང་སྟག་གཟིག་གི་ས་མཚམས་གུརྞ་ཝ་ཏྲ་ཞེས་བྱ་བའི་ཡུལ་དུ་མུ་སྟེགས་བོན་པོ་འ་ཞ་ཞེས་པ་ཞིག་གནམ་ལ་འཕུར་ཞིང་མངོན་ཤེས་སྨྲ་བ། རྫུ་འཕྲུལ་ཡ་མ་ཟུང་སྟོན་ཅིང་། རྟག་ཏུ་ཤ་ཆང་གིས་འདྲེ་ལ་མཆོད་པ་བྱེད་པ་ཞིག་བྱུང་། དེ་རྒྱལ་པོས་བླ་མཆོད་དུ་བཀུར་བས་མུ་སྟེགས་ལྟ་ལོག་བོན་གྱི་བྱིན་རླབས་ཆུབ་སྟེ་རྒྱལ་པོའི་ཐུགས་ལ་གདོན་གསོལ་ནས། ང་ལ་གྲི་གུམ་དུ་འདོགས་པ་ཅི་ཙུག་ཡིན་ཟེར་བ་ལ། མཐར་གྲི་རུ་གུམ་ཟེར་ནས་བཏགས་བྱས་པས། ཅིས་ཀྱང་གྲིར་གུམ་ན་ང་གཞན་དང་འཐབ་ཟེར་ཏེ་འབངས་ལོང་ངམ་རྟ་རྫི་ལ་འཐབ་ཟླ་བཅོལ། ལོང་ངམ་གྱིས་ངན་བྱས་ཏེ་སྨྲས་པ་ཐམས་ཅད་རྒྱལ་པོས་བདེན་པར་བཟུང་ནས། དབུ་ལ་དར་ནག་གི་ཐོད་བཅིང་། དཔྲལ་བར་མེ་(10ན)ལོང་བཏགས། ཕྲག་པ་གཡས་ལ་ཝ་རོ་དང་གཡོན་ལ་ཁྱི་རོ་བཀལ། རལ་གྲི་ཀླད་ལ་བསྐོར་ཞིང་འཐབ་པས། དར་ནག་གི་ཐོད་དང་ཝ་རོ་དང་ཁྱི་རོས་རྗེའི་མགུར་ལྷ་དང་དགྲ་ལྷ་ཕོ་ལྷ་གསུམ་པོ་ཡལ། རལ་གྲི་ཀླད་ལ་བསྐོར་བས་རྨུ་ཐག་དང་རྨུ་སྐས་ཆད། ལོང་ངམ་གྱིས་དཔྲལ་བའི་མེ་ལོང་ལ་མདའ་རྒྱབ་ནས་གྲི་གུམ་བཙན་པོ་བཀྲོངས། རྨུ་ཐག་ཆད་པས་སྤུར་བྱུང་བ་ཟངས་ཀྱི་གའུར་བཅུག་སྟེ་ལྕགས་གཟེར་བཏབ་ནས་ཉང་ཆུ་སྐྱ་མོར་བསྐྱུར། རིམ་བཞིན་ཀོང་པོ་རྒྱ་ལའི་ཆུ་གླག་ཏུ་ཁྱེར་བ་ཀླུ་སྲིན་ཧོ་ཏེ་རེའི་བྲན་མོ་བྱེ་མ་ལག་རིང་གིས་རྙེད་དེ་དཀོར་མཛོད་དུ་བསྡམས། ལྷ་སྲས་སྐུ་མཆེད་གསུམ་གྱིས་ཡབ་ཀྱི་དཀོར་མཛོད་ནས་ལྷའི་གླང་བུ་ཅེའུ་རུ་དཀར་འཕུར་ཤེས་བཏོན་ཏེ་ཞོན་ནས་ཀོང་ཡུལ་དུ་བྲོས་པ་ལས། གཅེན་པོ་ཤ་ཁྲིས་ཀོང་དཀར་པོའི་ཡུལ་དང་། འབྲིང་པོ་བྱ་ཁྲིས་སྤུ་བོ་རོང་། ཆུང་བ་ཉ་ཁྲིས་ཉང་པོའི་ཡུལ་ཁམས་ལ་མངའ་དབང་མཛད་དོ། །དེར་ལོང་ངམ་གྱིས་སྲས་མོ་ལྷ་གཅིག་རང་གི་ཆུང་མར་བཟུང་། ལྕམ་སྲིང་བཞིའི་ཡུམ་ལ་རྟ་རྫི་བཅོལ་བས་ཡུམ་རྟ་འཚོར་ཕྱིན་པ་ན། གཉིད་ལོག་པའི་རྨི་ལམ་དུ་མི་དཀར་པོ་མཛེས་པ་གཅིག་དང་བཤོས་པ་རྨིས། གཉིད་སད་(10བ)པ་ན་གཡག་དཀར་པོ་ཞིག་སོང་བ་མཐོང་། ཟླ་བ་ཚང་ནས་ཁྲག་གི་གྲོད་ཐུམ་འགུལ་མཁྲིག་ཅན་ཞིག་བཙས་པ་འབྲོང་རུ་དྲོན་མོར་བཅུག་ནས་འོ་མས་བྲན་ཅིང་དྲོད་ཀྱིས་སྨིན་པར་བྱས་པས། དེའི་ནང་ནས་ཁྱེའུ་གཟུགས་མཛེས་ལྟ་ན་སྡུག་པ་ཞིག་བྱུང་བ་ལ་མིང་རུ་ལས་སྐྱེས་ཞེས་བཏགས། དེ་ཡར་ལྷ་ཤམ་པོའི་སྤྲུལ་པའི་བུ་ཡིན་ལ་ལོ་བཅུ་ལོན་པ་ན་ཕ་དང་ཁུ་བོ་དྲིས་པས་རྒྱུ་མཚན་ཤེས་ཏེ། རྒྱལ་པོའི་སྤུར་དང་སྤུན་ཟླ་རྣམས་འཚོལ་དུ་ཀོང་པོར་ཕྱིན། སྤུར་རྙེད་པ་བླུས་ཏེ་ཡར་ཀླུངས་སུ་སྤྱན་དྲངས། སྤུར་ཟངས་ཁ་ཕྱེ་བ་ན་སྤུར་དེས་ང་ར་ར་ཞེས་པའི་སྒྲ་བསྒྲགས་པས་དེང་སང་ཡུལ་དེའི་མིང་ལ་ངར་པ་ཐང་དུ་གྲགས། རུ་ལས་སྐྱེས་ཀྱིས་འཕྲུལ་དང་མཐུ་སྟོབས་དྲག་པོས་ལོང་ངམ་འཁོར་བཅས་བཏུལ་ཏེ་ཚར་བཅད། ལྷ་སྲས་རྣམས་སྤྱན་འདྲེན་པར་ཆས་པ་ལས། གཅེན་ཤ་ཁྲི་དང་གཅུང་ཉ་ཁྲི་གཉིས་ཀོང་པོ་ནས་གཤེགས་སུ་མ་བཞེད། འབྲིང་པོ་བྱ་ཁྲི་སྤུ་བོའི་ཡུལ་གྱི་ཀཿགནམ་ཟེ་བ་རི་ཞེས་པ་ན་གདན་ཆགས་པའི་གམ་དུ་རུ་ལས་སྐྱེས་བརྟོལ་ཏེ་ཡུལ་དབུས་སུ་གཤེགས་པར་གསོལ་བ་ན། གནས་དེར་མཚོ་ཞིག་ཡོད་པའི་མཚོ་བདག་ཀླུ་སྨན་མའི་བུ་མོ་དེ་དང་བཤོས་པས་སྦྲུམ་མར་གྱུར་པ་ལ་གཟིགས་ཏེ། (11ན)ཁྱོད་ལ་ངའི་བུ་གཅིག་བྱུང་ན་ལེགས་པར་སྐྱོངས་ཤིག་དང་མ་འོངས་པ་ན་མང་པོ་ལ་ཕན་ཐོགས་པ་འོང་། ང་ནི་གདུལ་བྱ་དུས་ལ་བབས་པས་ཡུལ་དབུས་སུ་འགྲོའོ་གསུངས་ཏེ་བྱོན། རྒྱལ་སར་ཕེབས་པ་ན་རྒྱལ་པོར་མངའ་གསོལ། དེའི་ཚེ་ཡུམ་གྱིས་སྲས་ལ་འཇུས་ནས་བུ་ཁྱོད་རྒྱལ་བརྒྱུད་མ་ཉམས་པ་ཡིན་པར་ངེས་ན་རྒྱལ་སྲིད་བརྟན་ཅིང་རྒྱས་པར་ཤོག་ཅིག་ཅེས་སྨྲས་པ་ན། བར་སྣང་ནས་ལྷ་རྣམས་ཀྱིས་ཀྱང་ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ་ཞེས་བརྗོད་པ་ཐོས་པས་མཚན་ཡང་དེ་ཉིད་དུ་ཆགས་མོད། འོན་ཀྱང་འབངས་རྣམས་ཀྱིས་སྒྲ་ཟུར་ཉམས་ནས་པུ་དེ་གུང་རྒྱལ་དུ་གྲགས། རྒྱལ་པོ་འདིས་སྐུ་མཁར་ཕྱིང་ང་སྟག་རྩེ་བརྩིགས། སྐབས་དེར་ལྷ་གཅིག་གིས་ངའི་ལུས་ལ་ལོང་ངམ་གྱི་བུ་ཡོད་པ་མཁར་གྱི་རྨང་དུ་ནོན་ཅིག་ཟེར་ནས་རང་སྲོག་དོར་བས་ཡུལ་དེའི་ལྷ་སྨན་ཞིག་བྱུང་བར་གྲགས། རྒྱལ་པོས་རུ་ལས་སྐྱེས་ལ་བྱས་པ་དྲིན་དུ་གཟོ་བ་རྒྱ་ཆེར་མཛད་དེ་ཁུ་བོར་ཁུར་བས་མིང་ཡང་ཁུ་བོ་ལྷ་བུ་སྨོན་གཟུང་དུ་བཏགས། བོད་དུ་འཕྲུལ་བློན་མཛངས་པ་མི་བདུན་བྱུང་བའི་ཐོག་མ་རུ་ལས་སྐྱེས་འདི་ཡིན་ཏེ། འདིས་མཛངས་པའི་ལས་སུ་ཤིང་བསྲེགས་པས་སོལ་བ་བྱུང་། དེས་རྡོ་བཞུས་པས་(11བ)གསེར་དངུལ་ཟངས་ལྕགས་རྣམས་བྱུང་། ཤིང་ལ་མིག་ཕུག་ནས་གཤོལ་དང་གཉའ་ཤིང་བྱས། ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། བརྒལ་མི་ཐུབ་པའི་ཆུ་ལ་ཟམ་པ་བཙུགས། རྨོན་དོར་བསྡེབས་ནས་སྤང་ཐང་ཞིང་དུ་རྨོས། རྨོས་པའི་ལོ་ཏོག་གི་ཐོག་མ་འདི་ནས་བྱུང་ངོ་། །གཞན་ཡང་མ་འོངས་པ་ན་སྔགས་དང་འདུལ་བ་འབྱུང་བའི་ལྟས་སུ་གནམ་བོན་གཤེན་པོ་ཆེ་དང་བོན་གཞུང་བྱུང་སྟེ། གཤེན་ཡུལ་འོལ་མོ་ལུང་རིང་ཞེས་ཟེར་བ་དབུས་ཀྱི་འོན་དུ། རུས་གཤེན་གྱི་བྱིས་པ་བོང་བུའི་རྣ་བ་ཅན་ཞིག་བྱུང་བ་ལོ་བཅུ་གཉིས་ལོན་ཚེ་ལྷ་འདྲེས་ཁྲིད་ནས་ལོ་བཅུ་གཉིས་ཀྱི་བར་དུ་མི་ཁྱུར་མ་ཚུད། ལོ་བཅུ་གཉིས་འདས་པ་ན་ལོག་བྱུང་བའི་ཚེ་ཡུལ་འདི་ན་ལྷ་འདྲེ་འདི་ཡོད་དང་འདི་ལྟར་མཆོད་ཐམས་ཅད་ཤེས་པ་ཞིག་བྱུང་ནས། དེས་བོང་བུའི་རྣ་བ་སྒྲིབ་པའི་ཕྱིར་བལ་ཐོད་བཅིངས་ཏེ་ལྷ་འདྲེ་མཆོད་པའི་ལས་བྱེད་པ་ལས་རྡོལ་བོན་དར་ཞིང་། གཞན་ཡང་འབྲས་བུའི་བོན་རིགས་ལྔ་གཡུང་དྲུང་བླ་མེད་ཀྱི་ཐེག་པ་ཞེས་འབྲས་བུ་བདེ་འགྲོ་མཐོ་རིས་ཐོབ་པར་འདོད་པ་དང་། རྒྱུའི་བོན་རིགས་བཞི་སྐད་པ་སྣང་གཤེན་བལ་ཐོད་ཅན་གྱིས་ཕྱྭ་གཡང་འགུགས་པས་མི་ནོར་རྒྱས་པར་བྱེད། འཕྲུལ་གཤེན་བལ་ཚོན་ཅན་གྱིས་ཡས་དང་མདོས་གཏོང་ནས་འགལ་རྐྱེན་སེལ། ཕྱྭ་གཤེན་ཇུ་ཐིག་ཅན་གྱིས་ལེག་ཉེས་བླང་དོར་སྟོན་པ་ཟག་བཅས་ཀྱི་མངོན་ཤེས་འཆད། དུར་གཤེན་མཚོན་ཆ་ཅན་(12ན)གྱིས་གསོན་གཤིན་གྱི་རྩིས་བྱེད་པ་སྟེ་ཐམས་ཅད་ཀྱང་རྔ་གཤང་གི་སྒྲ་འཁྲོལ། འཇིམ་པའི་ཤ་བ་ཞོན་ནས་ནམ་མཁའ་ལ་འགྲོ་བ་དང་། རྔ་ལ་ཞོན་ནས་འགྲོ་བ་སོགས་ཟག་བཅས་ཀྱི་རྫུ་འཕྲུལ་སྟོན་ནུས་པ་མང་པོ་བྱུང་། མདོ་སྡེ་འབྱུང་བའི་ལྟས་སུ་རོ་ལངས་གསེར་སྒྲུབ་ཀྱི་སྒྲུང་དང་། མ་སངས་ཀྱི་སྒྲུང་དང་། མཆིལ་པའི་སྒྲུང་སོགས་ཉན་བཤད་དང་། མངོན་པའི་སྡེ་སྣོད་འབྱུང་བའི་ལྟས་སུ་སྲང་ལ་ཐེམ་གཉིས་ལྭ་བ་ཅི་ཡིན་ཞེས་འདྲི་བ་སོགས་ཏེ་བོན་སྒྲུང་ལྡེའུ་གསུམ་གྱི་ཚུལ་ལྷ་ལྡན་ར་ས་འཕྲུལ་སྣང་གཙུག་ལག་ཁང་གི་གདུང་རྣམས་ལ་བྲིས་ནས་ཡོད་སྐད། དེ་དག་རྣམས་ཀྱིས་བོད་ཀྱི་མི་རྣམས་བློ་ཁ་ཅུང་ཟད་བྱེ་བར་གྱུར་ཅིང་། རྒྱལ་པོ་ཡབ་སྲས་འདི་གཉིས་ལ་སྟོད་ཀྱི་སྟེངས་གཉིས་སུ་གྲགས། བང་སོ་རྫ་དང་གཡའ་ལ་བཏབ་བོ། །དེ་ནས་བྱ་ཁྲི་བཙན་པོའམ་པུ་དེ་གུང་རྒྱལ་དང་། འོམ་ཐང་སྨན་མཚོའི་སྲས་ཨེ་ཤོ་ལེགས། འདི་ལེགས་དྲུག་གི་ཐོག་མ་ཡིན་ཅིང་། དེའི་བློན་པོ་རུ་ལས་སྐྱེས་ཀྱི་བུ་ལྷ་བུ་མགོ་དཀར་གྱིས་བྱས་ཏེ་འདི་འཕྲུལ་བློན་མཛངས་པ་མི་བདུན་གྱི་གཉིས་པ་ཡིན། འདིས་ཞིང་ལ་དོར་ཁ་བརྩིས། འབྲོག་ལ་ཐུལ་ཁ་བརྩིས། ཕུ་ཆུ་ཡུར་དུ་དྲངས་ནས་ཞིང་ཆུ་ལ་རྨོ་བ་འདི་ནས་དར། རྒྱལ་པོ་དེ་དང་རྨུ་ལྕམ་བྲ་མ་ནའི་སྲས་དེ་ཤོ་ལེགས། དེ་དང་(12བ)ཀླུ་སྨན་མེར་མོའི་སྲས་ཐི་ཤོ་ལེགས། དེ་དང་བཙན་མོ་གུང་སྨན་གྱི་སྲས་གོང་རུ་ལེགས། དེ་དང་མཚོ་སྨན་འབྲོང་མའི་སྲས་འབྲོང་གཞེར་ལེགས། དེ་དང་གནམ་སྨན་བུ་མོའི་སྲས་ཨི་ཤོ་ལེགས། དེ་རྣམས་ལ་སའི་ལེགས་དྲུག་ཅེས་བྱ་སྟེ། འདི་དྲུག་གི་རིང་ལ་སྐུ་མཁར་སྟག་རྩེ། རྒོད་རྩེ། ཡང་རྩེ། ཁྲི་རྩི། རྩེ་མོ་ཁྱུང་རྒྱལ། ཁྲི་བརྩེགས་འབུམ་གདུགས་རྣམས་བརྩིགས་ཤིང་། ལེགས་དྲུག་གི་བང་སོ་གཡའ་སྤང་མཚམས་སུ་བཏབ་བོ། དེ་ནས་ཨི་ཤོ་ལེགས་དང་རྨུ་ལྕམ་དམར་ལེགས་ཀྱི་སྲས་ཟ་ནམ་ཟིན་ལྡེ། དེ་དང་མཚོ་སྨན་ཁྲི་དཀར་གྱི་སྲས་ལྡེ་འཕྲུལ་ནམ་གཞུང་བཙན། དེ་དང་སེ་ཉན་མང་མོའི་སྲས་སེ་སྣོལ་གནམ་ལྡེ། དེ་དང་ཀླུ་མོ་མེར་མོའི་སྲས་སེ་རྣོལ་པོ་ལྡེ། དེ་དང་འོ་ཟ་སྡེ་མོ་མཚོའི་སྲས་ལྡེ་སྣོལ་ནམ། དེ་དང་ཁྲི་སྨན་རྗེ་མོའི་སྲས་ལྡེ་སྣོལ་པོ། དེ་དང་སེ་བཙུན་གཉན་མོའི་སྲས་ལྡེ་རྒྱལ་པོ། དེ་དང་སྨན་བཙུན་ལུག་གོང་གི་སྲས་ལྡེ་སྤྲིན་བཙན། དེ་རྣམས་ནི་བར་ལ་ལྡེ་བརྒྱད་ཅེས་བྱ། བང་སོ་ཆུ་བོའི་གཞུང་ལ་བཏབ་བོ། །དེ་ནས་ལྡེ་སྤྲིན་བཙན་དང་ཉེ་བཙུན་མང་མ་རྗེའི་སྲས་ཏོ་རེ་ལོང་བཙན། འདི་བཙན་ལྔའི་ཐོག་མ་ཡིན་ལ། བློན་པོ་ཐོན་མི་འབྲིང་པོ་རྒྱལ། སྣུབས་སྨན་དར་རེ། སྟོང་དར་(13ན)རྗེ་རྣམས་ཀྱིས་བྱས། འདི་ཡན་ཆད་ཀྱི་རྒྱལ་པོ་རྣམས་ལྷ་ཀླུའི་བུ་མོ་འབའ་ཞིག་བཙུན་མོར་བསྟེན་པས་ཡུམ་རྣམས་གྲོངས་པའི་ཚེ་སྤུར་མ་བྱུང་ཞིང་། འདི་མན་ཆད་འབངས་དང་གཉེན་བསྲེས་པ་སྟེ། རྗེ་ཏོ་རེ་ལོང་བཙན་དང་འོ་མ་ལྡེ་བཟའ་ཁྲི་བཙུན་བྱང་མའི་སྲས་ཁྲི་བཙན་ནམ། བློན་པོ་སྣུབས་གཉའ་དོར་གཙུག་བློན་དང་། སྦས་ཁྲི་ཟུང་མོ་ཁོང་གིས་བྱས། རྗེ་དེ་དང་སྨན་བཟའ་ཁྲི་དཀར་གྱི་སྲས་ཁྲི་སྒྲ་སྤུངས་བཙན། བློན་པོ་མགར་སྒྲ་ཛི་མུན་དང་། ཐོན་མི་གླུ་མ་དྲེད་པོས་བྱས། རྗེ་དེ་དང་སྨན་གསུམ་ཀླུ་སྟེང་གི་སྲས་ཁྲི་ཐོག་རྗེ་ཐོག་བཙན། བློན་པོ་མགར་གཉའ་བཙན་ལྡེམ་བུ་དང་། སྣུབས་སྐྱེས་ཐོག་རྗེ་མོང་བཙན་གྱིས་བྱས། བཞི་པ་ཐོག་རྗེ་ཐོག་བཙན་འདིའི་སྐུ་རིང་ལ་ལྷའི་རོལ་མོ་གླིང་བུ་ཅག་པར་བྱུང་། རྗེ་གཉའ་ཁྲི་ནས་ཐོག་རྗེ་ཐོག་བཙན་གྱི་བར་གདུང་རབས་ཉི་ཤུ་རྩ་བདུན་གྱི་རིང་ལ་རྒྱལ་རབས་སོ་སོའི་ཁྲི་ལོ་ཁ་གསལ་མེད་ཀྱང་། སྤྱི་བསྡོམས་རྒྱལ་རབས་ལོ་ཡུན་དྲུག་བརྒྱ་ཉི་ཤུ་ཐམ་པ་སོང་ཞིང་། ཆབ་སྲིད་སྒྲུང་དང་ལྡེའུ་བོན་གསུམ་གྱིས་བསྐྱངས་པ་ཡིན་ནོ། །དེ་ལྟར་བོད་ཀྱི་ཡུལ་ལྗོངས་འདི་ཉིད་མིའི་སྐྱེ་བོ་རྣམས་ཀྱིས་རིམ་པས་ལོངས་སྤྱོད་དུ་གྱུར་པ་ནས་བཟུང་། ཡུལ་དབུས་དག་(13བ)ཏུ་ནགས་ཚལ་ཡང་རིམ་གྱིས་མེད་པར་གྱུར་ཏེ། གྲོང་དང་། གྲོང་རྡལ་དང་། རྒྱལ་པོའི་ཕོ་བྲང་སོགས་ཀྱིས་ཀུན་ནས་བརྒྱན་པ་བྱུང་ལ། དེའང་ཡུལ་སྤྱིའི་དགེ་མཚན་གྱི་དབང་དུ་བྱས་ན། ཆོས་རྒྱལ་སྲོང་བཙན་སྒམ་པོས། དེ་ལྟར་འཕགས་པའི་གང་ཟག་རྣམས་བྱུང་ཞིང་། །འཁོར་ནི་ལེགས་གནས་སྟོན་པའི་གསུང་རབ་དང་། །སྟོན་པའི་སྐུ་གཟུགས་དངོས་སུ་བཞུགས་པ་དང་། །རི་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཙ་རི་ཙ་གོང་བདེ་མཆོག་རང་བྱུང་དང་། །རྡོ་ཆུ་རིན་པོ་ཆེ་ཡང་དེ་ན་ཡོད། །ཏི་སིའི་གངས་ལ་དགྲ་བཅོམ་ལྔ་བརྒྱ་བཞུགས། །བདུད་རྩིའི་ཆུ་ཡང་རི་བོ་དེ་ན་ཡོད། །ཁྱེ་རེའི་བྲག་ལ་ཡིག་འབྲུ་རང་བྱུང་དང་། །མཁའ་འགྲོ་ཕྱག་རྒྱ་རི་བོ་དེ་ན་ཡོད། །མ་ཕམ་མཚོ་ལ་ཀླུ་རྒྱལ་བྱང་སེམས་གནས། །ཆུ་བོ་ཡོན་ཏན་ཅན་ཡང་དེ་ན་ཡོད། །ཁྲི་བཤོས་རྒྱ་མཚོའི་ཀླུ་བློན་བྱང་ཆུབ་སེམས། །ཆུ་བོ་ཆེན་པོ་ཀུན་ལ་ཕན་པར་མཛད། །གནམ་མཚོ་ཕྱུག་མོའི་ནང་ན་བྱང་ཆུབ་སེམས། །ཐང་ལྷའི་བྲག་ལ་དགྲ་བཅོམ་ལྔ་བརྒྱ་ཡོད། སྦུབས་མཚོའི་གླིང་ན་ཀླུ་རྒྱལ་བྱང་ཆུབ་སེམས། །ཁའུའི་གངས་ལ་དགྲ་བཅོམ་མང་པོ་ཡོད། །རི་མཐོ་ས་གཙང་གངས་རི་གཉན་གྱིས་བསྐོར། །སྒྲ་དག་སྐད་སྙན་སཾ་(14ན)སྐྲྀ་ཏ་དང་མཚུངས། །མི་སྐད་ཆོས་ལ་བསྒྱུར་དུ་བཏུབ་པའི་སྒྲ། །ཡངས་ཤིང་མཐའ་ལེགས་ཡོན་ཏན་ཀུན་ལྡན་པ། །དེ་ལྟར་ཁ་བ་ཅན་གྱི་ཡུལ་དབུས་སུ། །ཞེས་སོགས་ཀྱིས་བསྔགས་པར་མཛད་པ་ལྟར་དང་། གམ་འབྲོག་རྒྱང་འབྲོག་རྩྭ་ཡི་དགེ །ཁང་ས་ཞིང་ས་ས་ཡི་དགེ །འཐུང་ཆུ་ཡུར་ཆུ་ཆུ་ཡི་དགེ །ཁང་རྡོ་ཐག་རྡོ་རྡོ་ཡི་དགེ །ཁང་ཤིང་བུད་ཤིང་ཤིང་གི་དགེ །ཞེས་གསུངས་པ་ལྟར་ཡུལ་གྱི་དགེ་བཅུ་ཚང་ཞིང་། ཁྱད་པར་སྤྲུལ་པའི་ཆོས་རྒྱལ་ལ་སོགས་པའི་བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བྱིན་གྱིས་བརླབས་ཤིང་ཡོངས་སུ་སྐྱོང་བར་མཛད་པ་དང་། སྙིགས་མའི་དུས་སུ་སྟོན་པ་ཉིད་ཀྱིས་ལུང་དུ་བསྟན་པ་ལྟར་རྒྱལ་བའི་བསྟན་པ་ཆེས་ཆེར་གསལ་བར་གྱུར་པའི་གནས་ཕུན་སུམ་ཚོགས་པ་སྟེ། གསང་སྔགས་རྡོ་རྗེ་ཐེག་པ་ལྟར་ན། རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། བོད་ཡུལ་དུ་ནི་ལྷན་སྐྱེས་ཏེ། །ཞི་ཞིང་གསལ་བའིགཟུགས་ཅན་མ། །ཆུ་སྲིན་རྒྱལ་མཚན་ལག་ན་ཐོགས། །བྲག་གི་ཁྱིམ་ལ་བརྟེན་ཏེ་གནས། །རང་བྱུང་གི་ནི་སྐྱེ་གནས་ཅན། །ཞེས་ཡུལ་ཉི་ཤུ་རྩ་བཞིའི་ཡ་གྱལ་དུ་གསུངས་ཤིང་། དེ་ལྟ་བུའི་ཡོན་ཏན་དང་ལྡན་པའི་བསིལ་ལྡན་གྱི་ལྗོངས་སམ། ལྷ་མོ་(14བ)དྲི་མ་མེད་པའི་བོད་ལུང་བསྟན་པའི་མདོ་ལས་གདོང་དམར་ཅན་གྱི་ཡུལ་ཞེས་གསུངས་པ་འདིར་དམ་པའི་ཆོས་ཀྱི་དབུ་བརྙེས་པའི་དུས་ལ་བབས་པ་ན། གོང་གསལ་ཡབ་ཐོག་རྗེ་ཐོག་བཙན་དང་ཡུམ་རུ་ཡོང་བཟའ་སྟོང་རྒྱལ་མོ་མཚོའི་སྲས་སུ། བྱང་ཆུབ་སེམས་དཔའ་ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ལྷ་ཐོ་ཐོ་རི་གཉན་བཙན་ཞེས་བྱ་བ་བོད་ཤིང་ཕོ་ཁྱི། སྤྱི་ལོ་༣༧༤པར་སྐུ་འཁྲུངས། དེ་ཉིད་དགུང་ལོ་དྲུག་ཅུ་ཐམ་པའི་ཐོག་ཏུ་སོན་པ་བོད་ཆུ་མོ་བྱ། སྤྱི་ལོ་༤༣༣པར་སྐུ་མཁར་ཡུམ་བུ་བླ་སྒང་གི་རྩེར་བཞུགས་པའི་ནངས་གཅིག་གི་ཚེ། ནམ་མཁའི་མཐོངས་ཐམས་ཅད་འཇའ་ཚོན་ཁ་དོག་སྣ་ཚོགས་བཀྲ་བའི་གསེབ་ནས་མེ་ཏོག་གི་ཆར་བབས་ཤིང་། ལྷའི་རོལ་མོའི་སྒྲ་རང་བྱུང་དུ་གྲགས། ཉི་མའི་ཟེར་དང་འགྲོགས་ནས་གསེར་གྱི་ཤོག་བུ་ལ་བེེ་ཌཱུརྻའི་ཞུན་མས་བྲིས་པའི་སྤང་ཀོང་ཕྱག་རྒྱ་པ་དང་། མདོ་སྡེ་ཟ་མ་ཏོག་གི་གླེགས་བམ། གསེར་གྱི་མཆོད་རྟེན། ཙིནྔྷ་མ་ཎི་ཞེས་པ་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་བརྐོས་ཕོར་དང་། མུ་དྲའི་ཕྱག་རྒྱ་ཞེས་ཚད་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱོན་དུ་ཡོད་པ་བཅས་ཕོ་བྲང་གི་ཡང་ཐོག་ཏུ་བབས། གདུང་རབས་ལྔ་ན་(15ན)འདིའི་དོན་ཤེས་པ་འབྱུང་ངོ་ཞེས་ནམ་མཁའ་ནས་ལུང་བསྟན་གྱི་སྒྲ་བྱུང་། དེས་ན་མདོ་ལ་སྔ་བ་ཟ་མ་ཏོག་དང་། གཟུངས་ལ་སྔ་བ་ཙིནྔྷ་མ་ཎི་ཞེས་གྲགས། དེར་རྒྱལ་པོས་དོན་གང་ཡིན་མ་མཁྱེན་པའི་ཚུལ་བསྟན་ཡང་ཤིན་ཏུ་ངོ་མཚར་བའི་གཙིགས་སུ་བཟུང་ནས། བཀུར་བསྟི་དང་བཅས་ཕོ་བྲང་གི་དཀོར་མཛོད་དུ་སྤྱན་དྲངས་ཏེ་བཞུགས་སུ་གསོལ། དེ་དག་ལ་མཚན་ཡང་གཉན་པོ་གསང་བར་གསོལ་ནས་ཕྱག་དང་མཆོད་པ་རྒྱ་ཆེན་པོ་མཛད་པས། རྒྱལ་པོ་དགུང་ལོ་དྲུག་ཅུར་སོན་པ་ཉིད་བཅུ་དྲུག་ལོན་པའི་གཞོན་ནུར་གྱུར། སླར་ཡང་དགུང་ལོ་དྲུག་ཅུར་སྐུ་ཚེ་བསྲིངས་ཏེ་ཁྱོན་དགུང་ལོ་བརྒྱ་དང་ཉི་ཤུ་ཐམ་པའི་བར་དུ་བཞུགས། དེ་ནས་རྒྱལ་པོས་ངའི་ཐུགས་དམ་གཉན་པོ་གསང་བ་ལ་མཆོད་པ་གྱིས་ཤིག་དང་ཅི་བསམ་པ་ཐམས་ཅད་ཡིད་བཞིན་དུ་འགྲུབ་པར་འགྱུར་རོ། །ཞེས་སྲས་དང་བོད་འབངས་སྤྱི་ལ་ཞལ་ཆེམས་བསྩལ་ནས་གནམ་དུ་གཤེགས། དེ་རྣམས་ལ་ཚིགས་ཀྱི་བཙན་ལྔར་གྲགས་ཤིང་བང་སོ་འཕྱོངས་ཡུལ་དར་ཐང་དུ་བཏབ་བོ། །འདིར་རྒྱལ་མཆོག་ལྔ་པ་ཆེན་པོའི་གསུང་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དུ་འདི་སྐད་ཅེས། དེབ་སྔོན་དུ་ནེལ་པ་པཎྜི་ཏའི་ལུགས་དང་སྦ་བཞེད་གཙང་མ་(15བ)གུང་བསྒྲིགས་པ་མཁས་པའི་གསུང་ཡིན་ཀྱང་། ནེལ་པ་པཎྜི་ཏས་ནམ་མཁའ་ལས་བབས་པ་མི་འཐད་པར་སྨྲ་བ་ནི་བློ་ཆུང་གི་གཏམ་སྟེ། བསྟན་པའི་དབུ་བརྙེས་པའི་རྟེན་འབྲེལ་དུ་འཕགས་པའི་གང་ཟག་གི་སྤྲུལ་པ་དང་ཐུགས་རྗེ་བསམ་ལས་འདས་པས་སོ། །ཞེས་གསུངས། དེ་ལྟར་ལྷ་ཐོ་ཐོ་རི་གཉན་བཙན་ཤིང་ཕོ་ཁྱིའི་ལོ་ལ་སྐུ་བལྟམས་ཤིང་། དགུང་ལོ་དྲུག་ཅུ་པ་ཆུ་མོ་བྱའི་ལོར་གཉན་པོ་གསང་བ་བབས་ཏེ་བོད་དུ་དམ་པའི་ཆོས་ཀྱི་དབུ་ཐོག་མར་བརྙེས་ནས་ད་ལྟའི་ལྕགས་མོ་གླང་གི་བར་ལོ་ཆིག་སྟོང་ལྔ་བརྒྱ་ཉི་ཤུ་རྩ་བརྒྱད་སོང་ངོ་། །དེ་ནས་ལྷ་ཐོ་ཐོ་རི་གཉན་བཙན་དང་རྣོ་བཟའ་མང་དགར་གྱི་སྲས་ཁྲི་གཉན་གཟུང་བཙན། འདིའི་བང་སོ་དོན་མཁར་མདའ་རུ་བརྩིགས། རྗེ་དེ་དང་འབྲོང་བཟའ་མོ་དུར་ཡང་གཞེར་གྱི་སྲས་འབྲོང་གཉན་ལྡེའུ། འདི་ལ་དྭགས་པོ་ནས་མཆིམས་བཟའ་ཀླུ་རྒྱལ་བྱ་བའི་མཛེས་མ་ཞིག་ཁབ་ཏུ་བཞེས། ཕྱིས་སུ་མི་མཛེས་པར་གྱུར་པ་ན་རྒྱུ་མཚན་དྲིས་པས། ང་རང་གི་ཡུལ་ན་ཟས་ཤིག་ཡོད་པ་དེ་མེད་པས་ལན་ནམ་ཟེར་བ་བཞིན་ཡུལ་ནས་ལེན་དུ་བཅུག་པས། གཡོག་མོས་ཉ་ཤ་དམར་བཙོས་མང་དུ་བླངས་ཏེ་མཛོད་དུ་སྦས་ནས་ཟོས་པས་སླར་མཛེས་པར་གྱུར་པ་ན། རྒྱལ་པོས་(16ན)ངས་ཀྱང་བཟའོ་སྙམ་ནས་ལྡེ་ཚབ་ཀྱིས་སྒོ་ཕྱེ་བས་ཉའི་རོ་མཐོང་ནས་ཐུགས་རྟོག་ཟོས་པས་སྐུ་ལ་བསྙུན་ནད་བྱུང་། དེ་དུས་བོད་གཞན་ན་ཉ་མི་ཟ་བས་དྭགས་པོ་སྦལ་ཟན་གྱི་ཡུལ་ཞེས་ཟེར། དེས་ན་ཉ་ཟ་ཞིང་ཉ་ལ་སྦལ་པར་གྲགས་པ་ཡིན་སྐད། དྭགས་མོའི་སྲས་དམུས་ལོང་ཞིག་བལྟམས་པ་ལ་མིང་དཀོན་པ་བཀྲ་ཞེས་བཏགས་ཏེ་ཡབ་ཀྱི་ཞལ་ཆེམས་སུ། བསམ་པ་བཟང་པོ་གསེར་དང་འདྲ་བ་སྟེ། །བཟང་པོའི་གྲོས་ནི་བདུད་རྩི་ཡིན་ཞེས་ཉོན། །ངན་པ་རྣམས་ཀྱང་མེ་དང་འདྲ་བར་གསོས། །མི་ཆོས་རྟོག་པས་ཕུང་གིས་རྣམ་རྟོག་སྐྱུངས། །ཁྱོད་རང་ཡབ་མེས་ཀྱི་གཉན་པོ་གསང་བ་ལ་མཆོད་པ་གྱིས། འ་ཞའི་ཡུལ་ནས་སྨན་པ་བོས་ལ་མིག་ཕྱེས། མིག་མ་བྱུང་ན་སུམ་པའི་ཡུལ་ན་བོན་པོ་ཞིག་གི་ཆུང་མ་རྒྱ་མོ་རྒྱ་ལྕམ་བྱ་བ་ནུབ་གཅིག་འགྲོགས་པའི་ཤག་མོ་ཙམ་པ་ལ་སྐྱེས་པའི་བུ་སུམ་རི་རིང་མོ་བྱ་བ་ཡོད་པས་དེ་བོས་ནས་གཅེན་ཆོལ་ལ་རྒྱལ་སར་ཆུག་གསུངས། དེ་ནས་ཡབ་ཡུམ་གཉིས་བློན་པོ་རྙགས་ཐང་པ་ཡར་རྗེ་དང་བཅས་པ་གདུང་བརྒྱུད་ལ་བསྙུན་མི་འབྱུང་བའི་ཕྱིར་བང་སོ་ཞང་མདའ་རུ་བརྩིགས་པ་ལ་དུར་དུ་གསོན་པོར་ཞུགས་སྐད་དོ། །དེ་ནས་སྲས་ཀྱིས་ཡབ་ཀྱི་གསུང་བཞིན་གཉན་པོ་(16བ)གསང་བ་མཆོད་པའི་བྱིན་རླབས་དང་། རྒྱལ་ཕྲན་འ་ཞ་རྗེ་བྱ་བ་སྨན་པ་མཁས་པ་ཞིག་བོས་པས་སྤྱན་ཕྱེ། རྒྱལ་པོའི་ཞབས་ལྷམ་སྒོ་གོང་དུ་བཏགས་པའི་འོག་ཏུ་འ་ཞ་རྗེ་འཛུལ། ཕྱིར་ལོག་པ་ན་མས་གཏམ་དྲིས་པས། བོད་ཀྱི་རྒྱལ་པོ་ནི་མ་མཐོང་། སྒོ་གོང་ན་གཡུའི་ལྷམ་ཆུང་ཞིག་བཏགས་འདུག་པའི་འོག་ལ་ཕྱིན་པས་བྱིས་པ་དམུས་ལོང་ཞིག་འདུག་པ་དེའི་མིག་ཕྱེས་ནས་ལོག་གོ་ཞེས་སྨྲས་པས། མ་ན་རེ། གཏམ་ཆེས་སོ། །ད་ནི་བོད་ཀྱི་ཆབ་འོག་ཏུ་ཚུད་པས་ཐབས་ཅི་ཡང་མེད་དོ་ཟེར་སྐད། དེ་ལྟར་སྤྱན་ཕྱེ་མ་ཐག་སྐྱིད་ཤོད་སྟག་མོ་རི་ལ་གཟིགས་པ་ན་རི་དྭགས་གཉན་འགྲོ་བ་གཟིགས་པས་མཚན་སྟག་རི་གཉན་གཟིགས་བཙན་དུ་གྲགས། སྣ་ནམ་མང་། གཉལ། སྦྲ། ཁྲི་ཟུང་ལན་པ་རྣམས་ཀྱིས་བློན་པོ་བྱས། བན་པ་རྗེ། འ་ཞ་རྗེ། དྲང་གར་རྗེ། ཟིན་པོ་རྗེ། ཞང་ཞུང་རྗེ་རྣམས་བཏུལ། ཉང་སྦས་གནོན་གསུམ་སོགས་རྒྱལ་ཕྲན་རྣམས་ཀྱི་སུམ་ཉིས་ཙམ་མངའ་འོག་ཏུ་འདུས། འདི་ཡན་ཆད་བོད་ལ་ཚོང་དང་བྲེ་སྲང་མེད་པ་ལ། འདི་དུས་ཁྲི་དོར་སྣང་བཙུན་མོང་གི་བུས་བྲེ་ཕུལ་སྲང་གསུམ་བཟོས། འབྲུ་དང་མར་ལ་ཚད་ཀྱིས་བཅལ། དགའ་གཉིས་ཚོང་བྱེད་པ་དང་། (17ན)མཐུན་གཉིས་ལ་ལུང་བསྡེབས་པས་འཕྲུལ་བློན་མཛངས་པ་མི་བདུན་གྱི་གསུམ་པར་གྲགས། རྒྱལ་པོ་འདི་གསུམ་ལ་བར་གྱི་སྟེང་གསུམ་ཞེས་གྲགས་ཏེ། སྲས་ཀྱི་བང་སོ་དོན་མཁར་མདའ་རུ་བརྩིགས་སོ། །རྗེ་དེ་དང་གོང་བཟའ་སྟོང་བཙུན་འགྲོ་དཀར་གྱི་སྲས་གནམ་རི་སྲོང་བཙན། བློན་པོ་དབས་སྣང་གཞེར། ཚེ་སྤོང་ན་གནག་སེང་། ཉང་ཙོང་དགུ། གནོན་འཕན་ལྔ་སུམ་རྣམས་ཀྱིས་བྱས། འདིའི་རིང་ལ་རྒྱ་ནག་ནས་རྩིས་དང་སྨན་དཔྱད་བླངས། བ་དམར་མོའི་འོ་མས་སྦྲུས་པའི་འཇིམ་པ་ལས་བརྩིགས་པའི་ཕོ་བྲང་ཁྲི་བརྩིགས་འབུམ་གདུགས་ཞེས་བྱ་བ་བརྩིགས། བྲག་གསུམ་ལྡིང་མའི་མཚོ་འགྲམ་ནས་རྟ་མདོ་བ་ཅང་ཤེས་རྙེད་དེ་རྒྱལ་པོའི་ཆིབས་པ་བྱས། ཕུང་གཡག་ཐལ་ཀ་རུ་རིང་བྱ་བའི་བྱང་འབྲོང་སྨྱོན་པ་བསད་ནས་ཤ་རྟ་སྒའི་ཕྱི་ཤད་ལ་བཏགས་ཏེ་ཆུ་བརྒལ་བས་ཤ་མཚོ་ནང་དུ་ལྷུང་བ་ལ་ཚྭ་འགོས་པའི་བྲོ་བ་ཚོར་བས་ལན་ཚྭ་ངོ་ཤེས་ཏེ་བྱང་ནས་ཚྭ་ལེན་པའི་སྲོལ་འདི་ནས་བྱུང་། མཐའི་རྒྱ་དང་། གྲུ་གུ་མངའ་འོག་ཏུ་འདུས། བང་སོ་དོན་མཁར་མདའ་རུ་བརྩིགས་ཏེ་དབྱིབས་གྲུ་བཞིར་བྱེད་པ་དེ་ནས་བྱུང་ངོ་། ། ༈ །དེ་ནས་འཕགས་པ་འཇིག་རྟེན་(17བ)དབང་ཕྱུག་མིའི་ཟོལ་གྱིས་གངས་ཅན་བོད་ཀྱི་ལྗོངས་འདིར་ལེགས་པའི་སྒོ་བརྒྱ་འབྱེད་ཅིང་ལུགས་གཉིས་ཆབ་སྲིད་ཀྱི་རྩ་བ་ཐོག་མར་འཛུག་པའི་མེས་པོ་ནི་ཆོས་རྒྱལ་སྲོང་བཙན་སྒམ་པོ་སྟེ། དེའང་འདི་ཉིད་གདུང་རབས་ཇི་སྙེད་བཅས་འཇམ་དཔལ་རྩ་རྒྱུད་དུ་འདི་སྐད་ཅེས་ལུང་བསྟན་ཏེ། དེ་བཞིན་གཤེགས་པའི་བསྟན་འདི་ལ། །རྣམ་པ་སྣ་ཚོགས་བྱ་བ་བྱེད། །བྱང་གི་ཕྱོགས་ལ་བརྟེན་ནས་ནི། །དེ་ཡི་ཚེ་ན་འབྱུང་བར་འགྱུར། །ལྷ་ལྡན་ཡུལ་ཞེས་བྱ་བ་ཡི། །གངས་ཅན་རི་ཡི་ནང་གནས་པའི། །རྒྱལ་པོ་མི་ཡི་ལྷ་ཞེས་པ། །ལི་ཙ་བཱི་རྣམས་རིགས་སུ་འཁྲུངས། །དེ་ཡང་སྔགས་ཀྱི་དོན་གྲུབ་སྟེ། །ལོངས་སྤྱོད་ཚེ་དང་ལྡན་པར་འགྱུར། །རིག་པ་ལོངས་སྤྱོད་ལྡན་ཞེས་བྱ། །མི་ཡི་བདག་པོས་དེ་ཡང་གྲུབ། །ལོ་ན་བརྒྱད་ཅུར་རྒྱལ་སྲིད་བྱས། །དེས་ནི་རྐུན་མ་རྣམ་པར་སྤངས། །རྒྱལ་པོ་དེས་ནི་སྲོག་སྤངས་ནས། །དེ་ཡང་སྔགས་ནི་མྱུར་འགྲུབ་སྟེ། །ཞི་དང་རྒྱས་པ་བསིལ་བྱེད་པའོ། །འཇིག་རྟེན་སྒྲོལ་མ་ཞེས་གྲགས་དང་། །ལྷ་མོ་གོས་དཀར་མོ་དང་ནི། །དཀར་མོ་ཆེན་མོ་གཞན་ཕན་བརྩོན། །རྟག་ཏུ་ཡིད་ནི་མི་སྐྱོ་བའོ། །དེ་ལ་སོགས་པ་གསུངས་པ་ཡི། །དེ་བཞིན་རྒྱལ་པོ་མང་པོ་ནི། །རྣམ་པ་དུ་མ་མང་པོ་དག །(18ན)ཁ་དོག་སྣ་ཚོགས་སྣ་ཚོགས་གཟུགས། །ཁ་བ་ཅན་གནས་ཀླ་ཀློའི་རྒྱལ། །དེ་ཡང་སྟོན་པ་མཆོད་བྱེད་པའོ། །ཁྱུ་མཆོག་ཁྱུ་མཆོག་བཟང་པོ་དང་། །ས་འོད་དེ་བཞིན་ས་འོད་ བཟང་། །དེ་བཞིན་ཕ་རོལ་གནོན་ཉིད་དང་། །རྐང་པའི་འགྲོས་ཤེས་བསྟན་པ་ཡིན། །ས་སྲུང་དང་ནི་བེའུ་དང་། །འོད་ལྡན་ཉིད་ནི་ཕྱི་མ་ཡིན། །ཐ་མར་འཆར་རྒྱལ་ངང་ཚུལ་ཏེ། །ཀླ་ཀློ་རྣམ་པ་སྣ་ཚོགས་ཡིན། །དེ་འོག་ལུགས་ནི་རྣམ་ཞིག་ཅིང་། །ཕྱི་རོལ་སྐྱེ་རྒུས་ཉེ་བར་སྤྱོད། །ཅེས་གསུངས་པས། བྱང་ཕྱོགས་དང་ཁ་བ་ཅན་ནི་ཡོངས་སུ་གྲགས་པ་ལྟར་དང་། ལྷ་ལྡན་ནི་ལྷ་ས། རྒྱལ་པོ་མི་ཡི་ལྷ་ཞེས་པ་སྲོང་བཙན། ལི་ཙ་བཱིའི་རིགས་སུ་བྱུང་བ་ནི་ཡངས་པ་ཅན་པའི་རྒྱུད་ཡིན་པས་དང་། ལོ་བརྒྱད་ཅུར་རྒྱལ་སྲིད་བྱས་ཞེས་པ་ནི་ལོ་བརྒྱད་ཅུ་གྱ་གཉིས་སུ་བཞུགས་པ། ཀླ་ཀློའི་རྒྱལ་ནི་ནུབ་ཕྱོགས་ཏཱ་ཤིག་གི་ཡུལ་ལ་དབང་བྱེད་པ། འཇིག་རྟེན་སྒྲོལ་མ་ནི་རྒྱ་བཟའ་ཀོང་ཇོ། གོས་དཀར་མོ་ནི་བལ་བཟའ་ཁྲི་བཙུན། དཀར་མོ་ཆེན་མོ་ནི་མོང་བཟའ་ཁྲི་ལྕམ། དེ་བཞིན་རྒྱལ་པོ་མང་པོ་ནི་འོག་ནས་འབྱུང་བ་རྣམས་ཏེ། ཁྱུ་མཆོག་ནི་གུང་རི་གུང་བཙན། ཁྱུ་མཆོག་བཟང་པོ་ནི་མང་སྲོང་མང་བཙན། ས་འོད་(18བ)ནི་འདུས་སྲོང་མང་རྗེ། ས་འོད་བཟང་ནི་ཁྲི་ལྡེ་གཙུག་བརྟན། ཕ་རོལ་གནོན་ནི་ཁྲི་སྲོང་ལྡེའུ་བཙན། རྐང་པའི་འགྲོས་ནི་མུ་ཁྲི་བཙན་པོ། ས་སྲུང་ནི་ཁྲི་རལ་པ་ཅན། བེའུ་ནི་གླང་དར་མ། འོད་ལྡན་ནི་གནམ་ལྡེ་འོད་སྲུང་། ཐ་མར་འཆར་རྒྱལ་ངང་ཚུལ་ནི་ཉི་མ་འཆར་བའི་ཕྱོགས་ནས་བོད་ལ་དབང་བྱེད་པའི་ཧོར་རྒྱལ་པོ་ཡིན་ཞེས་འགའ་ཞིག་འདོད་ལ། ཤར་ཁ་ཞེས་གྲགས་པའི་ལུང་པ་འདིར་རྒྱལ་པོ་དཔལ་འཁོར་བཙན་ཡིན་ཡང་རུང་། དེ་ནས་བོད་སྤྱི་ལ་དབང་བྱེད་པའི་རྒྱལ་པོ་མེད་པས་ལུགས་རྣམ་པར་ཞིག་པར་བསྟན་ནོ། །དེ་ལྟར་གོང་དུ་ཇི་ལྟར་ལུང་བསྟན་པ་བཞིན་སྤྲུལ་པའི་རྒྱལ་པོ་སྲོང་བཙན་འདི་ཉིད་ཡབ་རྒྱལ་པོ་གནམ་རི་སྲོང་བཙན་དང་། ཡུམ་འབྲི་བཟའ་ཐོད་དཀར་མའི་སྲས་སུ་སངས་རྒྱས་ཀྱི་འདས་ལོ་ཆིག་སྟོང་བཞི་བརྒྱ་གོ་བདུན་འདས་པ་མེ་མོ་གླང་། སྤྱི་ལོ་༦༡༧པ་རྒྱུ་སྐར་རྒྱལ་གྱི་ཉ་བར་མལ་གྲོ་རྒྱ་མ་ཕོ་བྲང་བྱམས་པ་མི་འགྱུར་གླིང་དུ་སྐུ་བལྟམས། འཁྲུངས་པའི་ཚེ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྣམས་ཀྱི་བྱིན་གྱིས་བརླབས་ཤིང་ཤིས་པ་བརྗོད་པས་མངའ་གསོལ། ལྷ་རྣམས་ཀྱིས་མཆོད་པའི་མེ་ཏོག་གི་ཆར་ནམ་མཁའི་ཁམས་གང་བར་ཕབ། རྒྱལ་བུའི་སྐུ་ལ་མཚན་དཔེ་མངའ་ཞིང་དབུ་གཙུག་ཏུ་འོད་དཔག་(19ན)མེད་ཀྱི་ཞལ་དངོས་སུ་བཞུགས་པ་ལ་དེ་སྦེད་པའི་ཕྱིར་ཡབ་ནས་དར་ལེ་བརྒན་གྱིས་དབུ་ལ་ཐོད་དཀྲི་བར་མཛད། རྒྱལ་བུའི་ན་ཚོད་དང་མཉམ་པའི་ཁྱེའུ་མགར་དང་ཐོན་མི་གཉིས་ཞེ་ས་འབུལ་བའི་ཕྱིར་མདུན་དུ་འགྲེང་སྐབས། ཨ་མི་ཏཱ་བྷའི་ཞལ་མཐོང་བ་གཞན་ལ་བཤད་པས་རྒྱལ་བུ་ལ་དབུ་གཉིས་དང་ལྡན་པར་གྲགས། ཁྲི་སྲོང་བཙན་ཞེས་མཚན་དུ་གསོལ་བ་ལས། ཡོན་ཏན་ཀུན་ལྡན་ཐུགས་ཤིན་ཏུ་སྒམ་པས་སྲོང་བཙན་སྒམ་པོར་མཚན་ཆགས། འདི་དང་དུས་མཉམ་དུ་འཕགས་མ་གཉིས་ཀྱི་རྣམ་འཕྲུལ་བལ་བཟའ་དང་། རྒྱ་བཟའ་གཉིས་ཀྱང་སོ་སོའི་ཕོ་བྲང་དུ་སྐུ་འཁྲུངས། རྒྱལ་སྲས་དགུང་གྲངས་བཅུ་གསུམ་དུ་སོན་པ་ས་མོ་གླང་། སྤྱི་ལོ་༦༢༩པར་དགའ་ལྡན་དབང་བསྐུར་རི་རྩེར་ཡབ་ཀྱིས་རྒྱལ་སྲིད་མངའ་དབང་ཕུལ་ཏེ་རིན་པོ་ཆེའི་ཁྲི་ལ་བཞུགས་པའི་ཚེ། སངས་རྒྱས་བྱང་སེམས་དཔག་ཏུ་མེད་པ་ནམ་མཁའི་ཁམས་གང་བར་བྱོན་ཏེ་རིན་པོ་ཆེའི་ཅོད་པན་བཅིངས། ཀུན་ཏུ་བཟང་པོས་བུམ་པ་བདུད་རྩིས་གང་བའི་ཆུ་རྒྱུན་གྱིས་ཁྲུས་གསོལ། ལྷའི་བུ་དང་བུ་མོ་མང་པོས་མཆོད་པའི་སྤྲིན་གྱི་ཚོགས་སྤྲོས། འོད་དཔག་མེད་ཀྱིས་རྒྱལ་པོའི་དབུ་ལ་ཕྱག་བཞག་ནས་དབང་བསྐུར། (19བ)བརྗོད་པར་དཀའ་བའི་སྤྲུལ་པ་སྣ་ཚོགས་འགྱེད་པ་སོགས་ངོ་མཚར་བའི་མཚན་མ་མཐའ་ཀླས་པ་བྱུང་སྟེ། སངས་རྒྱས་བྱང་སེམས་རྣམས་ཀྱིས་རྒྱལ་པོར་དབང་བསྐུར་བའི་ཚུལ་འདི་ཁྲ་འབྲུག་གི་རྒྱལ་པོའི་ལྷ་ཁང་ན་གསེར་གྱིས་བྲིས་ནས་ཡོད་སྐད། དེ་ལྟར་ཆོས་ཀྱི་རྒྱལ་པོར་དབང་བསྐུར་ཞིང་མངའ་གསོལ་བས་བོད་འབངས་ལྷ་དང་བཅས་པ་ཀུན་ལ་མངའ་དབང་བསྒྱུར། དབུ་རུ་ ཤོད་ཆེན་ལྷ་ས་དམར་པོ་རིའི་རྩེ་ལ་ཕོ་བྲང་བཏབ་ནས་བཞུགས་ན་མཐའ་བཞིའི་རྒྱལ་པོ་ཐམས་ཅད་རང་དབང་མེད་པར་གུས་པས་འདུད་ཅིང་དབང་ཕྱུག་བརྒྱད་ཀྱི་ཡོན་ཏན་མཐའ་དག་ལྷུན་གྱིས་འགྲུབ་པར་དགོངས་ཏེ་ཕོ་བྲང་ནས་གདན་བཏེགས། ནངས་པར་གེ་རེའི་ཡར་འཕྲང་དུ་ཕེབས་པ་ན་ཆུ་ནང་དུ་ཡིག་དྲུག་རང་བྱོན་དུ་གསལ་བ་གཟིགས་ནས་སྐུ་ཁྲུས་གསོལ་ཞིང་གསོལ་བ་བཏབ་པས། དེ་ལས་ཁ་དོག་སྣ་ལྔ་པའི་འོད་ཟེར་འཕྲོས་པ་ཕ་རིའི་བྲག་ལ་སྤྱན་རས་གཟིགས། སྒྲོལ་མ། རྟ་མགྲིན་གྱི་སྐུའི་སྣང་བརྙན་རང་བྱོན་དུ་ཤར་བ་ལ་ཕོག །དེ་ལས་ཀྱང་འོད་ཟེར་ཡི་གེ་དྲུག་པ་ལ་ཚུར་ཕོག་པའི་འཇའ་ཟེར་གྱི་ཕྲེང་བ་ཡ་མཚན་པའི་གཟིགས་མོར་གྱུར་པ་ལ་འཇའ་མདངས་ཞེས་སྐྱེ་བོ་རྣམས་གླེང་། ཕྱིས་བལ་པོའི་ལྷ་བཟོ་བ་དག་གིས་སྐུ་དང་གསུང་གི་རྟེན་རྣམས་(20ན)ཇི་ལྟར་བྱོན་པ་བཞིན་དུ་གསལ་བར་བརྐོས་སོ། །དེ་ནས་རིམ་བཞིན་རྒྱལ་པོ་འཁོར་བཅས་པོ་ཏ་ལར་ཕེབས་ནས་ཡིད་འོང་མཐོ་བཙན་གྱི་ཕོ་བྲང་བཞེངས་ཏེ་སྤྲུལ་པའི་དམག་དཔུང་དང་ལྷན་ཅིག་ཏུ་བཞུགས་པས། མཐའི་རྒྱལ་པོ་ཐམས་ཅད་ཀྱི་རྣ་བར་ད་ལྟ་བོད་ཀྱི་ཡུལ་ན་རྒྱལ་པོ་མགོ་གཉིས་པ་ཐོགས་པ་མེད་པར་སྤྲུལ་པའི་དམག་འགྱེད་ཐུབ་པའི་རྫུ་འཕྲུལ་ཅན་ཡོད་པར་ཐོས་པས་དེ་དག་འཇིགས་སྣང་གིས། པོ་ཏ་ལར་ཕོ་བྲང་གསར་དུ་བརྩིགས་པ་ན་ལག་བརྡར་བསྙད་པའི་སྐྱེས་བཟང་པོ་ཕྱོགས་སོ་སོ་ནས་འབུལ་དུ་འོངས་པ་ལ། རྒྱལ་པོས་དངོས་པོའི་སྐྱེས་ལན་དང་། བཀའི་མཆིད་ལན་བཟང་པོས་ཀུན་གྱི་ཡིད་དགའ་ཞིང་ཚིམས་པར་མཛད་དོ། །དེ་ནས་རྒྱལ་པོའི་ཐུགས་ལ་གངས་ལྗོངས་མུན་པའི་གླིང་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་བ་དང་། རྒྱལ་སྲིད་ལུགས་གཉིས་ཀྱི་ཁྲིམས་རྣམ་པར་དག་པས་འཛིན་པ་ལ་ཡི་གེ་འདི་ཉིད་མེད་དུ་མི་རུང་བ་ཡོན་ཏན་ཐམས་ཅད་ཀྱི་རྩ་བ་གཅིག་ཏུ་དགོངས་ནས། མགོན་པོ་འཇམ་དཔལ་དབྱངས་ཀྱིས་བྱིན་གྱིས་བརླབས་པའི་བློན་པོ་གཉལ་པ་ཐོན་མི་ཨ་ནུའི་བུ་སམ་བྷོ་ཊ་ལ་གསེར་ཕྱེ་བྲེ་གང་དང་གསེར་གྱི་པ་ཏྲ་སོགས་དངོས་པོ་གྱ་ནོམ་པ་དང་བཅས་འཕགས་ཡུལ་(20བ)དུ་ཡི་གེ་སློབ་པར་བཀས་གནང་། དེས་ཀྱང་རྒྱལ་པོའི་བཀའ་ཅོད་པན་དུ་བཅིངས་ཏེ་བྲན་དང་བཅས་པ་བཤུལ་དུ་ཞུགས་པས་བར་ཆད་མེད་པར་བགྲོད་ནས་རྒྱ་གར་དུ་བརྟོལ། བྲམ་ཟེ་ལེགས་བྱིན་ལས་ཡི་གེའི་རིགས་སུམ་བརྒྱ་དྲུག་ཅུ་རྩ་བཞི་དང་། པཎྜི་ཏ་ལྷ་རིག་པའི་སེང་གེ་ལས་སྒྲ་པཱ་ཎི་བྱཱ་ཀ་ར་ཎ། རྟོགས་སླ་བ་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ཀ་ལ་པཱ། རྟོགས་དཀའ་བ་པཎྜི་ཏ་ལུགས་ཀྱི་བསྟན་བཅོས་ཙཎྜ་པ་རྣམས་ཀྱིས་རིས། སྤྱན་རས་གཟིགས་ཀྱི་མདོ་རྒྱུད་ཉི་ཤུ་རྩ་གཅིག་དང་བཅས་ལེགས་པར་བསླབས་ནས་འདི་སྐད་ཅེས། སྒྱུ་ལུས་དྲི་མེད་སྡོང་པོ་ལ། །ཐབས་ཤེས་གཉིས་ཀྱི་ཡལ་ག་རྒྱས། །བསླབས་ཤེས་ཡོན་ཏན་གྱི་མེ་ཏོག་ཤར། །སྒྲ་ཚད་ཡི་གེའི་འབྲས་བུ་སྨིན། །བདག་བོད་ཀྱི་བློན་པོ་ཐོན་མི་ལ། །མ་ལུས་གནང་བ་ཐུགས་ལ་བཏགས། །རྒྱ་གར་ཡུལ་དུ་ཕྱིན་པ་ཡིན། །མཁས་གྲུབ་ཁྱེད་དང་མཇལ་བ་ཡིན། །ཡོན་ཏན་གཞི་མ་ཡི་གེ་ཡིན། །མ་ལུས་ཁོང་དུ་ཆུད་པ་ཡིན། །བོད་ཡུལ་དབུས་སུ་འགྲོ་བ་ཡིན། །རྒྱལ་པོས་དགའ་སྟོན་མཛད་པ་ཡིན། །རྒྱལ་སྲིད་ཆོས་བཞིན་སྐྱོང་བ་ཡིན། །རྒྱལ་པོས་དབུ་མཛད་བློན་འབངས་ལ། །སྒྲ་ཚད་ཡི་གེ་སྤེལ་བ་ཡིན། །ཀུན་ལ་རྒྱས་པར་(21ན)བྱེད་པ་ཡིན། །ཐུགས་ལ་བཏགས་སོ་རྒྱལ་བའི་སྲས། །ཞེས་དྲིན་གཟོ་བའི་བསྔགས་པ་མཛད་དེ་ཐེག་ཆེན་གྱི་ཆོས་དུ་མའི་རྒྱ་དཔེ་ཡང་བསྣམས་ནས་བོད་དུ་ལོག །རྒྱལ་པོ་དགྱེས་ཏེ་བསུ་བ་དང་དགའ་སྟོན་རྒྱ་ཆེན་པོ་མཛད། དེ་ནས་རྒྱལ་བློན་གཉིས་ཉང་བྲན་ཕ་བོང་ཁའི་སྐུ་མཁར་མ་རུར་མཚམས་བཅད་དེ་རྒྱལ་པོས་སྒྲ་དང་ཡི་གེ་རྣམས་སློབ་པའི་ཚུལ་མཛད་ཅིང་། ཐོན་མིས་ལྷ་ཡིག་ལཉྫར་དཔེ་བྱས་ནས་དབུ་ཅན་དང་། ཀླུ་ཡིག་ཝརྟུ་ལར་དཔེ་བྱས་ནས་ཤར་མ་སོགས་ཡི་གེའི་གཟུགས་གསར་དུ་བརྩམས། དེ་བཞིན་དུ་སུམ་ཅུ་པ་སོགས་བརྡ་གསལ་བར་བྱེད་པའི་བསྟན་བཅོས་རྣམས་མཛད་དེ། ཇི་སྐད་དུ། རྒྱ་སྐད་ཡི་གེ་ལྔ་བཅུ་དང་། །དེ་ཡི་དབྱངས་ཡིག་བཅུ་དྲུག་པོ། །ཨི་ཨུ་ཨེ་ཨོ་བཞི་རུ་བསྡུས། །ལོག་པའི་སྡེ་དང་མཐུག་པ་བོར། །ཅ་ཆ་ཇ་དང་ཞ་ཟ་འ། །རྒྱ་ན་མེད་པ་དེ་དྲུག་བསྣན། །དབྱངས་གསལ་ཐུན་མོང་ཨ་ཡིག་བཅས། །གསལ་བྱེད་ཡི་གེ་སུམ་ཅུར་བསྡུས། །གཙོ་བོ་མིང་གཞི་ཉི་ཤུ་དང་། །ཀུན་ལ་འཇུག་པ་མཐའ་རྟེན་བཅུ། །མེད་དུ་མི་རུང་སྔོན་འཇུག་ལྔ། །མེད་ཀྱང་རུང་བ་ཝ་ཡིག་གཅིག །ར་ལ་ས་གསུམ་འདོགས་པའི་མ། །ན་རོ་གི་གུ་འགྲེང་(21བ)བུ་གསུམ། །ཀུན་གྱི་སྟེང་ན་ཞྭ་ལྟར་ལྡིང་། །ཞབས་ཀྱུ་ཀུན་གྱི་གདན་དུ་མཛེས། །ཕོ་མོ་མ་ནིང་ཡི་གེར་ཕྱེས། །རྣམ་དབྱེ་བདུན་པ་འབྱེད་སྡུད་སྒྲ། །ལྷག་བཅས་ལ་དོན་དགར་བསྣན་དང་། །དགག་སྒྲུབ་ལ་སོགས་སྒྲ་སྣ་ཚོགས། །ཚིག་ཟུར་བསྒྱུར་བས་ཐོན་པར་མཛད། །ཐོན་མིས་མདོ་རྫིའི་སྒྲ་མདོ་དང་། །སུམ་རྟགས་ལ་སོགས་བརྡ་སྤྲོད་ཀྱི། །བསྟན་བཅོས་རྣམ་པ་བརྒྱད་ཀྱང་མཛད། །ལེགས་སྦྱར་རྐྱེན་དང་རྣམ་དབྱེ་སོགས། །སྒྲ་རེའང་དུ་མས་སྒྲུབ་དགོས་པས། །རྟོགས་དཀའ་རྒྱ་ཆེ་གྲངས་མང་ཡང་། །བོད་ཀྱི་སྒྲ་ལ་དེ་དག་ཀུན། །བྱིངས་རྐྱེན་གཞན་ལ་མི་ལྟོས་པར། །ཚིག་ཟུར་བསྒྱུར་བས་གྲུབ་པའི་ཕྱིར། །རྟོགས་སླ་ཉུང་ཞིང་ཁྱད་པར་འཕགས། །འདི་གཟིགས་རྒྱ་གར་པཎ་ཆེན་རྣམས། །ངོ་མཚར་ཆེར་མཛད་འཇམ་དཔལ་དབྱངས། །དངོས་ཞེས་བསྟོད་བཀུར་མཛད་དོ་སྐད། །ཅེས་སོ། །དེ་ནས་རྒྱལ་པོས་དགའ་སྟོན་གྱི་ཁྲིར་ཕེབས་ཏེ། ཐུ་མིས་ཡིག་ཕུད་འབུལ་བའི་སྐབས་སུ་བྱ་དཀའ་བའི་སྒྲ་རྒྱན་དུ་སྦྱར་ནས་རྒྱལ་པོ་ལ་ཚིགས་སུ་བཅད་པའི་བསྟོད་པ་ཕུལ་བ། ཞལ་རས་གསལ་ལ་ངང་མདངས་གང་བ་བཟང་། །གདམས་ངག་ཟབ་ལམ་མ་ཆད་ཐ་དད་རང་། །ལས་ངན་བག་ཆགས་(22ན)ཐམས་ཅད་བསལ་མཛད་པ། །འཕགས་པ་མ་ཕམ་ཡང་དག་དམ་པ་ལགས། །བདེ་གཤེགས་བདེན་ངེས་ཡེ་ཤེས་ཏེ། །ཏིང་འཛིན་ཞི་ཉིད་རིག་ཅིང་གཟིགས། །ཉོན་མོངས་ཚོགས་བཅོམ་མགོན་པོ་མཆོག དུས་གསུམ་བདུད་འདུལ་ཀུན་ཏུ་ཐུལ། །སྤྱན་རས་གཟིགས་དབང་ཐུགས་ཀྱི་སྲས། །སྲོང་བཙན་སྒམ་པོར་མཚན་གསོལ་བའི། །ཆོས་རྒྱལ་ཁྱེད་ལ་ཕྱག་འཚལ་ལོ། །ཞེས་ཕུལ་བས་རྒྱལ་པོ་རབ་ཏུ་དགྱེས་ནས་བྱ་དགའ་མང་དུ་སྩལ། ཡིག་ཕུད་འདི་འབུར་སྟོང་རྗེན་ལོག་སྣང་རྡོའི་ལྷ་ཁང་གི་བྲག་ལ་བརྐོས་ནས་ཡོད་སྐད། དེ་ནས་རྒྱལ་པོའི་བཀའ་བཞིན་བོད་ཀྱི་བློན་འབངས་ཀུན་ལ་ཡི་གེ་བྲི་ཀློག་གི་སྲོལ་དར་བས་རྨོངས་པའི་མུན་པ་སེལ་ནས་བློ་གྲོས་ཀྱི་པདྨོ་རྒྱས་པར་གྱུར་ཏོ། །དེར་རྒྱལ་པོས་ཡོན་ཏན་རིན་པོ་ཆེའི་བཙས་སུ་དགོངས་ཏེ་ཐོན་མི་ལ་བཀུར་བསྟི་སྲི་ཞུ་རྒྱ་ཆེར་མཛད་པ་ན། བློན་པོ་འགའ་ཞིག་གིས་ཕྲག་དོག་བྱས་ཏེ་རྗེ་ཡིས་འབངས་ལ་འདི་ལྟར་མཛད་པ་མི་འོས་ཞེས་ཞུས་པས། ཐོན་མིས་གླུ་བླངས་པ། ང་དྲིན་ཅན་གྱི་བློན་པོ་ཐོན་མི་ངས། །ལམ་བགྲོད་པར་དཀའ་བའི་རྒྱ་གར་དུ། །ལུས་ཚ་གྲང་ཆེ་ཡང་དཀའ་བ་སྤྱད། །ཁོང་མཁས་པ་བྲམ་ཟེ་ལི་བྱིན་ལ། །(22བ)ཡིད་གུས་པའི་ཚུལ་གྱིས་མོས་གུས་བྱས། །ནོར་རིན་ཆེན་གསེར་གྱི་ཕྱག་རྟེན་ཕུལ། །དོན་རྙེད་པར་དཀའ་བའི་ཡིག་འབྲུ་བསྟན། །བློ་ཐེ་ཚོམ་སེལ་བའི་མཛུབ་ཁྲིད་བྱས། །ཚིག་དབྱངས་ཡིག་རྣམས་ལ་མཁས་པར་སྦྱངས། །རྒྱ་ཡིག་ལྔ་བཅུ་ཐམ་པ་དེ། །བོད་ཡིག་སུམ་ཅུར་གཏན་ལ་ཕབ། །རང་མཁས་པའི་ངེས་ཤེས་བློ་ལ་ཤར། །འཕྲལ་ཡོན་ཏན་ཐམས་ཅད་ཁོང་དུ་ཆུད། །དུས་ད་ལྟ་དགའ་ལ་ཕྱི་མ་སྐྱིད། །ཡུལ་མཐའ་འཁོབ་བོད་ཀྱི་རྒྱལ་ཁམས་འདིར། །མི་མཁས་པ་སླེབས་པའི་སྔོན་མ་ཡིན། །ང་མུན་པ་སེལ་བའི་སྒྲོན་མེ་ཡིན། །རྗེ་རྒྱལ་པོ་ཉི་ཟླའི་ཚུལ་དུ་བཞུགས། །གྲོགས་བློན་པོའི་ཁྲོད་ན་ང་ཙམ་མེད། །བོད་ཁ་བ་ཅན་གྱི་མི་རྣམས་ལ། །ང་ཐོན་མི་བཀའ་དྲིན་མི་ཆེའམ། །ཞེས་དེ་སྐད་བླངས་པས་བློན་འབངས་རྣམས་འགྲན་སེམས་ཀྱི་ཕྲག་དོག་ཞི་ནས་ཀུན་གྱིས་གཙུག་ཏུ་བཀུར་བར་བྱས་སོ། །ཡང་རྒྱལ་པོས། ཡབ་མེས་ཀྱི་ཐུགས་དམ་གཉན་པོ་གསང་བ་དེར་ཅི་འདུག་ཀློག་དང་གསུངས་པས། སྤང་ཀོང་ཕྱག་རྒྱ་པ་དང་། མདོ་སྡེ་ཟ་མ་ཏོག་བྱུང་ཞེས་གྲགས། འདི་དུས་འཕྲུལ་བློན་ཆེན་པོ་བཅུ་དྲུག་གིས་གཙོས་པའི་བློན་པོ་སུམ་བརྒྱ། མེད་ཐབས་མེད་པའི་བློན་ཆེན་དྲུག་དང་བཅས་(23ན)པས་རྒྱལ་ཁམས་ཐམས་ཅད་བདེ་བར་སྐྱོང་བ་ཡིན་ཏེ། འཕྲུལ་གྱི་གནའ་ཆེན་རིགས་བཟང་། ཞང་པོ་རྒྱལ་གྱི་ཁྲོམ་བཟང་། ཅོག་རོ་རིག་པའི་ཀོང་བཟང་། ལྷ་གཟིག་ཤོག་པོ་བསྟན་བཟང་། ཀ་ཡི་སྙག་སྟོན་འཕེལ་བཟང་། སྦས་ཅང་དཔལ་གྱི་ལེགས་བཟང་སྟེ། ནང་བློན་བཟང་པོ་རྣམ་དྲུག་ལ་སོགས་བློན་པོ་བརྒྱ་ཕྲག་གཅིག་གིས་རྒྱལ་པོའི་སྐུའི་ཞབས་ཏོག་དང་ནང་གི་བྱ་བ་ཐམས་ཅད་བྱེད། བྱང་གི་ཁྱུང་པོ་སྤུན་ཟུང་བཙན། ལམ་ཁྲི་བདེ་བླག་ཁྲི་བཙན། མུ་ཁྲི་རྡོ་རྗེ་རྣམ་བཙན། ཐིང་གི་བྱང་ཆུབ་མཆོག་བཙན། ཐར་པ་ཀླུ་ཡི་དཔལ་བཙན། རོང་པ་འཕྲུལ་གྱི་ལྡེ་བཙན་སྟེ། ཕྱི་བློན་བཙན་པོ་དྲུག་དང་བློན་པོ་བརྒྱས་ཕྱིའི་བྱ་བ་ཐམས་ཅད་བྱེད་དེ། ཤར་ཕྱོགས་རྒྱ་དང་མི་ཉག་ནས་བཟོ་དང་རྩིས་ཀྱི་དཔེ་ལེན་པ་དང་། ལྷོ་ཕྱོགས་རྒྱ་གར་གྱི་ཡུལ་ནས་དམ་པའི་ཆོས་ཀྱི་སྒྲ་རྣམས་བསྒྱུར་བ་དང་། ནུབ་ཕྱོགས་བལ་པོའི་ཡུལ་ནས་ཟས་ནོར་ལོངས་སྤྱོད་ཀྱི་གཏེར་ཁ་འབྱེད་པ་དང་། བྱང་ཕྱོགས་ཧོར་དང་ཡུ་གུར་གྱི་ས་ནས་ཁྲིམས་དང་ལས་ཀྱི་དཔེ་རྣམས་ལེན་པར་བྱེད། མཁས་པ་ཐོན་མི་སམ་བྷོ་ཊ། མགར་གྱི་སྟོང་བཙན་ཡུལ་བཟུང་། འབྲི་ཡི་སེ་རུ་གུང་སྟོན། ཉང་གི་(23བ)ཁྲི་བཟང་ཡང་སྟོན་ཏེ། མེད་ཐབས་མེད་པའི་བློན་པོ་བཞིས་གཙོས་བློན་པོ་བརྒྱས་བར་གྱི་ཁོད་སྙོམས་ཤིང་ལུགས་གཉིས་ཀྱི་ཁྲིམས་སྐྱོང་སྟེ། མཐའ་བཞིའི་རྒྱལ་ཁམས་དང་ལོངས་སྤྱོད་ཐམས་ཅད་ལ་མངའ་དབང་བསྒྱུར། དེ་སྐབས་འཕྲུལ་བློན་མཛངས་པ་མི་བདུན་བྱུང་བ་ལས་ཐོན་མིས་བོད་ཡིག་ཐོག་མར་མཛད་པའི་ཕྱིར་བཞི་པར་གྲགས། ཁྲི་བཟང་ཡང་སྟོན་སྙགས་ཀྱི་བུས་རི་ཁྱིམ་ཀླུངས་སུ་ཕབ། སྤོ་མཐོན་མཁར་དུ་བརྩིགས་ནས་གྲོང་ཁྱེར་བཟོས་པས་མཛངས་མི་ལྔ་པ་ཡིན། འདི་ཡན་ལ་བོད་ཀྱི་ཁང་ཁྱིམ་རྣམས་རི་རྩེར་ཡོད་སྐད། དེ་ནས་རྒྱལ་པོས་བོད་འབངས་མ་ལུས་པ་བསྡུས་ཏེ་ལུགས་གཉིས་ཀྱི་བཀའ་ཁྲིམས་ཆེན་པོ་བཅའ་བར་བཞེད་དེ། རྒྱལ་པོ་ཉིད་ལོ་བཞིར་མཚམས་མཛད་ནས་ཡི་གེ་ལ་སོགས་པའི་རིག་གནས་སྦྱངས་པས། འབངས་རྣམས་ན་རེ། རྒྱལ་པོ་ལོ་བཞིར་ཕོ་བྲང་ནས་ཕྱིར་མི་བྱོན་པ་གླེན་པ་ཞིག་ཡོད་པར་འདུག །བོད་བདེ་བ་བློན་པོ་རྣམས་ཀྱིས་བྱས་སོ་ཟེར་བ་གསན་པས། ང་ལ་གླེན་པར་བརྩིས་ན་བོད་འབངས་མི་ཐུལ་དགོངས་ཏེ། འབངས་རྣམས་བསགས་ནས་ང་འཕོ་བསྐྱས་མ་བྱས་པར་ཕོ་བྲང་གཅིག་ཏུ་འདུག་ན་འབངས་རྣམས་བདེ་བ་ཡིན་(24ན)ཏེ། རྒྱལ་པོ་གླེན་པར་འདུག །རྒྱལ་ཁམས་བདེ་བ་བློན་པོས་བྱས་ཟེར་བར་འདུག་མོད། དེ་འདྲ་མིན། བློན་པོར་ངས་བསྒོས་པ་ཡིན། ད་ནི་ངས་རྒྱལ་ཁྲིམས་ཆེན་པོ་བཅའ་དགོས། སྔོན་ཡང་ཁྲིམས་མེད་པས་རྒྱལ་ཕྲན་རྣམས་སོ་སོར་འཁྱར་བ་ཡིན། ད་དུང་ཁྲིམས་མེད་ན་ཉེས་བྱེད་དར་ཞིང་ངའི་འབངས་རྣམས་སྡུག་བསྔལ་བར་འགྱུར་བས་ཁྲིམས་བཅའ་བར་བྱའོ་གསུངས་ནས། བཀའི་ཁྲིམས་ཡིག་ཆེན་མོ་རྣམ་པ་དྲུག་མཛད་དེ། ཁྲི་རྩེ་འབུམ་ཞེར་གྱི་ཁྲིམས། འབུམ་གསེར་ཐང་ཤ་བ་ཅན་གྱི་ཁྲིམས། རྒྱལ་ཁམས་དཔེ་བླངས་ཀྱི་ཁྲིམས། མདོ་ལོན་ཞུས་བཅད་ཀྱི་ཁྲིམས། དབང་ཆེན་བཅད་ཀྱི་སྤྱི་ཁྲིམས། ཁབ་སོ་ནང་པའི་ཁྲིམས་ཏེ་དྲུག་གོ །དང་པོ་ཁྲི་རྩེ་འབུམ་ཞེར་གྱི་ཁྲིམས་ནས་སྲིད་པ་དང་ཁོད་སྟོན་པ་ལས། རྒྱལ་པོས་བློན་པོ་རྣམས་སོ་སོར་བཀའ་བསྒོས་ཏེ། བོད་ཀྱི་ཁོད་དཔོན་མགར་སྟོང་བཙན་ཡུལ་བཟུང་། ཞང་ཞུང་གི་ཁོད་དཔོན་ཁྱུང་པོ་སྤུན་ཟུང་རྩེ། སུམ་པའི་ཁོད་དཔོན་ཧོར་བྱ་ཁུ་རིང་པོ། ཆིབས་ཀྱི་ཁོད་དཔོན་དབས་བཙན་བཟང་དཔལ་ལེགས། མཐོང་ཁྱབ་ཀྱི་ཁོད་དཔོན་ཅོག་རོ་རྒྱལ་མཚན་གཡང་གོང་རྣམས་བསྐོས། སྐྱིད་ཤོད། (24བ)ཤོ་མར། ཁྱུང་ལུང་རྡུལ་མཁར། ན་མར་ཞ་དོན་གྲམ་པ་ཚལ། རི་བོ་གཡའ་དམར་རྣམས་སུ་བཅས། དེ་ཡང་དང་པོར་རུ་མཚམས་ཕྱེས་ཏེ། ཤར་འོ་ཁའི་ཤུག་པ་སྤུན་བདུན། ལྷོ་རྨལ་ལ་བརྒྱུད། ནུབ་གཞུ་སྙེ་མོ། བྱང་བྲག་གི་གླང་མ་གུར་ཕུབ། དབུས་ཚད་ལྷ་སར་མོ་ཆེ་ལ་བྱས་པ་དབུ་རུ། ཤར་ཀོང་ཡུལ་བྲེ་སྣ། ལྷོ་མོན་ཤ་འུག་ལྟག་གོང་། ནུབ་ཁ་རག་གངས་རྩེ། བྱང་རྨལ་ལ་བརྒྱུད། དབུས་ཚད་ཡར་ཀླུངས་ཁྲ་འབྲུག་ལ་བྱས་པ་གཡོ་རུ། ཤར་བྲགས་ཀྱི་གླང་མ་གུར་ཕུབ། ལྷོ་གཉའ་ནམ་གཡག་པོའི་སྣ། ནུབ་བྱེ་མ་ལ་དགུ། བྱང་སྨྲི་ཏི་ཆུ་ནག །དབུས་ཤངས་ཀྱི་གཞོང་པ་ཚལ་ལ་བྱས་པ་གཡས་རུ། ཤར་འཇམ་ནེ་བཀྲ། ལྷོ་བལ་པོ་གླང་སྣ། ནུབ་ལ་ཀེམ་གཡག་མིག །བྱང་བྱེ་མ་ལ་སྔོན། དབུས་སྲད་ཀྱི་རུར་པ་སྣ་ལ་བྱས་པ་རུ་ལག །ཤར་གཉེ་ཡུལ་བུམ་ནག །ལྷོ་སྨྲི་ཏི་ཆུ་ནག །ནུབ་ཡེལ་ཞབས་སྡིངས་པོ་ཆེ། བྱང་ནགས་ཤོད་གཟི་འཕྲང་། དབུས་ཚད་རྒྱ་ཤོད་སྟག་པ་ཚལ་ལ་བྱས་པ་སུམ་པའི་རུ་སྟེ། གཙང་ལ་གཡས་རུ་དང་རུ་ལག །དབུས་ལ་དབུ་རུ་དང་གཡོ་རུ། ཡན་ལག་སུམ་པའི་རུ་སྟེ་ལྔར་ཕྱེས་སོ། །དེ་རྣམས་ལ་ཡུལ་གྱི་དབང་རིས་ནི། དབུ་རུ་(25ན)ཤོད་ཆེན་བཙན་པོ་མངའ་བདག་ཡུལ། །ཕོ་བྲང་སྣེ་ཆེ་བཙན་པོ་རྗེ་འབངས་ཡུལ། །ཡར་ཀླུངས་སོག་ཁ་ཁུ་དང་གཉགས་ཀྱི་ཡུལ། །ཡར་འབྲོག་གངས་ཁྱིམ་གུ་རིང་སྡེ་ལྔའི་ཡུལ། །འཆིང་ང་འཆིང་ཡུལ་འགོས་དང་སྣུབས་ཀྱི་ཡུལ། །བྱ་འུག་ས་ཚིགས་བྲང་རྗེ་ཕ་ལྔའི་ཡུལ། །སྲད་དང་གཞོང་པ་སྣ་ནམ་ཡུལ་དུ་བཅད། །བྲག་རུམ་སྟོད་སྨད་ཚེ་སྤོང་ཡུལ་དུ་བྱས། །གཙང་སྟོད་གཙང་སྨད་འབྲོ་དང་ཁྱུང་པོའི་ཡུལ། །ཀླུང་ཤོད་ནམ་པོ་འདྲུ་དང་ཕྱུགས་མཚམས་ཡུལ། །འཕན་ཡུལ་སྟོང་སྡེ་སྒྲོ་དང་རྨ་ཡི་ཡུལ། ཉང་རོ་གྲོམ་པ་འབྲེ་དང་ལྕེ་ཡི་ཡུལ། །ཤངས་དང་གླེ་ཕྱི་རི་དང་གླེ་ཡི་ཡུལ། །ཡུང་བ་ཆེ་ཆུང་བྲན་ཀའི་ཡུལ་དུ་བཅད། །ཞ་གང་སྡེ་གསུམ་བློན་པོ་སྦས་ཀྱི་ཡུལ། །ནམ་ར་ཆག་གོང་འབྲིང་དང་ཆག་གི་ཡུལ། །འདམ་ཤོད་དཀར་མོ་ཕྱ་དང་རྭ་ཡི་ཡུལ། །མདོ་ཁམས་མདོ་ཆེན་རྒོད་སྟེང་སྡེ་བརྒྱད་ཡུལ། །ཞེས་བཅོ་བརྒྱད་དུ་ཕྱེས་སོ། །རྒོད་ཀྱི་སྟོང་སྡེ་ནི། རུ་རེ་ལ་སྟོང་སྡེ་བརྒྱད། སྟོང་བུ་ཆུང་་རེ། སྐུ་སྲུང་གི་སྟོང་སྡེ་རེ་དང་བཅུར་ཕྱེས་ཏེ། དོར་སྡེ་སྡེ་མཚམས་གཉིས། ཕྱུགས་མཚམས་འབྲང་མཚམས་གཉིས། ཅོམ་པ་འབྲི་མཚམས་གཉིས། སྐྱིད་སྟོད་སྐྱིད་སྨད་གཉིས། ཡེལ་(25བ)རབ་སྟོང་བུ་ཆུང་། སྐུ་སྲུང་ཤར་ཕྱོགས་པ་དང་བཅུ་ནི་དབུ་རུའི་སྟོང་སྡེ་བཅུའོ། །ཡར་ཀླུངས་འཕྱིང་ལུང་གཉིས། ཡར་མཚམས་གཡུ་འབངས་གཉིས། དྭགས་པོ་ཉག་ཉི་གཉིས། གཉལ་དང་ལྷོ་བྲག་གཉིས། ལོ་རོ་སྟོང་བུ་ཆུང་། སྐུ་སྲུང་བྱང་ཕྱོགས་པ་རྣམས་ཏེ་གཡོ་རུའི་སྟོང་སྡེ་བཅུའོ། །སྟོང་ཆེན་ཤངས་ཆེན་གཉིས། ལང་མི་ཕོད་དཀར་གཉིས། ཉེན་དཀར་འབྲང་མཚམས་གཉིས། སྦོ་རབ་གཟོང་སྡེ་གཉིས། ཤངས་སྟོང་བུ་ཆུང་། སྐུ་སྲུང་ནུབ་ཕྱོགས་པ་རྣམས་ཏེ་གཡས་རུའི་སྟོང་སྡེ་བཅུའོ། །མང་ཀང་ཁྲི་ཟོམ་གཉིས། གྲོམ་པ་ལྷ་རྩེ་གཉིས། མྱང་རོ་ཁྲི་འཐང་གཉིས། ཁང་སང་གད་བྲམ་གཉིས། མཚོ་ངོས་སྟོང་བུ་ཆུང་། སྐུ་སྲུང་ལྷོ་ཕྱོགས་པ་སྟེ་རུ་ལག་གི་སྟོང་སྡེ་བཅུའོ། །བོད་དང་གྲུ་གུའི་མཚམས་ན་འོ་ཅོ་མང་མ་གཉིས། གཉེ་མ་ཙ་མོ་གཉིས། བ་ག་སྟོང་བུ་ཆུང་སྟེ་ཞང་ཞུང་སྟོད་ཀྱི་སྟོང་སྡེ་ལྔའོ། །བོད་དང་སུམ་པའི་མཚམས་ན་གུག་གེ་ཅོག་ལ་གཉིས། སྤྱི་གཙང་ཡར་གཙང་གཉིས། ཅི་དི་སྟོང་བུ་ཆུང་བཅས་ཞང་ཞུང་སྨད་ཀྱི་སྟོང་སྡེ་ལྔ་སྟེ་ཞང་ཞུང་གི་སྟོང་སྡེ་བཅུའོ། །རྩེ་མཐོན་པོ་མཐོན་གཉིས། རྒོད་ཚང་སྟོད་སྨད་གཉིས། འཇོང་སྟོད་འཇོང་སྨད་གཉིས། དྲེ་སྟོད་དྲེ་སྨད་གཉིས། ཁ་རོ་ཁ་ཟངས་གཉིས། ནགས་ཤོད་སྟོང་བུ་ཆུང་སྟེ་སུམ་པའི་རུ་སྟོང་ཁྱབ་བརྒྱ་ལྡན་གྱི་སྟོང་སྡེ་བཅུ་གཅིག་གོ །དེ་རྣམས་ལ་རྒོད་ཀྱི་སྟོང་སྡེ་དྲུག་ཅུ་རྩ་གཅིག་ཟེར་ཏེ།(26ན)རྒོད་ནི་འབངས་རབ་ཚན་དམག་གི་ལས་བྱེད་པའི་མིང་སྟེ་དེ་རྣམས་ལ་སྟོང་དཔོན་ཡང་དྲུག་ཅུ་རྩ་གཅིག་གོ །དབུ་རུ་སྟོད་སྨད་ཀྱི་དམག་དཔོན་སྣ་ནམ་རྒྱལ་རྒན་དང་སྦས་སྐྱེས་བཟང་སྟག་སྣ། དེའི་དཔའ་ཟླ་གནོན་འཕན་གསུམ་དང་། ཤོད་བུ་ཁོངས་བཙན། རུ་རྟ་ཟེ་དཀར་རྟ་སྐྱ་དང་མཚལ་བུ་གཟིག་རིང་། རུ་དར་དམར་པོ་ལྕེ་ཁྲ་དང་། དཔལ་དར་དམར་པོ། དམག་གི་བཞེད་ནི་མཚོ་ལ་གངས་བབས་འདྲ་སྐད། གཡོ་རུ་སྟོད་སྨད་ལ་རུ་དཔོན་མྱང་སྟག་གཟིག་གཡུ་བཙན་དང་མཆིམས་རྒྱལ་གཟིག་ཤུད་རིང་། དཔའ་ཟླ་གཡས་མང་གཞེར་དང་སོ་གད་གཉན་གཞེར། རུ་རྟ་མོག་རོ་བུན་བུན་དང་མཚལ་བུ་རྟིང་དཀར། རུ་དར་སེང་གེ་དམར་པོ་དང་། དཔལ་དར་དཀར་པོ་སྙིང་ནག །མཚོ་ལ་སྦྲང་ཆར་བབས་པ་བཞིན་འགྲིམ་སྐད། རུ་ལག་སྟོད་སྨད་ལ་རུ་དཔོན་འབྲོ་རྒྱལ་མཚན་སེང་གེ་དང་ཁྱུང་པོ་གཡུའི་ཟུར་ཕུད། དཔའ་ཟླ་གནམ་སྡེ་གུར་ཚབ་དང་མཆིམས་བཙན་ཞེར་ལྷ་གཟིགས། རུ་རྟ་དང་པ་ཕུད་དམར་དང་རག་པ་རྔོག་ནག །རུ་དར་སེང་དཀར་གནམ་མཆོངས་དང་། དཔལ་དར་ནག་པོ། གངས་ལ་སེར་བ་འདྲིལ་བ་བཞིན་འགྲོ་སྐད། གཡས་རུ་སྟོད་སྨད་ལ་རུ་དཔོན་ཁྱུང་པོ་སྟག་བཟང་སྟོང་དང་(26བ)མགོས་ཁྲི་གཉན་གཡང་འཕྱོས། དཔའ་ཟླ་པ་ཚག་མཚོ་ཞེར་གཙང་ལོད་དང་ལང་པ་མགོན་ནེ། རུ་རྟ་མཚལ་བུ་མེ་སྟག་དང་སྔོན་པོ་གཡུ་རྟ། རུ་དར་དར་སྣ་སྙིང་དཀར་བྱ་ཁྱུང་བྲིས་པ་དང་། དཔལ་དར་སྐྱེར་ཁ་གོང་ཁྲ། སྤང་ལ་མེ་མཆེད་པ་ལྟ་བུར་འགྲིམ་སྐད། གཡུང་གི་མི་སྡེ་འབྱེད་པ་ནི། གཡུང་ངམ་ཁེང་ཞེས་པ་འབངས་ལས་བྱེད་ཀྱི་མིང་ཡིན་ལ། ཡང་ཁེང་ཞེས་པ་ཡང་བྲན་དང་ཉིང་གཡོག་གི་མིང་ཡང་ཡིན་ནོ། །དེ་ལ་ཡང་སྣུབས་རྗེ་སྲིད་པ་ལ་སོགས་རྗེ་དགུ། ལོང་ངམ་རྟ་རྫི་ལ་སོགས་རྫི་བདུན། ག་རོང་སྒ་མཁན་ལ་སོགས་མཁན་དྲུག ། རྒྱ་ཇ་ཚོང་པ་ལ་སོགས་ཚོང་པ་ལྔ། གདགས་སྒྲ་འཛིན་སོགས་འཛིན་གསུམ་སྟེ། འདི་རྣམས་ཁེང་དང་། ཡང་ཁེང་དང་། ཉིང་ཁེང་དུ་ཕྱེ་བས་དགོས་པ་ཐམས་ཅད་སྒྲུབ་ལ། ནམ་པ་ལྡེ་རྒྱལ། བལ་པོ་ལི་རྒྱལ། སུམ་པ་ལྕགས་རྒྱལ། མོན་རྩེ་རྒྱལ་ཞེས་ཕྱོགས་ཀྱི་རྒྱལ་པོ་བཞིར་དཔྱ་བསྡུ་བས་འབངས་ལ་གཏོགས་སོ། །སྟོད་ན་འབྲོ། སྨད་ན་མཆིམས། བར་ན་སྣ་ནམ། བློན་པོ་སྦས་རྣམས་ལ། ཞང་གསུམ་བློན་དང་བཞི་ཞེས་སྐུ་ཞང་དང་། བློན་ཆེན་གྱི་བྱ་བ་བྱེད་དོ། །དཔའ་བའི་སྡེ་གསུམ་ནི། རི་བྲང་སྟག་པ་གོང་ཡན་ཆད། མོན་(27ན)དབྲལ་ཁ་བཞི་མན་ཆད་ན་འབྲོ། ཁྱུང་། མགར། སྣུབས། གཉེན་ཏེ་ཕུག་ཅོག་སྡེ་ལྔས་དཔོན་བྱས། གྲུ་གུ་གསེར་མིག་ཅན་གྱི་ཆུང་མ་ཧོར་མོ་བར་མདུང་ཅན་ནུ་མ་གཡས་པ་མེ་བཙས་བསྲེགས་ནས་མདའ་པར་གསུམ་མདེའུ་ཁྱི་མགོ་ཙམ་རྡོ་ལེབ་ལ་ཅུར་འབྱིན་པ་འཕེན་པ་ལ་ཁ་བལྟས་ནས། དཔའ་མཚན་དུ་སྟག་གི་སྤྱིལ་པོ་ཕུབ། འོག་རྟ་གཡུལ་དུ་བསད། གདོང་ཁྲག་གིས་བྱུགས་ཏེ་སླར་མི་ལྡོག་པའི་རྩིས་སུ་བྱས་ནས་གྲུ་གུ་བཏུལ་བའོ། །བར་གྱི་དཔའ་སྡེ་ནི། རི་པེ་ནམ་ལུང་ཡན་ཆད། ཆ་སྐོང་དང་བས་མན་ཆད། ཡུལ་དེ་ན་སྦས་རྒྱ་སྡེ་བཅུ་གཉིས་གནས་པས། ནགས་ཤོད་ཀྱིས་དཔོན་བྱས་ཏེ་ལྗང་མོ་ཐག་མདུང་གི་རྩེ་མོ་བཙུགས་ནས་དམག་གསེབ་ཏུ་རྒྱུགས་པ་ལ་རྒོལ་བའི་ཚེ། དཔའ་མཚན་དུ་རལ་གྲི་ལ་རི་མོ་བྲིས། དུར་རྒྱགས་ལྟོར་ཟོས། ཚར་སློག་རྒྱབ་ཏུ་གྱོན་ཏེ་མི་ལྡོག་པའི་ཆས་སུ་བྱས་ནས་རྒོལ་བས་ལྗང་བཏུལ་བའོ། །སྨད་ཀྱི་དཔའ་སྡེ་ནི། རྨ་སྤོམ་ར་མན་ཆད། ཀ་ཐང་ཀླུ་ཚེས་ཡན་ཆད། ན་མཐོང་ཁྱབ་སྲིད་སྡེ་དགུ་དང་འ་ཞ་སྟོང་སྡེ་དྲུག་གནས་པ་ལ། རྒྱའི་སོ་མཁར་གྱི་ལྕགས་རིའི་སྟེང་དུ་རྟ་པ་དགུ་བསྒྲིགས་རྒྱུགས་པའི་ནང་ནས་མི་མཁར་ཐུང་ཙམ་(27བ)གྱིས་དགྲ་སྟའི་ཁ་ཁྲུ་རེ་ཙམ་ཐོགས་པ་ལ་རྒོལ་བའི་ཚེ། ལྟོང་ལྟོང་གི་བུ་ཕྱུགས་མཚམས་ཀྱིས་དཔོན་བྱས། དཔའ་མཚན་དུ་རལ་གྲིའི་ཤུབས་བཅག །ཁ་ཆེམས་ཉེ་བ་ལ་ཕོག །བུ་སྨད་ཉེ་དྲུང་ལ་བཅོལ་ནས། མི་ལྡོག་པའི་རྩིས་ཀྱིས་རྒོལ་བས་རྒྱ་ཐུལ་བས་སྨད་ཀྱི་དཔའ་སྡེའོ། །གཞན་ཡང་དཔོན་དྲུག་ལ། ཡུལ་དཔོན་གྱི་ལས་སུ་ཡུལ་ཆུང་ཁྲིམས་ཀྱིས་འཚོ། དམག་དཔོན་གྱི་ལས་སུ་དགྲ་འདུལ། ཆིབས་དཔོན་གྱིས་གཤེགས་པའི་བཤུལ་མཚོན། རྔན་དཔོན་གྱིས་འབྲུ་དང་གསེར་དངུལ་གྱི་གཉེར་བྱེད་པ་ལ་རྔན་བགྲང་བ་མང་བས་རྔན་དཔོན་དུ་ཐོགས། ཕྲུ་དཔོན་གྱིས་འབྲི་མཛོ་ཕྲུ་མའི་གཉེར་བྱེད། དྲང་དཔོན་གྱིས་ཞལ་ལྕེ་གཅོད་པ་སྟེ་དཔོན་དྲུག་གོ །གཞན་ཡང་བཀའ་གྲོས་ཆེན་པོ་དྲུག །ཡིག་ཚང་དྲུག །བཀའི་ཕྱག་རྒྱ་དྲུག །རྐྱེན་དྲུག །དཔའ་མཚན་དྲུག །དེ་རྣམས་ཀྱི་སྟེང་དུ་ཁྲིམས་ཡིག་དྲུག་པོ་བསྣན་པས་བོད་ཀྱི་ཁྲིམས་སུམ་ཅུ་རྩ་དྲུག་ཅེས་བྱ་སྟེ། རྗེའི་སྐུ་འཚོ་ཞིང་ཞོ་ཤ་སླར་དབུལ། རྒོད་ཀྱི་གཉའ་མནན་ཅིང་ཡང་ཁེང་གི་རྒྱབ་བརྟེན། ཁེང་རྒོད་དུ་མི་བཏང་ཞིང་མོ་བཙུན་བཀའ་ལ་མི་གདགས། སོ་མཚམས་སྲུང་ཞིང་འབངས་ཀྱི་ཚལ་ཞིང་རྟ་དཀྱུས་ཀྱིས་མི་བཅད། དགྲ་(28ན)འདུལ་ཞིང་འབངས་བསྐྱངས། དགེ་བ་བཅུ་སྒྲུབ་ཅིང་མི་དགེ་བ་བཅུ་སྤངས་པ་རྣམས་བཀའ་གྲོས་ཆེན་པོ་དྲུག་གོ །ཡིག་ཚང་ནི། རབ་གསེར་གཡུ་གཉིས། འབྲིང་དངུལ་དང་ཁྲ་མེན། ཐ་མ་ཟངས་ཡིག་ལྕགས་ཡིག་སྟེ་དྲུག་པོ་རེ་རེ་ལ་ཆེ་ཆུང་གཉིས་རེ་ཕྱེ་བས་བཅུ་གཉིས་སོ། །དེ་ཡང་གུང་བློན་ཆེན་པོ་ལ་གཡུ་ཡིག་ཆེན་པོ་གནང་། གུང་བློན་འབྲིང་དང་ནང་བློན་ཆེན་པོ་ལ་གཡུ་ཡིག་ཆུང་ངུ་། གུང་བློན་ཐ་ཆུང་དང་། ནང་བློན་འབྲིང་། བཀའ་ཡོ་གལ་འཆོས་པ་ཆེན་པོ་གསུམ་ལ་གསེར་ཡིག་ཆེན་པོ། ནང་བློན་ཐ་ཆུང་དང་། བཀའ་བློན་འབྲིང་ལ་གསེར་ཡིག་ཆུང་ངུ་། བཀའ་བློན་ཐ་ཆུང་ལ་ཁྲ་མེན་གྱི་ཡི་གེ་གནང་། གཞན་ཡང་ཆོས་གྲྭའི་སློབ་དཔོན། སྐུའི་སྔགས་མཁན། སྟོད་སྨད་ཀྱི་དབང་བློན་རྣམས་ལ་དངུལ་གྱི་ཡི་གེ་ཆེན་པོ་སྦྱིན། སྐུ་འཚོ་བའི་བོན་པོ། གཟིམ་མལ་པ། ཆིབས་ཁ་བ། བྱང་ཐང་གི་ས་མཁན། མཐའི་སོ་ཁ་སྲུང་བ་དང་། སྐུ་མཁར་གྱི་རྩེ་སྲུང་སོགས་ལ་དངུལ་ཡིག་ཆུང་བ། ཡབ་འབངས་རུས་དྲུག་སོགས་ལ་འཁར་བའི་ཡི་གེ །སྟོང་དཔོན་རུ་དཔོན་སོགས་ལ་ཟངས་ཡིག །གཡུལ་དུ་དཔའ་བ་ལ་ལྕགས་ཡིག ཡང་ཐང་ཤིང་(28བ)སྐྱ་ཆུ་རིས་ཀྱི་ཡི་གེ་ནི་འབངས་ཕལ་པ་རྣམས་ལ་གནང་སྐད། ཕྱག་རྒྱ་དྲུག་ནི། བཀའ་རྟགས་ཀྱི་ཕྱག་རྒྱ་སྒྲོམ་བུ། ཁྲོམ་རྟགས་ཀྱི་ཕྱག་རྒྱ་རུ་མཚོན། ཡུལ་རྟགས་ཀྱི་ཕྱག་རྒྱ་སྐུ་མཁར། ཆོས་རྟགས་ཀྱི་ཕྱག་རྒྱ་ལྷ་ཁང་། དཔའ་རྟགས་ཀྱི་ཕྱག་རྒྱ་སྟག་སློག །མཛངས་རྟགས་ཀྱི་ཕྱག་རྒྱ་ཡིག་ཚང་དུ་བཅད་དོ། །རྐྱེན་དྲུག་ནི། དཔའ་བའི་རྐྱེན་དུ་གུང་དང་སྟག །སྡར་མའི་རྐྱེན་དུ་ཝ་ཞུ། ཡ་རབས་ཀྱི་རྐྱེན་དུ་ལྷ་ཆོས། གཡུང་པོའི་རྐྱེན་དུ་ཐག་དང་བོན། མཛངས་པའི་རྐྱེན་དུ་ཡིག་ཚང་། ངན་པའི་རྐྱེན་དུ་རྐུན་མའོ། །དཔའ་མཚན་དྲུག་ནི། སྟག་སྟོད་སྟག་སྨད་གཉིས། ཟར་ཆེན་ཟར་ཆུང་གཉིས། གོང་རས་སྟག་སློག་དང་དྲུག་གོ །གཞན་ཡང་གུང་བློན་ཆེ་འབྲིང་ཆུང་གསུམ། ནང་བློན་གསུམ། བཀའ་ཡོ་གལ་འཆོས་པའི་གསུམ་སྟེ་དགུ་པོ་ལ་བློན་པོ་ཆེ་རྒུར་མཛད་དེ། གུང་བློན་གྱིས་ལས་ཐབས་ཁྱོ་དང་འདྲ་བར་ཕྱི་རྒྱ་རླབས་ཀྱིས་གཅོད། ནང་བློན་གྱིས་བུད་མེད་མཛངས་མ་ལྟར་ནང་གི་ཚིས་བྱེད། བཀའ་ཡོ་འགལ་འཆོས་པས་ལེགས་ན་དགྲའི་བུས་ལེགས་ཀྱང་བྱ་དགའ་གསོལ། ཉེས་ན་རང་གི་བུས་ཉེས་ཀྱང་ཆད་པ་གཅོད་པའོ། །གཉིས་པ་འབུམ་གསེར་ཐང་ཤ་བ་ཅན་གྱི་ཁྲིམས་(29ན)ནི། བྲེ། སྲང་། ཕུལ། ཁྱོར། ཞོ་ནམ་སེ་སྲན་སོགས་གཞལ་བའི་ཚུལ་བཀར་བཏགས་པ་རྣམས་སོ། །གསུམ་པ་རྒྱལ་ཁམས་དཔེར་བླངས་ཀྱི་ཁྲིམས་ནི། བྱ་བ་འོས་དང་མི་འོས་པ་སྟོན་ཅིང་། མི་ཆོས་གཙང་མ་བཅུ་དྲུག་དང་། མི་དགེ་བ་བཅུ་སྤོང་གི་ཁྲིམས་ཏེ། ཇི་སྐད་དུ། དགྲ་བཏུལ་རྒྱལ་ཁམས་བདེ་བར་མཛད། །ནང་གི་ཚིས་མཛད་འབངས་འཁོར་སྐྱོང་། །ཕྱི་མར་ཕན་ཕྱིར་དམ་ཆོས་བྱ། །ཡ་རབས་རྒྱུ་རྐྱེན་ལྷ་ཆོས་ནི། །སྣོད་མིན་ཁེངས་པོ་ལ་མི་བཤད། །ངན་པ་བསྟོད་ན་གཉིས་ཀ་ཕུང་། དེ་བས་ཁེངས་པོ་རྗེར་མི་དབྱུང་། །དཔའ་ལ་སྟག་གིས་མ་བསྟོད་ན། །དཔའ་བར་བྱ་བའི་རུ་མ་མེད། །མཛངས་ལ་ཡིག་ཚང་མ་བསྟོད་ན། ཕྱིན་ཆད་མཛངས་ངན་ཤན་མི་ཕྱེད། །ལེགས་ལ་བྱ་དགས་མ་བསྟོད་ན། །སླན་ཆད་ལེགས་པ་སུ་ཡིས་བྱེད། །སྔ་མ་ཝ་ཞུས་མ་སྨད་ན། །དཔའ་དང་སྡར་མ་ཤན་མི་ཕྱེད། །ངན་ལ་ནན་ཏུར་མ་བྱེད་ན། །ནམ་ཡང་དྲན་ཤེས་རེམ་མི་འགྱུར། །ཉེས་ལ་ཆད་པ་མ་བཅད་ན། །ཕྱི་ནས་ཉེས་བྱས་རྒྱུན་མི་ཆད། །ལུས་སྐྱེས་ཕ་མ་མནར་བ་ན། །འཕྲལ་ཕུག་གཉིས་ཀར་ལ་ཡོག་སྡིག །རང་གི་མཆན་གྱི་བུ་མནར་ན། །(29བ)ཕྱི་རོལ་དགྲ་ཡང་ཞེ་ཁ་འབྱེད། །བཟའ་གྲོགས་མནར་ན་ཕྱི་ནང་གི །ཚིས་དང་སོ་ནམ་ཡལ་བར་འཆོར། །ཞེས་པ་སྟེ། དེ་རྣམས་ལ་མཛད་པ་གསུམ། མི་མཛད་པ་གསུམ། བསྟོད་པ་གསུམ། སྨད་པ་གསུམ། མི་མནར་བ་གསུམ་སྟེ་རྒྱལ་ཁྲིམས་བཅོ་ལྔར་གྲགས། མི་ཆོས་གཙང་མ་བཅུ་དྲུག་ནི། དཀོན་མཆོག་གསུམ་ལ་དད་གུས་སྐྱེད། །དམ་པའི་ལྷ་ཆོས་བཙལ་ཞིང་བསྒྲུབ། །ཕ་མར་བཀུར་ཞིང་དྲིན་ལན་ལྡོན། །ཡོན་ཏན་ཅན་ལ་མཐོང་ཆེར་བྱ། །རིགས་མཐོ་རྒན་ལ་བཀུར་བསྟི་གཟབ། །མཛའ་བཤེས་ཉེ་དུར་ཁྲེལ་གཞུང་བསྲུང་། །ཁྱིམ་མཚེས་ཡུལ་མིར་ཕན་འདོགས་རེམ། །བཀའ་དྲང་སེམས་ཆུང་དུལ་བར་སྤྱོད། །ཡ་རབས་རྗེས་བསྙེགས་ཕྱི་ཐག་རིང་། །ཟས་དང་ནོར་ལ་དགོས་ཚོད་ཟིན། །སྔར་དྲིན་ཅན་གྱི་ཡིད་མི་བཅད། །བུ་ལོན་དུས་འཇལ་གཡོ་སྒྱུ་སྤངས། །ཀུན་ལ་སྙོམས་ཤིང་ཕྲག་དོག་མེད། །ངན་པའི་ངག་ལྡོག་རང་ཚུགས་འཛིན། །ངག་འཇམ་སྨྲ་བ་ཉུང་ལ་བསླབ། །ཐེག་ཆེན་བློ་ཁོག་ཡངས་པའོ། །ཞེས་དང་། མི་དགེ་བཅུ་སྤོང་གི་སྲོག་མི་གཅོད་པའི་ཁྲིམས་གཤིན་སྟོང་དང་གསོན་སྟོང་། མ་བྱིན་པར་མི་ལེན་པའི་ཁྲིམས་དཀོན་མཆོག་གི་ནོར་བརྐུས་ན་(30ན)བརྒྱ་འཇལ། རྒྱལ་པོའི་ནོར་ལ་བརྒྱད་ཅུ་འཇལ། འབངས་ཀྱི་ནོར་ལ་བརྒྱད་འཇལ་དུ་བཅས། ལོག་པར་མི་གཡེམ་པའི་ཁྲིམས་སྨད་འཇལ་དང་བྱི་འཇལ། རྫུན་སྤོང་བའི་ཁྲིམས་ལྷ་སྲུང་དཔང་དུ་བྱས་ནས་མནའ་སྒྲོག་པ། ཆང་ལ་ཚོད་ཟིན་པ་སྟེ། ཆོས་ཀྱི་གཏན་ཁྲིམས་ལྔ་ལ་དཔེ་བྱས་པ་ལྔའི་སྟེང་དུ། ཁེངས་མི་ལྡོག་པ་དང་། བང་སོ་མི་འབྲུ་བ་བསྣན་པས་ཁྲིམས་ཆེན་དྲུག་གམ་བདུན་དུ་ཡང་གྲགས་ཤིང་། སྤྱིར་མི་དགེ་བ་བཅུ་སྤོང་བའི་སྟེང་དུ། ཕ་མ་ལ་ཕ་མར་འཛིན་པ། དགེ་སྦྱོང་དང་བྲམ་ཟེ་ལ་དགེ་སྦྱོང་དང་བྲམ་ཟེར་འཛིན་པ། རིགས་ཀྱི་རྒན་རབས་ལ་བཀུར་བ། བྱས་པ་དྲིན་དུ་གཟོ་བ། གཞན་ལ་ངན་གཡོ་སྤོང་བ་སྟེ་ལྔ་པོ་བསྣན་པས་ཆོས་ཁྲིམས་བཅོ་ལྔར་ཡང་གྲགས་སོ། །ཁྲིམས་ཡིག་ཕྱི་མ་གསུམ་ནི་བདེན་རྫུན་ཞལ་ལྕེ་གཅོད་པའི་ཁྲིམས་ཏེ། ཁ་དྲག་ཞན་གཉིས་རྩོད་ན་བདེན་རྫུན་བརྟགས་པའི་མཐར་ཁ་དྲག་པ་མ་སྐྱེངས་ཤིང་། ཞན་པ་ཡིད་མི་ཆད་པར་གཅོད་པ་མདོ་ལེན་ཞུ་ཆད་ཀྱི་ཁྲིམས་ཡིག །གཉིས་ཀས་ལན་པ། བྲམ་ཟེ་དབྱུག་པ་ཅན་གྱིས་ཁྱིམ་བདག་གི་གླང་གཡར་ནས་གཏོད་དུ་ཕྱིན་པས་གླང་ཁྱིམ་བདག་གི་ར་བར་བཏང་སྟེ་ཅི་(30བ)ཡང་མ་སྨྲས་པར་ལོག །ཁྱིམ་བདག་གིས་གླང་བསྐྱལ་བྱུང་བ་མཐོང་ཡང་མ་བཏགས་པར་བཞག་པས་གླང་ཕུགས་ཀྱི་སྒོ་ནས་ཐོན་ཏེ་བོར་བ། རྒྱལ་པོ་མེ་ལོང་གདོང་ལ་ཞལ་ལྕེ་ཞུས་པས། བྲམ་ཟེས་གླང་བཏང་ཡོད་དོ་ཞེས་མ་སྨྲས་པས་ལྕེ་ཆོད། ཁྱིམ་བདག་གིས་མཐོང་ཡང་མ་བཏགས་པས་ལག་པ་ཆོད་ཅིག་ཅེས་ཞལ་ལྕེ་གཅོད་པ་ལ་དཔེ་བྱས་ནས་ཆད་པ་གཉིས་མཉམ་དུ་གཅོད་པ་དབང་ཆེན་བཅད་ཀྱི་སྤྱི་ཁྲིམས། གཉིས་ཀ་བདེན་ན་ཁྱིམ་བདག་ཞིག་གི་བུ་སྐྱེས་མ་ཐག་ཆུར་ལྷུང་བ། ཉ་ཞིག་གིས་མིད་པ་དེའི་འོག་གི་གྲོང་ན་གནས་པའི་ཁྱིམ་བདག་གཞན་ཞིག་གིས་ཉ་དེ་བཟུང་ནས་བཤས་པས་ཁྱེའུ་ཞིག་མ་ཤི་བར་བྱུང་བས། ཁྱིམ་བདག་དེས་བུར་གསོས་པ་ཕྱིས་ཁྱིམ་བདག་གོང་མས་ཐོས་ནས་རྩོད་དེ། རྒྱལ་པོ་ལ་ཞལ་ལྕེ་ཞུས་པས། གཉིས་ཀས་ཁྱེའུ་དེ་རེས་མོས་སུ་གསོས་ལ་བུད་མེད་རེ་རེ་ལོངས། བུ་བྱུང་ན་ཁྱིམ་བདག་སོ་སོས་ཁྱེར་ཞིག་ཅེས་བྱུང་ནས་ཁྱེའུ་རིགས་གཉིས་པར་མིང་ཆགས། བུ་རེ་རེ་སོ་སོས་ཁྱེར་བ་ཕྱིས་རབ་ཏུ་བྱུང་བས་དགེ་སློང་རིགས་གཉིས་པར་གྲགས་པ་དེ་ལ་དཔེ་བླངས་ནས་གཉིས་བདེན་དང་དགའ་གསུམ་དུ་གཅོད་པ་ཁབ་སོ་ནང་པའི་ཁྲིམས་ཡིག་ཏུ་གྲགས་སྐད། དེ་ལྟར་ཤར་ནས་རྩྭ་མི་(31ན)ཤིང་མི། ལྷོ་ནས་གློ་དང་མོན། ནུབ་ནས་ཞང་ཞུང་དང་གྲུ་གུ །བྱང་ནས་ཧོར་དང་ཡུ་གུར་རྣམས་འབངས་སུ་འདུས། འཛམ་གླིང་གི་ཕྱེད་ལ་ཁ་ལོ་བསྒྱུར། དགེ་བཅུའི་ཁྲིམས་བཙན། བདེ་སྐྱིད་ལྷ་དང་མཉམ་པ་བྱུང་ངོ་། །དེ་ལྟར་ཡང་ཡིག་རྙིང་ལས། ཞང་ཞུང་གི་རྒྱལ་པོ་ལིག་མི་བརྒྱའི་སྲིད་བརླག་སྟེ། རྒྱལ་པོ་འདིའི་རིང་ལ། ཞང་ཞུང་ཐམས་ཅད་འབངས་སུ་བཀུག་གོ །དེའི་རྗེས་སུ་བཙན་པོས་རྗེ་འབངས་རྣམས་ཀྱིས་དགྱེས་སྐྱེམས་སྟོན་མོ་གསོལ་བའི་ཚེ། བཙན་པོ་ཁྲི་སྲོང་བཙན་གྱིས་མགུར་བླངས་པ་འདི་ལྟ་སྟེ། ཀྱེ། རྗེ་ཡི་ནི་མཚན་ལ་འདི། །ཁྲི་ཡི་ནི་སྲོང་བཙན་ཞིག ། བློན་གྱི་ནི་མིང་ལ་འདི། །སྟོང་བཙན་ནི་ཡུལ་བཟུང་ཞིག །ཅེས་པ་ནས། ཡུ་བུ་ནི་རྗེ་དང་བློན། །ཡར་མོ་ནི་ཆུ་ཐུང་གི །མདོ་ནས་ནི་གཙང་དུ་བསྲིངས། །ཡར་མོ་ནི་ཞིང་ཆུང་གི །ལྷོ་ནས་ནི་བྱང་དུ་བསྐྱེད། །ཡུ་བུ་ནི་རྗེ་དང་བློན། །རྗེ་ཡིས་ནི་འབངས་མ་བཏང་། །འབངས་ཀྱིས་ནི་རྗེ་མ་བཏང་། །སོགས་དང་། དེའི་ལན་དུ་མགར་གྱིས་དོན་དེ་དང་མཚུངས་པའི་གླུ་བླངས་པ་ནི། བླ་ན་རྗེ་སྒམ་པས་ཁྲི་སྲོང་བཙན། །འོག་ན་བློན་མཛངས་པ་སྟོང་བཙན་ཡུལ་བཟུང་སྟེ། །མངའ་ཐང་ཆེན་པོའི་རྐྱེན་དུ། (31བ)ཇི་དང་ཇིར་ལྡན་ཏེ། ཕྱིའི་ཆབ་སྲིད་ནི་ཕྱོགས་བཞིར་བསྐྱེད། །ནང་གི་ཁབ་སོ་ནི་མི་ཉམས་པར་ལྷུན་སྟུག །འབངས་མགོ་ནག་པོ་ཡང་། མཐོ་དམན་ནི་མཉམ། དཔྱ་སྒྱུ་ནི་བསྐྱུང་། དལ་དུ་ནི་མཆིས། སྟོན་དཔྱིད་ནི་བསྐྱལ། མཛངས་པ་ནི་བསྟོད། དཔའ་བོ་ནི་བཀུར། ཆོས་བཟང་སྲིད་མཐོ་སྟེ། མི་ཡོངས་ཀྱིས་སྐྱིད་དོ། །བོད་ལ་སྔ་ན་ཡི་གེ་མེད་པ་ལ་བཙན་པོ་འདིའི་ཚེ་བྱུང་ནས། བོད་ཀྱི་གཙུག་ལག་བཀའ་ཁྲིམས་ཆེན་པོ་དང་། བློན་པོའི་རིམ་པ་དང་། ཆེ་ཆུང་གཉིས་ཀྱི་དབང་ཐང་དང་། ལེགས་པའི་བྱ་དགའ། ཉེས་པའི་ཆད་པ། ཞིང་འབྲོག་གི་ཐུལ་ཀ་དང་དོར་ཀ །བྲེ་ཕུལ་དང་སྲང་ལ་སོགས་པ། བོད་ཀྱི་ཆོས་གཞུང་བཟང་པོ་ཀུན། བཙན་པོ་ཁྲི་སྲོང་བཙན་གྱི་རིང་ལ་བྱུང་ངོ་། །མི་ཡོངས་ཀྱིས་བཀའ་དྲིན་ཚོར་བས། སྲོང་བཙན་སྒམ་པོ་ཞེས་མཚན་གསོལ་ཏོ། །ཞེས་སོ། །དེ་ནས་རྒྱལ་པོའི་དགོངས་པ་ལ་བོད་རྣམས་གདུལ་ཕྱིར་གསོལ་བ་གདབ་པའི་རྟེན་ངའི་ཡི་དམ་ཞིག་བཞེངས་པར་བྱ་དགོས་པ་རྒྱུ་རིན་པོ་ཆེ་ལས་བྱས་ན་མ་འོངས་པར་མི་རྣམས་ལོངས་སྤྱོད་ཉམས་པའི་དུས་སུ་བཤིག་ནས་འགྲོ། ས་རྡོ་ལས་བྱས་ན་ངན་དྲགས། ཤིང་ལས་བྱས་ན་འགག་པས་ཅི་ལས་བྱ་དགོངས་(32ན)པའི་ཚེ། གནས་གཙང་མའི་ལྷ་རྣམས་ནམ་མཁའ་སྤྲིན་གྱི་དབུས་ནས་རྒྱལ་པོ་ལ་མཆོད་ཅིང་མགྲིན་གཅིག་ཏུ། སྤྲུལ་པའི་རྒྱལ་པོ་བྱང་ཆུབ་སེམས། །མགོ་ནག་ཡོངས་ཀྱི་རྗེ་ཁྱེད་ཀྱིས། །མོས་གུས་བསོད་ནམས་གསོག་པའི་རྟེན། །ཡི་དམ་ལྷ་ཞིག་སྤྱན་འདྲེན་ན། །རྒྱ་གར་ཡུལ་གྱི་ལྷོ་ཕྱོགས་སུ། །སིངྒ་ལ་ཡི་རྒྱ་མཚོའི་འགྲམ། །རང་བྱུང་ཁ་སརྤ་ཎིའི་རྒྱབ། །གླང་ཆེན་ཉལ་བའི་བྱེ་མའི་འོག །ཙནྡན་སྦྲུལ་གྱི་སྙིང་པོ་ལས། །གྲུབ་པའི་རང་བྱུང་སྤྱན་རས་གཟིགས། །ངོ་མཚར་ཅན་ཞིག་དེ་ན་བཞུགས། །དེ་ནི་རྒྱལ་པོའི་ཡི་དམ་ཡིན། །ཞེས་ཟེར་རོ། །དེ་ལྟ་བུ་མིས་མི་རྙེད་པས་སྤྲུལ་པ་ཞིག་བཏང་བར་དགོངས་མ་ཐག་སྨིན་མཚམས་ནས་འོད་ཀྱི་རྩེ་ལ་སྤྲུལ་པའི་དགེ་སློང་ཨ་ཀཱར་མ་ཏི་ཤཱི་ལ་ཞེས་པ་དབུ་གཙུག་ན་ཨ་མི་ཏཱ་བྷ་བཞུགས་པ་ཞིག་བྱུང་སྟེ། རྒྱལ་པོ་ཆེན་པོའི་དགོངས་པ་བདག་གིས་བསྒྲུབ་བོ་ཞེས་གསུངས་ནས་འོད་ཟེར་དང་འགྲོགས་ཏེ་རྒྱ་གར་ཤར་ཕྱོགས་ཀྱི་གྲོང་ཤིང་ཐག་ཅན་དུ་སོང་ནས་ཡུལ་དེའི་སྐྱེ་འགྲོ་རྣམས་ལ་ཨ་མི་ཏཱ་བྷའི་ཞལ་ནས་བྱམས་སྙིང་རྗེའི་ཆོས་བསྟན་ཏེ་སྨིན་པར་བྱས་པས། མདུན་དུ་ས་ལས་ཇོ་བོ་ཡི་གེ་དྲུག་མ་ཞིག་འབུར་གྱིས་རང་(32བ)བྱུང་དུ་བྱུང་བས་ཡིག་དྲུག་འཁོར་ལོ་བསྐོར་བའི་སར་གྲགས། དེ་ནས་སིངྒ་ལའི་གླིང་ཕོ་བྲང་ཀེ་ཏུ་བྱ་བར་རྒྱལ་པོ་ཨུ་མ་ཏ་ཀེ་ས་ར་ཞེས་བྱ་བ་སྔར་ཡབ་མེས་རྣམས་ནང་པའི་སྦྱིན་བདག་ཡིན་པ་ལ་དེས་ཕྱི་རོལ་པ་བྱས་ཏེ་ཆོས་བསྣུབས། གཙུག་ལག་ཁང་མང་པོ་བཤིག །མི་དགེ་བའི་ཁྲིམས་བཅས། རའི་སྐེ་བཅད་པའི་ཁྲག་གིས་དབང་ཕྱུག་ལ་མཆོད་པ་བྱེད་པ་ཞིག་འདུག་པ་འདུལ་བའི་ཕྱིར། དེའི་ཕོ་བྲང་གི་དྲུང་ན་མཆོད་རྟེན་པདྨའི་འཁོར་ལོ་ཅན་བྱ་བ་སངས་རྒྱས་འོད་སྲུང་གིས་རབ་གནས་མཛད་པ་ཞིག་ཡོད་པའི་བུམ་པའི་ཐད་ཀྱི་མཁའ་ལ་བསྐོར་བ་མཛད་པ་རྒྱལ་པོས་མཐོང་ནས་དད་དེ། ཅི་གསུངས་ཉན་པར་ཁས་བླངས་ནས་མཆོད་གནས་སུ་སྤྱན་དྲངས། རྒྱལ་པོས་དགེ་སློང་ལ་མེ་ཏོག་གཏོར་བས་དབུའི་ནམ་མཁའ་ལ་གཞལ་ཡས་ཁང་དུ་ཆགས། ལྷག་པར་དད་ནས་མཆོད་གནས་སུ་གསོལ་བ་བཏབ་པས་ཞལ་གྱིས་བཞེས་ཏེ། སླར་ཡང་ཁྱེད་ནང་པ་སངས་རྒྱས་པ་གྱིས་ལ་ལྷ་ཁང་བརྒྱ་རྩ་བརྒྱད་དུ་སྦྲུལ་སྙིང་དང་གོརྴི་ཥ་ལས་བྱས་པའི་སངས་རྒྱས་ཀྱི་སྐུ་གཟུགས་བརྒྱ་རྩ་བརྒྱད་བཞེངས། དགེ་བ་བཅུའི་ཁྲིམས་ཆོས་ཤིག་གསུངས་པས། རྒྱལ་པོ་དེ་ན་རེ། གཞན་བཀའ་བཞིན་བགྱིད། ཙནྡན་(33ན)སྦྲུལ་སྙིང་འོག་མིན་ལས་གཞན་ན་མེད་ཅིང་། གོརྴི་ཥ་ནི་དུག་སྦྲུལ་གྱིས་གཏམས་པ་མ་ལ་ཡ་ལས་གཞན་ན་མེད་པས་བླངས་མི་ནུས་ཟེར། དགེ་སློང་གིས་སྦྲུལ་གྱི་སྙིང་པོ་རྒྱ་མཚོའི་འགྲམ་ན་ཡོད། གོརྴི་ཥ་པོ་ཏ་ལའི་བྱང་ཕྱོགས་ཤུག་པའི་གསེབ་ན་ཚེས་བཅོ་ལྔའི་མཚན་མོ་མེ་ཏོག་དམར་དཔུང་གིས་འཆར་བ་དེ་ཡིན། དེ་ཡང་དོན་ཆེན་པོ་འགྲུབ་པ་ལ་བསོད་ནམས་དགོས། དེ་ལ་ཚོགས་བསགས་དགོས་པས། ཐོག་མར་མཆོད་རྟེན་པདྨའི་འཁོར་ལོ་ཅན་ལ་མཆོད་པ་གྱིས་ཤིག་གསུངས་པས་མཆོད་པ་རྒྱ་ཆེར་བྱས། རྒྱལ་པོ་འཁོར་བཅས་ཁྲིད་དེ་རྒྱ་མཚོའི་འགྲམ་བྱེ་མའི་གླིང་ན་ཁ་སརྤ་ཎི་རང་བྱུང་ཆེ་བ་ཞིག་བཞུགས་པའི་རྒྱབ་ན་གླང་པོ་ཆེའི་ཁྱུ་ཞིག་ཉལ་འདུག་པའི་དབུས་སུ་གླང་པོ་ཆེ་ཤིན་ཏུ་ཆེ་བ་མཆེ་བ་དྲུག་པ་སྣ་ལི་ཁྲི་ལྟར་དམར་ཞིང་གི་ཝང་གི་ཟར་བུ་འཛག་པ་འདིའི་འོག་ན་ཡོད་ཀྱི་རྐོས་ཤིག་གསུངས། གླང་པོ་ཆེ་དཀྲོགས་ནས་བརྐོས་པས་ཙནྡན་སྦྲུལ་སྙིང་གི་སྡོང་པོ་ཆེན་པོ་ཞིག་བྱུང་། དེ་ལ་བུ་ག་གཉིས་སམ་སྲུབས་བཞིར་འདུག་པ་ལས་དྲི་བསུང་དང་འོད་ཟེར་མཐའ་ཡས་པ་བྱུང་ནས་དྲི་བསུང་གིས་དཔག་ཚད་བཅུ་གཉིས་སུ་ཁྱབ་ཅིང་། འོད་ཟེར་གྱིས་འཇིག་རྟེན་ཐམས་ཅད་ཁྱབ་(33བ)པ་སླར་འདུས་ཏེ་ཐིམ་པ་དང་དལ་བུས་ཆོད་ཅིག་ཅེས་རང་སྒྲ་བྱུང་ངོ་། །དལ་བུས་བཅད་ཅིང་གཤགས་པས། ནང་ནས་ཙནྡན་དེ་ཉིད་ལས་གྲུབ་པའི་ཐུགས་རྗེ་ཆེན་པོ་ཞལ་བཅུ་གཅིག་རྩ་ཕྱག་བཅུ་པ་འོད་དང་ལྡན་པ་སྣུམ་ལྷང་ངེ་བ་ཞིག་བྱུང་། རྒྱལ་པོས་ཙནྡན་མི་ཡུལ་འདིར་བྱུང་བ་ཇི་ལྟར་ཡིན་ཞུས་པས། སྔོན་སངས་རྒྱས་འཁོར་བ་འཇིག་ཀླུའི་ཡུལ་ན་ཆོས་སྟོན་པའི་ཚེ་འོག་མིན་གྱི་རིག་འཛིན་མང་པོས་མཆོད་པ་བྱེད་དུ་འོངས་པས་ལམ་ཁར་རང་བྱུང་ཁ་སརྤ་ཎི་ལ་མཆོད་པའི་ཕྱིར་ཙནྡན་སྦྲུལ་སྙིང་གི་མེ་ཏོག་གཅིག་ཕུལ། དེ་སར་ལྷུང་བའི་སྟེང་དུ་ཕྲ་མེན་མས་ཁ་སརྤ་ཎིའི་ཕྱག་གི་བདུད་རྩི་ལ་སུས་ཐོབ་བྱས་པ་ནས་ཐིགས་པ་གཅིག་ཕོག་པས་མྱུ་གུར་སྐྱེས། སངས་རྒྱས་གསེར་ཐུབ་བྱོན་ཚེ་ལོ་འདབ་རྒྱས། སངས་རྒྱས་འོད་སྲུང་བྱོན་ཚེ་མེ་ཏོག་ཤར། སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་ཚེ་འབྲས་བུ་སྨིན། དེ་མྱ་ངན་ལས་འདས་ཚེ་རྩ་བ་འགྱེལ་ནས་བྱེ་མར་ནུབ་པ་ཡིན་ལ། གླང་པོ་ཆེ་ཚད་པས་འཇིགས་ནས་ཙནྡན་ཡོད་སར་ཉལ་བ་ཡིན་གསུངས། གླང་པོ་ཆེའི་གཙོ་བོ་དེ་ཁྲོས་ནས་སྨོན་ལམ་ལོག་པར་བཏབ་པས་ཕྱིས་གླང་དར་བྱུང་བར་གྲགས། པོ་ཊ་ལ་ནས་གོརྴི་ཥ་ཡང་བླངས་ཤིང་ལྷ་ཁང་བརྒྱ་(34ན)རྩ་བརྒྱད་དུ་སྐུ་རྣམས་བཞེངས། ཡུལ་ཁམས་དེ་ཆོས་ལ་བཀོད་ནས་དགེ་སློང་གིས་དེར་སྤྲུལ་པ་གཅིག་བཞག་སྟེ། རང་བྱུང་བཅུ་གཅིག་ཞལ་དང་། ཙནྡན་གཉིས་ཀྱི་ཚལ་པ་རེ་བསྣམས། རྒྱ་མཚོའི་གླིང་གི་བྱེ་མ་དང་འཇག་མ་ཐམས་ཅད་རིན་པོ་ཆེའི་སྦུ་གུ་ཅན་རེའི་སྟེང་ན་ལྷ་མོ་འབུམ་འབུམ་ཆོས་ལ་སྤྱོད་པ་སྤྲུལ་སྐུ་དངོས་དང་འདྲ་བར་མཁྱེན་ནས་བྱེ་མ་བྲེ་གང་དང་འཇག་མ་ཕོན་གཅིག་བསྣམས། མཆོད་རྟེན་པདྨའི་འཁོར་ལོ་ཅན་གྱི་ནང་ནས་སངས་རྒྱས་རབས་བདུན་གྱི་གདུང་མཁའ་འགྲོ་མའི་སྐལ་བ་རྣམས་སྦས་ཏེ་རྒྱ་རིམ་པ་བདུན་གྱིས་བཏབ་པ་སུས་ཀྱང་མི་རྙེད་པར་བྱས་པ་མཁྱེན་ནས་རྒྱ་བཀྲོལ། གསེར་གྱི་བང་མིག་བདུན་ནས་གསུམ་ཁ་ཕྱེ་སྟེ་རིན་པོ་ཆེའི་སྒྲོམ་བུ་སོ་སོ་ནས་གདུང་ཁྱོར་བ་རེ་སྤྱན་དྲངས་ཏེ་ལྷག་མ་སྔར་བཞིན་རྒྱས་བཏབ། དེ་ནས་རྒྱ་གར་གྱི་ཡུལ་དབུས་མ་ག་ངྷར་བྱོན་པས་རྒྱལ་པོ་དད་དེ་ལྷ་གཅིག་གཉིས་བཅས་ནས་གླུ་གར་གྱིས་བསུས། བྱང་ཆུབ་ཤིང་གི་ཡལ་ག་མེ་ཏོག་ཅན་ཆག་སྟེ་ཕུལ་བ་དེའི་མེ་ཏོག་གི་ཕྲེང་བ་བསྣམས། ཡལ་ག་དེ་ལ་མཆོད་སྡོང་རེ་རེ་བྱས་པར་སངས་རྒྱས་ཀྱི་གདུང་སོ་སོ་བཞུགས། བྱང་ཆུབ་ཤིང་གི་རྩེ་མོ་ནས་(34བ)འདོམ་གང་ཡང་བསྣམས། གནས་ཆེན་བརྒྱད་ཀྱི་སྙིང་པོའི་བྱེ་མ་འབྲུ་རེའི་སྟེང་ན་སྤྲུལ་པའི་སྐུ་འཁོར་རྒྱ་མཚོ་དང་བཅས་པ་རེ་བཞུགས་པ་སྤྲུལ་པའི་སྐུ་དངོས་འདྲ་བར་གཟིགས་ཏེ་བྱེ་མ་བྲེ་བརྒྱད་ཀྱང་བསྣམས། ཆུ་བོ་ནེེ་རཉྫ་ནའི་འགྲམ་བདེ་བར་གཤེགས་པས་ལྷུང་བཟེད་ཀྱི་ཆུ་གསོལ་བའི་ས་ན་བྱང་ཆུབ་སེམས་དཔའ་འབུམ་བཞུགས་པར་གཟིགས་ཏེ་དེའི་བྱེ་མ་བྲེ་གང་ཡང་སྤྱན་དྲངས། དེ་ལྟར་མཆོད་གནས་ངོ་མཚར་ཅན་བཅུ་སྤྱན་དྲངས་ཏེ་རྒྱལ་པོའི་ཕྱག་ཏུ་ཕུལ་བས། ད་ནི་གཞན་དོན་ཇི་ལྟར་བསམ་པ་བཞིན་འགྲུབ་བོ་སྙམ་དུ་དགོངས་ནས་ཤིན་ཏུ་མཉེས་ཏེ་མཆོད་པ་རྒྱ་ཆེན་པོ་མཛད་པ་ན། རང་བྱུང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ཁ་དོག་ལྔ་འཕྲོས་ཏེ་བལ་པོའི་ཡུལ་དུ་སོང་བ་ལ་གཟིགས་པས། ནགས་ཚལ་ཆེན་པོའི་དབུས་ཙནྡན་གྱི་སྡོང་པོའི་ནང་ན་ཐུགས་རྗེ་ཆེན་པོ་སྐུ་མཆེད་ལྔ་བཞུགས་པར་གཟིགས་ཏེ། སྤྲུལ་པའི་དགེ་སློང་དེ་བཏང་བས་གྲོང་ཁྱེར་ཆེན་པོ་བཞི་ན་ཡམས་ནད་དང་མཛེ་ནད་དང་སྟེང་གདོན་སོགས་གདོན་དྲག་པོས་གློ་བུར་དུ་འཆི་བའི་འཇིགས་པ་སོ་སོར་ཡོད་པར་གཟིགས། མ་ཧེ་མོ་ཞིག་ཉིན་རེ་བཞིན་ནགས་ཚལ་དེར་ཕྱིན་ནས་འོ་མ་ཟད་པར་བྱས་ནས་འོང་བ་རྫི་བོས་རྗེས་བསྙེགས་(35ན)པས། ཙནྡན་གྱི་སྡོང་པོ་འོད་ཟེར་འཕྲོ་བ་ཞིག་ལ་བསྐོར་བ་བྱེད་ཅིང་འོ་མ་གཏོར་བས་ལོ་མ་རྣམས་ཀྱང་འོ་མའི་དྲེག་པས་ཁེབས་ཏེ་འདུག་པ་ངོ་མཚར་དུ་བཟུང་། སྤྲུལ་པའི་དགེ་སློང་གིས་ཙནྡན་དེ་བཅད་པས་གནས་ལྔ་ནས་འོད་ཟེར་ཆེན་པོ་དང་མ་བསྣད་པར་དལ་བུས་ཆོད་ཅེས་པའི་སྒྲ་བྱུང་ཞིང་། ཡང་དང་པོ་དེས་ང་མང་ཡུལ་སྐྱིད་གྲོང་དུ་ཞོག་ཅིག་བྱ་བ་སོགས་སོ་སོའི་གསུང་བྱུང་སྟེ། ཙནྡན་བཀས་པའི་ནང་ན་ཐུགས་རྗེ་ཆེན་པོ་བཞེངས་པ་གཡས་མཆོག་སྦྱིན་མཛད་པ་ལྔ་བྱུང་བ་གནས་སོ་སོར་བཞག་པས་འཕགས་པ་ཝ་ཏི་དང་། ཨུ་ཁང་དང་། བྷུ་ཁང་དང་། འཇའ་མ་ལི་དཀར་པོ་ཞེས་གྲགས་ཏེ། དུས་མིན་དུ་འཆི་བའི་འཇིགས་པ་དེ་རྣམས་ཞི་བར་གྱུར་ཏེ་དེང་སང་གི་བར་དུ་བཞུགས། ལྔ་པ་དེས་ང་ནི་བོད་ཀྱི་རྒྱལ་པོའི་ཡི་དམ་དུ་འགྲོའོ་ཞེས་གསུངས་པ་བཞིན་སྤྱན་དྲངས་ཏེ་རྒྱལ་པོ་ལ་ཕུལ་ནས་སྤྲུལ་པའི་དགེ་སློང་ཡང་རྒྱལ་པོའི་སྨིན་མཚམས་སུ་ཐིམ་པར་གྱུར་ཏོ། །དེར་རྒྱལ་པོའི་དགོངས་པ་ལ་སངས་རྒྱས་ཤཱཀྱ་ཐུབ་པའི་སྐུ་ཚད་གསུམ་པོ་གང་དུ་བཞུགས་སར་བསྟན་པ་སྤྱི་དང་ཁྱད་པར་ཐེག་ཆེན་དར་བ་ཡིན་ལ། སོ་ལྔ་པའི་སྐུ་ཚད་སྤྱན་མི་འདྲོངས་ཀྱང་བརྒྱད་པ་དང་བཅུ་གཉིས་པའི་སྐུ་ཚད་(35བ)སྤྱན་འདྲེན་དགོས་དགོངས་ཏེ། རྟེན་རང་བྱུང་ལ་གསོལ་བ་བཏབ་པས། ཐུགས་ཀ་ནས་འོད་ཟེར་སྒྲ་དང་བཅས་པ་བྱུང་ཞིང་བོད་ཀྱི་སེམས་ཅན་རྣམས་སྤྲེའུ་དང་བྲག་སྲིན་ལས་མཆེད་པའི་ཕྱིར་གདུལ་བར་དཀའ་བས་ན་སྤྲུལ་སྐུ་གཉིས་སྤྱན་དྲོངས་ལ་ཐུལ་ཅིག་ཅེས་པའི་སྒྲ་བྱུང་། ཡང་སྤྲུལ་སྐུ་གང་ནས་སྤྱན་འདྲེན་ཞེས་ཞུས་པས། ཐུགས་ཀ་ནས་འོད་ཟེར་གཉིས་བྱུང་བ་བལ་པོ་དང་། རྒྱ་ནག་ཏུ་སོང་བ་དེར་སྤྲུལ་པའི་ལྷ་མོ་རེ་རེ་བཞུགས་པར་གཟིགས་ཏེ། དེ་གཉིས་སྤྱན་དྲངས་ན་སྐུ་ཚད་གཉིས་དང་རྒྱ་བལ་གྱི་ཆོས་ཐམས་ཅད་བོད་དུ་དར་བར་མཁྱེན་ནས། ནངས་པར་བློན་པོ་རྣམས་ཕྱག་འབུལ་དུ་འོངས་པ་ན་བཀའ་མཆིད་མཛད་པའི་ཚེ། ཡེངས་མ་གཏམ་དུ་རྒྱལ་པོའི་ཞལ་ནས་མདང་ངའི་རྨི་ལམ་དུ་ནུབ་ཕྱོགས་བལ་པོའི་ཡུལ་དུ་བུ་མོ་དཀར་མོ་སྙིང་དུ་སྡུག་པ་ཞིག་དང་། ཤར་ཕྱོགས་རྒྱ་ནག་གི་ཡུལ་ན་བུ་མོ་སྔོན་མོ་ཡིད་དུ་འོང་བ་ཞིག་འདུག་པ་རྨིས་གསུངས་པས། གཡས་ནས་མགར་སྟོང་བཙན་ཡུལ་བཟུང་དང་། གཡོན་ནས་ཐོན་མི་སམ་བྷོ་ཊ་མི་ཆུང་གཉིས་ཀས་བེེ་ཌྰུརྻའི་ཕོར་པ་འབྲས་ཆང་གིས་བཀང་སྟེ་རྒྱལ་པོ་ལ་སྟོབ་ཅིང་། མནལ་ལམ་དེ་སུ་ལ་ཡང་མི་གསུང་བར་ཞུ། དེ་གཉིས་ངེད་རྣམས་ཀྱིས་ཁབ་ཏུ་བསུའོ་(36ན)ཞེས་ཞུས་ནས་སོང་སྟེ། དེ་གཉིས་ཁབ་ཏུ་བསུའམ་ཞེས་གླེང་ཞིང་གྲོང་ཁྱེར་བདུན་ན་གཙོ་བོ་མི་བདུན་ལ་གྲོས་འདྲི་བར་ཁ་འཆམ། ནངས་པར་འཚོག་རྐྱེན་རེ་ཁྱེར་ལ་འོ་ཐང་གི་མཚོ་འགྲམ་ནེའུ་སིང་དང་གླ་བའི་ཚལ་སྟར་ཁ་སྡོང་པོའི་རྩར་འདུས་ཤིག་ཅེས་བྱས་ཏེ། ནངས་པར་བློན་པོ་རྣམས་དང་གཙོ་བོ་མི་བདུན་ཚོགས་པ་ན་མི་བདུན་གྱི་འཚོག་ཆས་བསྡུས་པས་ཤ་ཁོག་མ་ཉམས་པ་གཅིག་ཏུ་འགྲིག་པ་བྱུང་སྟེ། ཐོན་མི་ན་རེ། འདུན་མ་འདུན་རྐྱེན་གྱིས་བཅད་པ་བྱ་བ་ཤིན་ཏུ་བཀྲ་ཤིས་ཤིང་བསམ་པ་འགྲུབ་པས་འདུན་མ་རྒྱ་མ་ཆུང་ཞིག་ཟེར། མགར་གྱི་ན་རེ། རྒྱ་བལ་གྱི་རྒྱལ་པོའི་སྲས་མོ་མཆོག་གཉིས་ཡོད་པར་འདུག་པ་རྗེའི་བཙུན་མོར་བསུའམ་ཞེས་བགྲོས་པས་ཐམས་ཅད་ཀྱིས་ལེགས་ཞེས་དིར་གྱིས་བྱུང་། སློང་བའི་ཐབས་དྲིས་པས། རྒྱལ་པོ་ཉིད་ཐུགས་ཟབ་ལ་རྒྱ་ཆེ། གཞན་གྱིས་ཁོང་དུ་མི་ཆུད་པས་རྒྱལ་པོ་ཉིད་ལ་ཞུ་བར་ཁ་འཆམ། བློན་པོ་རྣམས་རྒྱལ་པོའི་མདུན་དུ་ཕྱིན་ཏེ་མགར་གྱིས་ཇི་ལྟར་སྤྱན་དྲངས་ཞུས་པར། རྒྱལ་པོའི་ཞལ་ནས་མགར་གྱིས་སྣ་དྲངས་པའི་བློན་པོ་རྟ་པ་བརྒྱ་སྟོན་ཟླ་ར་བའི་ཚེས་བརྒྱད་སྐར་མ་རྒྱལ་དང་ལྡན་པའི་སྔ་ཞོག་ཕོ་བྲང་དམར་པོའི་རི་ལ་ཉི་མ་(36བ)ཤར་བ་ན་སོང་ལ། ལམ་ཐམས་ཅད་དུ་ཇོ་མོ་ཁྲོ་གཉེར་ཅན་ལ་གསོལ་བ་ཐོབ། བལ་རྗེ་ལ་ཕྱག་རྟེན་དུ་གསེར་གྱི་དོང་ཙེ་སྟོང་། ཞུ་རྟེན་གསེར་ཕྱེ་བྲེ་གང་། རིན་དུ་མིའི་རིན་པོ་ཆེ་གསེར་གྱི་ཁྲབ་ལ་ལྷའི་རིན་པོ་ཆེ་སྣ་ཚོགས་ཀྱི་ཕྲ་བཏབ་པའི་ཁྲབ་གཅིག་རྣམས་ཁྱེར། རྒྱལ་པོ་དེས་བཀའ་ལུང་མི་འདྲ་བ་གསུམ་བཏུད་མར་འོང་གིས། དེའི་ལན་དུ་སྒྲོམ་བུ་འདི་རྣམས་གོ་རིམ་མ་ལོག་པར་གཏོད་ཅིག་གསུངས། བློན་པོ་རྣམས་ཀྱིས་དེ་ལྟར་བྱས་ནས་ཕྱིན་ཏེ་བར་ཆད་མེད་པར་བལ་ཡུལ་དུ་བརྟོལ། བལ་རྗེ་འོད་ཟེར་གོ་ཆའམ་དགེ་བའི་གོ་ཆར་གྲགས་པ་ལ་ཕྱག་རྟེན་ཕུལ་ནས་ཕྱག་བྱས། ཞུ་རྟེན་མདུན་དུ་བཞག །རིན་པོ་ཆེའི་ཁྲབ་སྐུ་ལ་གསོལ་ཏེ། ང་བོད་ཡུལ་ན་སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཆོས་ཀྱི་རྒྱལ་པོ་ཞིག་བཞུགས་པའི་བློན་པོ་ཡིན། ཁྱེད་ཀྱི་སྲས་མོ་ལྷ་གཅིག་ཁྲི་བཙུན་དེ་ངེད་ཀྱི་རྒྱལ་པོའི་བཙུན་མོར་ཞུའོ་ཞུས་པས། རྒྱལ་པོས་ཡུན་རིང་དུ་སྤྱན་བཙུམ་ནས་མ་ཕྱེ། ཇི་ཞིག་ནས་ན་རེ། བོད་མཐའ་འཁོབ་ཀྱི་རྒྱལ་པོ་ངའི་གཉེན་ཟླར་མི་འོས། ང་སངས་རྒྱས་འོད་སྲུང་གི་དུས་ནས་དམ་པའི་ཆོས་རྒྱུན་མ་ཆད་ཅིང་སྐུ་གསུང་ཐུགས་ཀྱི་རྟེན་ཡོད། ཁྱེད་ལ་དེ་ལྟར་མེད། འོན་ཀྱང་ཐག་རིང་པོ་ནས་འོངས་ཏེ་འདུག་(37ན)པས། བོད་ཀྱི་རྒྱལ་པོས་དཀོན་མཆོག་གསུམ་གྱི་རྟེན་བཞེངས་ནུས་སམ་དེ་ནུས་ན་སྟེར་བས་དྲིས་ལ་ཤོག་ཟེར་བས། མགར་གྱིས་འཕྲིན་རེའི་བར་བོད་བལ་དུ་ཕར་ཚུར་འགྲོ་དགོས་ན་ལྷ་གཅིག་སྤྱན་མི་འདྲོང་། དེའི་ལན་དུ་སྒྲོམ་བུ་དང་པོ་འདི་བསྐུར་བ་ལགས་པས་གཟིགས་ཤིག་བྱས་ནས་གསེར་གྱི་སྒྲོམ་བུ་གཏད་པས། མཐིང་ཤོག་ལ་གསེར་གྱི་བྲིས་པ་བལ་པོའི་ཡི་གེར་བྱུང་སྟེ། མཐའ་འཁོབ་བོད་ཀྱི་རྒྱལ་པོ་སྲོང་བཙན་གྱིས་བལ་པོའི་རྒྱལ་པོ་ལ་བཀའ་བསྩལ་པ། ཁྱོད་ལྷོ་བལ་ན་ཆོས་ཡོད། ང་ལ་ཆོས་དང་མཆོད་གནས་མེད། དེ་ལ་དགའ་བའི་ལྷ་གཅིག་སྟེར་ན་ངས་ཉིན་གཅིག་ལ་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་དུ་སྤྲུལ་ནས་ལྷ་ཁང་བརྒྱ་རྩ་བརྒྱད་བརྩིགས་ཏེ་སྒོ་ཐམས་ཅད་བལ་པོའི་ཡུལ་དུ་བསྟན་ལ་འཇོག་གིས་དེ་ངོ་མཚར་མི་ཆེའམ་བྱ་བ་བྱུང་། ཡང་བལ་རྗེ་ན་རེ། དགེ་བ་བཅུའི་ཁྲིམས་འཆའ་ནུས་ན་བྱིན་གྱིས་དྲིས་ལ་ཤོག་ཟེར་བ་ལ། དངུལ་གྱི་སྒྲོམ་བུ་གཏད་པས། དེ་ལྟ་ན་སྐུ་ལུས་ཀྱི་བཀོད་པ་ལྔ་སྟོང་སྤྲུལ་ནས་ཉིན་གཅིག་ལ་དགེ་བ་བཅུའི་ཁྲིམས་འཆའ་ཡི་ཟེར་བ་བྱུང་བས་ཅུང་ཟད་སྐྲག་སྟེ་སྟེར་བར་བསམས་ཀྱང་ད་དུང་བསྒམ་པའི་ཕྱིར། བོད་རྒྱལ་པོ་ཁ་ཕོ་ཆེ་བར་འདུག་སྟེ་སངས་རྒྱས་(37བ)འོད་སྲུང་ཚུན་ནས་ཐབ་ཏུ་མེ་རྒྱུན་མ་ཆད་པའི་ལོངས་སྤྱོད་ཡོད་པ་ཡིན། འདོད་ཡོན་གྱི་ལོངས་སྤྱོད་ང་དང་མཉམ་པ་བྱེད་ནུས་ན་སྟེར་བས་དྲིས་ལ་ཤོག་ཟེར་བ་ལ། ཟངས་ཀྱི་སྒྲོམ་བུ་གཏད་པས། ངས་སྤྲུལ་པ་ལྔ་སྟོང་གིས་སྒོ་ལྔའི་ཡུལ་རེ་རེར་ཡང་གཟུགས་སྒྲ་དྲི་རོ་རེག་བྱ་མི་འདྲ་བ་སྟོང་སྟོང་ལ་སྤྱོད་དུ་ཡོད་པར་བྱ། རིན་པོ་ཆེའི་ཁུང་ཐམས་ཅད་ཁ་ཕྱེ། ཕྱོགས་ཀྱི་ལས་སྒོ་རྣམས་ཕྱེ་སྟེ་ཁྱེད་ལྷོ་བལ་གྱི་གསེར་ཐམས་ཅད་ངའི་རྒྱལ་ཁམས་ལ་རག་ལུས་པར་བྱ་ཡི་དེ་ངོ་མཚར་མི་ཆེའམ། དེས་ཀྱང་མི་སྟེར་ན་སྤྲུལ་པའི་དམག་ཁྲི་ཕྲག་ལྔ་བཏང་ནས་བལ་ཡུལ་བརླག་པར་བྱས་ཏེ་ལྷ་གཅིག་ཁྱེར་རོ་ཞེས་བྱུང་བས། ཤིན་ཏུ་སྐྲག་ཅིང་སྤྲུལ་པའི་རྒྱལ་པོར་ཤེས་པས་ཅུང་ཟད་དད་པར་ཡང་གྱུར་ཏེ་སྦྱིན་པར་ཞལ་གྱིས་བཞེས་སོ། །དེ་ནས་རྒྱལ་པོས་ལྷ་གཅིག་ཁྲི་བཙུན་ལ་ཁྱོད་བོད་ཀྱི་རྒྱལ་པོའི་བཙུན་མོར་འགྲོ་དགོས་སོ་གསུངས་པས། ལྷ་གཅིག་ན་རེ། ཡབ་ཀྱི་བཀའ་མི་གཅོག་པས་འགྲོ་དགོས་ན། བོད་ཀྱི་རྒྱལ་པོ་དེ་དད་པ་ཅན་ཞིག་ཡོད་པར་འདུག་ཀྱང་མཆོད་གནས་ཀྱི་རྟེན་མེད་ཟེར་བས། མཆོད་གནས་སུ་ཇོ་བོ་མི་བསྐྱོད་རྡོ་རྗེ། བྱམས་པ་ཆོས་ཀྱི་འཁོར་ལོ། ཙནྡན་གྱི་སྒྲོལ་མ་རང་བྱུང་དང་གསུམ་པོ་བསྐུར་ཞིག །བོད་ཡུལ་(38ན)ལོངས་སྤྱོད་ཆུང་ཟེར་བས་རིན་པོ་ཆེ་གླང་པོ་ཆེའི་རྒྱབ་ཁལ་བདུན་ཡང་བསྐུར་ཞིག་ཅེས་ཞུས་པས། ཡབ་རྒྱལ་པོས་ཀྱང་ཞལ་གྱིས་བཞེས་ཏེ། སྐུ་ངོ་མཚར་ཅན་གསུམ་དང་། རིན་པོ་ཆེ་སྟག་ཤ་དེ་ཝ། རནྟ་དེ་ཝ། བེེ་ཌཱུརྻའི་ལྷུང་བཟེད་རྣམས་དང་། རིན་པོ་ཆེ་གཞན་ཡང་གླང་པོ་ཆེའི་རྒྱབ་ཁལ་བདུན་གནང་། བོད་བློན་རྣམས་ལ་དགའ་སྟོན་རྒྱ་ཆེར་མཛད། ལྷ་གཅིག་ལ་ཡབ་ཀྱིས་བསླབ་བྱ་སྙིང་གཏམ་དུ་བསྙད་ནས། གླང་པོ་ཆེ་མཆོག་ཞིག་གི་གཉའ་བར་ལྷ་གཅིག་གིས་བཅིབས་ཏེ་ཙནྡན་གྱི་སྒྲོལ་མ་རང་བྱུང་ཕྱག་ཏུ་བསྣམས། རྟེན་གཞན་གཉིས་གླང་པོ་ཆེའི་རྒྱབ་ཏུ་བསིལ་ཁང་ལ་སྤྱན་དྲངས། རིན་པོ་ཆེའི་གླང་རྒྱབ་བདུན་དང་བཅས་ཏེ་རྒྱལ་བློན་རྣམས་ཀྱིས་བལ་ཡུལ་ནས་ཡུལ་ལྗོན་ཤིང་གི་ཚལ་ཡངས་པའི་བར་དུ་བསྐྱལ་ནས། བོད་ཀྱི་རྒྱལ་ཁམས་སུ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ནས་རྒྱལ་བློན་རྣམས་ལོག །གླང་པོ་ཆེ་རྣམས་ལམ་འཕྲང་ལ་མ་ཐར་བ་ན་ཕྱིར་སློག །འཕྲང་བགྲོད་དཀའ་བ་རྣམས་ལ་རིན་པོ་ཆེ་རྣམས་འབྲེང་བསྐྱལ་བྱས། ལྷ་གཅིག་དང་སྐུ་གཉིས་ཀྱང་ཞབས་ཀྱིས་བྱོན་སྐད། མང་ཡུལ་ནས་སྐུ་གཉིས་མཛོ་མོ་དཀར་(38བ)མོ་རེས་གདན་དྲངས། ལྷ་གཅིག་གིས་དྲེའུ་དཀར་མོ་ཞིག་ལ་བཅིབས། རིན་པོ་ཆེ་རྣམས་རྟ་བརྒྱ་ལ་བཀལ་ཏེ་ལྷ་མོ་ཁྲོ་གཉེར་ཅན་གྱི་མཚན་ནས་བརྗོད་ཅིང་འོངས་པས། རྒྱལ་པོ་དགུང་ལོ་བཅོ་བརྒྱད་དུ་སོན་པ་བོད་ཤིང་ཕོ་རྟ། སྤྱི་ལོ་༦༣༤པར་བོད་ཡུལ་དབུས་ཀྱི་ཕོ་བྲང་དུ་ཞབས་འཁོད། རྒྱལ་པོ་དང་མཇལ་ཏེ་བཙུན་མོར་མངའ་གསོལ་ཞིང་དགའ་སྟོན་རྒྱ་ཆེན་པོ་མཛད་དོ། །དེར་རྒྱལ་པོ་དུས་རྟག་ཏུ་ཡི་དམ་གྱི་དྲུང་དུ་བཞུགས་ནས་མཆོད་པ་དང་ཏིང་ངེ་འཛིན་ཁོ་ནར་མཉམ་པར་འཇོག་པ་ལས། སྐྱོ་བསང་དང་རྩེད་མོའི་བྱེ་བྲག་མི་མཛད་པ་ལ། བལ་མོ་བཟའ་འདི་སྙམ་དུ་སེམས་པར་གྱུར་ཏེ། རྒྱལ་པོ་འདི་གཟུགས་དང་ཡོན་ཏན་རྨད་དུ་བྱུང་བ་ཞིག་འདུག་ཀྱང་། ཕོ་བྲང་གི་ཕྱི་ན་ཡེ་མི་འབྱོན་པ་འདི་ནི་ཕ་རོལ་གྱི་དམག་ཚོགས་ལ་འཇིགས་པ་ཡིན་ཏེ་འོང་བས། དམག་གིས་མི་བརྫི་བའི་ཕོ་བྲང་ཞིག་བརྩིགས་དགོས་སྙམ་ནས། བེེ་ཌཱུརྻའི་ལྷུང་བཟེད་ལ་གསོལ་བ་བཏབ་པས་ཟས་སྐོམ་འཛད་པ་མེད་པ་བྱུང་བ་དང་། རིན་པོ་ཆེ་རྣམས་ལ་ཆ་རྐྱེན་བྱས་ཤིང་གནོད་སྦྱིན་ཕོ་མོ་སོགས་བྲན་དུ་བཀོལ་ཏེ། དམར་པོ་རི་རྩེ་ཁོངས་སུ་བཅུག་ནས་སོ་ཕག་གི་ལྕགས་རི་ལོགས་རེར་རྒྱང་གྲགས་རེ་རེ། (39ན)དཔངས་སུ་གྱང་ཕྲེང་སུམ་ཅུ་རྩ་དྲུག་གི་ཚད་བསྐོར། སྒོ་བཞི་རྟ་བབས་དང་བཅས་པ་དང་། སྒོ་ཆུང་ཁང་པ་ཤར་བུ་མདའ་ཡབ་སོགས་རིན་པོ་ཆེ་སྣ་ཚོགས་ལས་བྱས་པ་དང་དངུལ་གྱི་བང་ཆུང་གིས་བསྐོར། མུ་ཏིག་གི་དྲ་བ་དྲ་ཕྱེད་ལས་དྲིལ་བུ་གཡེར་ཁ་འཁྲོལ་བ་རྔ་ཡབ་དང་བ་དན་གྱིས་བརྒྱན་པར་བྱས། དེའི་ནང་དུ་མཁར་དགུ་བརྒྱ་དགུ་བཅུ་རྩ་དགུ་ཡང་རྩེ་དང་མཁར་སྟོང་དུ་ཚང་བ། དེའི་རྩེར་དར་དམར་ལྕེ་ཁྲ་ཅན་བཏགས་པའི་མདུང་དམར་བཅུ་རེ་བཙུགས་ཤིང་མཚོན་ཆ་སྣ་ཚོགས་པ་གཟིངས་པ་དར་གྱི་ཆུན་འཕྱང་སྣ་ཚོགས་པས་བྲེས། ལྷོའི་ལྕགས་རིའི་ནང་དུ་སོག་པོའི་མཁར་ལ་དཔེ་བླངས་ཏེ་བཙུན་མོའི་ཕོ་བྲང་བྲག་ལྷ་བཀྲ་ཤིས་ཀྱི་གཞལ་ཡས་ཁང་བྱ་བ་དགུ་ཐོག་རྒྱལ་པོའི་སྐུ་མཁར་དང་མཉམ་པ་བརྩིགས་ཏེ། རྒྱལ་པོའི་སྐུ་མཁར་དང་དེ་གཉིས་ཀྱི་བར་ལ་དངུལ་ཟམ་སྐར་ཁུང་བཀྲ་ཞིང་རྒྱན་མཐའ་ཡས་པ་ཅན་གྱིས་སྦྲེལ་བ་ལ་ཡབ་ཡུམ་ཕན་ཚུན་དུ་གཤེགས་བཞུད་མཛད། དམག་དུང་ཕྱུར་ལྷགས་ཀྱང་སྲུང་མཁན་མི་ལྔས་ཐུབ་པ་རྣམ་པར་རྒྱལ་བའི་ཁང་བཟང་ལྟར་ལེགས་ཤིང་ལྟ་བས་མི་ངོམས་པ་ཉི་མའི་དཀྱིལ་འཁོར་བཞིན་འོད་ཟེར་འབར་བ། སྲིན་ཡུལ་ལངྐ་པུ་རི་ལྟར་འཇིགས་ཤིང་རྔམ་པ་(39བ)ཞིག་བརྩིགས། དེའི་ཤར་སྒོའི་ཕྱིར་རྒྱལ་པོའི་ཆིབས་དཀྱུས་ཀྱི་ས་འདོམ་དགུ་བརྒྱ་དང་ཞེང་འདོམ་བཅོ་བརྒྱད་པ་ཟབས་སུ་འདོམ་དོ་བྲུས་པར་ཤིང་དང་སོ་ཕག་གིས་ཕུབ་སྟེ་སྟེང་ནས་ཟངས་མས་གཡོགས་པ། ལོག་ལ་དྲ་བ་དྲ་ཕྱེད་དང་བཀྲ་ཤིས་ཀྱི་རི་མོ་སྣ་ཚོགས་པ་བྲིས་ཤིང་འབུར་དུ་གཏོད་པ་ལ་ཚོན་སྣ་ཚོགས་པ་བྱུགས་པས་བཀྲ་བ། དེའི་ནང་དུ་རྒྱལ་པོའི་ཆིབས་དཀྱུས་སའི་རྨིག་སྒྲ་རེ་རེ་ལ་ཡང་རྟ་པ་འབུམ་གྱི་རྨིག་སྒྲ་འུར་དིར་སིལ་ཁྲོལ་གྱི་སྒྲ་སྐད་རོལ་མོ་སྣ་ཚོགས་པར་གྲགས་པ་བྱས་སོ། །ཕོ་བྲང་བརྩིགས་ཚུལ་འདི་ར་སའི་ཀླུ་ཁང་གི་ནུབ་ལོགས་ལ་བྲིས་ནས་ཡོད་སྐད་དོ། །ཡང་རྒྱལ་པོའི་ཞལ་ནས་མགར་གྱི་སྣ་དྲངས་པའི་བློན་པོ་བརྒྱས་རྒྱ་རྗེ་ལ་ཕྱག་རྟེན་གསེར་གྱི་དོང་ཙེ་དང་། ཞུ་རྟེན་གསེར་བང་མིག་བདུན། རིན་དུ་བེེ་ཌཱུརྻའི་རྨོག་ཞུ་རིན་ཐང་མེད་པ་འདི་ཁྱེར་ལ་བྱ་ཁྭ་ཏའི་སྐད་ཀྱིས་མ་ནོན་པ་ན་ལམ་ཕར་ཚུར་སྒྲོལ་མ་ལ་གསོལ་བ་འདེབས་ཤིང་སོང་ཞིག་གསུངས་པ་བཞིན། བློན་པོ་རྣམས་བཤུལ་དུ་ཞུགས་ནས་ཕྱིན་ཏེ་རྒྱ་ནག་ཟིན་ཤིང་བཀྲ་ཤིས་ཁྲི་སྒོར་སླེབས། རྒྱལ་པོ་ཐིང་ཐའི་ཙུང་གིའམ་ཀོང་ཙེ་འཕྲུལ་རྒྱལ་སེངྒེ་བཙན་པོ་ཞེས་པ་དེ་དང་མཇལ་ནས། ཕྱག་རྟེན་ཞུ་རྟེན་རིན་བཅས་ཕུལ་ཏེ་ལྷ་གཅིག་ཞུ་ཞུས་པས། (40ན)སྲས་རྒྱལ་པུ་ཐེ་བ་ན་རེ། བོད་ཀྱིས་རྒྱའི་ཡུལ་མང་པོ་བཅོམ། གཅེན་པོ་རྣམས་བསད་པས་ཁོང་ལ་མི་སྟེར། གེ་སར་དམག་དཔུང་ཆེ་བས་དེ་ལ་སྟེར་ཟེར། ཡུམ་གྱིས་བོད་ལོངས་སྤྱོད་ཆུང་བས་མི་སྟེར། སྟག་གཟིག་གི་རྒྱལ་པོ་ལོངས་སྤྱོད་ཆེ་བས་དེ་ལ་སྟེར་ཟེར། ཡབ་རྒྱལ་པོས་རྒྱ་གར་དམ་པའི་ཆོས་དར་བས་རྒྱ་གར་ལ་སྟེར་ཟེར། ལྷ་གཅིག་རང་ནི་མི་ཚེ་རིལ་གྱིས་འགྲོ་དགོས་པས་ན་མི་རང་གལ་ཆེ་བས་ཁྲོམ་གྱི་རྒྱལ་པོ་གཟུགས་བཟང་བས་ཁྲོམ་པ་ལ་འགྲོ་ཟེར་ནས་བོད་ལ་དགའ་མཁན་གཅིག་ཀྱང་མ་བྱུང་། རྒྱལ་ཁབ་ཀྱི་གཉེ་བོ་རྟ་པ་བཞི་བརྒྱ་ཡང་ཚོགས་སྐད། དེར་བོད་ཀྱིས་ངེད་ཁ་སྔ་བས་ངེད་ལ་ཞུ་ཟེར། ཁྲོམ་དང་། སྟག་གཟིག་དང་། རྒྱ་གར་དང་། གེ་སར་རྣམས་ཀྱིས་རིམ་པ་ལྟར་ངེད་ལ་མི་སྟེར་ན་དམག་འདྲེན། མེས་བསྲེག །རྒྱ་ཡུལ་ཆུས་འགེངས་ཟེར་སྐད། དེར་རྒྱ་ནག་ཁྲིམས་དམ་པས་གང་དགའ་ལ་སྦྱིན་དབང་མེད་དེ། རྒྱལ་པོའི་ཞལ་ནས་གཉེ་བོ་རྣམས་རིག་པ་སུ་རྣོ་བ་ཞིག་ལ་སྟེར་ཟེར་ནས། གཉེ་བོ་བརྒྱ་རེ་ལ་ལུག་བརྒྱ་རེ་དང་ཆང་ཚོད་བརྒྱ་རེ་གཏད་དེ། ཉིན་གཅིག་ལ་ཤ་ཆང་བཟའ་བཏུང་ཟིན་པ་ལྤགས་པ་ཐུལ་བ་ཁང་པ་གཙང་མ་སུ་བྱུང་བ་དེ་ལ་སྟེར་བྱ་བ་དང་། ཡང་གཡུ་འོད་(40བ)ཆེན་ཕུབ་ཆུང་ཙམ་པ་མིག་གཅིག་དབུས་དང་གཅིག་མཐའ་ན་ཡོད་པ་བར་གྱི་མིག་ཕུབ་ཀྱི་སྦ་སྒོར་བཞིན་ཡོད་པ་གཅིག་དང་དར་ཡུག་གཅིག་གཏད་ནས་གཡུ་མིག་ཏུ་དར་ཡུག་སུས་ཚུད་པ་ལ་སྟེར་བ་དང་། བྱ་མ་བརྒྱ་བུ་བརྒྱ་དང་། རྟ་མ་བརྒྱ་བུ་བརྒྱ་མ་བུ་སོ་སོར་སུས་ཤེས་པ་ལ་སྟེར་བ་དང་། ཤིང་དུམ་བརྒྱ་གཏད་པའི་རྩ་རྩེ་སུས་ཤེས་པ་ལ་སྟེར་བ་དང་། ཕྱི་དྲོ་ཕོ་བྲང་དུ་སྟོན་མོ་བྱས་ནས་ཆང་གིས་བཟི་བ་དང་སྲོད་ལ་བཏང་སྟེ་སྒོ་མ་འཁྲུལ་བར་རང་རང་གི་གནས་ཁང་སུས་རྙེད་པ་ལ་སྟེར་བར་བྱས་པ་ལ། གཞན་རྣམས་ཀྱིས་གང་ཡང་མ་བྱུང་། བློན་པོ་མགར་གྱིས་ལུག་རྣམས་གུད་དུ་བསད། ཤ་གཟུགས་རེ་ནས་བྲིམས་ཏེ་ཏིག་ག་ཆུང་ངུ་རེ་བཅད་ཅིང་ཚྭ་ལ་བསྒྲེས་ཏེ་ཟོས་ནས་བསྐོར། ཆང་ཧུབ་བསྐོར་དུ་བྱས། ལྤགས་པ་གྲལ་ལ་འགྲིམས་ཏེ་འཕུར་ཙམ་རེ་བྱས་པས། ཤ་ཆང་ཡོག ལྤགས་པ་ཐུལ། མ་བཟི་མ་སྐྱུགས་ཏེ་ཁང་པ་གཙང་མར་བྱུང་། རྒྱ་གྲོག་ཞིག་ཟན་དང་འོ་མས་གསོས་ཏེ་དར་སྐུད་ཀྱིས་དར་ཡུག་སྣ་བསྡུས་པ་བཙེམས་ནས་དར་སྐུད་གྲོག་མའི་སྐེད་པ་ལ་བཏགས་ཏེ་མཐའི་མིག་ནས་བཅུག་ཕུ་བཏབ་པས་དབུས་སུ་ཐོན་ཏེ་གཡུ་མིག་ཏུ་དར་ཡུག་ཚུད། ཐང་ལ་སྦང་སྐམ་གཏོར་ནས་བྱ་རྣམས་བཏང་བས་མ་བུ་གཉིས་གཉིས་(41ན)སྟབས་སུ་ཟོས་ཏེ་སྐེའི་འོག་ནས་ཟ་ཞིང་སྤྱོད་པ་འཚུབ་པ་འདི་བུ་ཡིན་ཞེས་ངོ་ཤེས། རྟ་རྣམས་རྟེའུ་ཕྱོགས་གཅིག་ཏུ་བཟུང་སྟེ་ཞག་གཅིག་ཆུ་མ་བྱིན་པར་གསོས་ཏེ་སྐོམ་དུ་བཅུག་ནས་ནངས་པར་མ་ཁྱུའི་གསེབ་ཏུ་བཏང་བས་རང་རང་གི་མ་བཙལ་ཏེ་འོ་མ་འཐུང་པས་མ་བུ་སོ་སོར་ཤེས། ཤིང་དུམ་རྣམས་ཆུ་ལ་བསྐུར་བས་རྩ་བ་ཐུར་དུ་བྱིང་སྟེ་རྩ་རྩེ་ངོ་ཤེས། མར་མེའི་ཆས་སྦས་ཏེ་ཁྱེར་ཁ་ནང་དུ་རམ་དང་མཚལ་བཅུག་ནས་སྒོ་སུམ་བརྒྱ་དྲུག་ཅུ་ཙམ་ཡོད་པ་ལ་མཚན་མ་འདེབས་ཤིང་ཕྱིན། ཚང་ལ་ཚོད་ཟིན་པར་བྱས་ནས་སྲོད་དུས་མར་མེ་སྤར་ཏེ་མཚན་མ་བལྟ་ཞིང་ཡོང་བས་གནས་ཁང་དུ་མ་འཁྲུལ་བར་སླེབས་པས། དེ་ཐམས་ཅད་ལ་རིག་པ་བོད་རྣོ་ཡང་བརྙས་པ་བྱས་ནས་མ་བྱིན། ད་ནི་སང་ཉིན་ལྷ་གཅིག་བུ་མོ་བརྒྱའི་གསེབ་ཏུ་གཏོང་བས་སུས་ངོ་ཤེས་པ་ལ་སྟེར་རོ་ཟེར་བས། མགར་གྱིས་གནས་མོ་དེ་སྔར་ནས་ཟས་ཆང་གིས་བྲིད་ཅིང་བརྔན་པ་བྱིན་ཏེ་མཛའ་བར་བྱས་ནས་ལྷ་གཅིག་དེ་ཁྱོད་དང་མཛའ་བར་ཡོད་འདུག་པས་སྟོན་དགོས་བྱས་པས། མོས་སྐེ་ལ་འབྲས་ཀྱི་སོག་མ་བཙུགས་ཏེ་ཆད་པ་ཡོང་ཟེར་བའི་བརྡ་བྱས། མགར་གྱིས་རྩིས་ཀྱིས་མི་ཐིག་པའི་ཐབས་ངའི་ཤེས་ཟེར་བའི་བརྡ་བྱས་(41བ)པས། འཛུམ་དམུལ་ཕྱུང་སྟེ་འོ་ན་སྨྲ་ཡི་ཟེར་སྐད། དེར་སྒྱེད་པུ་གསུམ་གྱི་ཁར་ཟངས་སྣོད་ཆུས་བཀང་བ་བཞག་ནས་ཁ་ཕུབ་ཀྱིས་བཅད་པའི་སྟེང་དུ་གནས་མོ་དེ་བཞག །སྟེང་དུ་རྫ་ཞིག་གཡོགས་པ་དྲ་བས་བཀབ། རྫའི་བུག་པ་ནས་ཁ་ལ་ལྕགས་མཆུ་གཏད་དེ་སྨྲར་བཅུག་པ། མགར་གྱི་རྣ་བར་ཟངས་ཀྱི་སྦུ་གུ་བཅུག་ནས་ཉན་པས། ཀོང་ཇོ་ལ་གཡོག་མོ་བཅུ་དྲུག་ཡོད་པའི་ཐུགས་ཆེས་པ་གཅིག་ང་ཡིན། སང་ཉིན་ལྔ་བཅུ་ཕར་ཐལ་ཞེ་དགུ་ཚུར་ལུས་པའི་དབུས་མ་དེ་གཟུགས་བྱད་ལེགས་པ། མི་ཆེ་མི་ཆུང་བ་ཁ་ནས་ཨུཏྤ་ལའི་དྲི་མནམ་པ། བེར་བདུན་བརྩེགས་ཀྱི་ཕྱི་མ་དྲི་ཆགས་ཙམ་གསོལ་བ། གཡུའི་སྦྲང་བུ་མཐེ་བོང་ཙམ་ཞིག་ནམ་མཁའ་མདའ་གང་གི་སར་ལྡིང་བ་ཞིག་ཡོད། ངས་ཀྱང་དཔྲལ་མཚམས་ལ་མཚལ་གྱི་གཡུང་དྲུང་རིས་གཅིག་བྲིས་ལ་བཞག་གིས་ཟེར། ནངས་པར་གཉེ་བོ་རྣམས་སྒོ་ན་བསྒུག །བུ་མོ་བརྒྱ་པོ་རིམ་བཞིན་བྱུང་བ་ལ། གཉེ་བོ་གཞན་རྣམས་ཀྱིས་གང་མཛེས་དང་ཆས་གང་བཟང་གཉིས་གཉིས་ཁྲིད་ནས་ལྷ་གཅིག་ངེད་ཀྱིས་ཐོབ་བོ་ཟེར་ནས་སོང་། བློན་པོ་མགར་གྱིས་ལག་པ་དར་གྱིས་དྲིལ་མདའ་རྒོད་སྒྲོ་མ་ཞིག་ཐོགས་ནས་སྒོ་བར་དུ་བསྡད་དེ། ལྷ་(42ན)གཅིག་བྱུང་བ་དང་མདའ་ལྟོང་གིས་གོང་པ་ནས་དྲིལ་ཏེ་འཐེན་པ་དང་། ཧེ་ཟེར་ཏེ་ཁ་ལོག་བྱས་བྱུང་བས་ཨུཏྤ་ལའི་དྲི་ངད་ཆིལ་གྱིས་བྱུང་། གཡུའི་སྦྲང་བུ་དང་མཚལ་གྱི་གཡུང་དྲུང་ཡང་གདའ་སྐད། དེར་གཉེ་བོ་གཞན་རྣམས་སོ་སོས་འདམས་པའི་བུ་མོ་བསྐུར་ཏེ་ཕྱིར་སློག །དེ་ནས་ཡབ་རྒྱལ་པོས་ལྷ་གཅིག་ལ་ད་ནི་ཁྱོད་བོད་དུ་འགྲོ་དགོས་སོ་གསུངས་པས། ལྷ་གཅིག་ན་རེ། འོ་ན་གསེར་གྱི་ལྷ་ཤཱཀྱ་མུ་ནེ་དེ་ངའི་མཆོད་པའི་རྟེན་དུ་ཞུ། བཟོ་སྣ་བཅོ་བརྒྱད་ཀྱི་དཔེ། སྨན་དཔྱད་ཆེན་མོ། རྩིས་ཀྱི་སྤོར་ཐང་བརྒྱད་ཅུ་རྣམས་ཀྱང་བསྐུར་བར་ཞུ་ཞུས་པས། རྒྱལ་པོས་ཀྱང་དེ་རྣམས་དང་། གཞན་ཡང་རིན་པོ་ཆེའི་རིགས་དར་ཟབ་སོགས་མཐའ་ཡས་པ་བརྫངས། ལྷ་གཅིག་གིས་མགར་ལ་བོད་ན་ལ་ཉུང་དང་། ས་ཁམས་པ། རྩ་དྲེས་མ། རྡོ་སྲན་ཟན། ཤིང་སེ་བ་རྣམས་ཡོད་དམ་དྲིས་པས། གཞན་ཡོད་དེ་ལ་ཉུང་མེད་ཟེར་བས། འོ་ན་ཡུལ་བཟུང་དུ་བཏུབ་ཀྱི་གསུངས་ཏེ་ལ་ཉུང་གི་ས་བོན་བསྣམས། བློན་པོ་མགར་གྱིས་ལྷ་གཅིག་ཡུན་རིང་དུ་མ་བྱིན་པ་ལ་སྙིང་ནད་ཀྱིས་ལུག་ནག་པོའི་མཚེར་ཁྲག་བྲེ་གང་། དར་ཟབ་ཀྱི་ཐལ་བ་བྲེ་གང་། སོལ་བའི་མདུང་ཤིང་(42བ)འདོམ་གང་རྣམས་བརྫོངས་སུ་བསྐུར་ན་བོད་རྣམས་ངོ་མཚར་སྐྱེ་སྟེ་འོང་བྱས་པས། ལུག་ཐམས་ཅད་བསད། དར་ཟབ་བསྲེགས། ནགས་ལ་མེ་བཏང་ཡང་སོལ་མདུང་མ་བྱུང་ཞིང་རྒྱ་ཡུལ་ངན་པར་སོང་སྐད། སྐྱེལ་ཐུང་གི་སར་འབྲི་སེ་རུ་གུང་སྟོན་གྱིས་མགར་ལ་ཕྲག་དོག་བྱས་ཏེ་ལྷ་གཅིག་གི་ཚབ་ཏུ་བློན་པོ་རིག་པ་ཅན་ཞིག་རྒྱ་ནག་ཏུ་བསྡད་ན་བོད་རྒྱ་མཛའ་བར་འོང་སྟེ་ཞེས་མགར་ལ་ཆེར་བལྟས་པས། རྒྱ་རྗེས་བློན་པོ་རིག་པ་ཅན་མི་ཚབ་ཏུ་སྡོད་དགོས་གསུངས། བློན་པོས་ཀྱང་འབྲི་སེ་རུ་གུང་སྟོན་གྱི་ཕྲག་དོག་ཏུ་གོ་ནས་ངས་བསྡད་ལ་བོད་རྒྱ་མཛའ་བར་བྱའོ་ཞེས་ཟེར་ཏེ་བསྡད། ལྐོག་ཏུ་བོད་བློན་གཞན་རྣམས་ལ་ངས་རྒྱ་ནག་ཏུ་གནོད་པ་བསྐྱལ་ནས་མྱུར་དུ་འོང་གིས་བརྫུས་མའི་སྤྲང་པོ་གཅིག་ངའི་རྩར་ཐོང་ཞིག་ཟེར། ཇོ་བོ་ཤཱཀྱ་མུ་ནེ་ཤིང་རྟ་ལ་བཞུགས་སུ་གསོལ་ཏེ་གྱང་ལྷ་དགའ་དང་ཀླུ་དགས་ཤིང་རྟ་དྲངས། ཀོང་ཇོ་དྲེའུ་དཀར་མོ་ཞིག་ལ་བཅིབས་ནས་དར་རྒྱལ་མང་པོ་རྗེས་ཆིབས་སྣ་ཁྲིད། རིགས་བཟང་གི་བུ་མོ་བཅུ་དྲུག །གྱང་རྩལ་ཅན་མི་བརྒྱ། བོད་བློན་གོ་དགུ་དང་བཅས་པ་བོད་ལ་ཆས་སོ། །དེ་ཡང་བྱ་ཁྭ་ཏའི་སྐད་ཀྱིས་མ་ནོན་པ་ལ་གདན་བཏེགས། སྔ་དྲོ་ས་ཕྱོགས་བདེ་བར་གདན་ཕབ། དར་(43ན)དཀར་གྱི་གུར་དུ་རིན་པོ་ཆེའི་ཁྲི་དང་ཟ་འོག་གི་འབོལ་ལ་ཇོ་བོ་ཤཱཀྱ་མུ་ནེ་བཞུགས་སུ་གསོལ། འབྲས་ཆན་དང་མཆོད་པ་སྣ་ལྔས་མཆོད་ཅིང་། ལྷ་གཅིག་གིས་དངུལ་དཀར་གྱི་པི་ཝང་བསྒྲེངས་པས་རམ་བཏེགས་ཏེ། རྣམ་དག་སྐུ་མངའ་མཆོག་ཏུ་གཟུགས་བཟང་བ། །ཡེ་ཤེས་རྒྱ་མཚོ་གསེར་གྱི་ལྷུན་པོ་འདྲ། །གྲགས་པ་འཇིག་རྟེན་གསུམ་ན་ལྷམ་མེ་བ། །མགོན་པོ་མཆོག་གྱུར་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་སོགས་ཀྱིས་བསྟོད་ཅིང་ལྷ་ལ་གསང་བུ་འདྲེན། ཕམ་ཕབ་གཡོག་མོ་བཅུ་དྲུག་དང་གཞན་རྣམས་ལ་སྟེར། ལ་ལ་མཆོད་པ་དང་བསྟོད་པ་བྱེད། ལ་ལ་རྩེད་མོ་དང་གླུ་བྲོ་སོགས་འདོད་ཡོན་ལྔ་ལ་སྤྱོད། དེ་ལྟ་བུ་སྔ་དྲོ་བཞིན་ལན་རེ་བརྗོད་ཅིང་འོངས་སྐད། དེར་རྒྱལ་བུ་ཐེ་བོས་ལྷ་གཅིག་གི་སྨྲ་མཆུ་བ་སུ་ཡིན་བརྟག་པའི་རྩིས་བྱས་པ་ན། རི་ཚན་པོ་གསུམ་གྱི་སྟེང་ན་མཚོ་སྟེང་ཐང་གིས་ཆོད་པ། བར་ནས་མེ་འབར་བ། ཐང་གི་སྟེང་ན་བུད་མེད་རྫ་མའི་དབྱིབས་ལ་མིག་གིས་ཁེངས་པ་ལྕགས་ཀྱི་མཆུ་རིང་པོ་ཡོད་པ་ཞིག་གིས་བཤད་འདུག་ཅེས་ཁ་མ་མཐུན་པས། རྒྱལ་བུ་ཐེ་བོ་ཁྲོས་ཏེ་དེ་ལྟ་བུ་མི་སྲིད་ཟེར་ནས་སྤོར་ཐང་སུམ་བརྒྱའི་རྩིས་དཔེ་མེར་བསྲེགས་(43བ)པས་རྒྱ་ཡུལ་དུ་རྩིས་ཉམས། མགར་གྱིས་རྒྱལ་པོ་ལ་བོད་ན་ས་བོན་ཅུང་ཟད་བརྔོས་ཏེ་བཏབ་པས་ལྗང་པ་ལེགས་པར་འོང་བྱས་པས་ས་བོན་ཐམས་ཅད་དེ་ལྟར་འདེབས་སུ་བཅུག་སྐད། དེ་ནས་ཇི་ཞིག་ན་མགར་གྱིས་ན་བརྫུ་ཆེན་པོ་བྱས་ཏེ་ནད་འདི་ལྟ་བུས་ཤི་ན་ཤུལ་དུ་ལྟས་ངན་པ་བཅོ་བརྒྱད་འོང་བ་ཡིན། ང་ཞག་བདུན་ན་འཆི་བར་འདུག །ཤི་བ་བཟོད་དེ་ཤུལ་དུ་རྒྱ་ཡུལ་ཕུང་བ་འདི་མ་ལེགས་བྱས་པས། ངེད་ཀྱི་རྩིས་ཡིག་རྣམས་ནི་བསྲེགས་ཟིན། ཁྱེད་རང་རིག་པ་ཅན་ཡིན་པས་ཐབས་ཅི་ཡོད་ཟེར་བ་ལ། དེ་ན་རེ། ང་ལ་རོ་རྟ་རོ་གོས་རོ་ཟས་དང་བཅས་ཏེ་ཁྱེད་རང་གི་དགྲ་སྙིང་ན་བ་བོད་ཀྱི་ཕྱོགས་སུ་སྐྱོལ་ལ་ཕྱི་མིག་མི་བལྟ་བར་ལོག་ན་མི་ལ་ཉེས་པ་མི་འབྱུང་། ལོ་ཏོག་ལ་གནོད་པ་ཞིག་འབྱུང་ཡང་ཁམ་ཆུང་ཟེར་བས་དེ་བཞིན་བྱས་ཏེ་བསྐྱལ་སྐད། སྤྱིར་ཀོང་ཇོ་བོད་ཀྱི་དོན་ཁོ་ནར་བྱོན་པ་ཡིན་ཅིང་སྤྲུལ་པའི་ལྷ་མོ་ཡབ་ཡུམ་མཆེད་ཟླའང་བྱང་ཆུབ་སེམས་དཔའ་ཡིན་པས་འཁྲུལ་པ་མི་འབྱུང་ནའང་། སུ་ལ་ནུས་པ་ཅི་ཡོད་མི་ཤེས་པས། །གཞན་ལ་བརྙས་པ་མི་བྱ་སེམས་མི་བསྲེག །ནམ་ཞིག་སུ་ལ་རེ་དགོས་ཆ་མེད་པས། །སུའི་ཡང་སེམས་སུན་མི་དབྱུང་དགྲར་མི་བསླང་། །རྫུན་པའི་རྒྱབ་རྟེན་ལྷས་ཀྱང་མི་ཐུབ་པས། །(44ན)ཅི་བྱེད་ཀུན་ལ་དྲང་ཞིང་ཕན་བདེ་སྒྲུབ། །ཅེས་ཡ་རབས་ཀྱི་ལུགས་སྒྲུབ་དགོས་ཀྱི། །ཧ་ཅང་བརྙས་པ་དང་། ཉེ་རིང་ཆེས་ན་འདི་ལྟ་བུ་འབྱུང་ངོ་ཞེས་ཕྱི་རབས་ལ་སྟོན་པའི་ཕྱིར་རྒྱལ་པོས་ཉེ་རིང་བྱེད་པ་དང་། བློན་པོའི་འཕྲུལ་གྱིས་རྒྱ་ཡུལ་ཕུང་བར་བྱས་པ་ལྟར་བསྟན་ལ། དཀོན་པའི་འདུ་ཤེས་བསྐྱེད་པའི་ཕྱིར་སྤྱན་འདྲོངས་དཀའ་བར་བསྟན་གྱིས་རང་རྒྱུད་པ་ནི་མ་ཡིན་ནོ། །དེ་ནས་ཀོང་ཇོ་དཔོན་གཡོག་གིས་ཁམས་སུ་ཕེབས་ནས་མགར་སྒུག་པའི་ཕྱིར་བྲག་ལོགས་ལ་འབུམ་རྒྱས་པའི་དབུ་དུམ་དང་བཟང་སྤྱོད་བརྐོས། རྡོ་སྐུ་ཁྲུ་བརྒྱད་ཅུ་པའང་བརྐོས། ཤ་བ་བཟུང་ནས་ཞིང་རྨོས། ཆུ་སྐོར་བཙུགས། ནགས་ཁྲོད་ལ་རྡུགས་པ་ལྟར་བྱས། རྒྱ་མོ་འཕྲང་ལམ་བཅོས་ཤིང་། ཤིང་སེ་བ་སོགས་བལྟར་འགྲོ་ཟེར་ནས་ཀོང་ཇོས་ཡུལ་ཐམས་ཅད་དུ་བྱོན་པས། བློན་པོ་ལས་མ་དག་པ་ལ་ལས་ལམ་དུ་ཅི་འགོར་བྱེད་པ་མཐོང་། ཐ་མལ་པ་རྣམས་ཀྱིས་ཤིང་སེ་བ་སོགས་བལྟ་བར་མཐོང་། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་སྒྲོལ་མ་དང་ཐུབ་པའི་སྐུས་བོད་ཁམས་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་རློབ་པར་གཟིགས་སོ། །དེ་ནས་སྒོ་དོང་སྒོ་མོའི་རྩར་ཕེབས་ཚེ་རྒྱ་ནག་གི་ཕྱྭ་(44བ)གཡང་ཉམས་པས་རྒྱའི་ལྷ་སྲུང་འཁྲུགས་ཏེ་ཁ་བ་ཚད་མེད་དུ་བབས་ནས་ནགས་ཐམས་ཅད་ཕན་ཚུན་འཛིངས་པ་ལྟར་བསྒྱེལ་བས་ལམ་འགགས་ཏེ་ཟླ་བ་གཉིས་ལུས། དེ་དུས་བློན་པོ་མགར་སླེབས་ཏེ་བསང་དང་ཕུད་གཏོར་ནས་རྒྱའི་ལྷ་ལ་མཆོད་པས་ཁ་བ་ཆད། ནགས་མ་རྣམས་ལངས་ཏེ་ལམ་དོད་པ་ལ་བྱོན། བོད་དུ་ཉེ་བར་སླེབས་པ་ན་ཕོ་ཉ་མངགས་ཏེ་བསུ་བ་དང་དགའ་སྟོན་ཞུས་པས། རྒྱལ་པོའི་ཞལ་ནས་ལྷ་གཅིག་དེ་སྒྲོལ་མའི་སྤྲུལ་པ་ཡིན་པར་འདུག་པས་འཕྲུལ་ཆེ་བས་ན་གང་ནས་འོང་མི་ཤེས་ཀྱིས་ཕྱོགས་བཞི་གར་བསུ་བའི་དྲིལ་སྒྲོགས་ཤིག་ཅེས་གསུངས། རྒྱལ་པོ་དགུང་གྲངས་ཉི་ཤུར་སོན་པ་མེ་སྤྲེལ། སྤྱི་ལོ་༦༣༦པ་དབྱར་ཟླ་འབྲིང་པོའི་ཚེས་བརྒྱད་ཉིན་ཕྱོགས་བཞིའི་བསུ་བ་རྣམས་ལ། ཀོང་ཇོ་ཤཱཀྱ་མུ་ནེ་བོད་བློན་བརྒྱ་གྱད་མི་བརྒྱ་རྟ་བརྒྱ་དང་བཅས་པ་ཕྱོགས་སོ་སོ་ནས་བྱོན་པའི་སྣང་བ་རེ་བྱུང་སྟེ། ཤར་ཕྱོགས་པ་རྣམས་ཀྱིས་མཁར་སྣ་གདོང་གི་རབ་བརྒལ་ནས་བྱོན་པ་དེ་ལ་རྒྱ་མོ་རབ་ཁར་བཏགས། ལྷོ་ཕྱོགས་པ་རྣམས་ཀྱིས་གྲིབ་སེ་སྒྲོམ་གྱི་ཕུ་ནས་བྱོན་ཏེ་འཁྱག་པ་ལ་དངུལ་གྱི་རྟ་ལྕག་བཙུགས་ནས་དུང་གཡས་སུ་འཁྱིལ་བ་འདྲ་སྟེ་བཟང་གསུངས་པ་དེ་དུས་བྱུང་ཟེར། ནུབ་ཕྱོགས་པ་(45ན)རྣམས་ཀྱིས་རྐྱང་ཐང་གི་སྒོ་ནགས་ཚལ་གྱི་དཀྱིལ་ནས་བྱོན་ཏེ། རྒྱལ་པོའི་ཕོ་བྲང་ལ་ས་དགྲའི་གནོད་པ་གནམ་སྒོ་ཕྱེ་བ་རལ་གྲི་ཤུབ་ནས་ཕྱུང་སྟེ་ནམ་མཁའ་ལ་འཕྱར་བ་འདྲ་བ་འདུག །ས་སྒོ་ཕྱེ་བ་སྦལ་པ་ཚལ་གྱི་བྲག་ཕག་སྣ་འདྲ་བ་འདུག་པས་དེར་མགོན་པོ་ལྕམ་དྲལ་བྲིས་ལ་གནོན་ཞིག་གསུངས་པ་བཞིན་རྒྱ་ནག་གི་བཟོ་བོས་འབུར་དུ་བརྐོས་པས་ཕག་གདོང་སྣར་གྲགས། བྱང་ཕྱོགས་པ་རྣམས་ཀྱིས་འཕན་པོ་སྒོ་ལ་ནས་བྱོན་པར་ལྷ་ལ་བསུ་བ་བྱས་པས་ལྷ་བསུ་གདོང་དུ་མིང་ཆགས་ཏེ། ཕྱོགས་བཞི་ཀའི་མི་རྣམས་ལ་དུས་གཅིག་ཏུ་མཐོང་སྣང་མི་འདྲ་བ་ཤར། འོ་ཐང་གི་མཚོ་འགྲམ་ནགས་ཚལ་དང་བྱེ་མའི་གླིང་ནེ་ཆུང་གི་སྟོད་ན་ཆུ་མིག་ཡོད་སར་ཕེབས་ཚེ། ཇོ་བོའི་ཤིང་རྟ་བྱིངས། ས་གཡོས། ཁལ་ཐམས་ཅད་ཉལ། གྱད་ལྷ་དགའ་ཀླུ་དགས་བཏེགས་ཀྱང་མ་ཐེག་པའི་ཚེ། ཀོང་ཇོས་སྤོར་ཐང་བཏིང་ནས་བརྩིས་པས། སྤྱིར་འཛམ་བུའི་གླིང་ན་ཡུལ་གྲུ་ཆེན་པོ་བཞི་སྟེ། རི་བོ་འབིགས་བྱེད་ཀྱི་ཤར་དུ་བཅད་པའི་བྱང་ན་གླང་པོ་ཆེའི་རྒྱལ་ཁམས་པདྨ་ཁ་ཕྱེ་བ་འདྲ། རི་གངས་ཅན་གྱི་ཤར་དུ་བཅད་པའི་བྱང་ན་བོད་ཁ་བ་ཅན་སྲིན་མོ་གན་རྐྱལ་དུ་བསྒྱེལ་བ་འདྲ། མ་ལ་ཡའི་ཚལ་གྱིས་བཅད་པའི་(45བ)བྱང་ན་ཡུལ་དབུས་རིན་པོ་ཆེའི་གླིང་དང་འདྲ། ཆུ་བོ་མཛེས་ལྡན་གྱིས་བཅད་པའི་བྱང་ན་གླང་པོ་ཆེའི་གླིང་མེ་ཏོག་གི་གླིང་དང་འདྲའོ། །དེ་ལས་ཁ་བ་ཅན་གྱི་ཡུལ་སྲིན་མོ་གན་རྐྱལ་དུ་འགྱེལ་བ་འདྲ་བའི་དབུས་ན་སྲིན་མོའི་སྙིང་ཡོད་དེ། འོ་ཐང་གི་མཚོ་སྙིང་ཁྲག་ཏུ་མཁྱེན། ཐང་གི་རི་བོ་གད་ཆད་གཉིས་འདུག་པ་སྲིན་མོའི་སྙིང་གི་རུས་པས་སེམས་ཅན་གྱི་སྲོག་ཟ་བར་འདུག་སྟེ་རྒྱལ་པོའི་ཕོ་བྲང་གིས་ནོན་ནས་འདུག །དེའི་ཕྱོགས་བཞི་ན་རི་རུས་སྦལ་ལམ་སྡིག་པ་འདྲ་བ་རེ་འདུག་པ་སྲིན་མོའི་འཁོར་དུ་མཁྱེན། རི་སྣ་དེ་ཐམས་ཅད་དབུས་སུ་ཟུག་པས་ལྷ་ས་དེ་ཇག་རྐུན་གྱིས་གང་བ་དང་མི་སྤྱོད་པ་ངན་པ་འོང་བར་གཟིགས། ས་དགྲ་རྣམ་པ་ལྔ་འདུག་པའི་ཀླུའི་ཕོ་བྲང་དེ་ཇོ་བོ་ཤཱཀྱ་མུ་ནེས་མནན་པར་མཁྱེན་ནས། ཕྱོགས་བཞིར་ཀ་བ་བཙུགས་ཏེ་དར་དཀར་གྱི་ཡོལ་བ་བྲེས་ནས་གྱད་མི་བཞིས་བསྲུང་བཞིན་དེ་ཉིད་དུ་བཞུགས་སུ་གསོལ། ཕོ་བྲང་དུ་དགའ་སྟོན་གྱི་རྔ་བོ་ཆེ་བརྡུངས། མི་ཐམས་ཅད་རྒྱན་གྱིས་བརྒྱན་ནས་འཕྲུལ་སྣང་གི་ལམ་གྱི་སྲང་ཁའི་སྟེང་ན་ཕར་འུར་སྒྲ་ས་གཡོ་བ་ཙམ་བྱས་ཏེ་རྒྱུག །ཀོང་ཇོ་འཁོར་བཅས་ཕོ་བྲང་གི་ཤར་སྒོར་ཕེབས་པ། ཕོ་བྲང་སོག་པོ་མཁར་ནས་ཁྲི་བཙུན་གྱིས་གཟིགས་པས། ཇོ་བོ་ཤཱཀྱ་མུ་ནེ་བཞུགས་ས་(46ན)ཡ་གིར་ས་གནད་ཀྱི་ལྷ་ཁང་ཞིག་བརྩིག་པར་ངེས། རྒྱ་ནག་ས་དཔྱད་ལ་མཁས་པས་ལྷ་ཁང་གཞན་ཡང་བརྩིག་ཏུ་འོང་། ང་ཆེན་མ་ལ་ལྷ་ཁང་མེད་པར་མོ་ལ་ལྷ་ཁང་སྔོན་ལ་བརྩིག་ཏུ་འཇུག་པ་མི་འོང་སྙམ་ནས་ཀོང་ཇོ་བོས་ཏེ། ཁྱེད་ལ་ལྷ་འདུག་སྟེ་ང་ལ་ཡང་རྟེན་ངོ་མཚར་ཅན་གསུམ་ཡོད། ང་ཆེན་མ་ཡང་ཡིན། ཆོས་ཀྱི་འབྱུང་གནས་ནས་ཀྱང་འོངས། ལག་རིས་སུ་ཕོ་བྲང་ཆེན་པོ་འདི་ལྟ་བུ་ཡང་བྱས་པས། ངས་ལྷ་ཁང་མ་བརྩིགས་བར་དུ་ཁྱེད་ཀྱིས་མ་རྩིགས་ཤིག་ཅེས་ནན་ཆེ་བར་བསྒོས་པས། ཀོང་ཇོ་ན་རེ། དེ་ཙུག་ལགས་སོ། །ཁྱེད་ལྷ་ཁང་བརྩིགས་ན་མཚོ་མ་གིའི་ཁར་རྩིགས་ཤིག །ཐང་ཁོད་སྙོམས་ཡ་གི་འདྲ་བ་ལ་ངས་ཀྱང་ལྷ་ཁང་འབྱོངས་མཆི་ཞེས་དངུལ་དཀར་གྱི་རྟ་ལྕག་འོ་ཐང་གི་མཚོ་དང་། ཇོ་བོ་བཞུགས་ས་ལ་བཙུགས་པས། ཁྲི་བཙུན་སྐྱེངས་པས་ལན་མ་བྱུང་སྟེ། རྒྱལ་པོ་དང་ཀོང་ཇོ་མཇལ་དུ་མ་སྟེར་ཞིང་། ང་དང་ཁྱོད་གཉིས་ཁྱད་པར་ཆེ། །ང་ནི་ཐེམ་པ་སྔ་བརྒལ་ཡིན། །བལ་རྗེའི་སྲས་མོ་ང་ཡང་ཡིན། །ཆེན་མ་རྒྱལ་པོའི་བཙུན་མོ་ཡིན། །ཆུན་མ་བཙུན་མོའི་གཡོག་མོ་ཡིན། །ཞེས་སོགས་ཀྱི་གླུ་དང་། ཁོ་མོ་སྡོད་པའི་གནས་ཀྱང་མ་རྙེད་ཅིང་། །ཐེམ་པ་མ་བརྒལ་རྗེ་དང་(46བ)མ་མཇལ་བར། །བཙུན་མོ་ཁྱོད་ཀྱི་འགྲན་ཚིག་སྔས་པ་ཡིན། ཆེན་ཆུན་བྱུང་བ་མིང་གི་ཁྱད་པར་ཡིན། །མཐུན་པར་འགྲོགས་ན་ཚེ་འདིའི་སྤུན་ལས་ལྷག །ཆགས་སྡང་བྱེད་ན་རང་མགོ་སུ་གྲུང་ཡིན། །ཞེས་སོགས་ལན་གྱི་གླུ་དང་། མགར་གྱིས་ཀོང་ཇོ་སྤྱན་འདྲེན་དཀའ་བའི་སྙིང་ནད་དུ་ཡོ་བྱད་སོགས་མ་བསྐྱལ། རྗེ་དང་མཇལ་དུ་མ་བཅུག་པར་ཟླ་བ་གཅིག་བཞག་པས། ཀོང་ཇོ་ཕྱིར་ལྡོག་པར་དགོངས་པ་ལ་མགར་གྱིས་གྲོས་བཏབ་སྐད། དེ་ནས་རྒྱལ་པོ་དགའ་སྟོན་གྱི་ཁྲི་ལ་ཕེབས་ཏེ་ཀོང་ཇོ་བཙུན་མོར་དབང་བསྐུར་རོ། །དེ་ལྟར་སྤྲུལ་པའི་ལྷ་མོ་རྣམ་གཉིས་ཕེབས་པའི་ཚེ་ན། རྒྱལ་བ་རྣམས་ཀྱིས་སྤྱན་རས་གཟིགས་དང་། ཁྲོ་གཉེར་ཅན་དང་། སྒྲོལ་མ་གསུམ་གྱིས་ནམ་མཁའི་མཐའ་ཀླས་པའི་འགྲོ་བ་རྣམས་ཀྱི་དོན་མཛད་པར་གཟིགས། རྒྱལ་སྲས་བྱང་སེམས་རྣམས་ཀྱིས་སྤྲུལ་པའི་སྐུ་གསུམ་པོས་བོད་ཁམས་ཐམས་ཅད་བྱིན་གྱིས་བརླབས་ཤིང་སྐྱེ་འགྲོ་རྣམས་ཐར་པའི་ལམ་དུ་དབུགས་དབྱུང་བར་གཟིགས། བོད་འབངས་ཕལ་པ་རྣམས་ཀྱིས་རྒྱལ་པོ་དང་བཙུན་མོ་འཇིག་རྟེན་མཐུན་འཇུག་གི་སྤྱོད་པ་སྟོན་པར་མཐོང་ངོ་། །དེར་བླ་བོན་གྱིས་ཕྱྭ་གཡང་འགུགས། རྒྱལ་པོ་དང་བཙུན་མོ་དབུ་སྐྲ་སྦྲེལ། སྐུད་པ་ཁེལ་སྙེད་(47ན)མཛད། ཤ་ཁུ་དང་སྐྱེམས་གསོལ་རེས་དང་། གཡང་རིལ་དང་མར་ཁུའི་སྐྱུ་བརྗེ་ལེན་བྱེད་སྐད། གཞན་ཡང་གཙུག་ལག་ཁང་བཞེངས་པ་དང་ལྷ་སྲས་བསྐྱེད་པའི་ཕྱིར། ཞང་ཞུང་གི་རྒྱལ་པོ་ལི་མིག་སྐྱའི་སྲས་མོ་ཞང་ཞུང་བཟའ་ལི་ཐིག་སྨན་དང་། མི་ཉག་གི་རྒྱལ་པོའི་བུ་མོ་རུ་ཡོང་བཟའ་རྒྱལ་མོ་བཙུན་དང་། སྟོད་ལུང་མོང་ནས་ཞང་བློན་གྱི་བུ་མོ་མོང་བཟའ་ཁྲི་ལྕམ་སྟེ། སྤྱིར་བཙུན་མོ་ལྔ་ཁབ་ཏུ་བཞེས་སོ། །དེ་ནས་ཁྲི་བཙུན་གྱིས་དངུལ་ཟམ་ལ་བྱོན་ནས། ཁོ་མོ་ལ་ལྷ་ཁང་བརྩིགས་པའི་ས་གཞི་ཞིག་ཞུའོ་བྱས་པས། རྒྱལ་པོའི་ཞལ་ནས། ཁྱོད་རང་གང་འདོད་སར་རྩིགས་ཤིག་གསུངས། དེར་ཁྲི་བཙུན་གྱིས་རྟ་པ་མང་པོའི་ཁྲོམ་ཁྲིད། གནོད་སྦྱིན་ཕོ་མོ་བྲན་དུ་བཀོལ་ཏེ། ཁ་དོང་གི་ནེ་ཐང་། བ་རག་ཕུག །ཡར་ཀླུངས་སོགས་ཡུལ་གང་བཟང་བ་ཐམས་ཅད་དུ་རྨང་བཏིང་ཡང་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་བར་དུ་ནུབ་མོ་ལྷ་འདྲེས་རྗེས་མེད་དུ་བཤིག་པས་ས་དཔྱད་བརྟག་དགོས་པར་གོ་སྟེ། གཡོག་མོ་ལ་གསེར་ཕྱེ་བྲེ་གང་བསྐུར་ནས། ཀོང་ཇོ་ཇོ་བོ་ཤཱཀྱ་མུ་ནེ་ལ་མཆོད་པ་བྱེད་པའི་རྩར་བཏང་སྟེ། ཁ་སེང་གི་དེ་འདྲ་མ་གསུངས་པར་ངའི་ལྷ་ཁང་བརྩིགས་པའི་ས་དཔྱད་ལེགས་པར་སྟོན་པར་ཞུ། ངའི་ལྷ་ཁང་(47བ)ཟིན་ནས་ཁྱོད་ཀྱི་ཡང་བརྩིག་ཏུ་གཞུག་གིས་ཞེས་འཕྲིན་བསྲིངས། ཀོང་ཇོས་སྤོར་ཐང་བཀྲམ་སྟེ་བརྩིས་པས། བོད་ཡུལ་འདིར་ལྷ་ཁང་གི་ས་གཞི་བཙལ་ན་སྤྱིར་སའི་དབྱེ་བ་སུམ་བརྒྱ་དྲུག་ཅུ། ས་བརྟག་པ་བརྒྱ་རྩ་བརྒྱད། ངོས་བཟུང་བ་བདུན་ཅུ་དོན་གཉིས། ནོར་ར་རེ་བཞི་བཅུ་རྩ་ལྔ། ས་དགྲ་ངོས་བཟུང་བ། དེའི་སྐྱོན་བསལ་བ། ཡོན་ཏན་གྱི་འབྲས་བུ་ཆུད་མི་ཟ་བ་རྣམས་སྟོན་པ་ལས། མདོར་བསྡུས་ན། སྐྱེ་བོ་མང་པོ་འདུ་བ་གྲོང་དང་གྲོང་ཁྱེར་གྱི་ས། དབང་ཕྱུག་དང་མངའ་ཐང་འཕེལ་བ་རྒྱལ་པོ་ཆེན་པོའི་ས། དྲང་སྲོང་འདུ་བའི་གནས་དགོན་པ་བས་མཐའི་ས། རེ་ཞིག་བདེ་བར་གནས་པ་སྐྱེ་བོ་ཐ་མལ་པའི་ས་སྟེ་བཞི་ལས། འདི་རྒྱལ་པོའི་ས་དང་གཅིག་པ་ཡིན། དེ་ཡང་བོད་ཀྱི་རྒྱལ་ཁམས་འདི་སྲིན་མོ་གན་རྐྱལ་དུ་འགྱེལ་བའི་གཟུགས་སུ་འདུག་པས། དཔུང་མགོ་གཉིས། དཔྱི་གཉིས། གྲུ་མོ་གཉིས། པུས་མོ་གཉིས། མཐིལ་བཞི་རྣམས་གནོན་པའི་ལྷ་ཁང་རེ་རེ་དགོས་ལ། མ་གྲུབ་ཀྱང་ལྕགས་ཀྱི་ཕུར་པ་རེ་ཐོབ། འོ་ཐང་གི་མཚོ་འདི་སྲིན་མོའི་སྙིང་ཁྲག་ཡིན་ལ་ངན་སོང་གི་སྒོ་ཞིག་ཀྱང་འདུག་པས་བསུབས་ནས་ལྷ་ཁང་བརྩིག་དགོས། ས་དགྲ་བརྒྱད་འདུག་སྟེ། ལྷོ་ནུབ་ན་འདྲེའི་འདུན་ས་འདུག་པ་(48ན)གཏོར་ཞིག །ནུབ་བྱང་ན་ཀླུ་བདུད་ནག་པོའི་ཉལ་ས་འདུག་པ་འཕྲོགས་ལ་ལྷ་ཁང་རྩིགས་ཤིག ལྷོ་བྱང་ན་བཙན་གྱི་རྒྱུ་སྲང་འདུག་པ་མཆོད་རྟེན་གྱིས་ཆོད་ཅིག །ར་མོ་ཆེའི་ཀླུའི་ཕོ་བྲང་ཇོ་བོ་བཞུགས་པ་འདིས་ནོན་ནས་འདུག །ཤར་ན་བ་ལམ་གྲུམ་པ་རི་ཆུ་སྲིན་དེའུའི་ཁར་ཐོན་པ་འདྲ་བ་ལ་དུང་དཀར་སྟོན། ཤར་ལྷོ་བྱང་སྟོད་སེ་ཕུག་སྲིན་མོ་འདོམས་བཟེད་པ་འདྲ་བ་ལ་དབང་ཕྱུག་ཆེན་པོ་སྟོན། ལྷོ་ནུབ་ཡུག་མའི་ཤར་རི་སྡིག་ནག་གཟན་ལ་རུབ་པ་འདྲ་བ་ལ་བྱ་ཁྱུང་ག་རུ་ཌ་སྟོན། ནུབ་ན་ཤུན་གྱི་བྲག་བདུད་ནག་པོ་བྱ་ར་བྱེད་པ་ལྟ་བུ་དང་། རི་སྲིན་མོ་རལ་པ་གཟིངས་པ་འདྲ་བ་འདུག་པ་ལ་རྡོའི་མཆོད་རྟེན་ཞིག་སྟོན། བྱང་ན་ཉང་བྲན་དོག་སྡེའི་དབུས་རི་གླང་ཆེན་གཡུལ་དུ་ཞུགས་པ་འདྲ་བ་ལ་རྡོའི་སེང་གེ་ཞིག་སྟོན། ས་དགྲ་དེ་རྣམས་ནོན་པ་དང་ཡོན་ཏན་ཐམས་ཅད་དུས་གཅིག་ལ་འཆར་ཏེ། ཤར་ན་བན་ཁོས་གུང་བ་རི་མཆོད་རྟེན་ལྟ་བུ། ལྷོ་ན་གྲིབ་རི་རིན་པོ་ཆེ་སྤུངས་པ་ལྟ་བུ། ནུབ་ཏུ་སྟོད་ལུང་བྲང་ཕུའི་རི་མཉྫིའི་ཁར་དུང་ཕོར་བཞག་པ་ལྟ་བུ། བྱང་དུ་དོག་སྡེ་ལྷ་རི་པདྨ་ཁ་བྱེ་བ་ལྟ་བུ་སྟེ། ཡོན་ཏན་གྱི་རི་བཞི་འདུག་པས་ཕྱོགས་ཐམས་ཅད་ནས་དད་པ་ཅན་གྱི་སྐྱེ་བོ་འདུ་ཞིང་། སྟོན་པའི་རིང་བསྲེལ་ལ་(48བ)མཆོད་པ་རྒྱས། ཆོས་བྱར་བཏུབ། རང་བཞིན་གྱིས་ཡོན་ཏན་མང་པོ་འབྱུང་བའི་ས་ཡིན། གནམ་འཁོར་ལོ་རྩིབས་བརྒྱད་དང་། ས་པདྨ་འདབ་བརྒྱད་ཀྱི་དབྱིབས། ཉང་བྲན་ཕན་དཀར་གྱི་རི་ལ་དབུ་གདུགས། མལ་གྲོང་གི་རྒྱབ་རིར་སྤྱན་གསེར་ཉ། གདོང་དཀར་གྱི་བྲག་ལ་ལྗགས་པདྨ། གྲིབ་ཕུའི་ཆབ་རོམ་ལ་གསུང་དུང་དཀར། རྫོང་བཙན་གྱི་རི་ལ་མགུལ་བུམ་པ། ཡུག་མའི་རི་ལ་ཐུགས་དཔལ་བེའུ། འཕན་དར་གྱི་རི་ལ་སྐུ་རྒྱལ་མཚན། བྲང་ཕུའི་སྤང་ལ་ཕྱག་ཞབས་འཁོར་ལོ་སྟེ་ལོགས་བཀྲ་ཤིས་རྟགས་བརྒྱད་དུ་ཚང་། གར་པའི་ཇོ་མོ་ཟེ་ཟེ་ལ་ལྕགས། ར་ཁ་ལ་དོང་དུ་ཟངས་དང་དངུལ། ལྕགས་ཀ་རི་ལ་གསེར་ཏེ་རིན་ཆེན་སྣ་བཞིའི་གཏེར་ཡོད། ཤར་གྱི་སྟག་སྐྱ་བོ་དགའ་གདོང་འོག་མ། ལྷོའི་གཡུ་འབྲུག་སྔོན་མོ་སྐྱིད་ཆུ། ནུབ་ཀྱི་བྱ་དམར་པོ་ཤུན་གྱི་བྲག་དམར་སྙེ་གདོང་། བྱང་གི་རུས་སྦལ་ནག་པོ་ཉང་བྲན་ཕ་བོང་ཁ་སྟེ་དཔྱད་བཞི་ཚང་བས་བཀྲ་ཤིས། དེ་ལྟར་ས་དགྲ་རྣམས་མནན་པ་དང་ཡོན་ཏན་ཐམས་ཅད་ཀྱི་ནུས་པ་དོད་ནས་ཡོང་། གཏེར་རྣམས་ཁ་བྱེ། ཐུགས་དམ་གྱི་ལྷ་ཁང་ཡང་གཟོད་བརྩིགས་སུ་བཏུབ་པས། རྟེན་འབྲེལ་དུ་ར་དཀར་མོ་ལ་འཕན་ཡུལ་ནས་ས་བཀལ་བས་མཚོ་བསུབས་ལ། དེར་(49ན)ལྷ་ཁང་བརྩིགས་ན་ལེགས་རྒུ་ཐམས་ཅད་འབྱུང་། ཉེས་རྒུ་ཐམས་ཅད་འགྲིབ་པར་འགྱུར་རོ། །ཞེས་ལན་དུ་བསྐུར། དེར་བྲན་མོས་འཕྲིན་གོ་རིམ་ནོར་ཏེ། དང་པོ་ར་ལ་ས་ཁོལ་ལ་མཚོ་བསུབས་བྱ་བ་སྨྲས་པས། ཁྲི་བཙུན་གྱིས་དེ་ལྟར་མཛད་ཀྱང་མཚོ་རྙོགས་ལོང་གིས་སོང་སྟེ་བྱེ་བའི་ཆ་ཡང་མ་བསུབས་ནས་ཡིད་མ་ཆེས་ཏེ་རྒྱལ་པོ་ལ་ཞུས་པས། རྒྱལ་པོས། ངས་ཡི་དམ་ལ་འདྲི་ཡི་གསུངས་ཏེ་ཐུགས་དམ་རང་བྱུང་ལ་མཆོད་པ་མཛད་ནས་གསོལ་བ་བཏབ་པས། སྐུ་དེའི་ཞབས་མཐེབ་གཡས་པ་ནས་འོད་ཟེར་བྱུང་བ་འོ་ཐང་གི་མཚོར་ཐིམ་མོ། །དེར་ནངས་རེ་བཞིན་རྒྱལ་པོ་ཆིབས་དཀྱུས་སུ་འཆག་པའི་འུར་ཁྲོལ་གྱི་སྒྲ་བྱུང་ཚེ་སྐྱེ་བོ་རྣམས་བལྟ་བ་ལས། དེའི་ནངས་པར་ཁྲི་བཙུན་གྱིས་སྣ་དྲངས་ནས་ཆིབས་དཀྱུས་སུ་གཤེགས་ཏེ་འོ་ཐང་གི་མཚོ་ཁར་བརྟོལ་བ་ན། རྒྱལ་པོས། སོར་གདུབ་ཕུད་དེ་འདི་གར་ལྷུང་བ་དེར་རྩིགས་ཤིག་ཅེས་མཁའ་ལ་འཕངས་པས་མཚོ་ནང་དུ་སོང་བ་དང་། རྒྱལ་པོས་ཀྱང་ཀོང་ཇོ་དང་གྲོས་མཛད་དོ་སྙམ་ནས་ཁྲི་བཙུན་སྤྱན་མཆི་མས་གང་། རྒྱལ་པོས་མཆི་མ་ཕྱིས་ནས་ལྟོས་ཤིག་གསུངས། རྒྱལ་པོའི་ཐུགས་ཀ་ནས་འོད་ཟེར་བྱུང་བ་མཚོ་ནང་དུ་སོང་བ་མཐོང་། ཀོང་ཇོ་ཡང་(49བ)ཕྲག་དོག་མིན་པ་ང་ལ་རྒྱུས་ཡོད། འདིར་རྩིགས་ཤིག་དང་ངས་གྲོགས་བྱའོ་གསུངས་པས། ཁྲི་བཙུན་རབ་ཏུ་དགྱེས་ཏེ་བཀའ་བཞིན་དུ་འཚལ་ཟེར་རོ། །དེར་རྒྱལ་པོའི་ཞལ་ནས་ཐོག་མར་མཚོ་འགྲམ་འདིར་ངའི་ཕོ་བྲང་ཞིག་རྩིགས་ཤིག་གསུངས་ཏེ་སུམ་ཐོག་གཅིག་བརྩིགས་པ་ལ་ཕོ་བྲང་གི་བསྐྱས་མཛད་དེ་མཆོད་གནས་རྣམས་ཀྱང་སྤྱན་དྲངས་ནས་མཆོད་པ་ཆེན་པོ་མཛད། ཁྲི་བཙུན་གྱིས་ཀླུ་ནག་པོ་ཀླུང་རྡོལ་དང་། རྒྱུན་བརྡལ་དང་། ཟུར་ཕུད་རྐྱང་ཚལ་གྱི་ཀླུ་སོགས་ལ་ལས་བཅོལ་ཏེ་སྐྱིད་ཆུ་ལྷོ་ངོས་དཀར་ཆུང་ལྦུ་བ་གདོང་དུ་བསྒྱུར་བས་མཚོ་གུད་དུ་ལུས། མཚོ་ནང་གི་ཕྱོགས་བཞིར་རྡོ་ཡི་དཔེའུ་བྱས་ཏེ་གླ་བའི་ཤིང་གིས་འཕུབ་པ་ན་དབུས་སུ་མ་སླེབས་ནས། རྒྱལ་པོས་རྟེན་རང་བྱུང་ལ་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་པས། སྐུའི་བ་སྤུ་ནས་འོད་ཟེར་བྱུང་བ་མཚོ་ལ་དྲ་ཕྱེད་དུ་བྲེས། རྩ་ཞལ་ནས་འོད་ཟེར་བྱུང་བ་མཚོ་སྟེང་དུ་སྤྲིན་ལྟར་འཁྲིགས་པ་ལས་འོད་ཞགས་པ་ལྟ་བུ་མཚོ་ལ་ཆར་པ་ལྟར་བབས་ནས་མཚོ་ནང་དུ་འོད་ཀྱི་ལྦུ་བ་མཆོད་རྟེན་བང་རིམ་གསུམ་པའི་རྣམ་པར་ཆགས་པའི་ཚེ། རྡོ་རྣམས་མཚོ་དཀྱིལ་གྱི་འོད་ཟེར་ལ་རྒྱོབ་ཅིག་གསུངས་ཏེ་བལ་པོའི་རྡོ་བཟོ་བས་གསང་ཕུ་ནས་རྡོ་དྲངས་པ་ལ་བཟོ་བྱས་ནས། བློན་པོ་རྣམས་ཀྱིས་(50ན)ཡིག་དྲུག་གི་སྒྲ་དང་བཅས་ཏེ་དབུས་སུ་བསྐྱུར་བས་མཁར་གྱི་རྣམ་པ་གྲུ་བཞི་པ་ཞིག་བྱུང་། དེའི་དཀྱིལ་དུ་གཏེར་བཅུགས་ཤིང་དེ་ལ་སྣ་གཏད་ནས་ཕུབ་པས་མཚོ་མི་མངོན་པར་བསུབས་ཏེ་ལྟེ་བ་དེ་དེང་སང་གི་དཀྱིལ་འཁོར་མཐིལ་འདི་ཡིན། ཀླུའི་ཡུལ་ནས་རྡོ་རྗེའི་འཇིམ་པ་བླངས་ཏེ་ཤིང་ཐམས་ཅད་ལ་བྱུགས་པས་ཤིང་ཐམས་ཅད་མི་བང་མི་རུལ་བ་རྡོ་རྗེ་ཕ་ལམ་ལྟར་བྱས། དེའི་སྟེང་དུ་ཁྲོ་ཆུའི་ཕ་གུ་བཏིང་བ་ཁྲོ་ཞུན་གྱིས་བསྡམས། སླར་སོ་ཕག་དང་། སྤང་ལེབ་དང་། རྡོ་ལེབ་དང་། བྱེ་མ་དང་། ས་བཟང་པོ་རྣམས་བཏིང་བས་ས་གཞི་དང་དབྱེར་མེད་པར་བྱས་ཏེ་རྩིག་རྨང་བཏིང་བ་མཚན་མོ་ལྷ་འདྲེས་བཤིག །དེར་ནམ་མཁའ་ལས་རྒྱལ་པོ་ཉིད་ཀྱི་སྐུ་འབག་ཞིག་ཐོག་མར་བཞེངས་ན་བར་ཆད་མི་འབྱུང་ཞེས་སྒྲ་བྱུང་བས། བལ་པོའི་ལྷ་བཟོ་བ་ལ་ཁྱོད་ཀྱིས་ངའི་སྐུ་འབག་ཏུ་མིང་བཏགས་པའི་སྤྱན་རས་གཟིགས་ཀྱི་སྐུ་ཞིག་བཞེངས་ཤེས་སམ་གསུངས་པས། ཁོ་བོ་སྤྲུལ་པའི་བཟོ་བོ་ཡིན་པས་ཤེས་ཟེར་ཏེ། སྔོན་སྤྲུལ་པའི་དགེ་སློང་གིས་སྤྱན་དྲངས་པ་གནས་ཆེན་བརྒྱད་ཀྱི་ས། རྒྱ་མཚོའི་འགྲམ་དང་། ནེེ་རཉྫ་ནའི་བྱེ་མ་དང་། ཙནྡན་སྦྲུལ་སྙིང་དང་། ས་མཆོག །བུ་མོ་གཙང་མ་དུ་མས་བའི་འོ་མ་དང་(50བ)བདར་བའི་ལྡེ་གུ་བསྲེས། རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མ་བཏབ་པའི་ལྡེ་གུ་རྒྱལ་པོའི་དབུས་སྔས་སུ་སྤུངས། བྱང་ཆུབ་ཤིང་གི་སྲོག་ཤིང་། ཙནྡན་སྦྲུལ་སྙིང་གི་ཞབས་ངར། སྐུའི་དབྱིབས་གཏོད་པའི་ཕྱིར་རྒྱ་མཚོའི་གླིང་གི་འཇག་མ། ཟེ་མེ་རུའི་གཟེར། རིན་པོ་ཆེའི་སྤྱན་འབྲས། འཇམ་བྱེད་པའི་ལྡེ་བན། ཁ་བསྒྱུར་བའི་ཚོན་རྣམས་སྟ་གོན་བྱས་ཏེ་དབུ་སྔས་ཀྱི་འགོར་བཞག་གོ །ཐོ་རངས་ཀྱི་དུས་སུ་མཐོངས་ཀ་ནས་མར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཉི་ཟེར་གྱི་རྡུལ་ཙམ་བྱོན་ཏེ་འཇིམ་པ་ལ་ཐིམ་པར་གཟིགས་པས་བྱིན་རླབས་ཅན་ཞིག་འོང་བར་འདུག །ཕྱག་སྟོང་སྤྱན་སྟོང་ཞིག་བྱའམ། ཞལ་བཅུ་གཅིག་པ་དང་། ཡི་གེ་དྲུག་པ། འཇིག་རྟེན་དབང་ཕྱུག །ཡིད་བཞིན་འཁོར་ལོ། དོན་ཡོད་ཞགས་པ། ཧྱ་གྲཱི་ཝ། ཁ་སརྤཱ་ཎི་ཞིག་བྱའམ་ཞེས་སོགས་སྤྱན་རས་གཟིགས་ཀྱི་བྱེ་བྲག་ལྔ་བཅུ་རྩིས་ལ་བཏབ་ནས་གཟིམས་པ་ལས། ནམ་ལངས་པའི་ཚེ་དབུ་སྔས་ན་རྒྱུ་དེ་རྣམས་ཀྱི་ཤུལ་ན་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུ་རྩ་ཕྱག་བརྒྱད་དང་ཞལ་བཅུ་གཅིག་ཏུ་ཀྲོང་ངེར་བྱོན་ནས་འདུག་གོ །དེར་ལྷ་བཟོ་བས་ཆེད་དུ་འོངས་པ་ལས། རྒྱལ་པོའི་ཞལ་ནས། ལྷ་མྱུར་ཞིང་ལེགས་པར་ཟིན་འདུག་ཀྱང་ཙནྡན་(51ན)སྦྲུལ་སྙིང་གི་སྐུ་རང་བྱུང་དང་མཆོད་སྡོང་གསུམ་པོ་འདིའི་ནང་དུ་གཞུག་རྒྱུ་ཡིན་ཏེ་གསུངས་པས། བཟོ་བོ་ན་རེ། བདག་ནི་ལྷ་བཞེངས་དགོས་སྙམ་ནས་གདོད་མཆིས་པ་ལགས་ཏེ་འདི་ནི་རང་བྱུང་དུ་བྱོན་པར་གདའོ་ཟེར་སྐད། དེ་མ་ཐག་ཏུ་སྐུ་དེ་གཡོས་ནས་ཕྱག་གཡས་ཀྱིས་དར་ཤམ་པུས་གོང་དུ་བརྫེས་ཏེ་ཞབས་གཡས་པ་ནས་འོད་ཟེར་བྱུང་བས། རྟེན་དེ་རྣམས་སྤྱན་དྲངས་ཏེ་ཐུགས་ཀར་ཆགས་པས་སྐུ་ཤིན་ཏུ་སྦྲམ་པར་གྱུར་ཅིང་གཡོན་དུ་ཅུང་ཟད་འགྱིང་བའང་དེ་དུས་བྱུང་བར་གྲགས་ལ། དར་ཤམ་པུས་གོང་དུ་བརྫེས་པ་ད་ལྟའང་མཇལ་དུ་ཡོད་དོ། །དེ་ནས་བར་ཆུ་ཁར་མཆོད་རྟེན་ཀེ་རུ་བརྩིགས་ཏེ་བོད་ཀྱི་སྔགས་བཙུན་དང་སྒྲུབ་པ་པོ་ལ་མི་གནོད་པའི་ཕྱིར་དུ་གྲིབ་ནས་ཉང་བྲན་གྱི་ཕུ་རུ་བཙན་གྱི་འགྱུ་སྲང་ཡོད་པ་བཅད། རང་བྱུང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་བྲག་ལོགས་ལ་ཕོག་པས་བྲག་ལྷ་ཀླུ་ཕུག་གི་ཀླུ་བདུད་དང་མ་མོའི་ཉལ་ས་འཕྲོག་པ་དེར་རྣམ་སྣང་ཀུན་ཏུ་ཞལ་དང་འཇམ་དཔལ་ཁྲོ་བོ་སོགས་བྲག་ལ་རང་བྱོན་དུ་བྱུང་། གནམ་སྟོང་གི་ནུབ་མོ་རྒྱལ་པོ་འོ་ཐང་གི་ཆུ་ལ་ཁྲུས་མཛད་དེ་བཞུགས་པའི་ཚེ། ལྷོ་ནུབ་གླ་བའི་ཚལ་གྱི་བྲག་རྩ་ན་མེ་འབར་བ་གཟིགས་ནས་དེར་བྱོན་པས། (51བ)ཁ་བ་ཅན་གྱི་འདྲེ་ཐམས་ཅད་དུག་ཤིང་གི་སྡོང་པོ་རྐང་གཅིག་གི་རྩར་འདུས་ཏེ་གྲོས་བྱེད་པ་གསན་པས། འདྲེ་རྒན་པོ་གཅིག་ན་རེ། ཁ་བ་ཅན་གྱི་རྒྱལ་ཁབ་འདི་སངས་རྒྱས་ཀྱི་ཞབས་ཀྱིས་མ་བཅགས་ཤིང་གསུང་གིས་མ་ཁྱབ་པས། ངེད་རང་མི་མ་ཡིན་རྣམས་ཀྱིས་དབང་བ་ཡིན་པ་ལ། རྒྱལ་པོ་མགོ་གཉིས་པ་འདིས་ལམ་བཅད། ཉལ་ས་འཕྲོག །ཆོས་ཁྲིམས་བྱས་བྱུང་བས། ད་ངེད་རང་རྣམས་ཀྱང་ནུས་པ་བསྐྱེད་ལ། དཀོན་མཆོག་གསུམ་ལ་དད་པར་བྱེད་པའི་སྲོག་གཅོད། དགེ་བ་བྱས་པ་ལ་མི་རུང་བ་ཐོངས། ལྷ་ཁང་བརྩིགས་པ་ལ་རྡོ་ཆར་ཕོབ་ལ་ཤིགས། དེ་སྔ་བལ་བཟས་ལྷ་ཁང་བརྒྱ་རྩ་བརྒྱད་ཀྱི་རྨང་བཏིང་བ་བཤིག་པ་དེ་ཡང་ལེགས་སོ་ཟེར་ནས་གྱེས་སོ། །དེའི་ཕྱི་ནུབ་རྒྱལ་པོས་རྟེན་རང་བྱུང་ལ་གསོལ་བ་བཏབ་པས། ཁྲོ་ཞལ་ལས་འོད་དམར་ལྗང་གཉིས་ཀྱི་རྩེ་ལ་ཁྲོ་བོ་རྟ་མགྲིན་དང་བདུད་རྩི་འཁྱིལ་བ་གཉིས་བྱུང་། དེ་གཉིས་ཀྱི་ཞལ་ནས་མེ་ཕུང་བྱུང་བ་གནམ་ལྕགས་ཀྱི་ཐོག་ལྟར་འདྲེའི་འདུན་སའི་དུག་ཤིང་གི་སྡོང་པོ་ལ་ཕོག་པས་དེ་འགྱེལ་ཞིང་འཐོར། དུག་ཁོལ་བ་རླུང་གིས་གཏོར་ཏེ་འདྲེའི་འདུན་ཕུང་ཐམས་ཅད་འཐོར་ཞིང་འགྱེལ། ཁྲོ་བོ་གཉིས་དང་བསྐལ་པའི་མེས་དེད་དེ་འདྲེ་ཐམས་ཅད་རྒྱ་མཚོའི་ཕ་མཐར་བསྐྱལ། (52ན)ཁྲོ་བོ་གཉིས་དང་མེ་ཕུང་སླར་གླ་བའི་བྲག་ལ་ཐིམ་པས། འོད་དཔག་མེད། ཁ་སརྤཱ་ཎི། དཔལ་རྟ་མགྲིན་གསུམ་རང་བྱུང་དུ་ཤར། སང་ཉིན་རྒྱལ་པོ་དེར་བྱོན་ཏེ་མཆོད་པ་མཛད་ཅིང་། སྤྱན་རས་གཟིགས་དབང་འཇིག་རྟེན་མགོན། །ཐུབ་པའི་དབང་པོས་སྤྱི་གཙུག་བརྒྱན། །སྐུ་མདོག་དཀར་གསལ་གངས་རི་འདྲ། །ཉོན་མོངས་མ་གོས་པདྨ་བཞིན། །ཐུགས་རྗེ་ཆེ་ཞིང་མཐུ་ལྡན་པ། །སེམས་ཅན་ཉམ་ཐག་ཕོངས་རྒུ་ཡི། །ནད་དང་སྡུག་བསྔལ་ཞི་མཛད་པ། །མགོན་དུ་གྱུར་ལ་ཕྱག་འཚལ་ལོ། །ཞེས་བསྟོད། དེ་ནས་སྐུ་རང་བྱུང་འོད་ཀྱི་རྣམ་པ་དེ་འདྲ་བ་ཞིག་སླར་བལ་པོའི་བཟོ་བོས་བྲག་ལ་འབུར་དོད་དུ་གསལ་བར་བརྐོས་པ་བྲག་ལྷ་བཙན་གདོང་དུ་གྲགས་སོ། །རྒྱལ་པོས་བཟོ་བོ་ལ་འོད་ཟེར་གྱི་སྣ་ལས་བྱུང་བའི་ཁྲོ་བོ་དེ་གཉིས་ཁྱོད་ཀྱིས་མཐོང་ངམ་ཞེས་དྲིས་པས། བཟོ་བོས་མཐོང་ལགས་ཟེར། རྒྱལ་པོས་དེ་གཉིས་ཀྱི་གཟུགས་ཀྱང་གྱིས་ཤིག་ཅེས་གསུངས་ཏེ་རྟ་མགྲིན་དང་བདུད་རྩི་འཁྱིལ་པ་གཉིས་བཞེངས་པར་བྱས། ཡང་རྒྱལ་པོས་ཐུགས་རྗེ་ཆེན་པོའི་འཁོར་ཉུང་བས་ད་དུང་དེ་བཞིན་གྱིས་ཤིག་གསུངས་ནས། འཇིག་རྟེན་དབང་ཕྱུག་དང་། ཁ་སརྤཱ་ཎི། སྒྲོལ་མ། ཁྲོ་གཉེར་ཅན། འོད་(52བ)ཟེར་ཅན། དབྱངས་ཅན་མ་རྣམས་ཀྱང་བཞེངས་པར་མཛད། ནུབ་ཕྱོགས་སུ་མཆོད་རྟེན་སི་ཏུ་བརྩིགས་ནས་ནུབ་ཀྱི་ས་དགྲ་གནོན་པ་ལ་སོགས་ས་དགྲ་བཞི་མནན་པར་མཛད། དེ་རྗེས་ལྷ་ཁང་གི་རྨང་བཏིང་པ་ཡང་ཞིག་སྟེ་བརྩིག་ཏུ་མ་བཏུབ་པས། སྲིན་མོའི་དཔུང་པ་གཡོན་གནོན་པའི་ཕྱིར་ཡར་ཀླུངས་སུ་བྱོན་ནས། མཚོ་སོག་ཁ་ལ་ཀླུ་གདུག་པ་ཅན་གནས་པ་དེ་སྐམ་པའི་ཤུལ་དུ་ལྷ་ཁང་བརྩིག་དགོས་པར་དགོངས་ཏེ། བོད་འབངས་རྣམས་བསགས་ནས་ཀླུ་འདི་སུས་འདུལ་ནུས་པ་ལ་བྱ་དགའ་ཆེ་ཐང་དུ་སྟེར་རོ་ཞེས་བཀའ་བསྩལ་པས། སྔགས་པ་ཅོག་ལ་ཙུག་སྒྲ་ཙུག་སྣང་བྱ་བ་དང་། བོན་པོ་ཚེ་མི་སྣང་གྲགས་འབྱུང་གྲགས་བྱ་བ་གཉིས་ཀྱིས་འདུལ་ནུས་པར་ཁས་བླངས་ཏེ། ཟོ་དང་གོང་པོ་རི་ལ་དགྲ་བཅོམ་པ་བརྒྱ་རྩ་བརྒྱད་འགོག་པ་ལ་བཞུགས་པར་གྲགས་པའི་ས་དེར་ཁོང་གཉིས་ཀྱིས་ནམ་མཁའ་ལྡིང་བསྒྲུབས་ནས་གྲུབ་སྟེ་རྒྱལ་པོ་ལ་ཞུས་པ་ན། མི་ཀུན་ཡང་ཀླུ་འདུལ་བའི་ཐབས་ལ་ལྟད་མོ་བལྟའོ་ཟེར་ནས་ཚོགས་པའི་ཚེ། བོན་པོ་ན་རེ། སྔོན་ལ་ངས་བཏུལ་གྱིས་གལ་ཏེ་མ་ཐུལ་ན་ཁྱོད་ཀྱིས་བརྩོན་པ་བསྐྱེད་ཅིག་ཟེར་ཏེ་ཆོ་ག་བྱས་ནས་མཉམ་པར་བཞག་པས། དེ་མ་ཐག་ནམ་མཁའ་ནས་བྱ་ཁྱུང་ཆེན་པོ་ཞིག་འོངས་(53ན)ནས་མཚོ་སྟེང་དུ་ལྡིང་བ་ན་མཚོ་ཁོལ་ཏེ་ཀླུ་སྦྲུལ་མགོ་ལྔ་པ་ཞིག་རོང་ངེ་བར་བྱུང་བས། བོན་པོས་ངས་ནི་མ་ཐུལ་ལོ། །ཅོག་ལ་ཁྱེད་ཀྱིས་བརྩོན་འགྲུས་སྐྱེད་ཅིག་ཅེས་ཟེར་བས། སྔགས་པས་ཆོ་ག་བྱས་ནས་མཉམ་པར་བཞག་པ་ན་གནམ་ས་རལ་བ་ལྟ་བུའི་སྒྲ་ཆེན་པོ་གྲགས་པས་སྐྱེ་བོ་ཐམས་ཅད་བྲེད་ཅིང་ས་གཞི་འགུལ། ནམ་མཁའ་ནས་བྱ་ཁྲ་འདྲ་བ་སྐད་འབྲུག་ལྟར་འདོན་པ་གཅིག་བྱུང་ནས་དེའི་གཤོག་པ་སྤུ་གྲི་ལྟ་བུས་སྦྲུལ་མགོ་ལྔ་སྐད་ཅིག་གིས་བཅད་པས། མཚོ་དེ་ཁྲག་ཏུ་སོང་ནས་བྱེ་མ་ལ་ཆུ་ཕོ་བ་ལྟར་སྐམ་པའི་ཤུལ་ན་རིན་པོ་ཆེའི་ཁྲོན་པ་འདུག་པའི་དབུས་སུ་ནོར་བུ་དབང་གི་རྒྱལ་པོ་སྦས། བཅོམ་ལྡན་འདས་འོད་དཔག་ཏུ་མེད་པ་ལ་མཆོད་པ་ཕུལ། གཙང་ཁང་ཁྲོ་ཆུའི་ཕ་གུས་ཕུབ། ཕྱོགས་བཞིར་གསེང་ཁུང་བཞི་སྒྲོམ་དུ་བྱས་པའི་སྒྲོམ་ཁར་མཆོད་རྟེན་བརྩིགས། གནོད་སྦྱིན་ཕོ་མོ་བྲན་དུ་བཀོལ་ཏེ་དེའི་སྟེང་དུ་ལྷ་ཁང་བརྩིགས་ནས་གསང་བ་འདུས་པ་ལྷ་བཅུ་དགུ་པའི་ལུགས་སུ་བཞེངས། གཙོ་བོ་གསུམ་ནི། རྡོ་སྐུ་རང་བྱུང་དུ་བྱོན་པ་ཟོ་དང་གོང་པོ་རི་ནས་སྤྱན་དྲངས་ཤིང་སླར་བཟོ་བོས་རྣམ་པ་དོད་པར་བརྐོས་པའི་རྡོ་ཕྱེ་རྣམས་ཀྱང་རིང་བསྲེལ་དུ་སོང་བར་གྲགས། (53བ)འཁོར་སེམས་དཔའ་རྣམས་ནི་ལི་ཡུལ་གྱི་སྤྲུལ་པའི་བཟོ་བོས་ལི་ལས་ལུགས་སུ་བླུགས་པ་རིན་པོ་ཆེའི་ཕྲ་ཅན་བལ་ཡུལ་ནས་ཞབས་ཀྱིས་བྱོན། དེའི་གྲས་འཇམ་དཔལ་ཆོས་དབྱིངས་གསུང་དབང་བལ་ཡུལ་དུ་བཞུགས་པའི་ཚབ་ཏུ་རྡོ་སྐུ་རང་བྱུང་ཞིག་བྱོན་སྐད། ཡང་གསེར་བྲེ་བརྒྱད། བྲེ་བདུན། བྲེ་དྲུག བྲེ་ལྔ། བྲེ་བཞི་རྣམས་ལ་རྒྱུ་བྱས་ཏེ་གནོད་སྦྱིན་གྱི་བཟོ་བོས་བླུགས་ནས་རིམ་པར། རྣམ་སྣང་། རྡོར་སེམས། རིན་འབྱུང་། སྣང་མཐའ། དོན་གྲུབ་རྣམས་ཆ་ལུགས་མི་འདྲ་བར་བཞེངས། དེ་ལས་འོད་དཔག་མེད་རིན་པོ་ཆེའི་གཏེར་ཁང་ན་བཞུགས། གཞན་བཞི་དང་རྒྱལ་པོའི་སྐུ་འབག་གཙང་ཁང་ན་བཞུགས། བོད་འབངས་ཀྱི་དུས་མ་ཡིན་པའི་འཆི་བ་བཟློག་པའི་ཕྱིར་ལྷ་མོ་ཡིད་བཞིན་འཁོར་ལོའི་སྐུ་དང་། རིན་པོ་ཆེའི་གཏེར་ཁ་ཕྱེ་བ་དང་ལས་སྒོ་རྣམས་འདུ་བའི་ཕྱིར་གནོད་སྦྱིན་ཆུ་དབང་གི་སྐུ་ཡང་བཞེངས། རྒྱལ་པོའི་དཀོར་མཛོད་ཆེན་པོ་ཞིག་ཀྱང་གཏེར་ཁང་དུ་སྦས་ཏེ་ཚངས་པ་དུང་གི་ཐོར་ཚུགས་ཅན་ལ་གཉེར་དུ་གཏད། ཀླུ་འདུལ་མཁན་སྔགས་པའི་སྒྲིབ་པ་སྦྱོང་བ་དང་ཀླུ་དེའི་དོན་དུ་མཆོད་རྟེན་རྩེ་ལྔ་པ་བཞེངས་པས་ཀླུ་དེ་ཡང་ལྷར་སྐྱེས་སོ། །དེ་ལ་བྱམས་པ་མི་འགྱུར་བའི་ལྷ་ཁང་ཞེས་མཚན་དུ་བཏགས་(54ན)ལ་ཀླུ་བཏུལ་བྱེད་བྱ་ཁྲའི་མིང་དང་སྐད་ལས་ཁྲ་འབྲུག་ཏུའང་གྲགས་ཏེ། དེ་ནི་བོད་ཀྱི་ལྷ་ཁང་བརྩིགས་པ་ལ་སྔ་ཞིང་འཇིག་པ་ལ་ཕྱི་བ་ཞིག་སྟེ་རྒྱལ་པོའི་ཐུགས་དམ་གྱི་སྙིང་པོ་གཙུག་ལག་ཁང་ཐམས་ཅད་ཀྱི་རྩ་བ་ཡིན་ནོ། །ཚེ་སྤོང་བཙན་འདྲ་དོང་ཆུང་ཞེས་བྱ་བའི་བློན་པོ་གཅིག་གིས་ཀྱང་ལྷ་ཁང་གློ་འབུར་ཅན་ཞིག་བྱས་སོ། །དེར་རྒྱལ་པོའི་ཞལ་ནས། ངའི་ཐུགས་དམ་གྱི་ལྷ་ཁང་འདི་འཛམ་གླིང་ན་བྱིན་ཆེ་བ་ཞིག་ཡིན་ཏེ། འདི་ལ་དད་ཅན་གྱིས་མཆོད་པ་ཕུལ་ཏེ་གསོལ་བ་བཏབ་ན་ཅི་འདོད་པ་ཐམས་ཅད་མི་འགྲུབ་མི་སྲིད། འདི་ལྷ་ཁང་ཐམས་ཅད་ཀྱི་ཡང་སྙིང་ཡིན་ཀྱང་རྒྱན་སྲུང་པ་ཞིག་མེད་ཅེས་བཀའ་བསྩལ་པ་ན། བལ་པོའི་བཟོ་བོ་ན་རེ། ངེད་ལྷོ་བལ་གྱི་ཡུལ་ན་བྷ་དནྟ་ཞེས་བྱ་བ་དབུ་རེག་ཞབས་རྗེན་ངུར་སྨྲིག་གི་ན་བཟའ་ཅན་དེ་བཞིན་གཤེགས་པའི་ཆ་ལུགས་སུ་བཞུགས་པ་ལྷ་མིའི་མཆོད་གནས་སུ་འོས་པ་མང་པོ་ཡོད། དེ་ལྟ་བུ་ཞིག་བྱུང་ན་རྒྱན་སྲུང་བ་ཡོང་བར་འདུག་པ་ལ་ཟེར་བས། རྒྱལ་པོས་ཕྱག་ཐལ་མོ་སྦྱར་ཏེ་རབ་ཏུ་བྱུང་བ་དེ་ལྟ་བུའི་གཟུགས་འཆང་བ་ཙམ་ལ་ཡང་ངས་སྤྱི་བོས་བཏུད་དེ་ཕྱག་འཚལ་ལོ་ཞེས་དམ་བཅའ་བར་མཛད་དོ། །དེའི་སང་ཉིན་རྒྱལ་པོ་འཁོར་(54བ)བཅས་ཕྱི་རོལ་དུ་བྱོན་པ་དང་། མཆོད་རྟེན་རྩེ་ལྔ་པའི་འགྲམ་ན་དགེ་སློང་གི་ཆ་བྱད་ཅན་མགོ་ཆེ་ཞིང་དཔྲལ་བ་འབུར་བ་སྣ་ཉག་ཅིང་མིག་ཚག་པ་སྟོད་ཆུང་ཞིང་སྨད་ཆེ་ལ་ཚང་ར་འབུར་བ་ཞིག་ཚེམ་བུ་ཚེམས་ཤིང་འདུག་པ་གཟིགས་པས། ངས་རབ་བྱུང་གི་རྟགས་ཙམ་འཛིན་པ་ལ་ཡང་ཕྱག་འཚལ་བར་དམ་བཅས་ན་འདི་ལྟ་བུའི་རབ་ཏུ་བྱུང་བ་དངོས་ལ་ཅིའི་ཕྱིར་ཕྱག་མི་བྱ་དགོངས་པ་ལ། འོན་ཀྱང་འདི་གཟུགས་བྱད་ངན་པས་བློན་པོ་རྣམས་དད་པ་ལྡོག་སྟེ་འོང་སྙམ་དུ་དགོངས་ནས་མཆོད་རྟེན་གྱི་ཕག་ཏུ་དེའི་ཞབས་ལ་གཏུགས་ཏེ་ཕྱག་མཛད་ནས་བཞེངས་ཏེ། ང་ས་བདག་གི་རྒྱལ་པོས་ཁྱེད་དགེ་སྦྱོང་གི་ཞབས་ལ་མགོས་གཏུགས་ནས་ཕྱག་བྱེད་པ་འདི་ངོ་མཚར་མི་ཆེའམ་ཞེས་གསུངས་པས། དེ་ངོ་མཚར་ཆེ་སྟེ་ངའི་རྫུ་འཕྲུལ་འདིའང་ངོ་མཚར་མི་ཆེའམ་ཟེར་ནས་མཆོད་རྟེན་རྩེ་ལྔ་པ་ལག་པ་གཡས་པས་ནམ་མཁའ་ལ་ཡེར་གྱིས་བཏེགས་པར་བྱས། རྒྱལ་པོས་དེ་ཡང་ངོ་མཚར་ཆེ་སྟེ་ང་སྐྱེ་བོ་ཐ་མལ་པའི་མགོ་ལ་སངས་རྒྱས་དངོས་སུ་བཞུགས་པ་འདི་ངོ་མཚར་མི་ཆེའམ་ཞེས་ལ་ཐོད་ཕུད་དེ་ཨ་མི་ཏཱ་བྷའི་ཞལ་བསྟན་པས། དེ་ན་རེ། རྒྱལ་པོ་ལ་ལྷ་གཅིག་ལས་མི་འདུག །ང་ལ་འདི་ཙམ་ཡོད་ཟེར་ནས་གྲི་གུག་གིས་བྲང་ཁ་(55ན)ཕྱེ་སྟེ་གསང་བ་འདུས་པའི་ལྷ་ཚོགས་བཅུ་དགུ་ཁྲ་ལམ་གྱིས་བསྟན་པས། རྒྱལ་པོ་ཤིན་ཏུ་དགྱེས་ཏེ་རབ་ཏུ་བྱུང་བ་རྣམས་ལ་ཡོན་ཏན་འདི་ལྟ་བུ་ཡོད་ཀྱིས། ངའི་འབངས་ཐམས་ཅད་ཀྱིས་རབ་བྱུང་གི་རྟགས་ཙམ་འཛིན་པ་མཐོང་ནའང་ཞབས་སྤྱི་བོར་ལོངས་ཤིག་ཅེས་དྲིལ་བསྒྲགས་སོ། །འདི་ནི་དགེ་སྦྱོང་གཟུགས་བྱད་ངན་ཡང་ཡོན་ཏན་བསམ་གྱིས་མི་ཁྱབ་པས་བརྙས་པ་སྤངས་དགོས་པར་བསྟན་པ་དང་། རྒྱལ་པོ་རང་ཉིད་ཀྱང་སྤྱན་རས་གཟིགས་སུ་དོན་གྱིས་ཞལ་བཞེས་མཛད་པ་དང་། སྤྲུལ་པའི་དགེ་སློང་དེས་ཀྱང་རྒྱལ་པོའི་ལྷ་ཁང་དང་ང་མཉམ་མོ་ཞེས་བསྟན་པ་ཡིན་ནོ། །ཁྲ་འབྲུག་གི་ཡན་ལག་ཏུ་བཙན་ཐང་བཏབ། དེ་ནས་སྲིན་མོའི་དཔུང་མགོ་གཡས་གནོན་པ་ལ་ཙེ་ནེ་གདོང་དུ་སྒྲུབ་པ་མཛད་ནས་དབུ་རུ་ཀ་ཚལ་དང་། ཡན་ལག་ཏུ་གསེར་ཤང་གིར་ཏི་བཞེངས། དཔྱི་གཡས་གནོན་པ་ལ་རྩེ་ཕུག་ཏུ་སྒྲུབ་པ་མཛད་དེ་གཡས་རུ་གཙང་འགྲམ་དང་། ཡན་ལག་ཏུ་དགེ་དྲུང་གི་ལྷ་ཁང་བཞེངས། དཔྱི་གཡོན་གནོན་པ་ལ་བརྒྱད་ཕུག་ཏུ་སྒྲུབ་པ་མཛད་ནས་རུ་ལག་གྲོམ་པ་རྒྱང་དང་། ཡན་ལག་ཏུ་འབྲོ་ལྷ་ཁང་རྣམས་བཞེངས་པ་སྟེ་མཐའ་འདུལ་བཞིའོ། །གྲུ་མོ་གཡས་ལ་ཤར་སྟག་གི་མགོར་(55བ)ཀོང་པོ་བུ་ཆུང་། གཡོན་པ་ལ་ལྷོ་འབྲུག་གི་ཟེ་སྟེང་དུ་ལྷོ་བྲག་མཁོ་མཐིང་། པུས་མོ་གཡས་པ་ལ་ནུབ་བྱ་དམར་མོའི་སྒལ་སྟེང་དུ་དགེ་རྒྱས། གཡོན་པ་ལ་བྱང་རུས་སྦལ་གྱི་དཔྲལ་སྟེང་དུ་པྲ་དུན་རྩེའི་ལྷ་ཁང་རྣམས་བཏབ་པ་སྟེ་ཡང་འདུལ་བཞིའོ། །ལག་མཐིལ་གཡས་གནོན་པ་ལ་མི་ཉག་གིས་ལག་དཔོན་བྱས་ཏེ་ཁམས་ཀྱི་ཀློང་ཐང་སྒྲོལ་མ། གཡོན་ལ་ཐོ་གར་གྱིས་ལག་དཔོན་བྱས་ཏེ་མོན་གྱི་སྤ་གྲོ་སྐྱེར་ཆུ། རྐང་མཐིལ་གཡས་ལ་ཧོར་གྱིས་ལག་དཔོན་བྱས་ཏེ་མཚན་རིགས་སྒྲོལ་མ། གཡོན་ན་བལ་པོས་ལག་དཔོན་བྱས་ཏེ་ཚངས་པ་རླུང་གནོན་གྱི་ལྷ་ཁང་རྣམས་བཞེངས་པ་སྟེ་རུ་གནོན་བཞིའོ། །ཤར་དུ་སའི་ཁ་གནོན་ཉི་ཟླ་གཟའ་སྐར་གཏན་ལ་འབེབས་པའི་ཕྱིར་ཀ་ཆུ་ཀམ་ཆུ་གླིང་ཆུ་གསུམ། ལྷོར་མེའི་ཁ་གནོན་སྣང་གྲོང་དང་གླིང་ཐང་གཉིས། ནུབ་ཏུ་ཆུའི་ཁ་གནོན་གུ་ལང་དང་ཤིང་ཀུན་གཉིས། བྱང་དུ་རླུང་གི་ཁ་གནོན་དགེ་རིང་དང་དཔལ་རི་གཉིས་ཏེ་འབྱུང་བའི་ཁ་གནོན་གྱི་གཙུག་ལག་ཁང་དགུའོ། །དེ་ནས་ར་སའི་གཙུག་ལག་ཁང་བརྩིག་པར་བརྩམ་པ་ན་ཡང་ལྷ་འདྲེས་བརྩིག་ཏུ་མ་སྟེར་ཏེ། ས་རྡོ་བཞག་ཚད་ནམ་མཁའ་ལ་འཕངས་ཤིང་རླུང་གིས་བརྡལ། ས་གཞིའང་གཡོས་པས་མི་ཐམས་ཅད་དཔའ་འཁུམ། (56ན)ལྷ་སྲིན་ཐམས་ཅད་ཀྱིས་བསྭོ་སྒྲ་དང་ཆ་སྒྲ་བསྒྲགས་ནས་བྱུང་བའི་ཚེ། སྤྲུལ་པའི་རྒྱལ་པོས་ཡི་དམ་ལ་མཆོད་པ་བཤམས་ཤིང་དཔང་བཙུགས་ནས་དམ་བདར་བས། དེའི་མོད་ལ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་ཞིག་ནམ་མཁའ་ལ་བྱོན་ཏེ་སྤྱན་ཡེར་པའི་རི་ལ་གཟིགས་ཤིང་ཐུགས་ཡེར་པའི་བྲག་ལ་གཏད། ཡང་ཁྲོ་གཉེར་ཅན་དང་སྒྲོལ་མས་ཡེར་པ་ཞབས་ཀྱིས་བཅགས། ཆོས་སྐྱོང་རྣམས་ཀྱིས་ཕྲིན་ལས་སྒྲུབ་པར་ཞལ་གྱིས་བཞེས་པས། ལྷ་འདྲེ་ཐམས་ཅད་ཀྱང་རང་དབང་མེད་པར་རྒྱལ་པོ་ལ་ཕྱག་འཚལ་ཏེ་བཀའ་འབངས་བགྱིད་པར་ཁས་བླངས། ནམ་མཁའ་ནས་ལྷའི་མེ་ཏོག་དང་སྤོས་ཀྱི་ཆར་བབས། ཡེར་པར་བྲག་ལྷ་མགོན་པོ་རང་བྱུང་དུ་བྱོན། བདུད་རྩིའི་ཆུ་རྒྱུན་རྣམས་རང་བྱུང་དུ་བརྡོལ། དེའི་ཚེ་ལྷ་སའི་ས་ཕུད་རྡོ་ཕུད་ཤིང་ཕུད་སོགས་ལས་ཡེར་པའི་བྲག་རྡོ་རྗེ་རྩེ་ལྔ་རང་བྱུང་གི་རྨང་དུ་སྐུའི་རྟེན་དུ་སྤེའུ་དམར་སེར་གཉིས། གསུང་གི་རྟེན་དུ་ཡིག་དྲུག་འབུམ། ཐུགས་ཀྱི་རྟེན་དུ་མཆོད་རྟེན་གསུམ་བཞེངས། ཆོས་སྐྱོང་གི་རྟེན་དུ་ཤུག་པའི་ནགས་ཚལ་བཙུགས། ཏིང་ངེ་འཛིན་སྒོམ་པ་ལ་འོད་ཀྱི་བྲག་ཕུག་བརྒྱ་རྩ་བརྒྱད་སྤྲུལ། ཕྲིན་ལས་ཀྱི་རྟེན་དུ་རི་བོ་སྒྲོལ་མའི་(56བ)སྐུར་སྤྲུལ། དབང་དུ་འདུས་པའི་ཕྱིར་སྤང་རི་ཁྲོ་མོར་སྤྲུལ། ནད་སེལ་བའི་ཕྱིར་ཆུ་རྣམས་བདུད་རྩིར་བསྒྱུར། དེའི་ཚེ་རྒྱལ་པོ་ཉིད་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་སྐུར་གྱུར་ནས་འོད་ཟེར་གྱིས་སྔགས་ཕྱི་ནང་གི་ལྷ་ཚོགས་དང་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ནས་བསྟིམས་པས་ས་རྡོ་ཐམས་ཅད་ལྷར་བྱིན་གྱིས་བརླབས། ཁྲོ་གཉེར་ཅན་དང་སྒྲོལ་མའི་ཐུགས་ཀ་ནས་མེ་ཏོག་གི་ཆར་བབས། ནམ་མཁའ་ནས་བཀྲ་ཤིས་ཀྱི་སྒྲ་སྒྲོག རོལ་མོ་རྣམས་མ་དཀྲོལ་བར་རང་སྒྲ་འབྱིན། ལྷ་འདྲེ་རྣམས་ཀྱིས་བཀའ་སྲུང་དུ་ཁས་བླངས། དེར་འདུས་པ་ཐམས་ཅད་ཀྱང་བདེ་བ་ཅན་དུ་སྐྱེ་བར་ལུང་བསྟན་ཏོ། །གཞན་ཡང་མཐའ་འདུལ་སོགས་ཀྱི་ལྷ་ཁང་ཐམས་ཅད་ཀྱི་ས་ཕུད་ཀྱང་ཡེར་པར་བསྐྱལ་ལོ། །དེ་ནས་རྒྱལ་པོའི་ཞལ་ནས། བོད་འབངས་རྣམས་ངའི་གཙུག་ལག་ཁང་བཞེངས་པའི་གྲོགས་བྱ་དགོས་སོ་ཞེས་བཀའ་བསྩལ་པས། འབངས་ཐམས་ཅད་ཡུལ་གྲུ་སོ་སོར་འདུས་ནས་ལྷ་ཁང་བརྩིག་པའི་འདུན་མ་བྱེད། དེའི་ཚེ་རྒྱལ་པོས་སྐུའི་བཀོད་པ་ལྔ་སྟོང་བཀྱེས་ནས་རྒྱའི་རྟེན་ཁང་བི་ཧར་ལ་དཔེ་བླངས་ནས་རྒྱ་མཚོའི་གྲུ་གཟིངས་འབྲིང་གི་ཚད་དུ་གཙུག་ལག་ཁང་གི་རྨང་(57ན)བཏིང་སྟེ། རབ་བྱུང་གི་དོན་དུ་འདུལ་བའི་ལུགས་ཀྱི་དྲི་གཙང་ཁང་དང་བཅས་པར་བྱང་ཕྱོགས་སོ་བདུན་མཚོན་པའི་རེ་མིག་སོ་བདུན་དུ་མཛད། སྐྱེ་བོ་སྤྱིའི་དོན་དུ་ཆོས་གང་བྱེད་ལས་ཀྱི་སྒྲོས་ཚང་བར་བྱེད་དགོས་པའི་བརྡར་ཕྱི་གྲུ་བཞིར་མཛད། བོན་པོའི་དོན་དང་ཆོས་ཉིད་མི་འགྱུར་བ་མཚོན་ཕྱིར་ཟུར་བཞི་གཡུང་དྲུང་རིས་མཛད། སྔགས་པའི་དོན་དང་འབྲས་བུ་སངས་རྒྱས་ཀྱི་ས་མཚོན་པའི་ཕྱིར་དབུས་སུ་ངག་གི་དབང་ཕྱུག་དྲག་པོའི་དཀྱིལ་འཁོར་གྱི་ཚུལ་དུ་མཛད། སྐྱེ་བོ་སྤྱིས་མི་མཐོང་བའི་ཕྱིར་དུ་ན་བུན་འཁྲིགས་ཤིང་ཆར་ཟིམ་བུར་འབེབས་པའི་གསེབ་ན་ཅ་ཅོ་འདྲེན་པ་སོགས་ཁྱུ་དི་རི་རི་མང་པོ་བྱུང་བའི་སྒྲ་གཞན་རྣམས་ཀྱིས་ཀྱང་ཐོས་སྐད། དེ་ལྟའི་སྤྲུལ་པ་རྣམས་ཀྱིས་སོ་ཕག་གིས་ར་སའི་གཙང་ཁང་ཉིན་གཅིག་ལ་བརྩིགས། ན་བུན་འཁྲིགས་པ་སངས་ནས་བློན་འབངས་རྣམས་བརྩིག་ཏུ་ཕྱིན་པ་ན་རྩིག་པ་ཟིན་ནས་འདུག །རྒྱལ་པོའི་ཞལ་ནས། ནངས་པར་བོད་འབངས་རྣམས་ཀྱིས་ངའི་ལྷ་ཁང་གི་ཤིང་ཆོད་ཅིག་གསུངས་ནས་འབངས་རྣམས་དེའི་འདུན་མ་བྱེད། རྒྱལ་པོས་སྤྲུལ་པ་ལྔ་སྟོང་གིས་ནུབ་མོ་དེ་ག་ལ་ལྷ་ཁང་ཤིང་གིས་བཀང་བར་བྱས་ནས། ནངས་པར་སྤྲུལ་པའི་བཟོ་བོ་(57བ)སུམ་བརྒྱ་བཀྱེས་ཏེ་ཤིང་བཟོ་རྣམས་མཛད་པའི་ཚེ། ལྷ་གཅིག་ཁྲི་བཙུན་སྐྲ་འཁྲུ་བས་ནངས་པར་རྒྱལ་པོའི་གསང་བུ་འདྲེན་དུ་མ་ཁོམས་ཏེ། བྲན་མོ་ལ་དངུལ་གཞོང་དུ་ཤ་གསར་དང་མར་གསར་ལ་སོགས་པ་གཡོས་སྣ་བཅུ་གསུམ་དང་འབྲས་ཆང་དང་རྒུན་ཆང་སོགས་ཀྱི་གསང་བུ་འདྲེན་དུ་བཏང་བས། དེས་ངོ་མི་ཤེས་པའི་བཟོ་བོ་སུམ་བརྒྱ་བཟོ་བྱེད་པ་མཐོང་ནས་རྒྱལ་པོ་ངོ་མ་ཤེས་ཏེ་ལོག །དེར་ལྷ་གཅིག་ཁྲི་བཙུན་རང་ཉིད་འདྲེན་དུ་སོང་བའི་ཕྱི་ནས་གཡོག་མོས་བལྟར་ཕྱིན་པས། ལྷ་གཅིག་གིས་སྤྲུལ་པའི་བཟོ་བོ་རྣམས་ལ་འགོང་ཞིང་སོང་སྟེ། དབུས་ཀྱི་དཀྱིལ་འཁོར་སྟེང་ན་རྒྱལ་པོ་བེར་ནག་གྱོན་པ་ཐོད་དམར་པོ་ཅན་འཕྲུལ་ཐིག་གི་སྣ་ནས་ཕྱག་གིས་བཟུང་བ་ཞིག་ལ་དྲངས་པ། དེས་བསང་བུ་ཕྱག་གིས་བླངས་པས་འཕྲུལ་ཐིག་ལྷོད་ཤིག་གེ་སོང་སྟེ་བཟོ་བོ་སུམ་བརྒྱ་པོ་འགྱེལ་ནས་འཇག་མ་ཉུག་ཉུག་ཐིག་གུ་ཟིང་ངེ་བྱས་བྱུང་བ་མཐོང་ནས། བྲན་མོ་ན་རེ། རྒྱལ་པོའི་བཟོ་བོ་འཕྲུལ་དུ་སྣང་བ་ལ་ཞེས་བགད་པས། རྒྱལ་པོ་སྤྱན་ཡེངས་ནས་སྟེའུ་གཅིག་ཁ་ཐལ། གསོར་གཅིག་ཁ་ཐལ། སོག་ལེ་གཅིག་ཁ་ཐལ་བས། བཟོ་བོ་བརྒྱས་སེང་གེ་བརྒྱའི་སྣ་བཅད། བུག་པ་བརྒྱ་ཕུག །ཀ་བ་བརྒྱའི་(58ན)ཟུར་ཉམས་སོ། །དེར་རྒྱལ་པོའི་ཞལ་ནས། འབངས་མོ་མ་ཚུགས་པས་ངའི་སྤྲུལ་པ་ངོ་ཤེས་སོ་ཞེས་གསུངས་ནས་སྤྲུལ་པ་བཤིག་པར་མཛད་པས། གཞན་རྣམས་ཀྱིས་རྒྱལ་པོས་ཤིང་དང་འདག་པའི་མི་ལ་སྟེ་ལྟག་རེ་བརྒྱབ་པས་ཤི་བར་མཐོང་། བློན་པོ་རྣམས་ཀྱིས་ཤིང་བཟོ་བ་རྣམས་རྩིག་ཕུག་ན་ཕར་རྐང་པ་ཉུག་ཉུག་སོང་བར་མཐོང་། ཐུན་མོང་དུ་ཤིང་བཟོས་པ་དང་། བརྐོས་པ་དང་། ཚོན་རྩི་ཐམས་ཅད་བཏང་ཚར་བར་མཐོང་ངོ་། །དེར་ཉི་མ་རྒས་ནས་ས་སྲོས་རན་པ་ན་བློན་པོ་མགར་ན་རེ། སྤྲིན་འཁྲིགས་ཤིང་གློག་འགྱུ་བ་དེ་ཆར་ཆེན་འབབ་པའི་ངོ་ཡིན། དེས་ཤིང་རྩི་རྣམས་བྱི་དོགས་པས་ན་ཁེབ་བྱེད་དགོས་ཟེར་ནས་ལས་ཀྱི་རྔ་བོ་ཆེ་བརྡུངས་སོ། །གྲོང་ཁྱེར་བ་རྣམས་ན་རེ། རྒྱལ་པོས་དེ་ཙམ་ཞིག་བརྩིག་པ་ལ་ལས་རྔ་མ་བརྡུང་ན་ད་ལྟ་མཚན་མོ་ལས་རྔ་བརྡུངས་པ་ཅི་ཡིན་ཟེར། དེར་གྲོང་པའི་རེ་ཕྱར་ཐམས་ཅད་བསྡུས་ནས་ཤིང་རྩི་རྣམས་ལ་འགེབས་སུ་ཕྱིན་པ་ན། སྲོད་དེ་ཀ་ལ་སྤྲུལ་པ་ལྔ་སྟོང་གིས་ར་སའི་ཐོག་བཀབ་ཟིན་འདུག་སྟེ། སྟེང་ན་སྤྲུལ་པའི་མི་ལག་ན་ཕ་གུ་ཐོགས་པ་ཡང་ཡུད་དུ་འདུག་པ་བློན་པོ་རྣམས་ཀྱིས་མཐོང་ནས་ངོ་མཚར་སྐྱེས་ཏེ་རེ་ཕྱར་(58བ)རྣམས་མཐོངས་ཀ་ལ་བཀབ་ནས་ལོག་སྐད། དེ་ལྟར་ཞག་གཉིས་ཀྱི་རིང་ལ་ར་སའི་འོག་ཁང་གི་ཕྱི་ཐམས་ཅད་ལེགས་པར་ཟིན་པར་བྱས་རྗེས། རྒྱལ་པོས་གཙང་ཁང་དེ་རྣམས་གང་ལེགས་པ་ཞིག་ཏུ་ངའི་ཡི་དམ་རང་བྱུང་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་པོ་བཞུགས་སུ་གསོལ་དགོས་སྙམ་དུ་དགོངས་ནས་དེའི་ནངས་པར་གཟིགས་སུ་བྱོན་དུས། གཙང་ཁང་དབུས་མའི་སྒོ་ཕྱེ་བས་གུང་ལ་སངས་རྒྱས་མར་མེ་མཛད་ལ་འཁོར་ཉེ་བའི་སྲས་བརྒྱད་བཞེངས་པས་བསྐོར་ཞིང་ཁྲོ་བོ་གཉིས་ཀྱིས་སྒོ་སྲུང་བ། དབུས་ན་མི་འཁྲུགས་པ་སྐྱབས་སྦྱིན་ཅན་བཅས་བཞུགས་པར་གཟིགས། གཙང་ཁང་གཡས་ན་འོད་དཔག་མེད་ལ་བྱང་སེམས་བརྒྱད་སྐྱིལ་ཀྲུང་ཅན་གྱིས་བསྐོར་བ་དང་། སྒོ་འགྲམ་ཕྱིའི་གཡས་ན་ཕྱག་རྡོར་དང་། གཡོན་ན་སྨེ་བརྩེགས་བྱེ་རུའི་མངོན་ཅན་གྲིབ་སེལ་གྱི་ཕྱག་རྒྱ་མཛད་པ་བཅས་བཞུགས་པར་གཟིགས། གཙང་ཁང་གཡོན་ན་བྱམས་པ་ཆོས་ཀྱི་འཁོར་ལོ་ཆོས་བཁོར་བསྐོར་བའི་ཕྱག་རྒྱ་ཅན་ལ་སྒྲོལ་མ་བརྒྱད་ཀྱིས་བསྐོར་ནས་བཞུགས་པ་དེ་རྣམས་ཆོས་ཀྱི་བགྲོ་བ་མཛད་པར་གཟིགས། གཙང་ཁང་ལྷོ་མ་ན་ཇོ་བོ་མི་བསྐྱོད་རྡོ་རྗེ་ལ་འཁོར་སྟོང་ཆེན་རབ་འཇོམས་ཕྱག་བཞི་མ་དང་། སོ་སོར་(59ན)འབྲང་མ་ཕྱག་དྲུག་པ། གཤིན་རྗེ་མཐར་བྱེད་མཐིང་ནག་ཞལ་དྲུག་ཕྱག་དྲུག་ཞབས་དྲུག་པ། ཤེས་རབ་མཐར་བྱེད་དཀར་པོ་ཞལ་བཞི་ཕྱག་བརྒྱད་པ། པདྨ་མཐར་བྱེད་དམར་པོ་ཕྱག་བཞི་པ། བགེགས་མཐར་བྱེད་མཐིང་ནག་ཕྱག་བཞི་པ་རྣམས་གནོད་སྦྱིན་རྣམས་ཀྱིས་བསྐོར་ནས་ཁ་བ་ཅན་གྱི་འདྲེ་སྲིན་འདུལ་ཐབས་སྟོན་ཅིང་བཞུགས་པ་དང་། རྣམ་སྲས་དང་ཛམྦྷ་ལ་གཏེར་གྱི་བུམ་པ་སྟོབ་པ་གཉིས་བཅས་གསལ་བར་གཟིགས། གཙང་ཁང་བྱང་མ་དེ་ཤིན་ཏུ་ལེགས་ཤིང་ཉམས་དགའ་བར་གཟིགས་ལ། དེར་ལྷ་སུ་ཡང་མི་སྣང་བས་ངའི་ལྷ་རྣམས་འདིར་བཞུགས་པར་བྱའོ་སྙམ་དུ་དགོངས་ནས་ཕྱིར་བྱོན་པ་དང་། ཕྱི་སྒོའི་རྩར་ཀླུའི་རྒྱལ་པོ་དཀར་པོ་མིག་གསུམ་པ་སྦྲུལ་མགོ་ཉི་ཤུ་རྩ་གསུམ་པ་གཅིག་གིས་ཞབས་ལ་གཏུགས་ཤིང་ཕྱག་བྱས་ཏེ་སྦྲུལ་ཞགས་དཀར་པོ་ཞིག་ཕུལ་ནས། རྒྱལ་པོ་ཆེན་པོ་ཁྱེད་ཀྱི་ལྷ་ཁང་འདི་སྟོང་གསུམ་གྱི་སྟོང་ཆེན་པོར་ངས་རྒྱས་པར་བསྐྱང་གིས་ངའི་གཟུགས་གཅིག་ཀྱང་མཛོད་ཅིག་ཟེར་ནས་མི་སྣང་བར་གྱུར་ཅིང་། དེ་བཞིན་དུ་ཀླུ་དགའ་བོ་དམར་པོ་སྦྲུལ་མགོ་དགུ་པས་སྟོང་གཉིས་པ་བར་མའི་བར་དང་། ཀླུ་ཉེ་དགའ་དམར་སེར་སྦྲུལ་མགོ་(59བ)བདུན་པས་སྟོང་ཆུང་ངུའི་བར་བསྐྱང་ངོ་ཟེར། དེ་བཞིན་དུ་གནོད་སྦྱིན་ནཱ་ག་ཀུ་བེར་དམར་པོ་ཞལ་གསུམ་ཕྱག་བཞི་པས་གསེར་གྱི་ཐག་བཟང་ཞིག་ཕུལ་ནས་ངས་མེའི་འཇིགས་པ་ལས་བསྲུང་ངོ་ཟེར། དྲི་ཟ་ཟུར་ཕུད་ལྔ་པ་དེ་འདྲ་བས་མེ་ཏོག་གཅིག་ཕུལ་ཏེ་མི་མ་ཡིན་གྱི་གནོད་པ་ལས་བསྲུང་ངོ་ཟེར། སྲིན་པོ་ལངྐ་མགྲིན་བཅུ་མཐིང་ག་མགོ་དགུ་སྟེང་ན་རྟ་མགོ་དཔངས་མཐོ་བ་ཅན་ཞིག་གིས་གསེར་གཞོང་པ་གང་ཕུལ་ཏེ་མིའི་གནོད་པ་ལས་བསྲུང་ངོ་ཟེར། དཔལ་ལྡན་ལྷ་མོས་ལྕགས་ཀྱི་བྲེ་སོ་ཞིག་ཕུལ་ནས་ཆུའི་འཇིགས་པ་ལས་བསྲུང་ངོ་ཟེར། དཔལ་མགོན་པོས་མཐའ་དམག་གི་འཇིགས་པ་ལས་བསྲུང་ངོ་ཞེས་ཁས་བླངས་ཏེ། ཐམས་ཅད་ཀྱིས་གུས་པས་ཞབས་ལ་གཏུགས་ཏེ་རང་རང་གི་གཟུགས་མཛོད་ཅིག་པར་གསོལ་བ་བཏབ། རྒྱལ་པོས་ཀྱང་ཞལ་གྱིས་བཞེས་སོ། །དེ་ནས་རྒྱལ་པོས་འཁོར་རྣམས་ལ་ནངས་པར་རྟེན་སྤྱན་དྲངས་པའི་བཀའ་བསྒོས་པས། ལྷ་གཅིག་ཁྲི་བཙུན་གྱིས་དགའ་སྟོན་གྱི་ཡོ་བྱད་ཉེར་བསྡོགས་དང་། བློན་པོ་རྣམས་ཀྱིས་ཤིང་རྟ་སོགས་སྟ་གོན་བྱས་ནས། ནངས་པར་བུ་མོ་བཅུ་དྲུག་པོས་མཆོད་པ་བྱེད་དུ་འོང་། བཙུན་མོ་དང་བློན་པོ་རྣམས་ཀྱང་རྟེན་སྤྱན་འདྲེན་དུ་འོངས་པ་ན། (60ན)དེར་ལྷ་རྣམས་མ་བཞུགས་པར་སྤོས་དང་མེ་ཏོག་ཐོར་རེ་འདུག་པས་ཁོང་རྣམས་འཇིགས་ཏེ་རྟབ་དི་རི་བྱས། དེའི་ཡང་ཐོག་ན་ནེ་ཙོ་སྨྲ་མཁན་ཞིག་ཡོད་པ་ན་རེ། ཁྱེད་རྣམས་ཐུགས་ཅིའི་ཕྱིར་རྟབ་ཟེར་བ་ལ། ལྷ་རྣམས་གར་གཤེགས་ཆ་མེད་པར་གཤེགས་པས་སོ་བྱས་པས། ནེ་ཙོ་དེ་ན་རེ། མདང་ནམ་ཕྱེད་ཙམ་ལྷ་རྣམས་གཅིག་ལ་གཅིག་ཕྱག་བྱས་ཤིང་སྤོས་དང་མེ་ཏོག་གིས་མཆོད་ནས་ཕོ་བྲང་གི་མཐོངས་ཀ་ནས་ཡར་ཐོན་ཏེ་བྱང་ཕྱོགས་བྱེ་མའི་གླིང་གི་ཕྱོགས་ན་ཕར་ཞལ་བལྟས་ནས་གཤེགས་སོང་བས་ང་ཡང་མ་དགའ་བ་ཞིག་བྱུང་ཟེར་སྐད། ཁོང་རྣམས་ཀྱིས་ཕྱོགས་དེར་བལྟར་ཕྱིན་པས་བྱེ་མའི་གླིང་ན་ལྷ་རྣམས་ཀྱི་ཞབས་རྗེས་ལ་པདྨ་དམར་ལམ་ལམ་དུ་འདུག་པ། དེར་རླུང་འཚུབས་གཅིག་བྱུང་བས་ཞབས་རྗེས་རྣམས་མི་གསལ་དུ་སོང་ཞིང་མིག་རྡུལ་གྱིས་གང་སྟེ་ཕར་ཅམ་ཚུར་ཅམ་བྱེད་པའི་ཚེ། དྲེའུ་དཀར་མོ་དེས་ར་ས་ལ་བསྐོར་བ་བྱེད་ཅིང་སྐད་འདོན་ནས་སྣ་ས་ལ་ནོམ་ཞིང་སོང་བའི་ཕྱི་བཞིན་ཕྱིན་པས། ར་སའི་གཙང་ཁང་བྱང་མ་ན་ཐུགས་རྗེ་ཆེན་པོ་གཙོ་འཁོར་དགུ་པོ་གདན་ཁྲི་མེད་པར་གྲལ་བྱས་ཏེ་བཞེངས་ནས་འདུག་པ་ལ། རྒྱལ་པོ་ཐུགས་དགྱེས་ཤིང་བློན་པོ་རྣམས་ངོ་མཚར་སྐྱེས་ནས་ཕན་(60བ)ཚུན་གཅིག་ལ་གཅིག་བལྟ་ཞིང་ཐལ་མོ་སྦྱར་ཏེ་མོས་གུས་བྱེད། བུ་མོ་བཅུ་དྲུག་པོས་རྟེན་ལ་མཆོད་ཅིང་བསྟོད་པར་བྱེད་དོ། །དེ་ནས་རྒྱལ་པོས་བལ་པོའི་ལྷ་བཟོ་བ་ལ་བཀའ་བསྒོས་ཏེ་ཀ་བ་ཤིང་ལོ་ཅན་གྱི་འགྲམ་དུ་ཚོན་རྩི་དང་པིར་སོགས་སྟ་གོན་བྱས། དེའི་སང་ཉིན་ལྷ་ཇི་ལྟར་འབྲི་བ་བགྲོ་བའི་ཕྱིར་རྒྱལ་བློན་བཟོ་བོར་བཅས་པ་ལྷ་ཁང་དུ་བྱོན་པ་དང་། ལྷོ་ངོས་ཀྱི་ལོགས་ལ་ཁ་སརྤཱ་ཎི་འཇིགས་པ་བརྒྱད་སྐྱོབས་ཀྱི་གླིང་དང་གང་ལ་གང་འདུལ་དེ་ལ་དེར་སྟོན་གྱི་གླིང་གཉིས་ཁ་དོག་རྫོགས་པར་བྲིས་པ་ལས་ལྷག་པར་རང་བྱུང་དུ་བྱོན་ནས་འདུག་པས་ཐམས་ཅད་ངོ་མཚར་སྐྱེས་ཏེ་ཕྱག་མཆོད་བྱས། སྤྲུལ་པའི་བཟོ་བོ་དེས་གཞན་རྣམས་བྲིས་སོ། །དེ་ནས་ཆོས་ཀྱི་རྒྱལ་པོས་ལྷ་གཅིག་ཁྲི་བཙུན་ལ་བཀའ་བསྩལ་པ། ཁྱོད་ཀྱིས་ང་དང་ཡབ་ཀྱི་ཐུགས་དགོངས་སྐོང་བ་དང་ཆད་བཙན་པའི་ཕྱིར། སྤྱིར་སེམས་ཅན་ཐམས་ཅད་དང་ཁྱད་པར་ཁ་བ་ཅན་པའི་མི་དང་མི་མ་ཡིན་པ་ཐམས་ཅད་ལ་ཕྱག་དང་མཆོད་པའི་རྟེན་མང་དུ་བཞེངས། ངའི་ཆོས་ཀྱི་བཀའ་སྲོལ་ཐོག་མར་བཏོད་པའི་གྲོགས་ཀྱང་ཁྱོད་ཀྱིས་བྱས་པ་ཡིན། སླར་ཡང་ནག་པོའི་ཕྱོགས་འགྲིབ་ཅིང་དཀར་པོའི་ཕྱོགས་དར་བའི་ཕྱིར་ལྷ་ཁང་འདི་ཁྱོད་ཀྱིས་ཚར་བར་གྱིས་ཤིག །ལྷ་གཅིག་ཁྱོད་(61ན)ཀྱི་ཡབ་རྒྱལ་པོ་དང་གཉེ་བོ་རྣམས་ཆད་བྱས་ནས། ངས་བོད་ཡུལ་འདིར་ལྷ་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་སྒོ་བལ་ཡུལ་དུ་སྟོན་པར་ཆད་པས་ད་དེ་རྣམས་བཞེངས་པའི་ཕྱིར་འགྲོའོ་ཞེས་བཀའ་བསྩལ་པས། ལྷ་གཅིག་མཉེས་ཏེ་བཀའ་བཞིན་བགྱིད་འཚལ་ཞེས་གསོལ་ནས་བར་ཁང་སོགས་ལྷག་མ་ཐམས་ཅད་ཚང་བར་མཛད། དེ་ཡང་མཐིལ་ཞལ་ཐམས་ཅད་བེེ་ཌཱུརྻ་སྔོན་པོ་ལྟར་དྭངས་པ་ཆུའི་རི་མོ་ཅན་ལ། སྟེང་ཁང་གི་ཉ་དང་ཆུ་སྲིན་དང་བྱ་ལ་སོགས་པའི་རི་མོ་དང་འཕྲུལ་གྱི་གཟུགས་རྣམས་སྣང་བ་དང་། ཀ་བ་ཐམས་ཅད་རྡོ་རྗེ་ཕུར་བུའི་དབྱིབས་ཀ་ཞུ་གདུང་མ་གདུང་ཁེབས་སོགས་བརྩེགས་ལེགས་ཤིང་དབྱིབས་སྣ་ཚོགས་པ་ཅན་དུ་བྱས། སྡིང་འོག་གི་མཐོང་ཀའི་ཕྱམ་སྣ་ཐམས་ཅད་སེང་གེ་དཀར་མོ་གཡུ་རལ་ཅན་བརྒྱ་རྩ་བརྒྱད་འཆོངས་པ་ལྟར་བྱས། རྩིག་པ་ཐམས་ཅད་ཀྱང་སོ་ཕག་ཁ་དོག་སྣ་ལྔ་པས་བར་ཁྲུ་རེ་ལྷག་ཙམ་དུ་བཞག་ནས་ཕྱི་ནང་ལྔ་རིམ་དུ་བརྩིགས་ཏེ་སྐབས་སུ་ཐོག་ཕུབ་ཅིང་ཡང་བརྩིགས་ནས་གཞལ་ཡས་ཁང་གི་ཚུལ་ཅན་དུ་བྱས། སྟེང་གི་ཕ་གུ་དང་། མུ་ཏིག་གི་དྲ་བ་དྲ་ཕྱེད་དང་། གཡུ་པད་སྔོན་པོ་ཤིན་ཏུ་མཛེས་པའི་མདའ་ཡབ་དང་ཤར་བུ་ཅན་ (61བ)ཐམས་ཅད་རིན་པོ་ཆེས་བརྒྱན་པ། དར་གྱི་ཅོད་པན་དང་། གདུགས་དང་། རྒྱལ་མཚན་དང་། རྔ་ཡབ་དང་། ཁོར་ཡུག་ལྕགས་ཐག་གིས་བསྐོར་བ་དང་བཅས་པ་ལས་དྲིལ་བུའི་ཚོགས་ཀྱིས་ཆོས་སྒྲ་འཁྲོལ་བ། དེའི་སྟེང་དུ་གསེར་གྱི་གཉྫི་ར་གཟི་འོད་རབ་ཏུ་འབར་བས་སྤྲས་པར་བྱས་སོ། །གཙང་ཁང་གི་ལྷ་གཞན་རྣམས་ཀྱང་རྒྱལ་པོས་ཇི་ལྟར་གཟིགས་པ་བཞིན་དུ་ཙནྡན་གྱི་ལྡེ་གུ་རིན་པོ་ཆེ་སྣ་ཚོགས་པའི་ཕྱེ་མ་དང་དར་ཟབ་སྦྱར་བའི་རྒྱུ་ལས་སོ་སོར་བཞེངས། དཀྱིལ་འཁོར་རིས་ཀྱི་སྒོ་འགྲམ་གཡས་སུ་གནོད་སྦྱིན་གྱི་ཁང་པ་དང་གཡོན་དུ་ཀླུའི་ཁང་པ་མཛད། ཤར་ལྷོའི་གཡུང་དྲུང་ཁུག་ཏུ་ཟུར་ལྕོག་སྟེང་ཁང་གྲུ་སྐས་དང་བཅས་པ་བྱས་ཏེ་དཔལ་ལྡན་ལྷ་མོའི་རྟེན་བཙུགས། ལྷོ་ཕྱོགས་ན་རང་བྱུང་གི་རི་མོའི་གླིང་གཉིས་ཀྱི་ཁར་འཇམ་དབྱངས་དང་བདེ་བ་ཅན་གྱི་ཞིང་བཀོད། ལྷོ་ནུབ་ཏུ་རིགས་གསུམ་མགོན་པོ། ནུབ་ཕྱོགས་ལ་རིགས་ལྔ་དང་སྤྲུལ་པའི་ཆོས་རྒྱལ་གྱི་རྣམ་ཐར། ནུབ་བྱང་དུ་དུས་གསུམ་སངས་རྒྱས། བྱང་དང་བྱང་ཤར་ལ་ཐུབ་པའི་མཛད་རྣམ། ཤར་ལོགས་ལ་སྒྲོལ་མ་དང་སྤྱན་རས་གཟིགས་དང་ཐུབ་པ་བདུད་འདུལ་སེམས་དཔའི་ཚོགས་བཅས། ཤར་ལྷོར་སྨན་པའི་རྒྱལ་པོའི་ལྷ་(62ན)ཚོགས། བར་ཁང་དུ་རྟ་མགྲིན་དཀར་པོ་དང་ཇོ་མོ་སྒྲོལ་མ་སོགས་ལེགས་པར་བྲིས། གདུང་རྣམས་ལ་མངོན་པའི་རྒྱུད་རིས། གདུང་རྩར་མདོ་སྡེའི་རྒྱུད་རིས། ཀ་བ་ལ་འདུལ་བའི་རྒྱུད་རིས་ཏེ་མ་འོངས་པའི་དབོན་སྲས་དང་རབ་བྱུང་གི་དོན་དུ་སྡེ་སྣོད་གསུམ་གྱི་རྒྱུད་རིས་རྣམས་བྲིས། ཕྱི་རབས་རྣམས་ཀྱིས་རིག་པའི་ཆོས་གོ་བར་བྱ་བའི་ཕྱིར་གག་སྤང་དང་ཀ་ཞུ་དང་གདུང་ཕྲན་སོགས་ལ་སྒྲུང་དང་ལྡེའུ་དང་བོན་ཤ་བ་ནམ་མཁའ་ལ་འགྲོ་བ་སོགས་བྲིས། བོན་གྱི་དཔེ་ཕལ་ཆེར་ཀ་བའི་འོག་ཏུ་སྦས། རི་མོ་རྣམས་མ་འོངས་པ་ན་ཉམས་པ་གསོ་བའི་ཆེད་དུ་ཕྱི་མོ་བེ་བུམ་དུ་བྱས་ཏེ་དཀོར་མཛོད་དང་ཀེ་ཚང་དུ་བཞག་གོ །ར་སའི་ལྷ་ཁང་རྨང་མ་ཐིང་གི་བར་དུ་ཀོང་ཇོ་ལ་ལྷ་ཁང་བརྩིག་པའི་དབང་མ་བྱུང་བས། ར་མོ་ཆེར་ཀ་བའི་བར་དུ་ཤིང་དང་ལོ་མས་བརྩིགས་པ་སྒོ་ཤར་དུ་ཕྱེ་བའི་ཞལ་དང་པོ་ནུབ་ཏུ་གཟིགས་པ་དེ་ཕྱིས་སུ་ཤར་དུ་རང་འགྱུར་དུ་བྱུང་། དེ་ནས་སླར་སོ་ཕག་གིས་ལེགས་པར་བརྩིགས་ཏེ་རྒྱ་ཕུབ་སྟག་ལྟར་བཀྲ་བས་ན་རྒྱ་སྟག་ར་མོ་ཆེའི་ལྷ་ཁང་དུ་གྲགས། ཞང་ཞུང་བཟའ་ལི་ཐིག་སྨན་གྱིས་ཐེམ་བུ་བཀོག་པའི་ལྷ་ཁང་བཞེངས། རུ་ཡོངས་བཟས་བྲག་ལྷ་ཀླུ་ཕུག་གི་རང་བྱུང་རྣམས་གསལ་བར་(62བ)བརྐོས། མོང་བཟའ་ཁྲི་ལྕམ་གྱིས་ཡེར་པའི་གཙུག་ལག་ཁང་བཞེངས་སོ། །དེ་ནས་སྤྲུལ་པའི་རྒྱལ་པོས་བློན་པོ་ཆེན་པོ་བཅུ་དྲུག་དང་བཅས་པའི་སྐུའི་སྣང་བ་བོད་ཡུལ་ཐམས་ཅད་དུ་སོ་སོར་བསྟན་ནས། ནུབ་ཕྱོགས་བལ་བོའི་ཡུལ་དུ་སྒོ་བསྟན་པའི་ལྷ་ཁང་བརྒྱ་རྩ་བརྒྱད་དང་། རྒྱའི་སོ་ཁ་ཕྱིར་འཕུར་བ་དང་རྒྱ་རྗེ་ལ་ཞལ་གྱིས་བཞེས་པ་ཆད་བཙན་པར་བྱ་བའི་ཕྱིར་རྒྱ་ནག་རི་བོ་རྩེ་ལྔའི་བར་དུ་ལྷ་ཁང་བརྒྱ་རྩ་བརྒྱད་སྒོ་རྒྱ་ནག་ལ་བསྟན་པ་རྣམས་བཞེངས་པར་མཛད་ཅིང་། དེ་ཐམས་ཅད་ཀྱི་མཐར་མི་ཉག་ར་བ་སྒང་དུ་ཡོངས་རྫོགས་རབ་དགའི་ལྷ་ཁང་བཞེངས་པར་མཛད་པ་སྟེ། མཐའ་འདུལ་ནས་འདིའི་བར་གྱི་ལྷ་ཁང་རེ་རེ་ལ་ཡང་ངོ་མཚར་བའི་ལོ་རྒྱུས་མང་དུ་ཡོད་པར་སྣང་ངོ་། །དེ་རྣམས་ལོ་བཅུ་གསུམ་གྱི་རིང་ལ་ཐེམས་པར་མཛད་དེ། རྒྱལ་པོ་ཆེན་པོ་ཕོ་བྲང་དུ་གདན་འཁོད་པ་ཉིད་ན་ར་སར་སྤྱན་དྲངས་པས། དེར་མཐིལ་ཞལ་ཆུ་འདྲ་བའི་ནང་དུ་འཕྲུལ་གྱི་གཟུགས་བརྙན་རྣམས་གཡོ་བ་ལྟར་གཟིགས་ཏེ་མཚོ་དེ་བརྡོལ་ནས་སྣང་བ་གསུངས་སྐད། བལ་བཟས་མཚོ་མ་ལགས་བྱས་པས། རྒྱལ་པོས་ཆིབས་ལྕག་བོར་བ་ཆུ་སྟེང་དུ་ལྡིང་བ་འདྲ་བ་ཞིག་བྱུང་ནས་ཐུགས་མ་ཆེས། དེར་ཁྲི་བཙུན་གྱིས་རིན་པོ་ཆེའི་(63ན)སོར་གདུབ་བོར་བས་སིང་སྒྲ་ཁྲ་ལ་ལ་གྲགས་ནས་དཀྱིལ་འཁོར་གྱི་རྩར་སོང་བས། རྒྱལ་པོ་གཟོད་ཐུགས་ཆེས་ཏེ་ལྷ་ཁང་རྣམས་སུ་བྱོན་ནས་གཟིགས་པས་སྤྲུལ་པའི་སྐུ་དངོས་སུ་མཁྱེན། སྟེང་ཁང་དུ་གཟིགས་ནས་ཁྱོད་ཀྱི་ཤིང་བཟོ་བ་ལ་སོགས་པ་འདི་རྣམས་ཤིན་ཏུ་ལེགས་པ་འདུག་སྟེ་ངའི་འཕྲུལ་གྱི་བཟོ་དང་ཁྱད་མི་སྣང་གསུངས་པ་ལས་འཕྲུལ་སྣང་དུ་མཚན་ཐོགས་ཤིང་། དེ་ཡང་དང་པོ་ར་ལ་ས་བཀལ་བས་ར་ས་འཕྲུལ་སྣང་དུ་མཚན་ཆགས། གཞན་ཡང་ལྷ་ཀླུ་མི་དང་གནོད་སྦྱིན་དགའ་བས་དགའ་བཞི་འཕྲུལ་གྱི་ལྷ་ཁང་ཞེས་ཀྱང་གྲགས་སོ། །ཀོང་ཇོས་ཀྱང་རྒྱལ་པོ་ར་མོ་ཆེར་སྤྱན་དྲངས་ཏེ་ལྷ་ཁང་གཟིགས་སུ་གསོལ་བས་རབ་ཏུ་དགྱེས་པ་ཐོབ། བཙུན་མོ་གཞན་གསུམ་གྱིས་ཀྱང་རང་རང་གི་ཐུགས་དམ་གྱི་ལྷ་ཁང་གཟིགས་སུ་ཕུལ་བར་བྱས་སོ། །དེ་ལྟར་གཙུག་ལག་ཁང་ཡོངས་སུ་རྫོགས་པ་བཞེངས་གྲུབ་པ་ན། རབ་ཏུ་གནས་པའི་དགའ་སྟོན་གྱི་མཆོད་པའི་ཡོ་བྱད་རྒྱ་ཆེན་པོ་བཤམས་ཏེ། ཆོས་རྒྱལ་ཡབ་ཡུམ་བློན་འབངས་དང་བཅས་པ་དཀྱིལ་འཁོར་སྟེང་དུ་བྱོན། རྒྱལ་པོས་ཕྱག་ཏུ་མེ་ཏོག་གི་ཕྲེང་བ་བཟུང་ནས་ཐལ་མོ་སྦྱར་ཏེ་བདེན་ཚིག་བརྗོད་པ་འདི་ལྟ་སྟེ། རྐང་(63བ)གཉིས་གཙོ་བོ་ཐུབ་དབང་ཤཱཀྱའི་སྲས། །གྲངས་མེད་སྤྲུལ་པས་འགྲོ་བའི་དོན་མཛད་པ། །སྟོན་པ་བདེ་བར་གཤེགས་པ་ལ་སོགས་པ། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་བདེ་ལེགས་སྩོལ། །ཐབས་མཁས་ཐུགས་རྗེ་ལྡན་པའི་ཆུ་རྒྱུན་གྱིས། །གང་ལ་གང་འདུལ་སྨིན་ཅིང་གྲོལ་བར་མཛད། །རྗེ་བཙུན་སྤྱན་རས་གཟིགས་དབང་ལ་སོགས་པ། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་བདེ་ལེགས་སྩོལ། །རྣམ་དག་དྲི་མ་མེད་པ་རྒྱལ་བའི་བཀའ། །བསྡུ་བ་རྣམ་བཞིས་དམ་ཆོས་རྒྱས་མཛད་པ། །རྒྱལ་སྲས་གནས་བརྟན་རབ་འབྱོར་ལ་སོགས་པ། །འཕགས་པའི་གནས་བརྟན་རྣམས་ཀྱིས་བདེ་ལེགས་སྩོལ། །གཞན་ཡང་ཕྱོགས་བཅུའི་ཞིང་ཁམས་ཐམས་ཅད་ན། །འདས་དང་མ་བྱོན་ད་ལྟར་བཞུགས་པ་ཡི། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱིས། །གནས་འདིར་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་གསུངས་ཤིང་མེ་ཏོག་འཐོར་བར་མཛད་པ་ན། ཡེ་ཤེས་སེམས་དཔའི་ཚོགས་ནམ་མཁའ་གང་བར་མངོན་སུམ་དུ་བྱོན་ཏེ་དམ་ཚིག་པ་ལ་དབྱེར་མེད་དུ་བརྟན་པར་གྱུར་པ་ལ། བར་སྣང་ནས་ལྷ་རྣམས་ཀྱིས་མེ་ཏོག་གི་ཆར་འབེབས་ཤིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་རང་འཁྲོལ། དྲི་ཞིམ་པོའི་(64ན)སྤོས་ངད་ཀྱིས་གོ་མཚམས་མེད་པར་ཁྱབ། ལྷ་དང་ལྷ་མོ་རྣམས་ཀྱིས་བསྟོད་པའི་དབྱངས་སྙན་པོས་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་ལ་མངོན་པར་བསྟོད་པ་སོགས། དེར་འདུས་པའི་བློན་འབངས་ཕལ་ཆེ་བས་མེ་ལོང་ལ་གཟུགས་བརྙན་སྣང་བ་བཞིན་མངོན་སུམ་དུ་མཐོང་བས་ཤིན་ཏུ་ངོ་མཚར་སྐྱེས་ནས་རྒྱལ་པོ་ཉིད་ལ་བསྔགས་པར་བྱེད་དོ། །དེ་ནས་རྒྱལ་པོ་ཡབ་ཡུམ་བློན་འབངས་བཅས་བཀྲ་ཤིས་པའི་དགའ་སྟོན་གྱི་གྲལ་བཤམས་པ་ལ་འཁོད་ཅིང་། བཟའ་བཅའ་བཏུང་བའི་འདོད་ཡོན་ལྷའི་ཞལ་ཟས་ལྟ་བུ་ལ་ལོངས་སྤྱོད་པའི་ཚེ། རྒྱལ་པོས་དགྱེས་པའི་གླུ་གསུངས་པ་འདི་ལྟར། ཐུགས་རྗེའི་བདག་ཉིད་དཀོན་མཆོག་གསུམ། །ཐར་པའི་ལམ་སྟོན་སྤྱན་རས་གཟིགས། །གུས་པའི་ཡིད་ཀྱིས་གསོལ་བ་འདེབས། །བཀྲ་ཤིས་པའི་གླུ་ལ་དགོངས་སུ་གསོལ། །དེ་རིང་མདུན་གྱི་ནམ་མཁའ་ལ། སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །སྤྲིན་ཕུང་ལྟ་བུར་བཞུགས་པ་མཐོང་། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །ཚངས་པ་ལ་སོགས་ལྷ་རྣམས་ཀྱིས། །སིལ་སྙན་རོལ་མོའི་སྒྲ་ཡང་འཁྲོལ། །མེ་ཏོག་མནྡའི་ཆར་ཕབ་པས། །བཀྲ་ཤིས་རབ་གནས་ལྷུན་(64བ)གྱིས་གྲུབ། །སངས་རྒྱས་བསྟན་པའི་རྒྱལ་མཚན་བཙུགས། །ནག་པོའི་ཕྱོགས་ལས་རྣམ་པར་རྒྱལ། བདུད་དཔུང་བཅོམ་པའི་མཐུ་དཔལ་གྱིས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །དམ་པའི་ཆོས་ཀྱི་རྔ་ཆེན་བརྡུངས། །དུག་ལྔ་གཏི་མུག་རང་སར་ཞི། །དཀོན་མཆོག་གསུམ་གྱི་རྔ་སྒྲ་ཡིས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །དེ་རིང་སྐྱིད་པའི་ཉི་མ་ཤར། །རང་དབང་མེད་པའི་དགའ་སེམས་སྐྱེས། །འདོད་རྒུའི་ལོངས་སྤྱོད་ཆར་བཞིན་བབས། །བཀྲ་ཤིས་རབ་གནས་ལྷུན་གྱིས་གྲུབ། །ཡི་དམ་ལྷ་ཡི་བཀྲ་ཤིས་ཀྱིས། །སྲོང་བཙན་སྒམ་པོ་བཀྲ་ཤིས་པས། །བཀྲ་ཤིས་གླུ་རུ་བླངས་པ་ཡིན། །ངའི་བོད་འབངས་རྣམས་ལ་བཀྲ་ཤིས་ཤོག །ཅེས་ཚངས་པའི་དབྱངས་ཀྱིས་བཀའ་བསྩལ་པས་དེར་འདུས་པའི་སྐྱེ་བོ་རྣམས་དགའ་མགུ་ཡི་རངས་ཀྱི་གནས་ལ་བཀོད་པ་དང་། གཞན་ཡང་གླུ་གར་གྱི་ལྟད་མོ་ལ་སོགས་པ་བོད་འབངས་རྣམས་ཀྱི་ཡིད་དང་མཐུན་པའི་དགའ་སྟོན་རྒྱ་ཆེན་པོ་ལོ་ཟླ་མང་པོར་མཛད་དོ། །སྐབས་འདི་དག་གི་ཚེ། རྒྱ་གར་ནས་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤང་ཀ་ར། བལ་པོའི་སློབ་དཔོན་ཤཱི་ལ་མཉྫུ། རྒྱ་ནག་གི་སློབ་དཔོན་ཧ་ཤང་མ་ཧཱ་(65ན)ཡཱ་ན་ལ་སོགས་པ་སྤྱན་དྲངས། ལོ་ཙཱ་བ་ཐོན་མི་དང་དེའི་སློབ་བུ་དྷརྨཱ་ཀོ་ཤ་སོགས་ཀྱིས་བྱས་ཏེ། མདོ་སྡེ་ཟ་མ་ཏོག་བཀོད་པ་སོགས་སྡེ་སྣོད་གསུམ་དང་། རྒྱུད་ཀྱི་ཆ་ལག་མང་རབས་བསྒྱུར་ཞིང་བསྟན་པའི་སྲོལ་བཏོད་པར་མཛད། ཇི་ཞིག་ན། ལྷ་མོ་ཡི་གེ་དྲུག་མའི་རྣམ་འཕྲུལ་བཙུན་མོ་ཆུན་མ་མང་བཟའ་ཁྲི་ལྕམ་ལ་ཡབ་སྲོང་བཙན་དགུང་གྲངས་ང་གསུམ་པ་ས་མོ་སྦྲུལ། སྤྱི་ལོ་༦༦༩པར་ལྷ་སྲས་གུང་རི་གུང་བཙན་ཞེས་བྱ་བ་བྲག་ལྷ་བཀྲ་ཤིས་གཞལ་ཡས་ཁང་དུ་སྐུ་བལྟམས། བཙས་སྟོན་རྒྱ་ཆེན་པོ་མཛད། དགུང་ལོ་བཅུ་གསུམ་ལོན་པ་ལྕགས་མོ་སྦྲུལ། སྤྱི་ལོ་༦༨༡པར་རྒྱལ་སར་དབང་བསྐུར། ཇི་ཞིག་ན་གུང་རི་གུང་བཙན་ནས་བཙུན་མོ་འ་ཞ་བཟའ་མོད་རྗེ་ཁྲི་དཀར་ཁབ་ཏུ་བཞེས་པ་ལ་མེ་ཁྱི། སྤྱི་ལོ་༦༨༦པར་སྲས་མང་སྲོང་མང་བཙན་སྐུ་འཁྲུངས། གུང་རི་གུང་བཙན་གྱིས་ཆབ་སྲིད་ལོ་ལྔར་བསྐྱངས་ཏེ་དགུང་ལོ་བཅོ་བརྒྱད་པ་མང་སྲོང་འཁྲུངས་མ་ཐག་པའི་རྗེས་ཐོག་དེར་སྐུ་གཤེགས། །བང་སོ་དོན་མཁར་མདའ་རུ་བརྩིགས་སོ། །དེ་ནས་སླར་ཡང་ཡབ་རྒྱལ་པོ་སྲོང་བཙན་དགུང་ལོ་བདུན་ཅུར་ཕེབས་པ་རང་གིས་(65བ)རྒྱལ་སྲིད་བཟུང་སྟེ། མི་བསྲུན་པའི་སྐྱེ་བོ་རྣམས་ཡང་དག་པའི་ཁྲིམས་ལ་འཛུད་པའི་སླད་དུ། མི་དགེ་བ་བཅུ་ལ་སྤྱོད་ཅིང་དེ་ལས་མི་ལྡོག་པ་དེ་དག་གཤེང་མ་འཇིགས་སུ་རུང་བས་བཟུང་ནས་མགོ་དང་ཡན་ལག་གཅོད་པ་དང་། མིག་དང་ལྕེ་དབྱུང་བ་སོགས་མཐོང་བ་ཙམ་གྱིས་ཀྱང་འཇིགས་ཤིང་སྐྱི་གཡའ་བའི་ཁྲིམས་ར་ལྷ་ས་དང་ཁྲ་འབྲུག་སོགས་བོད་ཡུལ་གྱི་ཕོ་བྲང་རྣམས་སུ་ཅིག་ཅར་དུ་བསྟན་པར་མཛད་པས། མངའ་འབངས་ཀྱི་ཁྲོད་ན་མི་དགེ་བའི་སྤྱོད་ངན་བྱེད་སྲོལ་ཅིག་ཅར་དུ་ནུབ་ནས་དགེ་བའི་ཁྲིམས་ལ་ལེགས་པར་གནས་པར་གྱུར་ཏོ། །དེའི་ཚེ་ལི་ཡུལ་ན་དགེ་སློང་གཉིས་ཀྱིས་སྤྱན་རས་གཟིགས་བསྒྲུབ་པས། ཇི་ཞིག་ནས་ནམ་མཁའ་ལ་འཕགས་པ་འཇམ་དཔལ་དངོས་སུ་བྱོན་ཏེ་ཁྱོད་གཉིས་སྤྱན་རས་གཟིགས་ཀྱི་ཞལ་བལྟ་བར་འདོད་ན་ད་ལྟ་བོད་ཀྱི་ཡུལ་དུ་རྒྱལ་པོར་སྤྲུལ་ནས་བཞུགས་ཡོད་ཀྱི་དེར་སོང་ལ་ལྟོས་ཤིག་ཅེས་ལུང་བསྟན་ཏེ་མི་སྣང་བར་གྱུར་པས། དེ་མ་ཐག་ཏུ་དགེ་སློང་གཉིས་པོས་གསེག་ཤངས་དང་ལྷུང་བཟེད་ཐོགས་ཏེ་བོད་དུ་འོངས། ཐོག་མར་ཁྲ་འབྲུག་ཏུ་ཕྱིན་པས་ཆད་པ་གཅོད་པ་སྔ་མ་དང་ཐུག་ནས་དེར་མགོའི་ར་བ་དང་མིག་གི་ཕུང་པོ་སོགས་འདུག་པས་འདི་(66ན)ལྟ་བུ་ཅི་ཡིན་སུས་བྱས་ཞེས་དྲིས་པས། རྒྱལ་པོས་ཁྲིམས་མཛད་པ་ཡིན་ཟེར་བས། རྒྱལ་པོ་ལ་མ་དད་དེ་འཕགས་པ་སྤྱན་རས་ག་ལ་ཡིན་བདུད་དུ་འདུག་པ་ཟེར་ནས་ལོག་སྟེ་མགོའི་ར་བ་ལ་དབུ་རར་མིང་ཐོགས། ཡང་ལྷ་ས་དང་ཉེ་བར་སླེབས་ཚེ་བོན་པོ་ཞར་བ་རྟ་ལ་ཞོན་པ་ཞིག་བྱུང་བ་དང་འཕྲད། དེ་ལ་ལི་ཡུལ་དུ་འགྲོ་བའི་ལམ་དྲིས་པ་ན། ང་རྒྱལ་པོས་ལྷ་ཁང་བརྩིག་པའི་ཕོ་ཉ་ལ་རིངས་པར་ཡོད་པས་སྟོན་མི་ཁོམས་ཟེར་ནས་སོང་སྐད། སྟོད་ལུང་མདའི་ཆུ་འགྲམ་ན་མི་རོ་མགོ་མེད་པ་དང་མིག་མེད་པ་སོགས་མང་དུ་མཐོང་ཞིང་། ལྷ་སར་སླེབས་པ་ན་ནུབ་ཕྱོགས་ཀྱི་ལྕགས་རིའི་འགྲམ་དུ་ཆད་པ་གཅོད་པ་རྒྱུན་མི་འཆད་པར་མཐོང་བས་སྤྱན་རས་གཟིགས་ག་ལ་ཡིན་ཟེར་ནས་ཕྱིར་ལོག །དེ་གཉིས་དན་འབག་གི་ཐང་ལ་སླེབས་ཚེ་རྒྱལ་པོས་མཁྱེན་ཏེ། བློན་པོ་ཞིག་ལ་རྟ་གུ་རུབ་ནག་པོ་བསྐྱོན་ནས་དན་འབག་གི་ཐང་ལ་མི་ངེད་རང་དང་ཆ་བྱད་མི་འདྲ་བ་སྐྲ་བྲེག་པ་གོས་ངུར་སྨྲིག་གྲུ་བཞིར་གྱོན་པ་གཉིས་འགྲོ་ཞིང་ཡོད་དེ་ཁོང་གཉིས་འདིར་ཁྲིད་ལ་ཤོག་ཅེས་གསུངས་པ་བཞིན་བློན་པོས་ཕྱིན་ནས་སྤྱན་སྔར་ཁྲིད་དེ་འོངས་པས། རྒྱལ་པོས་དེ་གཉིས་ཀྱི་ཞབས་ལ་ཕྱག་མཛད་དེ་ཁྱེད་གཉིས་གང་ནས་འདིར་(66བ)ཅི་བྱེད་དུ་འོངས་གསུངས་པས། དེ་གཉིས་ན་རེ། བདག་ཅག་གཉིས་ལ་འཕགས་པ་འཇམ་དཔལ་གྱིས་ལུང་བསྟན་ནས་སྤྱན་རས་གཟིགས་བལྟར་མཆིས་པ་ལགས་ཏེ་ཟེར། འོ་ན་ཁྱོད་གཉིས་སྤྱན་རས་གཟིགས་བལྟ་བར་འདོད་དམ་གསུངས་པས། དེ་དང་འཚལ་ཏེ་ཟེར། དེ་གཉིས་ནུབ་ཕྱོགས་བྱེ་མའི་གླིང་དུ་ཁྲིད་ནས་དབུའི་ལ་ཐོད་ཕུད་དེ་ཨ་མི་ཏཱ་བྷའི་ཞལ་དངོས་སུ་བསྟན་པ་ན། དེ་གཉིས་ན་རེ། ཁྱོད་སྤྱན་རས་གཟིགས་སུ་འདུག་པ་ལ་སེམས་ཅན་འདི་ཙམ་གསོད་པ་ཇི་ལྟར་ལགས་ཞུས་པས། རྒྱལ་པོས། བོད་ཀྱི་མི་འདི་རྣམས་ཞི་བས་མི་ཐུལ་བར་འདུག་པས་དེ་རྣམས་འདུལ་བའི་ཕྱིར་དུ་ངས་སྤྲུལ་པ་བྱས་པ་ཡིན་གསུངས་ཏེ་སེ་གོལ་གཅིག་བརྡབས་པས་ཁྲིམས་ར་དང་གཤེད་མ་སོགས་མི་སྣང་བར་གྱུར་ཏོ། །དེར་ཁོང་གཉིས་ཡིད་ཆེས་ནས་གདམས་པ་ཞུས་པས། ལུས་ཀྱི་མི་དགེ་བ་གསུམ་སྤོངས་ལ་ཕྱག་དང་བསྐོར་བ་བྱེད་ཅིང་མཐོ་རིས་ཀྱི་གཞི་རྟེན་ཚུལ་ཁྲིམས་སྲུངས་ལ་བསླབ་པ་གསུམ་དང་མི་འབྲལ་བར་གྱིས་ཤིག །ངག་གི་མི་དགེ་བ་བཞི་སྤོངས་ལ་སངས་རྒྱས་དང་དམ་ཆོས་ཐམས་ཅད་ཀྱི་སྙིང་པོ་ཡི་གེ་དྲུག་པ་ཟློས་ཤིག །ཡིད་ཀྱི་མི་དེག་བ་གསུམ་སྤོངས་ལ་དཀོན་མཆོག་གསུམ་(67ན)ལ་སྐྱབས་སུ་སོང་སྟེ་བྱམས་པ་དང་སྙིང་རྗེ་དྲག་པོས་བདག་གཞན་བརྗེ་བའི་བློ་སྒོམས་ཤིག །ལུས་ངག་གི་ཆོས་བཟང་པོ་བས་བསམ་པ་བཟང་པོ་ལྷག་པ་ཡིན་ནོ། །འདི་གསུམ་དང་ལྡན་ན་བྱང་ཆུབ་འགྲུབ་ལ་མི་ལྡན་ན་མདོ་རྒྱུད་མན་ངག་ཐམས་ཅད་བློ་ནས་འདོན་དུ་ཡོད་ཀྱང་སྙིང་པོ་མེད་དོ། །ཞེས་གདམས་ཤིང་གཞན་ཡང་ཐུགས་རྗེ་ཆེན་པོའི་ཆོས་སྐོར་དུ་མ་གསུངས་སོ། །དེ་ནས་དེ་གཉིས་ཀྱིས། ཀྱེ་མ་ཆོས་རྒྱལ་སྤྲུལ་པའི་སྐུ། །ཨཱརྱ་པ་ལོ་ཐུགས་རྗེ་ཅན། །ཡུལ་དུ་འགྲོ་བའི་སྐྱེལ་མ་ཞུ། །ཞེས་ཞུས་པས། ཁྱེད་གཉིས་ཡུད་ཙམ་གྱིས་ཕྱིན་པར་འདོད་དམ་གསུངས། འཚལ་ལོ་ཞུས་པས། ཐུ་བར་བྱེ་མ་བྲེ་རེ་བླུགས་ཏེ་སྤྱི་བོར་ཕྱག་བཞག་ནས་བྱིན་གྱིས་བརླབས་པའི་མོད་ལ་རང་ཡུལ་དུ་སླེབས་ཏེ་བྱེ་མ་གསེར་དུ་གྱུར་ནས་སྣང་སྐད། དེ་ཕྱིན་ལི་ཡུལ་དུ་བོད་ཀྱི་རྒྱལ་པོ་ནི་སྤྱན་རས་གཟིགས་དངོས་སོ་ཞེས་གྲགས། དེ་གཉིས་ཕྱི་མར་དགྲ་བཅོམ་པ་ཐོབ་པར་གསུངས་ཏེ་ཐེ་ཚོམ་ཟོས་པས་དངོས་གྲུབ་ཕྱི་མར་འགྱང་བའོ། །དེ་ནས་བོད་ཡུལ་དུ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་ཕྱིར་གཏེར་མང་པོ་སྦ་བར་མཛད་དེ། སངས་རྒྱས་ཀྱི་བསྟན་པ་རྒྱས་པའི་ཕྱིར་དུ་ཀ་བ་བུམ་པ་ཅན་དུ་(67བ)ཆོས་གཏེར། མཐའ་ནོར་མ་ལུས་པ་འདུ་ཞིང་རིན་པོ་ཆེ་ལ་སྤྱོད་པའི་ཕྱིར་ཤིང་ལོ་ཅན་དུ་གསེར་དངུལ་རིན་པོ་ཆེའི་རིགས། མཐའ་དམག་བགེགས་ཚོགས་ཞི་ཕྱིར་སྦྲུལ་མགོ་ཅན་ལ་དྲག་སྔགས་མཐུ་གཏེར། བཞོན་ཕྱུགས་དཀར་ཐོག་འཕེལ་ཕྱིར་སེང་མགོ་ཅན་ལ་ཕྱུགས་ཀྱི་གཡང་ཡིག །རྒྱན་གོས་འབྲུ་ནོར་ཅི་འདོད་འབྱུང་ཕྱིར་ཛམ་ལའི་འོག་ཏུ་ནོར་བུ་རཏྣ་དེ་ཝ། ལོ་ལེགས་ཆར་འབེབས་ཀླུའི་གནོད་པ་ཞི་ཕྱིར་ཀླུ་ཁང་དུ་ནོར་བུ་སྟག་ཤ་དེ་ཝ། བཟའ་བཏུང་མ་ལུས་པ་འབྱུང་ཕྱིར་གནོད་སྦྱིན་ཁང་དུ་བེེ་ཌཱུརྱའི་ལྷུང་བཟེད་ཟས་སྣས་བཀང་བ། མཆོད་པ་དང་ཞིག་གསོས་ཀྱི་རྟེན་དུ་དཀྱིལ་འཁོར་འོག་ཏུ་ཟངས་ཆེན་གསེར་སོགས་རིན་པོ་ཆེས་བཀང་བ། གཞན་ཡང་ནང་འཁོར་རྣམས་སུ་དཀོར་ནོར་རིན་པོ་ཆེ་སྣ་ཚོགས་མང་དུ་སྦས་ཏེ་སྐལ་བ་ཅན་ལ་སྨོན་ལམ་རྒྱ་ཆེན་པོ་བཏབ་ནས་ཡུན་དུ་བཀྲ་ཤིས་པར་མཛད། ཀོང་ཇོས་ཀྱང་ས་དཔྱད་ལེགས་པར་མཛད་པས་བོད་འབངས་སྤྱི་ལ་དྲིན་ཆེའི་ཞེས་རྒྱལ་པོ་དང་ཁྲི་བཙུན་གྱིས་བྱས་པ་དྲིན་དུ་གཟོ་བར་མཛད་དོ། །དེ་ནས་སྐལ་བ་དང་ལྡན་པ་རྣམས་ལ་ཐུགས་རྗེ་ཆེན་པོ་དང་ཡི་དམ་རྟ་མགྲིན་གྱི་གདམས་པ་ཕོག་སྟེ་ཉམས་སུ་བླང་དུ་བཅུག་པས། སད་མི་མི་བདུན་རབ་ཏུ་མ་བྱུང་(68ན)གི་གོང་དུ་ཉང་བྲན་ཕ་བོང་ཁར་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་ལ་སྤྱོད་པའི་རལ་པ་ཅན་བརྒྱ་ཕྲག་ཙམ་རྒྱུན་དུ་བྱུང་བར་གྲགས་ཤིང་། རྒྱལ་པོས་དུས་དེ་དག་གི་ཚེ་གསུངས་པ་རྣམས་ཕྱོགས་གཅིག་ཏུ་བསྡོམས་པའི་བཀའ་ཆེམས་ཀྱི་སྐོར་རྣམས་གཏེར་ཁ་གསུམ་དུ་སྦས་པ། ཕྱིས་གྲུབ་ཐོབ་དངོས་གྲུབ་དང་། མངའ་བདག་ཉང་། སྟོན་པ་ཤཱཀྱ་འོད་གསུམ་གྱིས་གཏེར་ནས་སྤྱན་དྲངས་པ་དེང་སང་མ་ཎི་བཀའ་འབུམ་ཞེས་གྲགས་པ་འདི་ཉིད་བོད་ཆོས་ཐམས་ཅད་ཀྱི་ཐོག་མ་ཡིན་ནོ། །དེ་ལྟར་ཟབ་མོའི་ཆོས་དང་། ལོ་རྒྱུས་ལུང་བསྟན། གཞན་ཡང་རྗེ་འབངས་ཡོངས་ལ་ཞལ་གདམས་མཐའ་ཡས་པ་གསུངས་ཤིང་། ཁྱད་པར་དབོན་སྲས་མང་སྲོང་མང་བཙན་ལ་ཐུགས་ཀྱི་གསང་མཛོད་གབ་པ་མངོན་ཕྱུང་གི་གདམས་ངག་ཟབ་མོ་ལེགས་པར་བསྟན་ནས། ཨེ་མ་རྒྱལ་སྲས་ཆེན་པོ་པ། །ང་ཡི་ལྷ་སའི་གནས་གཞི་འདི། །ཉ་འདྲ་ལྕོང་འདྲ་བལ་འདྲ་པིར་ཡང་འདྲ། །རིམ་པ་བཞིན་དུ་ཆུ་ཡིས་སྤྱོད་པར་བྱེད། །ང་ཡི་རིགས་ཅན་རྣམས་ལ་བསྐུལ་བ་ནི། །ཉ་འདྲའི་དུས་སུ་གཤོག་ལྟར་སྒྲོན་པ་ཡིན། །ལྕོང་འདྲའི་དུས་སུ་ཞྭ་ལྟར་བཀོན་པ་ཡིན། །སྦལ་འདྲའི་དུས་སུ་གདན་ལྟར་གདིང་བ་ཡིན། །པིར་(68བ)འདྲའི་དུས་སུ་གྱུར་ཙ་ན། །རྒྱ་ཆེན་མཆོད་པ་བཤམས་ནས་ནི། །མོས་གུས་གསོལ་འདེབས་གཅེས་པ་ཡིན། །དེ་ལྟར་བྱས་ན་ཅུང་ཞིག་གནས་པར་འགྱུར། །ནང་གི་ལྷ་གསོས་ཕྱི་ཡི་རགས་ལ་ཕན། ཕྱི་ཡི་རགས་གསོས་ནང་གི་ལྷ་རྣམས་རྒྱལ། །མཆོད་པ་བཤམས་ཤིང་གསོལ་བ་བཏབ་པ་ན། །བོད་འབངས་བསམ་པ་ཐམས་ཅད་འགྲུབ་པར་འགྱུར། །དུས་ཀྱི་མཐའ་ལ་སྡིག་སྤྱོད་མང་འབྱུང་ཡང་། །ང་ཡི་ལྷ་ས་མཐོང་ཐོས་རེག་པ་ཡི། །འགྲོ་བ་ཕལ་ཆེར་འཁོར་བའི་གནས་ལས་ཐར། །དེ་ཡང་འཕགས་པ་རྣམས་ཀྱི་ཐུགས་རྗེ་སྟེ། །ང་ཡི་བོད་འབངས་རྣམས་ཀྱི་བསོད་ནམས་ཡིན། །དེ་ཕྱིར་ང་ཡི་བསྐྱབ་བྱ་ཕོ་མོ་རྣམས། །རྩོལ་བ་མ་ཞན་སྙིང་སྟོབས་སྐྱེད་མཛོད་ལ། །ང་ཡི་ར་ས་མཐོང་ཐོས་རེག་པར་མཛོད། །དེ་ཡང་ཐར་པའི་ལམ་ལ་ཚུད་པ་ཡིན། །སྐྱོན་རྣམས་སེལ་ཞིང་ཡོན་ཏན་སྒྲུབ་འདོད་ན། །ང་ཡི་ར་སར་ཞབས་ཏོག་མོས་པ་གྱིས། །བསམ་པ་ཐམས་ཅད་ཡིད་བཞིན་འགྲུབ་པར་འགྱུར། །ཞེས་དང། གཞན་ཡང་ད་ནས་གདུང་རབས་ལྔ་ན་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ཆོས་རྒྱས་པར་འབྱུང་སྟེ། དེའི་ཚེ་སངས་རྒྱས་ཀྱི་རྗེས་སུ་རབ་ཏུ་བྱུང་བ་དབུ་རེག་ཞབས་རྗེན་(69ན)ངུར་སྨྲིག་གི་ན་བཟའ་གསོལ་བ་ལྷ་མིའི་མཆོད་གནས་སུ་འོས་པ་མང་དུ་འབྱུང་གིས། དེ་ལས་རང་གཞན་གྱི་འདི་ཕྱིའི་བདེ་བ་ཐམས་ཅད་འབྱུང་བས་ན། ངའི་དབོན་སྲས་རྗེ་བློན་རྣམས་ཀྱིས་འཚོ་བ་བླ་ནས་སྦྱོར་ཞིག །ཆབ་འོག་ནས་ཕྱུངས་ལ་བདེ་བ་བྱིན་ཅིག །དབུའི་མཆོད་གནས་སུ་ཁུར་ཞིག་ཅེས་བཀའ་བསྩལ་པ། དེ་མ་ཐག་མགར་གྱིས་ཟངས་ཀྱི་བྱང་བུ་ལ་བྲིས་ཏེ་མཆིམས་ཕུའི་དཀོར་མཛོད་དུ་བཞག་གོ །དེ་ནས་རྒྱལ་པོ་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞེས་པ་ས་ཕོ་ཁྱི། སྤྱི་ལོ༦༩༨པ་སྨིན་དྲུག་ཟླ་བའི་ཚེས་བཅུའི་ཉིན་དབོན་སྲས་མང་སྲོང་གི་སྤྱི་བོར་ཕྱག་བཞག་སྟེ་བཀའ་བསྩལ་པ། རིགས་ཀྱི་བུ་ངས་ནི་རྒྱལ་ཁྲིམས་ཆོས་བཞིན་དུ་བསྐྱངས་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས་ཤིང་བོད་འབངས་བདེ་བ་ལ་བཀོད་པ་ཡིན་ནོ། །ཁྱོད་ཀྱིས་ཀྱང་ངའི་རྒྱལ་སྲིད་འདི་མ་ཉམས་པར་ཆོས་བཞིན་དུ་སྐྱོངས་ཤིག །ངའི་གཙུག་ལག་ཁང་འདི་གཉིས་ཀྱི་ཞབས་ཏོག་ཁྱོད་ཀྱིས་གྱིས་ལ་དར་དུ་ཆུག་ཅིག །ངའི་ཕོ་བྲང་ལྷའི་གནས་དང་འདྲ་བ་འདིའི་འཛིན་སྐྱོངས་གྱིས་ཤིག །ངའི་བཙུན་མོ་དང་བློན་པོ་དང་བོད་འབངས་རེ་ཞིང་ལྟོས་པའི་ཕ་མ་ལྟ་བུ་གྱིས་ལ་ཕན་པ་དང་བདེ་བས་ཁྱབ་པར་གྱིས་ཤིག །(69བ)ཅེས་དང་། ད་ནས་གདུང་རབས་ལྔ་པ་ན། །ང་ཡི་མིང་ལ་ལྡེ་བཏགས་པ། །ཆོས་སྐྱོང་བ་ཡི་རྒྱལ་པོ་འབྱུང་། །འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་སྟེ། །དེ་ཡིས་དམ་ཆོས་རྒྱས་པར་བྱེད། །མཐའ་མར་མངོན་པར་འཚང་ཡང་རྒྱ། །དེ་ནས་གདུང་རབས་གཉིས་པ་ལ། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །རྒྱལ་པོ་ཁྲི་ཞེས་བྱ་བ་འབྱུང་། །དེས་ཀྱང་དམ་ཆོས་རྒྱས་པར་བྱེད། །དེ་ནས་བདུད་ཀྱིས་བྱིན་བརླབས་པ། །རྒྱལ་པོ་དུད་འགྲོའི་མིང་ཅན་འབྱུང་། །དམ་ཆོས་མ་ལུས་བསྣུབ་པར་བྱེད། །ཐ་མ་མནར་མེད་དམྱལ་བར་འཚེད། །དེ་ནས་ཡེར་པའི་བྲག་ཁུང་ནས། །ཕྱག་ན་རྡོ་རྗེའི་སྤྲུལ་པ་སྟེ། །དཔལ་ཞེས་བྱ་བའི་དགེ་སློང་གིས། །སྡིག་ཅན་རྒྱལ་པོ་སྒྲོལ་བར་འགྱུར། །དེ་ནས་ལོ་སྐོར་བཞི་ཡི་བར། །སངས་རྒྱས་བསྟན་པ་མེད་པར་འགྱུར། །དེ་ནས་ལྔ་བརྒྱ་ཐ་མ་ལ། །སངས་རྒྱས་བསྟན་པའི་མེ་རོ་ཞིག །མདོ་ཁམས་སྒང་ནས་ལངས་པར་འགྱུར། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། །དད་ཅན་མང་པོ་འབྱུང་བར་འགྱུར། །སྐུ་གསུང་ཐུགས་ཀྱི་གཟུགས་བརྙན་ཡང་། །རང་བྱུང་ཉིད་དུ་འབྱུང་བར་འགྱུར། །སྟོན་པའི་རིང་བསྲེལ་མཆོད་པར་བྱེད། །ང་ཡང་མ་འོངས་སངས་རྒྱས་འགྱུར། །ཁ་བ་ཅན་པའི་སེམས་ཅན་ལ། །(70ན)མར་མེ་འཆི་ཁར་གསལ་བ་བཞིན། །བསྟན་པ་ཤིན་ཏུ་རྒྱས་པར་འགྱུར། །ཟབ་མོའི་ཆོས་རྣམས་ཤིན་ཏུ་དར། །ཞེས་དང་། ངའི་དམ་ཆོས་ཟླ་བ་སྒྲོན་མེ་དང་། དཀོན་མཆོག་སྤྲིན་དང་། སྤང་ཀོང་ཕྱག་རྒྱ་པ་དང་། མྱ་ངན་ལས་འདས་པ་དང་། ལས་རྣམ་པར་འབྱེད་པ་དང་ལྔ་པོ་འདི་ཁྱོད་ལ་གཏད་ཀྱི། ཁྱོད་ཀྱིས་ཆོས་སྐྱོང་བའི་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལ་རིམ་པར་གཏོད་དུ་ཆུག་ཅིག་ཅེས་ཞལ་ཆེམས་སུ་མཛད། དེ་ནས་རྒྱལ་པོ་ཆེན་པོ་འཕྲུལ་སྣང་དུ་གཤེགས་ཏེ་དཀྱིལ་འཁོར་སྟེང་གི་ཁྲི་ལ་བཞུགས་ནས། ཁྱེད་བློན་པོ་བཅུ་དྲུག་ལས། བཞིས་མགྲོན་བོས། བཞིས་ཤ་འཚོལ། བཞིས་ཆང་འཚོལ། བཞིས་གཡོག་གྱིས་ཤིག །སྣ་ཆེན་པོ་ངའི་སྐུ་སྲུང་ལ་སྡོད་ཅིག་གསུངས་ཏེ། བློན་པོ་གཞན་རྣམས་སོང་ཟིན་པ་དང་། བཙུན་མོ་གསུམ་བྱོན་ནས་ལྷ་གཅིག་ཁྲི་བཙུན་གྱིས་གསེར་ཕྱེ་བལ་སྡེར་གང་། ཀོང་ཇོས་གསེར་ཕྱེ་དངུལ་གཞོང་གང་། མོང་བཟའ་ཁྲི་ལྕམ་གྱིས་གསེར་ཕྱེ་བྲེ་གང་རྣམས་ཕུལ་ཏེ། ཕྱག་བྱེད་བསྙུན་རྨེད་ཅིང་རྒྱལ་བློན་ལྔ་པོ་བཀའ་མཆིད་འབེལ་བར་མཛད་པ་ལས། ཇི་ཞིག་ན་རྒྱལ་པོ་ཁྲི་ལས་བཞེངས་ཏེ། འོ་ཅག་རྒྱལ་བློན་རྣམས་ངའི་ལྷ་ཐུགས་རྗེ་(70བ)ཆེན་པོ་ལ་ཕྱག་དང་མཆོད་པ་འབུལ་དུ་འགྲོའོ། །ཞེས་གསུངས་ཏེ་ཐུགས་རྗེ་ཆེན་པོ་བཞུགས་པའི་གཙང་ཁང་དུ་བྱོན་ནས་ཕྱག་དང་མཆོད་པ་མཛད། རྒྱལ་པོ་ཉིད་ཐུགས་རྗེ་ཆེན་པོའི་སྐུ་མདུན་དུ་བཞེངས་པའི་གཡས་སུ་ཁྲི་བཙུན། གཡོན་དུ་ཀོང་ཇོ། སྐུ་རྒྱབ་ན་མོང་བཟའ་རྣམས་བཞེངས། བློན་པོ་སྣ་ཆེན་པོ་ཐེམ་པའི་ཁར་རྐང་པ་ཕྱི་ན་བཞག །ལག་པ་སྒོའི་རུ་གཉིས་ལ་བརྒྱངས། གློ་ལ་རལ་གྲི་བཏགས། མགོ་བོ་ནང་དུ་བཅུག་ནས་འདུག་པའི་ཚེ། རྒྱལ་པོས་ཞལ་ཕྱིར་ལོག་མཛད་ནས་བཀའ་བསྩལ་པ། སྣ་ཆེན་པོ་བོད་ཀྱི་བློན་འབངས་བློ་ཉེ་ཞིང་དད་པ་ཆེ་བ་རྣམས་ན་རེ། ངེད་རྒྱལ་པོ་དང་མ་མཇལ་ཟེར་ནས་འོང་གིས། དེ་རྣམས་ལ་ང་ལ་དད་གུས་བྱེད་ན་ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་དང་ཅི་བསམ་པ་ཐམས་ཅད་འགྲུབ་པར་འགྱུར་ཞིང་ང་འཕྲད་པ་དང་ཁྱད་པར་མེད་དོ་གསུངས། ལྷ་གཅིག་ཁྲི་བཙུན་གྱིས་ཞལ་ཕྱིར་ལོག་མཛད་ནས། བོད་འབངས་བློ་ཉེ་བ་རྣམས་ངེད་ལྷ་གཅིག་ཁྲི་བཙུན་དང་མ་མཇལ་ཟེར་ན་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུངས། ཡང་ཀོང་ཇོས་ཞལ་ཕྱིར་ལོག་མཛད་ནས། རྒྱ་དམག་གིས་ལྷ་སྤྱན་མི་འདྲེན་པའི་ཕྱིར་ལྷ་གཉིས་བརྗེས་ལ་ཇོ་བོ་ཤཱཀྱ་ལྷོ་སྒོ་མེ་ལོང་ཅན་དུ་བཞུགས་(71ན) སུ་གསོལ་ནས་སྒོ་བརྩིགས་ཤིང་ཞལ་བ་གྱིས་ལ་འཇམ་དབྱངས་ཀྱི་སྐུ་བྲིས་ཤིག །བོད་འབངས་བློ་ཉེ་བ་རྣམས་ལྷ་གཅིག་ཀོང་ཇོ་དང་མ་མཇལ་ཟེར་ན་ངའི་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་གསུངས། དེ་ནས་རྒྱལ་པོས། ལྷ་གཅིག་གཉིས་ཀྱི་སྤྱི་བོར་ཕྱག་བཞག་པ་དང་བལ་མོ་བཟའ་ཁྲི་བཙུན་པདྨ་དཀར་པོ་འདབ་མ་བརྒྱད་པ་ཧཱུཾ་ཡིག་གིས་མཚན་པ་ཞིག་ཏུ་གྱུར་ཅིང་། རྒྱ་མོ་བཟའ་ཀོང་ཇོ་ཨུཏྤལ་སྔོན་པོ་འདབ་མ་བཅུ་དྲུག་པ་ཏཱྃ་ཡིག་གིས་མཚན་པ་ཞིག་ཏུ་གྱུར་ཏེ་རྒྱལ་པོའི་ཕྲག་པ་གཡས་གཡོན་ལ་ཐིམ། རྒྱལ་པོས་དབུའི་ཐོད་ཕུད་དེ་སྤྱན་ནམ་མཁའ་ལ་ཆེར་གཟིགས་ནས་རང་བྱུང་ཐུགས་རྗེ་ཆེན་པོའི་དྲུང་དུ་ཉེ་བར་གཤེགས་པ་ན་དབུའི་ཨ་མི་ཏཱ་བྷ་གཉིས་པོ་མཐོ་དམན་མེད་པར་མཉམ་ནས་གདའ་སྐད། དེ་ནས་རྒྱལ་པོས་ཕྱག་ཐལ་མོ་སྦྱར་ཏེ། ཆོས་སྐུ་སྟོང་པའི་ངང་ཉིད་ལས། །འགྲོ་བའི་དོན་དུ་བཞེངས་པའི་སྐུ། །མཚན་དཔེའི་གཟི་བརྗིད་འབར་བའི་སྐུ། །ནམ་མཁའི་རྒྱལ་པོ་ཁྱེད་ལ་བསྟོད། །ཅེས་པ་ལ་སོགས་ཀྱིས་བསྟོད་པར་མཛད་ནས། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་རིན་པོ་ཆེ། །ཐབས་མཁས་ཐུགས་རྗེ་ལྡན་པ་ཁྱེད། །(71བ)སེམས་ཅན་རྣམས་ལ་གཟིགས་སུ་གསོལ། །འགྲོ་བ་ཡོངས་ཀྱི་སྐྱབས་གནས་ཁྱེད། །སྡུག་བསྔལ་དུ་མས་རྣམ་གཙེས་པའི། །ཉམ་ཐག་ཕོངས་པའི་སེམས་ཅན་ལ། །ཐུགས་རྗེའི་སྤྱན་གྱིས་གཟིགས་སུ་གསོལ། །མ་རིག་འཁྲུལ་པའི་སེམས་ཅན་རྣམས། །ལས་ངན་བསགས་པས་ལུས་ངན་བླངས། །ངན་སོང་གསུམ་དུ་ལྷུང་བ་རྣམས། །ཐུགས་རྗེའི་ལྕགས་ཀྱུས་བཟུང་དུ་གསོལ། །ཞེས་གསུངས་ནས་ཐུགས་རྗེ་ཆེན་པོའི་ཐུགས་ཀར་དབུ་གཏུགས་ཏེ། འཕགས་པ་ཁམས་གསུམ་འཁོར་བ་ན་འཁྱམས་པའི་སེམས་ཅན་ཉམ་ཐག་པ་རྣམས་ལ་གཟིགས་ཤིག་ཅེས་ཐུགས་རྗེའི་ཤུགས་དྲག་ཏུ་གཡོས་པའི་རླབས་འབྱིན་ཅིང་གསོལ་བ་བཏབ་པའི་མོད་ལ། རྒྱལ་པོ་ཉིད་འོད་ཀྱི་གོང་བུར་གྱུར་ཏེ་བྱེ་མ་ལ་ཆུ་ཐིམ་པ་ལྟར་རང་བྱུང་བཅུ་གཅིག་ཞལ་གྱི་ཐུགས་ཀར་ཐིམ་པས། ཐུགས་རྗེ་ཆེན་པོའི་ཕྱག་ཐལ་མོ་སྦྱར་བ་ཅུང་ཟད་ཁ་བྱེ་བ་དང་སྐུ་ཅུང་ཟད་ཡོ་བའང་དེའི་དུས་སུ་བྱུང་སྣང་ངོ་། །དེ་ནས་བློན་པོ་སྣ་ཆེན་པོ་དང་ཇོ་མོ་མོང་བཟའ་ཁྲི་ལྕམ་གྱིས་མཚན་ནས་བོས་ཏེ། རྒྱལ་པོ་ཡབ་ཡུམ་གསུམ་སྟངས་ཞན་ནོ། །ཁ་བ་ཅན་གྱི་སེམས་ཅན་རྣམས་སུ་ལ་རེ། ཇི་ལྟར་བགྱི་ཟེར་ཞིང་གསོལ་བ་བཏབ་པས། རྒྱལ་པོ་ཡབ་(72ན)ཡུམ་ཨ་ཙ་མ་འདི་རྣམས་མི་བདེན་པ་ལ་བདེན་པར་འཛིན་མི་རྟག་པ་ལ་རྟག་པར་འཛིན་ནོ་སྙམ་ནས་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་རྒྱལ་པོས་དབུ་ཉུག་མཛད་དེ། ཁ་བ་ཅན་གྱི་སེམས་ཅན་རྣམས་སྔར་སྐྱེས་པ་ལ་མ་ཤི་བ་མེད་པ་དང་གཅིག །ལུས་འདུས་བྱས་ཡིན་པས་འཆི་ངེས་པ་དང་གཉིས། ཚེ་སྐད་ཅིག་ཀྱང་མི་སྡོད་པར་མྱུར་དུ་འཆི་བ་དང་གསུམ་ཡིན་ནོ། །ད་ལྟའི་སྤྱོད་པ་འདི་རྣམས་རྨི་ལམ་ལྟ་བུར་ཤེས་པར་གྱིས་ཤིག་གསུངས། ནུ་མ་གཡས་ནས་ལྷ་གཅིག་ཁྲི་བཙུན་གྱིས་དབུ་ཉུག་ཕྱུང་སྟེ། ཚེ་ལ་ངེས་པ་མེད་པས་ནམ་འཆི་ཆ་མེད་པ་དང་གཅིག །འཆི་བའི་རྐྱེན་མང་ཞིང་ནམ་འཆི་མི་ཤེས་པ་དང་གཉིས། ལུས་ལ་སྙིང་པོ་མེད་པའི་འཆི་བར་ངེས་པ་དང་གསུམ་ཡིན་ནོ། །ད་ལྟའི་ལུས་འདི་མེ་ལོང་ནང་གི་གཟུགས་བརྙན་ལྟར་ཤེས་པར་གྱིས་ཤིག་གསུངས། ནུ་མ་གཡོན་ནས་ཀོང་ཇོས་དབུ་ཉུག་མཛད་དེ། འཆི་བ་ལ་ནོར་གྱིས་མི་སྟོངས་པ་དང་གཅིག །གཉེན་གྱིས་མི་ཕན་པ་དང་གཉིས། རང་གི་ལུས་ཀྱིས་མི་སྟོངས་པ་དང་གསུམ་ཡིན་ནོ། །ད་ལྟའི་ལུས་འདི་སྒྱུ་མ་ལྟ་བུར་ཤེས་པར་གྱིས་ཤིག་གསུངས་སོ། །ཡང་བློན་པོ་སྣ་ཆེན་པོས། རྒྱལ་པོ་ཡབ་ཡུམ་སྟངས་ཞན་ནོ་ཁྱེད་(72བ)དེ་ལྟར་བཞུད་ན་ངེད་ཤུལ་ན་ཡོད་པ་རྣམས་ཇི་ལྟར་བགྱི་ཞུས་པས། སླར་ཡང་ཞལ་གདམས་དང་ལུང་བསྟན་འགའ་ཞིག་གསུངས་ནས་ཐུགས་ཀར་ཐིམ་མོ། །དེ་མ་ཐག་རང་བྱུང་ཐུགས་རྗེ་ཆེན་པོའི་ཐུགས་ཀ་ནས་འོད་ཟེར་ཚེས་བཅོ་ལྔའི་ཟླ་འོད་ལྟ་བུ་བྱུང་སྟེ་འཕྲུལ་སྣང་གི་ཕྱི་ནང་ཐམས་ཅད་དུ་ཁྱབ་ཅིང་། ཁྱད་པར་དུ་བྱམས་པ་ཆོས་ཀྱི་འཁོར་ལོ་དང་། ཇོ་བོ་མི་བསྐྱོད་རྡོ་རྗེ་སྟེ་ལི་མ་གཉིས། གཙང་ཁང་དབུས་ཀྱི་མི་འཁྲུགས་པ་དང་། གཡས་ཀྱི་མར་མེ་མཛད། ཁྲོ་བོ་སྨེ་བརྩེགས་ཏེ་དར་སྐུ་གསུམ། ཤར་ལྷོའི་གཡུང་དྲུང་ཕུག་གི་སྨན་རྒྱལ་དང་། བར་ཁང་ནུབ་ལོགས་ཀྱི་རྟ་མགྲིན་དཀར་པོ། ལྷོ་ངོས་ཀྱི་སྒྲོལ་མ་སྟེ་བྲིས་སྐུ་གསུམ་བཅས་བརྒྱད་ཀྱི་ཐུགས་ཀར་ཕོག་པས། དེ་རྣམས་ལ་འོད་ཟེར་ཕོག་པའི་ལྷ་བརྒྱད་ཅེས་གྲགས་ཤིང་། དེའི་མོད་ལ་བར་ཁང་གི་རྟ་མགྲིན་དཀར་པོའི་ཐུགས་ཀ་ནས་འོད་ཟེར་དུང་གི་ཕྲེང་བ་ལྟ་བུ། བར་ཁང་གི་སྒྲོལ་མ་ལས་འོད་ཟེར་ལྗང་ཁུ་རིན་པོ་ཆེ་མརྒད་ཀྱི་མདོག་འདྲ་བ། བྱམས་པ་ཆོས་ཀྱི་འཁོར་ལོ་ལས་འོད་ཟེར་གྱེན་ལ་ཁྱབ་པ་ཉི་མ་འདྲ་བ། ཇོ་བོ་མི་བསྐྱོད་རྡོ་རྗེ་ལས་འོད་ཟེར་གསེར་གྱི་མདོག་ལྟ་བུ། སྨན་རྒྱལ་ལས་འོད་ཟེར་བེེ་ཌཱུརྱའི་མདོག་ལྟ་བུ། ཁྲོ་བོ་སྨེ་བརྩེགས་(73ན)ལས་འོད་ཟེར་ལྕགས་ཀྱི་རལ་གྲི་ལྟ་བུའི་སྣེ་ལ་ཁྲོ་ཆུང་དཔག་ཏུ་མེད་པ། མར་མེ་མཛད་ལས་འོད་ཟེར་འཇའ་ཚོན་ལྟ་བུ། མི་འཁྲུགས་པ་ལས་འོད་ཟེར་གསེར་བཙོ་མ་ལྟ་བུ་རྣམས་བྱུང་སྟེ། དེ་རྣམས་ལ་འོད་ཟེར་འཕྲོ་བའི་ལྷ་བརྒྱད་ཅེས་གྲགས། འོད་ཟེར་དེ་རེ་རེས་ཀྱང་ར་སའི་ཕྱི་ནང་ཐམས་ཅད་ཁྱབ་ཅིང་འོད་ཀྱི་དྲ་བར་སྦྲེལ། ནམ་མཁའི་ཁམས་ཐམས་ཅད་དཔའ་བོ་མཁའ་འགྲོས་གང་སྟེ་གླུ་གར་དང་རོལ་མོས་མཆོད། ལྷའི་མེ་ཏོག་གིས་ཀུན་ནས་གང་ཞིང་ས་གཞི་དང་ནམ་མཁའ་འཇའ་འོད་ཀྱི་རང་བཞིན་དུ་གྱུར་ཏེ། ལྷ་ཁང་གཉིས་ཀྱི་གསང་བའི་རབ་གནས་ལྷུན་གྲུབ་ཏུ་བྱུང་ངོ་། །དེའི་ཚེ་གྲོང་ཁྱེར་བ་རྣམས་ར་སའི་ཕྱི་ནང་ཐམས་ཅད་འོད་ཀྱིས་ཁྱབ་པའི་ལྟས་འདི་ལྟ་བུ་བྱུང་བ་ནི་ར་སའི་མངའ་གསོལ་མཛད་པར་ངེས་སོ་ཞེས་དགའ་སྤྲོ་བྱེད་ཅིང་། བློན་པོ་བཅུ་དྲུག་པོས་ཀྱང་ཡོ་བྱད་དང་བཅས་ཏེ་ར་སའི་གཙུག་ལག་ཁང་དུ་སླེབས་ནས་ཕྱག་བྱེད་པར་ཕྱིན་ཙ་ན། རྒྱལ་པོ་ཡབ་ཡུམ་མི་སྣང་བར་ན་བཟའ་རྒྱན་གོས་སྤུངས་ངེ་བར་མཐོང་། མོང་བཟའ་དང་སྣ་ཆེན་པོ་ངོ་ཟུང་གནག་པས་འདུག་པར་མཐོང་ནས། དར་རྒྱལ་གྱིས་སྣ་ཆེན་པོ་ཁྱོད་རྒྱལ་པོའི་སྐུ་སྲུང་ལ་བཞག་པ་ཡིན་པས་རྒྱལ་པོ་(73བ)ཡབ་ཡུམ་གསུམ་གར་གཤེགས་ཞེས་ལན་གསུམ་དུ་དྲིས་པ་ལ། སྣ་ཆེན་པོའི་བསམ་པར། རྒྱལ་པོ་ཡབ་ཡུམ་གསུམ་ལྷ་ལ་ཐིམ་བྱས་ཀྱང་ཡིད་ཆེས་མི་སྐྱེའོ་སྙམ་ནས་ཅང་སྨྲ་མ་ནུས་པར་ཁ་རོག་བསྡད་པ་ན། སྦས་སྒྱིད་ཅག་རིང་མོ་ན་རེ། ཞང་བློན་ཆེན་པོ་འདིས་ལན་གསུམ་དུ་དྲིས་ཀྱང་ལན་མི་སྟེར་བས་སྣ་ཆེན་པོ་ཁྱོད་ཀྱི་སྐེ་གཅོད་པར་རིགས་སོ་ཟེར་ནས་རལ་གྲི་ཕྱུངས་པ་ན། བཙུན་མོའི་བསམ་པ་ལ་སྣ་ཆེན་པོ་བསད་ན་དབོན་སྲས་ཆུང་བས་བོད་ནང་འཁྲུག་གིས་འཇིག་གོ་སྙམ་ནས། རྒྱལ་པོ་ཡབ་ཡུམ་གསུམ་ཀ་ལྷ་ཐུགས་རྗེ་ཆེན་པོ་ཆེན་པོ་ལ་ཐིམ་མོ་ཞེས་སྨྲས་པ་དང་། སྣ་ཆེན་པོས་ད་ནི་སྨྲས་པས་ཆོག་གོ་སྙམ་ནས། ངས་སྐུ་སྲུང་བྱས་པ་ཡིན་ཏེ་རྒྱལ་པོས་ལྷ་གཅིག་གཉིས་ཀྱི་སྤྱི་བོར་ཕྱག་བཞག་ནས་པདྨ་དང་ཨུཏྤ་ལར་བྱས་ཏེ་ངེད་རྣམས་མ་མཇལ་ཟེར་ན་ལྷ་ཐུགས་རྗེ་ཆེན་པོ་ལ་གསོལ་བ་ཐོབ་ཅིག་ཅི་འདོད་པའི་དོན་ཐམས་ཅད་འགྲུབ་བོ་ཞེས་གསུངས་ནས་ལྷ་ལ་ཐིམ་ནས་ཐལ་ལོ། །རྒྱལ་པོ་ནི་སངས་རྒྱས་ཀྱི་སྤྲུལ་པ་དངོས་ཡིན་པར་འདུག །ང་ལ་ཆད་པ་གཅོད་པར་མི་རིགས་སོ་བྱས་པས། ཁོང་རྣམས་ན་རེ། དཔང་པོ་སུ་ཡིན་ཟེར། སྣ་ཆེན་པོ་ན་རེ། རྒྱལ་པོའི་ན་བཟའ་བེར་ནག་དང་ཇོ་མོ་གཉིས་ཀྱི་ཕྱག་རྟེན་ཡང་མངོན་སུམ་དུ་སྣང་བ་འདི། བཙུན་མོ་མོང་བཟའ་ཡང་མངོན་སུམ་མོ་བྱས་པས། ཐམས་(74ན)ཅད་ཡིད་ཆེས་ཏེ་ངོ་མཚར་རེ་ཆེ། རྒྱལ་པོ་ནི་སངས་རྒྱས་ཀྱི་སྤྲུལ་པ་ཡིན་ངེས་པར་འདུག །སྔོན་རྒྱ་རྗེ་དང་བལ་རྗེས་ཇི་སྐད་ཟེར་བ་ཡང་ཁོང་གིས་སྔ་ནས་མཁྱེན་ཏེ་བཀའ་འཕྲིན་གྱི་སྒྲོམ་བུ་བསྐུར་བར་མཛད་དོ་ཟེར། ཐོན་མི་ན་རེ། རྒྱལ་པོ་ནི་སྤྱན་རས་གཟིགས་དབང་ཕྱུག་དངོས་ཡིན་ཏེ་དབུ་ལ་འོད་དཔག་མེད་མངོན་སུམ་དུ་བཞུགས་པའི་ཕྱིར་དང་། ལི་ཡུལ་ནས་ཀྱང་སྤྱན་རས་གཟིགས་སུ་ལུང་བསྟན་འདུག་གོ་ཞེས་སོགས་ཁྲ་འབྲུག་གི་བནྔྷེ་དང་ལི་ཡུལ་གྱི་བནྔྷེའི་བྱུང་བ་རྣམས་ཀྱང་བརྗོད་པས། བློན་འབངས་ཐམས་ཅད་དད་པ་སྐྱེས་ཏེ་སྤྱན་རས་གཟིགས་དངོས་སུ་བྱོན་པར་འདུག །རྒྱལ་པོ་ཡབ་ཡུམ་བཞུགས་དུས་རང་རེ་རྣམས་མོས་གུས་ཆུང་འདུག་པས། ཨཱརྱ་པ་ལོ་ཞེས་འབོད་ཅིང་། ལ་ལ་ནི་ངུ་། ལ་ལ་ནི་ལུས་ས་ལ་རྡེབ་ཅིང་འགྲེ་ལྡོག་བྱེད། ལ་ལ་ནི་མོས་གུས་ཀྱིས་གསོལ་བ་འདེབས་པར་བྱེད་དོ། །དེའི་ཚེ་ཐོན་མི་སམྦྷོ་ཊ་དང་། བློན་པོ་མགར་གཉིས་ཀས་གདུང་ཤུགས་ཀྱིས་སྨྲེ་ངག་བཏོན་པ་ན། རྒྱལ་པོ་དངོས་སུ་བྱོན་ཏེ་དབུགས་དབྱུང་བའི་མཐོང་སྣང་ཡང་བྱུང་སྐད། དེ་ནས་བློན་པོ་མགར་ན་རེ། ད་ནི་རྒྱལ་ཁམས་གཞན་གྱི་མིས་བོད་ཀྱི་བློན་པོ་གདུག་པ་ཅན་རྣམས་ཀྱིས་རྒྱལ་པོ་ཡབ་ཡུམ་གར་གཤེགས་མེད་པ་བྱས་ཟེར་(74བ)དུ་འོང་གི །སྤུར་སྦྱང་བའི་ཚུལ་མ་བྱས་ན་མི་རུང་ངོ་ཞེས་བགྲོས་ཏེ་ལྷ་ལ་ཐིམ་པ་གསང་ནས། རྒྱལ་པོ་འཕན་ཡུལ་གཟན་མོའི་སྒང་འོད་ཟེར་དམ་པའི་ཕོ་བྲང་དུ་བཞུགས་དུས་མགུར་ཆམ་བྱུང་བ་ལོག་སྟེ་ཚད་པར་ཤོར། ཞབས་ཏོག་ལྷ་གཅིག་གཉིས་ཀྱིས་མཛད་པས་ལྷ་གཅིག་གཉིས་ཀྱང་བསྙུང་སྟེ་སྐུ་འདས་སོ་ཞེས་བསྒྲགས་ནས། དར་སྨན་དང་ས་སྤྱིན་ལས་རྒྱལ་པོ་ཡབ་ཡུམ་གསུམ་གྱི་སྐུ་འབག་བཟོས་ཏེ་ན་བཟའ་གསོལ། སྐུ་འབག་སྟག་ལྤགས་ཀྱི་སྟེང་དུ་བཞག་ནས་ཤིང་རྟ་ལ་གདན་དྲངས་ཏེ་ཡར་ཀླུངས་འཕྱོང་པོའི་ནང་དུ་བང་སོ་བཏབ་སྟེ་རེ་མིག་དབུས་མར་བཞུགས་སུ་གསོལ་བ་ཙནྡན་གྱི་མེས་སྦྱངས་པས་དུད་པ་རྣམས་ལ་མཐོང་སྣང་གི་བྱེ་བྲག་དཔག་ཏུ་མེད་པ་བྱུང་། དེ་ནས་བང་སོའི་ནང་དུ་ལྷ་ཁང་ལྔ་བྱས་ཏེ་ཕྱི་རི་བོ་ལྟར་བྱིབས། ལོ་གཅིག་ཏུ་རྒྱལ་བློན་འབངས་དང་བཅས་པ་བསྐོར་བ་བྱས་ཤིང་ཕྱིས་ཀྱང་ལོ་དུས་སུ་མཆོད་པ་དང་བསྐོར་བ་མཛད་དོ། །དེ་ལྟར་སྤྲུལ་པའི་ཆོས་རྒྱལ་ཆེན་པོ་སྲོང་བཙན་སྒམ་པོ་འདི་ཉིད་དགུང་ལོ་བརྒྱད་ཅུ་གྱ་གཉིས་སུ་བཞུགས་པ་དང་། དགུ་བཅུ་གོ་བཞིར་བཞུགས་པ་དང་། སོ་བཞི་ལས་མ་བཞུགས་པར་འདོད་པ་དང་། ཡབ་ཡུམ་གསུམ་མཉམ་དུ་གྲོངས་པ་དང་། ཡང་ཚད་པའི་བསྙུན་གྱིས་རིམ་ཅན་དུ་འདས་(75ན)པ་དང་། ཀོང་ཇོ་ཤུལ་དུ་ཡུན་རིང་དུ་བཞུགས་པ་སོགས་འཆད་ཚུལ་གྱི་རྣམ་གྲངས་མི་འདྲ་བ་མང་པོ་ཡོད་མོད་ཀྱི། དོན་དུ་འཕགས་མཆོག་སྤྱན་རས་གཟིགས་དང་འཕགས་མ་སྒྲོལ་མ་ཟུང་ཞིག་མིའི་གདུལ་བྱ་འདུལ་བའི་ཆེད་དུ་མིའི་བརྫུ་བག་ཏུ་སྟོན་པ་ཙམ་སྟེ། བསམ་གྱིས་མི་ཁྱབ་པའི་རྫུ་འཕྲུལ་མངོན་པར་འདུ་མཛད་པའི་རྣམ་པར་ཐར་པ་ལགས་ན། གདུལ་བྱའི་བློ་གྲོས་དང་མོས་པ་རྒྱ་ཆེ་ཆུང་གི་དབང་ལ་བརྟེན་ནས་མཐོང་སྣང་མི་འདྲ་བ་སྣ་ཚོགས་བྱུང་བ་ལ་འགལ་བར་མི་བསམ་ཞིང་། མཐའ་གཅིག་ཏུ་འཇིག་རྟེན་གྱི་ཚད་ཐིག་འདེབས་པའི་ཡུལ་ལས་འདས་པའི་གནད་གསང་ཆེན་པོར་རིགས་པར་བྱའོ། །གོང་སྨོས་སྲོང་བཙན་བང་སོའི་རྡོ་རིང་གི་ཡི་གེ་ཞལ་བཤུས་པ་འདི་ལྟར། ༄། བཙན་པོ་ལྷ་སྲས། འོ་ལྡེ་སྤུ་རྒྱལ་གནས་ཀྱི་མིའི་རྗེར་གཤེགས་པ། ཆོས་ལུགས་བཟང་པོ་ནི་གཞར་གཞུག་མི་འགྱུར། མངའ་ཐང་ཆེན་པོ་ཆིན་ཆད་ཀྱང་བྱིན་མི་ཉམས་ཏེ། ཆབ་སྲིད་ནི་ཕྱིར་ཞིང་ཆེ། དབུ་རྨོག་ནི་ཤིན་ཏུ་བཙན་པའི་གཡུང་དྲུང་གི་གཙུག་ལག་ཁང་ཆེན་པོ་བཞིན་དུ། བཙན་པོ་ལྷ་སྲས་ཁྲི་ལྡེ་སྲོང་བཙན་མིའི་རྗེ་མཛད་པ། ལྷའི་ལུགས་དང་མཐུན་པར་ནི་མངའ་ཐང་ཆེ། (75བ)གནམ་གྱི་ཆོས་དང་མཚུངས་པར་ནི་བཀའ་བཙན་ཏེ་ཐུགས་སྒམ་པོའི་རླབས་དང་། བཀའ་ལུང་བཟང་པོའི་ལུགས་ཀྱིས། ཕྱི་ནང་གཉིས་སུ་ལེགས་ཤིང་། ཆབ་སྲིད་ཆེ་བའི་ཚུལ། ནམ་དུ་ཡང་མི་ཡོངས་ཀྱི་ཤེས་པར། མདོ་ཙམ་ཞིག་རྡོ་རིང་ལ་བྲིས་པའོ། །༄། བཙན་པོ་ལྷ་སྲས། ཁྲི་ལྡེ་སྲོང་བཙན། ལྷ་འཕྲུལ་གྱི་ཞལ་སྔ་ནས། ཐུགས་སྒམ། ཁོང་ཡངས། བཀའ་བརྟན། ཟུང་ཐུབ། ཐུགས་སྟོབས་ཆེའོ། །རང་ཉིད་དེ་ལྟ་བས་ན། འགྲེང་གི་རྗེ་མཛད་ན་ཡང་། །མྱི་དགོས་པའི་ལས་ཀྱི་མུ་བསྐྱངས་པས་ནང་དུ་འཁྲུགས་པ་དང་མྱི་བདེ་བ་མེད་ཅིང་། བོད་ཡོངས་ཀྱི་ཁོངས་ལ་ཡུལ་ཕྱུག་སྟེ། འབངས་སྐྱིད་དོ། །ནམ་ཞར། དབོན་སྲས་རྒྱུད་ཀྱི་ཆབ་སྲིད་བརྟན་ཞིང་། འབངས་སྐྱིད་པར་བྱ་བའི་གདམས་ངག་དང་། ཕྱིའི་དགྲ་འདུལ་བའི་བྱིན་གྱི་དགྲ་ཐབས་སྔོན་མེད་པའི་བཟང་པོ་བཀའ་ལུང་དུ་བཞག་སྟེ། ཡུན་གྱི་ལེགས་པ་ཡང་རྒྱ་ཆེར་དགོངས་སོ། །ལྷ་འཕྲུལ་གྱི་ཞལ་སྔ་ནས་མཐའ་བཞི་ཕྱོགས་བརྒྱད་དུ་བཀའ་བཙན་ཆབ་སྲིད་ཆེ་སྟེ། ཤར་ཕྱོགས། ༄། རྒྱལ་པོ་ཆེན་པོ་རྒྱ་འདུག་པ་དང་། བར་དུ་བཀའ་ཁོན་བྱུང་ནས་དགྲར་བསྡོ་བ་ལས། དང་པོ་ཆབ་སྲིད་ཕྱག་ཏུ་བཞེས་མ་ཐག་ཏུ་བོད་ཀྱི་དམག་གིས་(76ན)རྒྱའི་ཡུལ་ཐོག་ཕྱོགས་སུ་དྲངས་པས་སྤ་བའོ། །དེ་ཚུན་ཆད་ཀྱི་ཆབ་སྲིད་ཀྱི་མངའ་བདག་མཛད་མ་ཐོག་ལ་བར་དུ་ལན་འགའ་རྒྱས་ཆབ་སྲིད་ལ་མ་བསྡོ་སྟེ། རྟག་ཏུ་མཇལ་དུམ་གསོལ་ལོ། །ལྷོ་ཕྱོགས་ཀྱི་རྒྱལ་པོ་ཆེན་པོ་རྒྱ་གར་དུ་འདུག་པ་ཡང་། འདིར་བྲིས་པ་ཡན་ལ་ཡི་གེ་ཕྲེང་ཉི་ཤུ་རྩ་དགུ ། མི་གསལ་བ་མན་ལ་ཡིག་ཕྲེང་བཅུ་བཞི། དེ་ནས་ས་འོག་ཏུ་ཚུད་པ་ལ་ཇི་ཙམ་ཡོད་པ་མ་ཤེས་སོ། །རྡོ་རིང་འདིའི་སྲིད་དུ་ས་ལས་ཐོན་པ་ཡན་ལ་མཐོ་ཉི་ཤུ་རྩ་གཅིག །ཞེང་ཆེ་ངོས་ལ་མཐོ་བཞི། ཆུང་ངོས་ལ་མཐོ་དོ་འདུག་གོ །ཆོས་རྒྱལ་སྲོང་བཙན་དགུང་ལོ་གྱ་གཉིས་སུ་ཕེབས་ཤིང་། དབོན་སྲས་མང་སྲོང་དགུང་ལོ་བཅུ་གསུམ་པའི་ཐོག་ཏུ་སོན་པ་ས་ཕོ་ཁྱི། སྤྱི་ལོ་༦༩༨པར་མེས་སྲོང་བཙན་སྐུ་གཤེགས་འཕྲལ་ཉིད་དུ་མང་སྲོང་རྒྱལ་སར་བསྐོས། མགར་སྟོང་བཙན་ཡུལ་བཟུང་དང་། མཆིམས་མང་གཉེར་གྱིས་བློན་པོ་བྱས་ཏེ་རྒྱལ་སྲིད་བསྐྱངས། ཇི་ཞིག་ནས་བཙུན་མོ་འབྲོ་བཟའ་ཁྲི་ལོང་ཁབ་ཏུ་བཞེས། དུས་དེར་རྒྱ་རྣམས་ཀྱིས་སྤྲུལ་པའི་རྒྱལ་པོ་མ་བཞུགས་པར་ཤེས་ནས་དམག་འོངས་པ་འཕྲུལ་སྣང་དུ་སླེབས་པ་དང་། སྨེ་བརྩེགས་ཀྱི་སྐུ་ལས་སྤྲུལ་པའི་དམག་ཚོགས་བྱུང་བས་དེ་རྣམས་ཕྱིར་བྲོས།(76བ)དེའི་ལན་དུ་མགར་གྱིས་བོད་དམག་འབུམ་ཚོ་ཁྲིད་ནས་རྒྱ་རྣམས་བཅོམ་རྗེས་འ་ཞ་དང་ཞང་ཞུང་གི་ཡུལ་དུ་འཁོས་བགྱིས་པར་ལོ་བརྒྱད་དུ་འགོར། མཐར་སྟོད་ལུང་རི་ཕུར་གྲོངས་སོ། །དེ་ནས་སླར་ཡང་རྒྱ་ནག་གི་དམག་སྐད་ཆེན་པོ་བྱུང་བས་ཇོ་བོ་ཤཱཀྱ་མུ་ནེ་ལྷོ་སྒོ་མེ་ལོང་ཅན་དུ་བཅུག་སྟེ་སྒོ་ལ་ཞལ་བ་བྱས་ནས་འཇམ་དབྱངས་ཀྱི་སྐུ་བྲིས། མི་རིང་བར་རྒྱ་དམག་རྣམས་ལྷགས་ཏེ་པོ་ཏ་ལའི་ཕོ་བྲང་མེ་ལ་བསྲེགས། ཇོ་བོ་ཤཱཀྱ་མུ་ནེ་བཙལ་བས་མ་རྙེད། ཕྱིས་དེ་ན་བཞུགས་པར་ཤེས་ཀྱང་འཇམ་དབྱངས་ཀྱི་སྐུ་བྲིས་པ་མཐོང་བས་བཤིག་མ་ནུས། ཇོ་བོ་མི་བསྐྱོད་རྡོ་རྗེ་སྔ་དྲོ་གཅིག་གི་སར་གདན་དྲངས་པ་ཤར་ཕྱོགས་དོ་མའི་ཐང་དུ་ཞག་བདུན་ལུས་པས་དེ་ལ་ཇོ་བོ་འོ་བརྒྱལ་ཐང་དུ་གྲགས། མང་སྲོང་གིས་ཆབ་སྲིད་ལོ་བཅོ་ལྔར་བསྐྱངས་ཏེ་བོད་ཆུ་ཕོ་བྱི་བ། སྤྱི་ལོ་༧༡༢དགུང་ལོ་ཉི་ཤུ་རྩ་བདུན་པ་ལ་གཙང་གི་བར་སྣང་སྒང་དུ་སྐུ་གཤེགས་སོ། །རྗེ་དེའི་སྲས་འདུས་སྲོང་མང་རྗེ་རླུང་ནམ་འཕྲུལ་གྱི་རྒྱལ་པོ་ཞེས་པ་ཡབ་འདས་ནས་ཞག་བདུན་སོང་བ་ཆུ་ཕོ་བྱི་བའི་ལོ་དེར་སྦྲགས་ཀྱི་ཕུར་སྐུ་བལྟམས་པ་དེ་འཕྲལ་རྒྱལ་པོར་མངའ་གསོལ། ནར་སོན་ནས་བཙུན་མོ་མཆིམས་བཟའ་བཙན་མེ་ཏོག་ཁབ་ཏུ་བཞེས། མགར་གྱི་བུ་གཉའ་བཙན་(77ན)ལྡེམ་བུ་དང་དབས་ཏར་ཁོང་ལོད་ཀྱིས་བློན་པོ་བྱས། འདིའི་རིང་ལ་རྩལ་པོ་ཆེའི་མི་བདུན་ཞེས་གྲགས་པ་བྱུང་སྟེ། རྔོག་རིང་ལ་ནག་པོས་གླང་པོ་ཆེ་ཐེག་པ། རྔོག་གླིང་ཁམས་ཀྱིས་གཡག་དྲུས་པོ་ཆེ་ཐེག་པ། གནོན་རྒྱལ་མཚན་གྱིས་མདའ་སྟེའུ་ཁ་མས་བྱ་ཁྲའི་སྐེད་པ་བཅད་པ། སྦས་རྒོད་མདོངས་ཅན་གྱིས་མིག་རྒྱང་གསུམ་གྱི་སར་མདའ་རྒྱང་རེས་སླེབས་པ། མགོས་གཡག་ཆུང་གིས་ཤ་བའི་བླུད་བུ་བྱེ་མས་བཀང་སྟེ་ཀླད་ལ་བསྐོར་བ། ཅོག་རོ་འབྲོང་གཤོར་གྱིས་འབྲོང་ཐུར་དུ་རྒྱུག་པ་གྱེན་དུ་འཐེན་ནུས་པ། གནོན་ཁྲི་བདུན་གཡུ་བྱིན་གྱིས་རྟ་བཟང་པོ་གཡང་ལ་མཆོངས་པར་གྱེན་དུ་འདྲེན་ནུས་པ་རྣམས་བྱུང་། རྒྱལ་པོ་འདི་མཐུ་རྩལ་དབང་ཐང་ཤིན་ཏུ་ཆེ་བས་སྔར་བྱང་ཕྱོགས་སྐར་མ་སྨིན་བདུན་འཆར་བའི་མཐའ་སྔོན་ནགས་ཤོད་གཟིག་ཕྲེང་ལས་མ་མཆིས་པ་ལ། འདིས་ག་གོན་དང་ཧོར་དང་སོག་པོ་བཏུལ་ཏེ། ད་ཤབ་ཧབ་ཀྱི་ལ་བརྒྱུད་ལ་གཏུག་གི་བར་མངའ་དབང་མཛད། ལྷ་སར་མེས་ཀྱི་དགོངས་རྫོགས་དུས་མཆོད་ཀྱི་རྒྱུན་ཡང་བཙུགས། དགུང་ལོ་ཉི་ཤུ་རྩ་དགུའི་བར་སྲིད་བསྐྱངས་ནས་ལྕགས་འབྲུག །སྤྱི་ལོ་༧༤༠པར་ལྗང་གི་ཡུལ་དུ་གནམ་ལ་གཤེགས། བང་སོ་ཡབ་མང་སྲོང་(77བ)གི་གཡོན་དུ་བརྩིགས་སོ། །རྗེ་དེ་དང་མཆིམས་བཙན་མེ་ཏོག་གི་སྲས་ཁྲི་ལྡེ་གཙུག་བརྟན་ཞེས་བྱ་བ་ཡབ་གཤེགས་པའི་ལོ་དེ་ཉིད་ལ་ཕོ་བྲང་ལྡན་དཀར་དུ་སྐུ་འཁྲུངས་པ་རྒྱལ་པོར་མངའ་གསོལ་ནར་སོན་པ་ན་བཙུན་མོ་ལྗང་མོ་ཁྲི་བཙུན་ཁབ་ཏུ་བསུས། བློན་པོ་སྦས་སྐྱེས་བཟང་སྟོང་བཙན་དང་། མཆིམས་རྒྱལ་གཟིག་ཤུ་ཏིང་དང་། འབྲོ་ཆུ་བཟང་དར་མ་གསུམ་གྱིས་བྱས་ནས་སྲིད་བསྐྱངས། རྒྱལ་པོ་འདི་དར་ལ་བབས་པ་ཉིད་ནའང་སྨ་ར་དང་བགྲེས་ཉམས་ཆེ་བས་རྒྱལ་པོ་མེས་ཨག་ཚོམ་དུ་གྲགས། དེས་སྲོང་བཙན་གྱི་བཀའ་ཆེམས་མཆིམས་ཕུའི་དཀོར་མཛོད་ན་ཡོད་པ་དེ་ལ་གཟིགས་པས། ད་སྟེ་གདུང་རབས་ལྔ་ན་ངའི་དབོན་སྲས་རྒྱལ་པོ་ལྡེ་ཞེས་བྱ་བའི་རིང་ལ་དམ་པའི་ཆོས་འབྱུང་བར་ལུང་བསྟན་པར་མཐོང་ནས་དེ་ང་ཡིན་སྙམ་དུ་དགོངས་ཏེ། བྲན་ཀ་མུ་ལེ་ཀོ་ཥ་དང་། གཉགས་ཛྙཱ་ན་ཀུ་མཱ་ར་གཉིས་རྒྱ་གར་དུ་ཆོས་འཚོལ་བར་བཏང་བས། རྒྱ་གར་གྱི་པཎྜི་ཏ་སངས་རྒྱས་གསང་བ་དང་། སངས་རྒྱས་ཞི་བ་གཉིས་གངས་ཏི་སི་ལ་སྒོམ་མོ་ཞེས་ཐོས་ཏེ་སྤྱན་འདྲེན་དུ་ཕྱིན་པས་མ་འདྲོངས། དེ་གཉིས་ཀྱི་ཐུགས་ནས་མདོ་སྡེ་ལས་རྣམ་འབྱེད་དང་། གསེར་འོད་དམ་པ་དང་། ཀྲི་ཡ་དང་ཨུ་པ་ཤས་ཆེ་ཙམ་ཞུས། གླེགས་བམ་(78ན)སྤྱན་དྲངས་ནས་རྒྱལ་པོའི་མཆོད་གནས་སུ་ཕུལ་བས། དེའི་བཞུགས་ཁང་དུ། ལྷ་སར་མཁར་བྲག །བྲག་དམར་མགྲིན་བཟང་། མཆིམས་ཕུ་ནམ་རལ། བྲག་དམར་ཀེ་རུ། མས་གོང་གི་གནས་ཏེ་ལྷ་ཁང་ལྔ་བཞེངས། ལྷ་ཆོས་མཛད་པའི་བྱིན་རླབས་ཀྱིས་སྔོན་ནུབ་ཕྱོགས་ཟླ་བ་ཚེས་པའི་མཐའ་ལ་ཀེམ་གཡག་མིག་ལས་མ་མཆིས་པ་ལ། འདིས་ཏང་ཏང་དང་སིང་གུར་བཏུལ་ཏེ་རྦ་སྟག་ཤ་དུང་གི་སྒོ་མོ་ལ་ཐུག་གི་བར་མངའ་དབང་མཛད་དོ། །དེའི་ཚེ་ཞང་བློན་ཀུན་རྩེ་བྲོ་ཆག་ཅིང་བྲེལ་བ་ཆེ་བས་མ་དགའ་ནས། ངེད་ཀྱི་བཙན་པོ་འདི་ནི་དད་པ་ཆེ་ཞིང་ཆོས་ལ་དགའ་བ། བྱད་མི་མཚར་བ་འདུག་པས་བྲམ་ཟེ་ཡིན་ནམ་ཞེས་གླེང་། དེ་རྗེའི་སྙན་དུ་གསན་པས། ང་བྲམ་ཟེ་ཡིན་པར་གྱུར་ན་ངའི་ལྗང་མོ་ཁྲི་བཙུན་འདི་ལ་བུ་ང་བས་ཞན་པ་བྱད་མི་སྡུག་པ་གཅིག་ཤོག་ཅིག །ང་བཙན་པོ་མ་ནོར་བ་ཡིན་ན་བུ་ཞང་བློན་རྣམས་ཀྱིས་བཅོས་མི་ཐེག་པར་ཤོག་ཅིག་ཅེས་དམོད་བཙུགས་པས། ཁྲི་བཙུན་ལ་སྲས་ལྷའི་བུ་དང་འདྲ་བ་སྣའི་གཟེངས་མཐོ་བ་དཔྲལ་བའི་དབྱེས་ཆེ་བ་ཤིན་ཏུ་མཛེས་པ་ཞིག་བཙས་པས། ཞང་བློན་རྣམས་ན་རེ། བོད་ཀྱི་བཙན་པོ་ཡང་དག་པའོ་ཟེར། སྲས་ལ་མི་མིན་ལྷའི་སྲས་པོ་ཡིན་ཟེར་ནས་(78བ)མཚན་ཡང་ལྗང་ཚ་ལྷ་དབོན་དུ་གསོལ། དེ་ལ་ཁབ་རན་པ་ན་བོད་ཀྱི་མི་སྤྲེའུ་དང་བྲག་སྲིན་གྱི་བརྒྱུད་པས་བུ་འདིའི་ཇོ་མོར་མི་འོས། མེས་པོ་སྲོང་བཙན་སྒམ་པོའི་ལུགས་སུ་བྱ་ཟེར་ནས། རྒྱ་རྗེ་ལི་ཁྲིར་བཞེར་མང་མའི་སྲས་མོ་གྱིམ་ཤིང་ཀོང་ཇོ་བྱ་བ་ཡོད་ཟེར་བ་དེ་ལེན་པར་ཞལ་འཆམ། གཉགས་ཁྲི་བཟང་ཡང་སྟོན་ལ་འཁོར་སུམ་ཅུ་དང་བཅས་གཉེ་བོར་བཏང་ནས་རྒྱ་རྗེ་ལ་སྒྲོམ་བུ་ཕུལ་བས། རྒྱ་རྗེས་བུ་མོ་ལ་བསྒོས་པས། བུ་མོས་རང་གི་འཕྲུལ་གྱི་མེ་ལོང་སྲིད་གསུམ་མཐོང་བ་ཞིག་ཡོད་པ་ལ་བལྟས་པས་གྲོགས་སྐལ་བོད་ན་ཡོད་པར་ཤེས་ཤིང་རྒྱལ་བུ་ལྷའི་བུ་འདྲ་བར་མཐོང་ནས་འགྲོ་བར་ཁས་བླངས་ཏེ་བོད་དུ་ཆས། དེའི་སྐབས་ཞིག་ཏུ་རྒྱལ་བུས་མཚན་ལ་རྟ་བཅགས་པས་འཕང་ཐང་དགེ་རར་སྔགས་པས་ཟོར་མདའ་འཕངས་པ་ཕོག་སྟེ་གྲོངས། འདི་ལ་ཁ་ཅིག་ཏུ་གཉགས་ཁྲི་བཟང་ཡང་སྟོན་ནས་ཁོ་རང་གི་བུ་མོ་མ་བླངས་པའི་འཁོན་གྱིས་རྒྱལ་བུ་བཀྲོངས་ཞེས་ཀྱང་བཤད། བང་སོ་མུ་ར་རི་ལ་བརྩིགས། ཀོང་ཇོ་རྒྱ་བོད་ཀྱིས་མཚམས་སུ་སླེབས་པ་ན་གློ་བུར་དུ་སེམས་ལ་ཟུག་རྔུ་ཆེན་པོ་ཞིག་བྱུང་ནས་མེ་ལོང་ལ་བལྟས་པས། རྒྱལ་བུ་ལྷ་དང་འདྲ་བ་དེ་མེད་པར་རྒན་པོ་བཞིན་མི་མཛེས་པ་བྱད་སྤུས་ཁེངས་པ་ཞིག་མཐོང་ནས་སྡུག་བསྔལ་བའི་ཚེ། (79ན)བོད་ཀྱི་རྒྱལ་པོས་ཕོ་ཉ་མངགས་ནས་ཁྱོད་ཀྱི་གྲོགས་སུ་འོས་པ་ངའི་བུ་ལྷ་འདྲ་བ་དེ་ནི་འདས་སོ། །ད་ཁྱོད་རང་ང་ལ་བལྟས་ནས་འོང་ངམ་ཕྱིར་ལྡོག་པ་གང་མོས་གྱིས་ཤིག་ཅེས་བྱུང་བ་ན། བུ་མོའི་འདུན་མ་ལན་གཅིག་ཡིན་གསུངས་ཏེ་བོད་དུ་བྱོན་ནས་ཡབ་རྒྱལ་པོ་མེས་ཨག་ཚོམ་གྱི་བཙུན་མོ་མཛད། དེས་ངའི་ནེ་ནེ་མོ་ཀོང་ཇོའི་ལྷ་གསེར་གྱི་ཤཱཀྱ་མུ་ནེ་བལྟའོ་ཟེར་ནས་ལྷ་སར་བྱོན་པས། ར་མོ་ཆེ་ན་ཇོ་བོ་མ་བཞུགས་པས། མཆོད་པ་བྱེད་ཅིང་ཐམས་ཅད་དུ་བཙལ་བས་ཀྱང་མ་རྙེད། དེ་ནས་འཕྲུལ་སྣང་དུ་མཆོད་པ་ལ་བྱོན་པའི་ཚེ། ཀོང་ཇོའི་ཞལ་ནས། གཙང་ཁང་འདི་སྒོ་ལྔའི་བཟོ་ཚུལ་དུ་འདུག་པ་ལ་བཞི་ལས་མི་འདུག །འདི་ན་གཙང་ཁང་ཞིག་ཡོད་པ་འདྲ་ཞེས་ཟེར་ནས་གློ་འབུར་ལྷོའི་ཡ་ཀླད་ཀྱི་འོག་ཏུ་ཕྱག་གིས་བརྡུངས་པས་སེར་ཀ་ཞིག་བྱུང་། དེ་བརྐོས་ནས་སྒོ་ཕྱེ་བས་ཤཱཀྱ་མུ་ནེ་ལྷམ་མེར་བཞུགས་པ་མཐོང་ནས། ངའི་ནེ་ནེ་མོའི་ལྷ་ཞལ་ཀུན་ལ་བསྟན་དུ་གསོལ། ཞེས་ཇོ་བོ་དེ་ནས་བཏོན་ཏེ་གཙང་ཁང་དབུས་མར་བཞུགས་སུ་གསོལ་ཞིང་ཞལ་མཐོང་གི་མཆོད་པ་བཙུགས། སྔར་གདུང་རབས་གསུམ་གྱི་བར་ལ་ཇོ་བོ་ཤཱཀྱ་མུ་ནེ་མུན་ཁང་དུ་བཞུགས་པ་ལས་རྒྱ་བཟའ་མོ་འདིས་ཞལ་ཕྱེ་བར་མཛད་པ་(79བ)ཡིན། དེ་ན་རེ། ངེད་རྒྱ་ནག་ཏུ་ཆོས་དར་བས་མི་ཤི་བ་ལ་བདུན་ཚིགས་ཡོད། ཁྱོད་བོད་ལ་ཆོས་མ་དར་བས་བློན་པོ་ཤི་བ་ལ་ཟན་སྐལ་མེད་པས་སྙིང་རེ་རྗེ་ཟེར་ནས། མི་ཤི་མ་ཐག་ཏུ་ལྷ་མི་སྟོང་ལ་མཆོད་སྦྱིན་སྩལ་ཏེ་གཤིན་དགེའི་སྲོལ་འཛུག་པར་མཛད་དོ། ། ༈ །དེ་ནས་གངས་ཅན་བོད་ཀྱི་ལྗོངས་ན་རྒྱལ་བསྟན་ཉིན་བྱེད་གསར་དུ་འདྲེན་པའི་ཤིང་རྟ་ཆེན་པོ་འཕགས་པ་འཇམ་དཔལ་དབྱངས་ཉིད་མིའི་བརྫུ་ལ་ཞུགས་པ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཇི་ལྟར་བྱོན་པའི་ཚུལ་ནི། ཡབ་ཁྲི་ལྡེ་གཙུག་བརྟན་ནམ་མེས་ཨག་ཚོམ་དང་། ཡུམ་ཀོང་ཇོ་ཕྱི་མ་གཉིས་ཀྱི་སྲས་སུ་ལྕགས་ཕོ་རྟ། སྤྱི་ལོ་༧༩༠པ་དཔྱིད་ཟླ་ར་བའི་གྲལ་ཚེས་བརྒྱད་རྒྱུ་སྐར་རྒྱལ་ལ་བབས་པའི་ཚེ་ཕོ་བྲང་བྲག་དམར་འོམ་བུའི་ཚུལ་དུ་སྐུ་འཁྲུངས། དེ་སྐབས་བཙུན་མོ་སྣ་ནམ་བཟས་ཀྱང་རྒྱལ་པོའི་སྲས་ཤིག་མངལ་དུ་ཆགས་པ་སྐད་ཟེར་ཞིང་། ཀོང་ཇོའི་སྲས་བལྟམས་མ་ཐག་པ་དེ་འཕྲོག་ནས་ང་ལ་བུ་འདི་སྐྱེས་སོ་ཟེར་བ་ན། ཀོང་ཇོས་རང་གི་ནུ་མ་བསྟན་ནས་སྨྲེ་ངག་བཏོན་ཅིང་ཆོ་ངེས་བོས་ཀྱང་བུ་ཆུང་འཕྲོག་པ་སླར་མ་བཏང་བས། ཀོང་ཇོས་རྒྱལ་པོ་ལ་ཞུས་ཤིང་བློན་པོ་རྣམས་སྦྲན་པར་བྱས་པ་ན། དེར་སྣ་ནམ་བཟས་རང་གི་ནུ་མ་ལ་རང་བབས་ཀྱི་རྫས་(80ན)བྱུགས་ཏེ་ནུ་ཞོ་འོངས་པར་བྱས་ནས་བློན་པོ་རྣམས་ལ་བསྟན་པས། དེ་རྣམས་ཐེ་ཚོམ་དུ་གྱུར་ནས་གང་ཡང་ཟེར་མ་ཤེས་སྐད། དེ་ལྟར་རྒྱ་མོ་ཀོང་ཇོས་དབང་དང་ཤེད་མོས་སྣ་ནམ་བཟའ་མ་ཐུབ་པར་བུ་ཆུང་ཤོར་བས། ད་ནི་བུ་འདིས་ཀྱང་བདག་ལ་ཕན་མི་ཐོགས་པར་འདུག་པས་བོད་ཡུལ་ཕུང་བའི་ཐབས་བྱའོ་སྙམ་ནས། རྗེའི་གདུང་རབས་ཆད་པའི་ཕྱིར་བླ་རི་སེང་གེ་གནམ་དུ་མཆོངས་པ་འདྲ་བའི་རྩེ་མོར་མངལ་ཁྲག་གིས་འཁོར་ལོ་བྲིས་ཏེ་མཆོད་རྟེན་གྱིས་མནན། བློན་པོ་རིག་པ་ཅན་རྒྱུན་འཆད་པའི་ཕྱིར་བློན་པོའི་བླ་རི་སོག་པོ་ཁྲོས་པ་འདྲ་བའི་སྣ་བཅད། བོད་ནང་འཁྲུག་འབྱུང་བའི་ཕྱིར་སྟག་རི་སེང་རི་མཇུག་མ་འབྲེལ་བ་བཅད། མུ་གེ་འབྱུང་བའི་ཕྱིར་མི་སྣའི་རི་འབྲས་ཀྱི་ལྗང་བུ་འདྲ་བའི་རྩ་བ་བཅད། ཀླུའི་གནོད་པ་འབྱུང་བའི་ཕྱིར་མོང་མཁར་གྱི་རི་ཁྱུང་ནམ་མཁའ་ལ་ལྡིང་བ་འདྲ་བའི་མཆུ་བཅད་དོ། །དེ་ནས་སྲས་ལོ་འཁོར་ཞབས་འཛུགས་ཀྱི་དགའ་སྟོན་ལ་བབས་པའི་ཚེ། བཙུན་མོ་གཉིས་པོ་སོ་སོས་ཡབ་མིང་རྣམས་རྒྱ་ཡུལ་དང་སྣ་ནམ་ནས་བོས་ཏེ་བོད་དུ་སླེབས། དུས་ཚེས་བཟང་པོའི་ཉིན་ཕོ་བྲང་ཆེན་པོར་རྒྱལ་པོ་གུང་དུ་གསེར་ཁྲི་ལ་བཞུགས། སྣ་ནམ་པ་རྣམས་གཡས་གྲལ་བྱས། (80བ)རྒྱའི་བློན་པོ་རྣམས་གཡོན་གྲལ་དུ་བྱས་ཏེ་འཁོད་པ་ན། ཡབ་རྒྱལ་པོས་གསེར་སྐྱོགས་འབྲས་ཆང་གིས་བཀང་བ་ཞིག་སྲས་ལ་གཏད་དེ། མ་གཉིས་ལས་སྐྱེས་པའི་བུ་གཅིག་པོ། །ལུས་ཆུང་ཡང་ལྷ་ཡི་རྣམ་འཕྲུལ་ཅན། །སྣོད་གསེར་སྐྱོགས་ཆང་གིས་བཀང་བ་འདི། །བུ་ཁྱོད་རང་གི་ཞང་པོའི་ལག་ཏུ་གཏོད། །མ་གང་ཡིན་གྱི་ཡིད་ཆེས་དེ་ལ་བྱེད། །ཅེས་དམོད་བོར་ནས་བཏང་བས། སྣ་ནམ་པ་རྣམས་ཀྱིས་བྱིས་པ་དགའ་བའི་རྒྱན་གོས་བསྟན་ཏེ་བོས་ཀྱང་མ་འོངས་པར། རྒྱལ་བུ་ན་རེ། ང་ཁྲི་སྲོང་ལྡེ་བཙན་རྒྱ་ཚ་ཡིན། །སྣ་ནམ་ཞང་གི་དོན་མི་འཚལ། །ཞེས་གསུངས་ཏེ་སྲས་གོམ་པ་འདེགས་འཇོག་ཐུབ་ཙམ་པ་དེས་གསེར་སྐྱོགས་རྒྱའི་བློན་པོ་རྣམས་ལ་གཏད་ནས་པང་དུ་སོང་བས་མཚན་ཡང་རང་གིས་བཏགས་སོ་ཞེས་གྲགས། དེར་ཡུམ་རྒྱ་མོ་ཀོང་ཇོ་དགྱེས་ཆེས་ནས་གླུ་བླངས་པ། ཚེ་སྔོན་མའི་ལས་ཀྱིས་འཕེན་པ་ཡིས། །ང་རྒྱ་ནས་འོངས་པའི་བུ་མོ་ལ། །རྗེ་འགྲན་མེད་རྒྱལ་པོའི་སྲས་གཅིག་འཁྲུངས། །ལས་གང་ཡང་སྲིད་པའི་རྔན་ཆེན་ལ། །བུ་རང་ལས་སྐྱེས་པ་གཞན་གྱིས་འཕྲོག །གཏམ་བདེན་པའི་ཚིག་ལ་མ་ཉན་ཞིང་། །བྲང་ནུ་མ་བསྟན་ཀྱང་མ་ཕན་པས། །ང་རྒྱ་མོའི་ལུས་སེམས་གཞོབ་ཏུ་ཐལ། །སེམས་(81ན)ཁོང་ཁྲོའི་ན་ཚ་མ་བཟོད་པས། །ཡུལ་བོད་ཀྱི་རི་དཔྱད་ཉམས་སུ་བཅུག །དུས་དེ་རིང་ལྷ་ཡི་ཉི་མ་ལ། །བུ་ཁྱོད་ཀྱིས་ཞང་ངོ་ཤེས་པ་ལེགས། །ང་ཨ་མའི་ལུས་སེམས་མལ་དུ་བདེ། །ཡུལ་བོད་ཀྱི་རི་དཔྱད་ཉམས་པ་དེ། །རི་དེ་རྣམས་སྐྱོན་མེད་བཅོས་སུ་ཡོད། །ཅེས་བླངས་སྐད། འོན་ཀྱང་སྲས་དགུང་ལོ་ལྔ་བཞེས་པ་ན་ཡུམ་ཀོང་ཇོ་སྐུ་གཤེགས་པས། ས་དཔྱད་ཉམས་པ་རྣམས་ཕལ་ཆེར་གསོ་མ་ཐུབ་པར་ལུས། སྟག་རིའི་སེང་རིའི་བར་མཆོད་རྟེན་གྱིས་སྦྲེལ་བ་ཙམ་དང་། མི་སྣའི་རིའི་རྩ་བར་རྩིག་པ་ཅུང་ཟད་བྱས་སྣང་། །སྲས་དགུང་ལོ་ཆུང་ངུའི་དུས་ན། སང་ཤི་རྒྱ་ཡུལ་དུ་གཙུག་ལག་འགའ་ཞིག་ལེན་དུ་བཏང་བ་ལམ་དུ་ཞུགས་པ་དང་། རྒྱ་ཡུལ་གྱི་ཇུ་ཞག་མཁས་པ་ཞིག་ནས། ད་སྟེ་ཟླ་བ་གསུམ་ན་ནུབ་ཕྱོགས་བོད་ཡུལ་ནས་བཙན་པོའི་ཕོ་ཉ་རྟགས་དང་ཤ་ཚུགས་འདི་འདྲ་བ་ཞིག་འབྱུང་ངོ་ཞེས་གཟུགས་བརྙན་བྲིས་ནས་རྒྱལ་པོར་གསོལ་བ་བཞིན་བྱུང་བས་རྒྱ་རྗེ་དགྱེས་ནས། མཐིང་ཤོག་ལ་གསེར་གྱིས་བྲིས་པའི་གླེགས་བམ་སོགས་བྱ་དགའ་ཆེན་པོ་གནང་། དེ་ནས་རྒྱལ་སྲས་དགུང་ལོ་བཅུ་གསུམ་གྱི་ཐོག་ཏུ་ཕེབས་པ་ཆུ་ཕོ་རྟ། སྤྱི་ལོ་༨༠༢པར་རྒྱལ་སྲིད་ཀྱི་བདག་པོར་མི་འཇིགས་(81བ)སེང་གེའི་ཁྲི་ལ་མངའ་གསོལ་བར་མཛད། མི་རིང་བར་ཡབ་རྒྱལ་པོ་ཁྲི་ལྡེ་གཙུག་བརྟན་དགུང་ལོ་དྲུག་ཅུ་རེ་གསུམ་པ་ཆུ་ཕོ་རྟའི་ལོར་ཡར་འབྲོག་རྦ་ཚལ་དུ་ཆིབས་འདྲོགས་པའི་རྐྱེན་གྱིས་གནམ་དུ་གཤེགས། བང་སོ་མུ་ར་རི་ལ་བརྩིགས་སོ། །སང་ཤི་སླར་རྒྱ་ཡུལ་ནས་བོད་དུ་འོང་བའི་ལམ་དུ་ཧ་ཤང་མངོན་ཤེས་ཅན་ཞིག་ལ་བོད་ཀྱི་བདེ་དོགས་སོགས་ལུང་བསྟན་ཞུས་པས། ཧ་ཤང་དེས་མངོན་ཤེས་ཀྱིས་བལྟས་པ་ན། བོད་ཀྱི་བཙན་པོ་ནི་སྐུ་གཤེགས་ཟིན་ལ། རྒྱལ་བུ་ནི་སྐུ་ནར་མ་སོན་པས། བློན་པོ་སྡིག་པ་ལ་དགའ་བ་རྣམས་ཀྱིས་ཁྲིམས་བུ་ཆུང་བཅས་ཏེ་ཆོས་བཤིག །བྲག་དམར་མགྲིན་བཟང་བྱ་བའི་ཐུགས་དམ་ཞིག་འདུག་པ་དེ་ཡང་རྨང་ནས་བསྒྱེལ་ཏེ་འདུག །ད་ཆོས་དར་བར་འདོད་ན་སང་ཤི་ཁྱོད་ཀྱིས་བཙན་པོའི་ཞབས་འབྲིང་བ་མཛོད་ལ། སླད་ཀྱི་རྒྱལ་བུ་དེ་སྐུ་ནར་སོན་པ་དང་། དེའི་ཞལ་ནས་མུ་སྟེགས་རིག་བྱེད་ཀྱི་ཆོས་ཤིག་གླེང་དུ་འོང་གིས། དེ་ཙ་ན་འདི་སྙན་དུ་གསོལ་ཅིག་དང་དེས་རྒྱལ་བུ་དད་པ་སྐྱེའོ། །དེའི་རྗེས་ལ་འདི་སྙན་དུ་གསོལ་བས་དད་པ་ཆེར་སྐྱེ། དེའི་རྗེས་ལ་འདི་སྙན་དུ་གསོལ་བས་རྒྱལ་བུས་ཆོས་བྱེད་པར་འགྱུར་རོ། །ཞེས་གསུངས་ཏེ་གླེགས་བམ་གསུམ་བསྐུར་ནས། སླད་ཀྱི་བོད་མི་ལ་ཆོས་ཀྱི་སྐལ་བ་ཡོད་པས་(82ན)མཐར་ཆོས་རྒྱས་པར་འགྱུར་རོ། །རྒྱལ་པོ་དེའི་དགེ་བའི་བཤེས་གཉེན་དུ་བསམ་བཞིན་འཁྱུངས་པ་ཟ་ཧོར་རྒྱལ་པོའི་སྲས་དགེ་སློང་ཤཱནྟ་རཀྵི་ཏ་ཞེས་བྱ་བ་ཞིག་འདུག་པ་དེས་ཁྱོད་བོད་ཀྱི་སྐྱེ་འགྲོ་རྣམས་འདུལ་སྐལ་ཡོད་དོ་ཞེས་གསུངས་པ་སང་ཤིས་ཡིད་ལ་བཟུང་སྟེ། ཧ་ཤང་གཅིག་ཁྲིད་ནས་བོད་དུ་འོངས་པ་ན། དེ་སྐབས་རྒྱལ་བུ་ཆབ་སྲིད་བཞེས་མ་ཐག་པ་ལ་སྐུ་ཅུང་ཟད་ནར་མ་སོན་པས། ཞང་བློན་མ་ཞང་གྲོམ་པ་སྐྱེས་ན་རེ། རྒྱལ་པོ་སྐུ་ཚེ་ཐུང་བ་ཆོས་བྱས་པས་ལན་ཏེ་བཀྲ་མ་ཤིས། ཚེ་ཕྱི་མར་སྐྱེ་བ་ལེན་རྒྱུ་ཡོད་པ་སྐད་ཟེར་བ་རྫུན་ཡིན། ཚེ་འདིའི་རྐྱེན་བཟློག་ནི་བོན་གྱིས་བྱས་པས་ཆོག །ད་ཕྱིན་སུས་ཆོས་བྱེད་པ་བྱུང་ཡང་དེ་ཕོ་རེང་དུ་མཐར་སྤྱུག་གོ་ཞེས་ཁྲིམས་བུ་ཆུང་གསར་དུ་བཅས། བློན་པོ་ཆོས་ལ་དགའ་བ་མང་འབལ་གཉིས་ལ་བསྐྱོན་ཕབ་སྟེ་བོད་ནག་པོར་བཏང་། ར་མོ་ཆེའི་གཙུག་ལག་ཁང་ན་ཡོད་པའི་གསེར་གྱི་ལྷ་ཤཱཀྱ་མུ་ནེ་འདི་རྒྱའི་ལྷ་ཡིན་པས་སླར་རྒྱ་ཡུལ་དུ་བསྐྱལ་བར་བྱ་ཟེར་བ་ལས། ལྷ་དེ་དང་པོ་རྟ་པ་མི་གཅིག་གིས་པང་དུ་ཐེག་པ་ལ་དེ་དུས་མ་ཐེག་པས། ལྷ་དེ་འབྲེང་པའི་དྲ་བར་བཅུག་སྟེ་མི་སུམ་བརྒྱས་སྒོ་རུ་ཕྱུངས། དེ་རྗེས་མི་སྟོང་ཕྲག་གིས་མཁར་བྲག་གདོང་གི་ཐད་ཀར་བཏོན་ནས་(82བ)ཕྱིན་པ་དང་། མི་སྟོང་ཕྲག་གིས་ཀྱང་མ་ཐེག་པས། དེར་བྱེ་མའི་དོང་བྲུས་ཏེ་སྦས་ནས་རྦ་རྗེ་ཁོལ་ལ་གཏད་ནས་བཞག །འཕྲུལ་སྣང་གི་གཙུག་ལག་ཁང་དུ་བཤས་ར་བྱས་ནས་སྐུ་རྣམས་ལ་པགས་པ་གཡོགས་ཤིང་ཕྱག་ལ་ནང་ཆ་དང་ལུག་ཁོག་བཀལ་བ་སོགས་བྱས། ཕྱིན་ཆད་མི་ཤི་བ་ལ་བདུན་ཚིགས་བྱེད་དུ་མེད་པའི་ཁྲིམས་བཅས། དུས་སྐབས་དེ་དག་གི་ཚེ་སྣ་ནམ་ཁྲི་ཐོག་རྗེ་ཐོག་ལ་འབར་བྱ་བ་བརྒྱལ་ནས་ཤི །ཅོག་རོ་སྐྱེས་བཟང་རྒྱལ་མགོ་བྱད་སྐམ་ནས་ཤི་བས། ལྟས་མཁན་དང་མི་ཕལ་ཆེར་གྱིས་ལྷ་ས་འོག་ཏུ་སྦས་པས་ལན་ཟེར་བ་ན། དེ་ལས་བཏོན་ཏེ་སྐྱིད་གྲོང་དུ་བསྐྱལ། བྲག་དམར་མགྲིན་བཟང་བཤིག་འདུག་པ་མཐོང་བས་སང་ཤིས་རྒྱའི་གླེགས་བམ་རྣམས་མཆིམས་ཕུའི་རྫ་ལ་སྦས། ཧ་ཤང་སླར་སློག །སྐབས་དེར་སྦ་གསལ་སྣང་གི་བུ་དང་བུ་མོ་མིང་སྲིང་གཉིས་དུས་གཅིག་ཏུ་གུམ་པས། སང་ཤིའི་རྩར་ཧ་ཤང་ཡོད་པ་བོས་ཏེ་དྲིས་པས། ཚེ་སྔ་ཕྱི་ཡོད་ལ་ཆོས་བདེན་ཟེར་བས། འོ་ན་མིང་སྲིང་གཉིས་ལ་བདུན་ཚིགས་གནང་བར་ཞུས་པས། ཧ་ཤང་གིས་དེ་གཉིས་ལྷར་སྐྱེ་བ་དག་འམ། སླར་ཁྱེད་རང་གི་བུར་སྐྱེ་བ་དགའ་གསུངས་པས། ཕ་ནི་ལྷར་སྐྱེ་བ་དགའ་ཞིང་། མ་ནི་རང་གི་བུར་སྐྱེ་བ་དགའ་བྱས་(83ན)པས། ཧ་ཤང་གིས་བུའི་རུས་པ་ལ་ཆོ་ག་བྱས་ཏེ་གདུང་ཤ་རི་རམ་དུ་སོང་བས་ལྷར་སྐྱེ་བར་ལུང་བསྟན། ཡིད་ཆེས་རྟགས་སུ་བུ་མོའི་རོའི་ཁར་མུ་ཏིག་སྲན་མ་ཙམ་ཞིག་མཚལ་ཆུས་བསྐུས་ཏེ་འགྲམ་པ་གཡོན་དུ་བཅུག་ཅིང་ཆོ་ག་བྱས་ནས། རྫ་ཁོག་ཏུ་བཅུག་སྟེ་མལ་འོག་ཏུ་སྦས་ནས་སང་ཕོད་ཁྱོད་རང་གི་བུར་སྐྱེའོ་ཞེས་ལུང་བསྟན་པས། སང་ཕོད་གསལ་སྣང་གི་ཁབ་ལ་བུ་ཞིག་སྐྱེས་ཏེ་ཁ་ནས་མུ་ཏིག་དང་འགྲམ་པ་གཡོན་དམར་པོ་བྱུང་། མལ་འོག་གི་རྫ་ཁ་ཕྱེས་ཏེ་བལྟས་པས་ཤུལ་ཧ་རེ་སྣང་སྐད། བུ་དེ་བཙས་ནས་ལོ་གཅིག་ལོན་པ་དང་མ་བསླབས་པར་ཞང་པོ་དང་ནེ་ནེ་མོ་ཡང་ངོ་ཤེས་ཏེ་སྔོན་བཞིན་དུ་འབོད་པ་ལ་སོགས་པ་བྱུང་བས་ཚེ་ཕྱི་མ་ཡོད་པར་ཡིད་ཆེས། དེ་ནས་རྒྱའི་ཧ་ཤང་དེ་ལས་གསལ་སྣང་གིས་སྒོམ་ལུང་ནོད་དེ་གཞན་ལ་གསང་ནས་རྟག་ཏུ་བསྒོམ། རྗེའི་སྙན་དུ་སངས་རྒྱས་ཀྱི་གསུང་རབ་འཚོལ་བའི་སླད་དུ་རྒྱ་གར་དང་བལ་ཡུལ་དུ་འགྲོ་བར་གསོལ་བས་མང་ཡུལ་གྱི་ཁད་དཔོན་དུ་བརྫངས། དེ་ནས་གསལ་སྣང་གིས་མང་ཡུལ་དུ་མ་བསྡད་པར་རྒྱ་གར་དུ་བརྟོལ། རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་དང་ན་ལེནྡྲའི་རྟེན་རྣམས་ལ་མཆོད་པ་བྱས། མཁན་ཆེན་བོ་ངྷི་སཏྭ་ཞལ་མཇལ་ཏེ་མང་(83བ)ཡུལ་དུ་སྤྱན་དྲངས་ནས་སེམས་བསྐྱེད་ཞུས། བོད་ཀྱི་རྒྱལ་པོའི་དགེ་བའི་བཤེས་གཉེན་མཛད་དེ་གཤེགས་པར་ཞུས་པས། མཁན་པོའི་ཞལ་ནས། ངའི་གདུལ་སྐལ་བོད་ཡིན་ཏེ་བོད་ཀྱི་བཙན་པོ་དང་ཁྱོད་གཉིས་མ་སྐྱེས་པས། བོད་ཀྱི་རྒྱལ་པོ་གདུང་རབས་དགུ་བརྗེས་ཀྱི་བར་དུ་ངས་རྒྱ་གར་དང་བལ་ཡུལ་གཉིས་སུ་ཕར་འགྲོ་ཚུར་འགྲོ་བྱས་ནས་སྒུག་གིན་བསྡད་པ་ཡིན། ད་བཙན་པོ་དང་ཁྱོད་གཉིས་ནར་སོན་ཏེ་དུས་ལ་བབས་པ་ཡིན་པས། ཡུལ་བྱན་དཀར་ཆུ་བོ་ལུ་ཧི་ཏའི་འགྲམ་ཧས་པོ་རིའི་དྲུང་གི་བྲག་དམར་དུ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པ་ཞེས་བྱ་བའི་གཙུག་ལག་ཁང་ཞིག་བརྩིགས་ལ་ངས་དགེ་བའི་བཤེས་གཉེན་བྱའོ། །དེའང་ཁྱོད་ནི་ཚེ་འདི་ལ་ངོ་ཤེས་ཤིང་སེམས་བསྐྱེད་དུ་བཅུག་པ་ཙམ་མ་ཡིན་གྱི། ཚེ་རབས་དུ་མའི་སྔོན་རོལ་ནས་སེམས་བསྐྱེད་པའི་ཆོས་ཀྱི་བུ་རབ་ཡིན་པས་མིང་ཡང་ཡེ་ཤེས་དབང་པོར་གདག་གོ་ཞེས་གསུངས་ནས་སྤྱི་བོར་ཕྱག་གིས་བྱུགས་ཏེ་བྱིལ་བྱིལ་མཛད། ཞུས་པ་རྣམས་བཀས་གནང་། དེའི་ཚེ་ནམ་མཁའ་ལས་ཀྱང་དགེའོ་ཞེས་པའི་སྒྲ་ལན་གསུམ་དུ་བྱུང་། མཁན་པོ་སླར་བལ་ཡུལ་དུ་གཤེགས། གསལ་སྣང་མང་ཡུལ་ནས་མར་འོངས་ཏེ་ཕོ་བྲང་རླུང་འཚུབས་སུ་རྗེ་དང་(84ན)མཇལ། དེར་ས་དབེན་པ་ཞིག་ཏུ་བཞེས་པ་འདྲེན་པའི་ཚེ། རྗེ་ལ་ལྷ་ཆོས་བཟང་པོ་མཛད་པར་རིགས་པ་དང་། མཁན་པོ་བོ་ངྷི་སཏྭ་ཞེས་བྱ་བ་མཁས་ཤིང་བཙུན་ལ་མངོན་པར་ཤེས་པ་མངའ་བ་སོགས་ཡོན་ཏན་དུ་མ་དང་ལྡན་པ་ཞིག་དགེ་བའི་བཤེས་གཉེན་དུ་ཞུ་བ་གསོལ་བ་ལས། ལན་དུ་མཁན་པོས་འདི་སྐད་གསུངས་ཞེས་ཞིབ་ཏུ་ཞུས་པས། རྗེའི་ཞལ་ནས། ཞང་བློན་གྱིས་ཁྱོད་གསོད་དུ་འོང་གིས། ངས་ཞང་ཉ་བཟང་ལ་ལྐོག་ཏུ་བསྒོས་ཏེ་ཞང་བློན་གྱི་མདུན་སར་ཁད་ཀྱིས་གསོལ་དུ་གཞུག་གོ །ཁྱོད་རེ་ཞིག་ཡུལ་དུ་སོང་ལ་ཡིབ་ནས་སྡོད་ཅིག་ཅེས་བཀའ་བསྩལ་ནས་གསལ་སྣང་ཡུལ་དུ་ལོག་སྟེ་གོམ་པར་བྱེད་དོ། །དེ་ནས་མི་རིང་བར་རྒྱལ་བུ་སྐུ་ནར་སོན་པ་དང་ཡབ་མེས་ཀྱི་ཡི་གེ་གཟིགས་ནས་ཞང་བློན་རྣམས་དང་གྲོས་མཛད་དེ། ངའི་ཡབ་མེས་ཀྱི་ཡི་གེ་ན་འབངས་བདེ་བའི་ཚིས་ཀྱི་ལོ་རྒྱུས་དང་སྦྱར་ན་ཡབ་མེས་ཀྱིས་རྫུ་འཕྲུལ་རྙེད་པ་འདྲ་གསུངས། བློན་པོ་དག་ན་རེ། ཡབ་མེས་ཀྱི་ལོ་རྒྱུས་དེ་ཅི་འདྲ་ཞིག་བདོག་ཟེར། དེར་བཙན་པོས་རྒྱ་བཟང་མེ་མགོ་ལ་ངའི་ཡབ་མེས་ཀྱི་སྐུ་རིང་དུ་རྒྱའི་གཙུག་ལག་གི་ལོ་རྒྱུས་ཞེས་བྱ་བ་ཞིག་བྱུང་བར་གྲགས་ན། དེ་ཇི་ལྟར་བྱུང་བ་སྨྲོས་(84བ)དང་ཞེས་གསུངས་པས། མེ་མགོས་ལོ་རྒྱུས་ཇི་ལྟར་བྱུང་བའི་ཡི་གེ་བཀླགས་པ་དང་། བཙན་པོའི་ཞལ་ནས། གཙུག་ལག་དེ་ནི་ཤིན་ཏུ་བཟང་ངོ་། །ངའི་ཡབ་མེས་ཀྱིས་ཆོས་ལུགས་བཟང་པོ་ཞིག་སྐུ་ཉམས་སུ་བཞེས་སོ། །ད་འཇིག་རྟེན་གྱི་སྤྱོད་པ་བཟང་པོ་ཅི་བྱུང་བ་བལྟ་ཞེས་གསུངས་པ་དང་། སང་ཤིའི་བསམ་པར། ཧ་ཤང་མངོན་ཤེས་ཅན་གྱིས་ནམ་ཞིག་རྒྱལ་བུས་མུ་སྟེགས་ཀྱི་ཆོས་གླེང་བའི་དུས་སུ་ལྷ་ཆོས་སྙན་དུ་གསོལ་ཅིག་བྱ་བ་དེ་ནི་འདི་ཡིན་པ་འདྲ་སྙམ་དུ་བསམས་ནས། རྒྱའི་ལྷ་ཆོས་བཟང་པོ་བྱུང་ན་ལོ་རྒྱུས་དེ་དག་དེའི་ཆ་ཙམ་ལའང་འགྲན་དུ་མེད་དོ་ཞེས་གསོལ་བ་དང་། རྒྱལ་པོའི་ཞལ་ནས། རྒྱའི་ལྷ་ཆོས་བཟང་པོའི་གཏན་ཚིགས་ཁྱོད་ལ་ཡོད་དམ་གསུངས་པས། སང་ཤིས་མཆིས་སོ་ཞེས་ཞུས་ནས། ངྷརྨ་མཆིམས་ཕུའི་རྫ་ལ་སྦས་པ་བླངས་ཏེ་ཧ་ཤང་གི་ལུང་བཞིན་དུ་བྲིམས་པ་ནི། དང་པོ་དགེ་བ་བཅུའི་མདོ་བཀླགས་པས་དེ་ལ་རྒྱལ་པོ་དད་པ་སྐྱེ་ཞིང་སྤྱོད་པ་དག་པར་གོ །དེ་ནས་རྡོ་རྗེ་གཅོད་པ་བཀླགས་པས་དེས་ལྟ་བ་དག་པར་གོ་ནས་རྒྱལ་པོ་དད་པ་ཆེར་སྐྱེས། དེ་ནས་ས་ལུ་ལྗང་པ་བཀླགས་པས་ལྟ་སྤྱོད་ཟུང་འབྲེལ་དུ་གོ་ནས་ཆོས་ལ་ཡིད་ཆེས་ཀྱི་དད་པ་སྐྱེས་ཏེ། འདི་ལྟ་བུའི་ཆོས་བཟང་པོ་འདི་(85ན)ངའི་སྐུ་རིང་ལ་རྙེད་པ་ཆེས་ངོ་མཚར་ཆེ་ཞིང་། གསལ་སྣང་གིས་ང་ལ་ལྷ་ཆོས་མི་སྤྱད་དུ་མི་རུང་ཟེར་བ་ཡང་བདེན་པར་འདུག །ལྷ་ཆོས་འདི་ལྟ་བུ་ཕྱག་ཏུ་ཕུལ་བ་འདི་ལས་དགའ་བ་མེད་ཀྱི་གསུངས་ནས། གསལ་སྣང་ལ་དངུལ་གཡུང་དྲུང་གི་སྟེང་དུ་གསེར་ཆེན་པོ་དང་། སང་ཤི་ལ་ཕྲ་མེན་གཡུང་དྲུང་གི་སྟེང་དུ་གསེར་ཆུང་ངུ་བཅས་བྱ་དགར་སྩལ། ཁྱོད་ཀྱིས་སྤྱན་དྲངས་པའི་རྒྱ་ཡུལ་གྱི་ངྷརྨ་ཀུན་དང་མང་ཡུལ་གྱི་ཆོས་རྣམས། རྒྱ་མེ་མགོ་དང་། རྒྱ་གར་ཨ་ནནྟ་སོགས་སྐད་ཡིག་ལ་མཁས་པ་སུ་ཡོད་པས་བསྒྱུར་ཅིག་ཅེས་བཀའ་བསྩལ་པས། དེ་གསུམ་གྱིས་ཧས་པོ་རིའི་བྱ་སྐྱིབ་ཏུ་རྒྱ་ཆོས་བོད་སྐད་ལ་བསྒྱུར་བའི་ཚེ། བློན་པོ་ངམ་རྟ་ར་གླུ་གོང་དང་ཞང་མ་ཞང་སོགས་འོངས་ཏེ། གྲི་བོ་ཁྱེད་གསུམ་འདི་ན་ཅི་བྱེད་པ། མ་ཞང་གི་ཁྲིམས་བུ་ཆུང་ལས། མི་ཤི་བ་ལ་བདུན་ཚིགས་བྱེད་ན་ཕོ་རེང་དུ་བཏོན་ནས་སྤྱུག །ལྷོ་བལ་གྱི་ལྷ་མཆོད་དུ་མི་གནང་བ་མ་ཐོས་སམ། བྱ་བ་མང་འདུག །དེ་ནི་ཆོས་ཀྱི་སྐད་འདྲ་ན་རྗེའི་སྙན་དུ་མ་གསོལ་བར་བྱེ་མའི་ནང་དུ་བསུབས་ལ་ཞོག །དེ་བཞིན་མི་བྱེད་ན་ཕྱིས་ཁྲིམས་བུ་ཆུང་དང་སྦྱར་ཏེ་ཤག་གདབ་པར་བྱའམ་ཞེས་ཚིག་རྩུབ་དྲག་པོས་(85བ)རྒོལ་བྱུང་བ་ན། སང་ཤིས་དེ་ལྟར་བྱུང་ཚུལ་རྗེ་ལ་གསོལ་བས། གསལ་སྣང་སླར་མ་འོངས་ཀྱི་བར་དུ་དར་ཅིག་མ་སྒྱུར་ཞིག་གསུངས། དེ་ནས་རྒྱལ་བློན་ཞང་ཉ་བཟང་། བློན་ཆེན་འགོས་རྒན་སོགས་ཆོས་བློན་ཀུན་ཚོགས་ནས་ཆོས་བྱ་བར་བགྲོས་པའི་ཚེ། ཞང་ཉ་བཟང་ན་རེ། མེས་སྲོང་བཙན་གྱི་ལྷ་ཆོས་མཛད་པས་བོད་ལེགས་རྒུ་བྱུང་། ལྷ་སྲས་ཡབ་ཀྱིས་ཀྱང་ཆོས་མཛད་པ་ལས། ཡབ་གཤེགས་པའི་འོག་ཏུ་ཞང་མ་ཞང་གིས་ཆོས་བཤིག །རྒྱའི་ལྷ་དེ་དང་པོ་རྟ་པ་གཅིག་གིས་པང་དུ་ཐེག་པ་ལ། རྒྱ་ཡུལ་དུ་སྐྱེལ་བར་བརྩམ་པའི་ཚེ་མི་སྟོང་གིས་ཀྱང་མ་ཐེག །མང་ཡུལ་དུ་བསྐྱལ་བའི་ཚེ་དྲེའུ་གཉིས་ཀྱིས་ཐེག་པ་བྱུང་། ཆོས་བཤིག་པའི་ཞང་བློན་འགའ་ཞིག་ཀྱང་གློ་བུར་དུ་གུམ། བླ་འོག་གི་མོ་ལ་ལྟས་མཁན་ཀུན་ཀྱང་རྒྱའི་ལྷ་ཁྲོས་པ་ལས་བྱུང་ཟེར་བ་དང་སྦྱར་ན་སྐུ་དང་ཆབ་སྲིད་ལ་མི་གནོད་པར་ཡིད་ཆེས། རྒྱའི་ལྷ་ཡང་སླར་བླངས་ལ་མཆོད་ཅིང་། སྔོན་ལྷ་སྲས་ཡབ་ཀྱིས་ཆོས་མཛད་པ་བཞིན་མཛད་ན་ལེགས་པ་འདྲ་ཡང་། ཞང་མ་ཞང་ཆོས་ལ་མི་དགའ་བས་ཐུགས་དགོངས་འགྲུབ་དཀའོ་ཞེས་གསོལ་བ་དང་། བློན་པོ་འགོས་རྒན་ན་རེ། དེ་ལ་ཐབས་བགྱི་བར་རྔོ་ཐོག་གིས།(86ན)ཁྱོད་རྣམས་ཁོ་བོའི་རྗེས་སུ་རྟིང་གནོན་མཛོད་ཅིག །སླད་ཀྱི་རྗེའི་དགོངས་པ་སྒྲུབ་བོ་ཞེས་ཆད་བྱས། དེ་ནས་འགོས་ཀྱིས་བླ་འོག་གི་མོ་མ་དང་ལྟས་མཁན་ཀུན་ལ་ལྐོག་ཏུ་བྱ་དགའ་བྱིན་ཏེ་རྒྱལ་པོ་དང་ཆབ་སྲིད་ལ་སྐུ་ཆག་ཤིན་ཏུ་ཆེ་བས། རྗེའི་སྐུ་རིམ་གྱི་ཆེད་དུ་ཞང་བློན་སུ་ཆེ་བ་ཟུང་ཞིག་ལོ་གསུམ་གྱི་བར་ལ་དུར་དུ་བཅུག་ན་རྗེའི་སྐུ་ཚེ་དང་ཆབ་སྲིད་འཕེལ་ལོ་ཞེས་བསྒྲག་ཏུ་བཅུག །རྗེ་འབངས་ཀུན་ཚོགས་པའི་དུས་སུ་མོ་ལྟས་ཀྱི་ལོ་རྒྱུས་གླེང་བ་ན། ཞང་ཉ་བཟང་ན་རེ། རྒྱལ་པོ་སྐུ་ཆག་ཆེ་བས་སྐུའི་རིམ་གྲོ་བྱ་བར་རིགས་པས། དེ་ལ་རྗེའི་ཞབས་ཏོག་པ་སུ་ཆེ་བས་ཁས་ལོངས་ཟེར་བས། འགོས་རྒན་ལངས་ཏེ་རྗེའི་ཞབས་ཏོག་ཏུ་ང་ཆེ། བུ་ཚའི་དགེ་དང་ཡིག་ཚང་དུའང་ང་ཆེ། བློན་པོ་ང་ལས་ཆེ་བ་སུ་ཡོད། གཅིག་ངས་བྱེད་ཟེར། དེར་མ་ཞང་ཡང་འགྲན་སེམས་ཀྱིས་ལངས་ཏེ་བློན་པོ་ང་ལས་ཆེ་བ་མེད། རྗེའི་ཞབས་ཏོག་པ་གཅིག་ངས་བྱེད་ཟེར། དེར་སྣ་ནམ་བྲང་ཕུ་རུ་དུར་ཁང་བརྩིགས་ཟིན་ནས་འགོས་རྒན་གྱིས་རྐང་པ་ལ་བྱ་རྒོད་ཀྱི་སྤུའི་ལྷམ་གྱོན་པ་སོགས་ཐབས་འཕྲུལ་དུ་མས་མ་ཞང་དང་ལྷན་ཅིག་པར་དུར་ཁང་ནང་དུ་ཕྱིན། དེའི་མོད་ལ་འགོས་རྒན་ཕྱིར་བྲོས་པས། (86བ)མ་ཞང་གིས་བསྙབས་ཀྱང་རྒོད་སྤུ་སྙིམས་པ་གང་ལས་མ་བྱུང་། དེ་མ་ཐག་དོང་ཁ་བཅད་དེ་མ་ཞང་གསོན་པོར་དུར་དུ་མནན། དེ་ནས་རྗེ་འབངས་ཀུན་ཆོས་བྱ་བར་གྲོས་འཆམ། རྗེའི་ཞལ་ནས། ངའི་ཡབ་མེས་ཀྱིས་ལྷ་ཆོས་མཛད་པ་མ་ཞང་གིས་བཤིག་པ་དེ་ཤིན་ཏུ་མ་ལེགས། ད་ཆོས་བྱེད་པ་ལ་རྒྱ་གར་དང་བལ་པོའི་མཁན་པོ་ལས་ཆོས་མཁས་པའི་ལོ་རྒྱུས་ཅན་སུ་ཡོད། སྦ་གསལ་སྣང་གིས་ཤེས་ཚོད་འདྲ་བས་བོས་ཤིག་གསུངས་པས། བ་ལམ་གླག་ནས་གསལ་སྣང་བོས་ཏེ་སྤྱན་སྔར་སླེབས་པ་ན། སྔར་བཞིན་གསུངས་པས། གསལ་སྣང་ན་རེ། སྔོན་ནི་རྒྱ་གར་ཟ་ཧོར་དུ་བཞུགས་པ་ལས། ད་ལྟ་བལ་ཡུལ་དུ་བཞུགས་པ་ཟ་ཧོར་རྒྱལ་པོའི་སྲས་དགེ་སློང་ཤནྟ་རཀྵི་ཏ་ཞེས་བྱ་བ་སྡེ་སྣོད་གསུམ་ལ་ཤིན་ཏུ་མཁས་པ་ཞིག་མཆིས་ཞུས་པས། འོ་ན་དེ་སྤྱན་མི་འདྲོང་དུ་མི་རུང་གིས་ཁྱོད་རང་བལ་ཡུལ་དུ་སོང་ལ་ངའི་བཀའ་འཕྲིན་གྱི་སྒྲོམ་བུ་བལ་རྗེར་ཕུལ་ཏེ་ཟ་ཧོར་གྱི་མཁན་པོ་སྤྱན་དྲོངས་ལ་ཤོག་ཅིག་ཅེས་གསུངས་པས། གསལ་སྣང་གིས་བཀའ་བཞིན་བལ་ཡུལ་དུ་སོང་སྟེ་བཀའི་སྒྲོམ་བུ་བལ་རྗེ་ལ་ཕུལ། གཉིས་ཀས་མཁན་པོ་བོད་ཡུལ་དུ་གཤེགས་པར་ཞུས་པས། མཁན་པོས་ཀྱང་(87ན)ཞལ་གྱིས་བཞེས་ཏེ་བལ་པོའི་ལོ་ཙཱ་བ་ཞམ་འབྲིང་དུ་ཁྲིད་དེ་བྱོན། མང་ཡུལ་དུ་ཕེབས་པ་དང་། གསལ་སྣང་གིས་བྲག་དམར་ཕོ་བྲང་དུ་ཕོ་ཉ་བ་བཏང་སྟེ་མཁན་པོ་སྤྱན་དྲོངས་ནས་མཆིས་ཞེས་གསོལ་བས། རྗེའི་ཞལ་ནས། ལང་གྲོ་སྣ་ར་དང་། གཉེར་སྟག་བཙན་གདོང་གཟིགས་དང་། སྦྲང་རྒྱས་ལེགས་གཟིགས་བཅས་ཁྱེད་གསུམ་གྱིས་རིམ་གྲོ་གྱིས་ལ་རས་བི་ཧར་དུ་ཕྱག་ཕོབ་ཅིག་ཅེས་བཀའ་བྱུང་བ་བཞིན། ཁོང་གསུམ་གྱིས་མཁན་པོ་མང་ཡུལ་ནས་བསུས་ཏེ་ར་སའི་བི་ཧར་དུ་བཞུགས་སུ་གསོལ། གསལ་སྣང་ཕོ་བྲང་དུ་བཅར་ནས་དོན་གྲུབ་པར་གསོལ་བ་ན། རྗེའི་སྙན་དུ་ཞང་བློན་ཆེན་པོ་དག་གིས་སྔོན་ལ་ལྷོ་བལ་གྱི་བནྔྷེ་ཆོས་ལོག་དང་ངན་སྔགས་ཕྲ་མེན་གྱི་བག་བགྱིད་དམ་མི་བགྱིད་བརྟག་པར་འོས་སོ་ཞེས་གསོལ་བ་བཞིན། རྒྱལ་པོས་མཆིམས་མེ་ལྷ་དང་། སེང་མགོ་ལྷ་ལུང་གཟིགས་དང་། སང་ཤི་སྟེ་མི་གསུམ་བརྟག་ཏུ་བཏང་བས། ཐོག་མར་སྐད་བརྡ་མ་འཕྲོད། དེ་ནས་ཁ་ཆེ་སྐྱེས་བཟང་གི་བུ་ཨ་ནནྟ་ལ་ལོ་ཙཱ་བཅོལ་ནས་ཨ་ཙརྱ་ཅི་འདྲ་ཞེས་དྲིས་པས། ངན་སྔགས་ཕྲ་མེན་མི་མཐུན་པའི་ཕྱོགས་ནི་མི་བགྱིད། ཁོང་གི་ལྷ་སངས་རྒྱས་ནི་སེམས་ཅན་ཀུན་ལ་ཕན་པར་(87བ)བགྱིད་པ་ཞིག་མཆིས། མཁན་པོ་ནི་སྤྱོད་ལམ་ཉེས་སོ་ཅོག་དང་གཞན་ལ་གནོད་པའི་ལས་མི་བགྱིད་ཅིང་། ལེགས་སོ་ཅོག་དང་སེམས་ཅན་ཀུན་ལ་ཕན་པ་ལྷུར་བགྱིད་པ་ཞིག་སྟེ་ཐུགས་འཕྲིག་བཞེས་པའི་བག་མ་མཆིས་སོ་ཞེས་ཟེར་བ་བཞིན། དེ་གསུམ་གྱིས་བཙན་པོའི་སྙན་དུ་གསོལ་བས། འོ་ན་སྤྱན་དྲོངས་ལ་ཕོ་བྲང་བྲག་དམར་དུ་ཐོག་མར་ཞལ་མཇལ་བ་དང་ལ་ཉེ་བརྟག་གོ་གསུངས། དེར་ཕྱག་ཕེབས་པ་དང་བཙན་པོས་གསེར་ཕྱེ་བྲེ་གང་གིས་ཕྱག་རྟེན་བྱས་ཏེ་ཕྱག་འཚལ་བ་ན། མཁན་པོའི་ཞལ་ནས་ང་ངོ་མཁྱེན་ནམ་གསུངས། བཙན་པོས་བདག་གིས་དེ་སྔ་ཞལ་མ་མཇལ་གསུངས་པས། མཁན་པོས་སྔོན་སངས་རྒྱས་འོད་སྲུང་གི་བསྟན་པ་ལ་རང་རེ་རྣམས་གཙུག་ལག་ཁང་རྒྱན་སྲུང་གི་བྱིས་པ་གསུམ་དུ་སྐྱེས་པའི་ཚེ་བྱེ་མའི་མཆོད་རྟེན་ཞིག་བྱས་ཏེ། ངས་པཎྜི་ཏ་བྱེད་པ་དང་། ཁྱེད་ཀྱིས་རྒྱལ་པོ་བྱེད་པ་དང་། གསལ་སྣང་གིས་ཕོ་ཉ་བ་བྱས་ཏེ། མཐའ་འཁོབ་ཀྱི་རྒྱལ་ཁམས་སུ་དམ་པའི་ཆོས་སྤེལ་བར་སྨོན་ལམ་བཏབ་པ་ཐུགས་ལ་མ་ངེས་སམ་ཞེས་གསུངས་པ་ལ། བཙན་པོས་སྒོམ་ཡུན་ཐུང་བས་མ་དྲན་ཞེས་གསུངས། རྒྱལ་པོས་ཨ་ཙརྱ་ཁྱེད་ཀྱིས་ལ་ཉེ་བརྟགས་སམ་ཞུས་པས། མཁན་(88ན)པོའི་ཞལ་ནས། བརྟགས་ལགས་ཏེ། རྒྱལ་པོ་ཁྱོད་ཀྱི་དབུ་ལ་ཐོད་བཅིངས་པ་དང་སྦྱར་ན་སྟོད་དུ་མངའ་རིས་ཞྭ་ཙམ་ཞིག་ཆགས། ཞབས་ལ་ལྷམ་གསོལ་བ་དང་སྦྱར་ན་སྨད་དུ་མངའ་རིས་ལྷམ་ཙམ་ཞིག་ཆགས། སྐུ་ལ་སྐེ་རགས་མ་བཅིངས་པ་དང་སྦྱར་ན་བར་འདིར་རྒྱལ་ཁྲིམས་མྱུར་དུ་འཇིག་ཉེན་ཡོད། འོན་ཀྱང་རིན་པོ་ཆེའི་ཕྱག་རྟེན་ཕུལ་བས་དམ་པའི་ཆོས་བྱར་བཏུབ་བོ་ཞེས་གསུངས། དེ་ནས་ཕོ་བྲང་རླུང་འཚུབས་སུ་ཨ་ནནྟས་ལོ་ཙཱ་བགྱིས་ཏེ་དགེ་བ་བཅུ་དང་། ཁམས་བཅོ་བརྒྱད་དང་། རྟེན་འབྲེལ་བཅུ་གཉིས་ལ་སོགས་པའི་ཆོས་གསུངས་ཏེ། ཟླ་བ་གཉིས་ལོན་པ་དང་། འདྲེ་སྲིན་ནག་པོའི་རིགས་རྣམས་ཁྲོས་ཏེ། ཕོ་བྲང་འཕང་ཐང་ཆུས་ཁྱེར། དམར་པོའི་རི་ལ་ཐོག་རྒྱབ། མི་ནད་དང་ཕྱུགས་ནད་དང་ལོ་ཉེས་བྱུང་བས། བོད་འབངས་ཐམས་ཅད་ཁ་ལོག་ནས་བཙན་པོས་ཆོས་བྱས་པས་ལན། ཨ་ཙརྱ་སླར་སྤྱུགས་ཤིག་ཅེས་ཟེར་ཏེ་ཆོས་བགྱིད་དུ་མ་སྟེར། དེར་ཨ་ཙརྱ་རྔ་ཁང་སྟེང་དུ་དར་དཀར་གྱི་ཡོལ་བའི་ནང་ན་བཞུགས་པ་ལ། རྒྱལ་པོས། སྦ་གསལ་སྣང་། སང་ཤི །ཞང་ཉ་བཟང་། སེང་མགོ །གཉེར་སྟག་བཙན་ཏེ་ལྔ་པོ་ཞབས་འབྲིང་དུ་འཁྲིད་ཅིང་། གསེར་ཕྱེ་བྲེ་གང་བསྣམས་ནས་ཕྱག་དང་བསྐོར་བ་མཛད་དེ་(88བ)སྤྱང་སློག་ནས་གསེར་ཐུམ་མཁན་པོའི་མདུན་དུ་ཕུལ་ཏེ་བྱོན། དེ་ལྟ་བུ་ནུབ་གསུམ་མཛད་པའི་རྗེས་ལ། རྒྱལ་པོས་མཁན་པོ་ལ། བདག་སྐལ་བ་ཆུང་ཞིང་བོད་ནག་པོ་ལ་ཞེན་པའི་སྐབས་སུ་སྐྱེས་པས་དེ་ལས་ལྡོག་པར་དཀའ། ཐབས་མི་མཁས་ན་ལྷ་ཆོས་མི་འགྲུབ་པར་འདུག །རེ་ཞིག་མཁན་པོ་སླར་བཞུད་ལ་བལ་པོའི་ཡུལ་དུ་བཞུགས་ཤིག །སླད་ནས་ཐབས་བགྱིས་ཏེ་བཏུབ་མ་ཐག་སྤྱན་འདྲེན་དུ་གཏོང་ངོ་ཞེས་ཞུས་པས། མཁན་པོས་བལ་རྗེ་དང་འཁོར་ལ་གསེར་ཕྱེ་ཁྱོར་གང་རེ་བསྣམས། གཞན་རྣམས་སླར་རྒྱལ་པོ་ཉིད་ལ་གནང་སྟེ་སྔར་ཡབ་མེས་ཀྱི་སྐུ་རིང་ལ་གཙུག་ལག་ཁང་བཞེངས། ཆོས་བསྒྱུར་བ་སོགས་མཛད་ན་ཡང་། ཆོས་ཚུགས་མ་ཐུབ་པར་སྐེད་ཉག་བྱུང་བ་དང་། རྒྱལ་པོ་འགའ་ཞིག་གི་སྐུ་ཚེ་ཐུང་བ་དང་། ཆོས་མཛད་པའི་ཚེ་གཟིགས་ལྟས་ངན་པ་བྱུང་བ་དང་། བློན་པོ་ཆོས་ལ་མི་དགའ་བ་དག་གི་དབང་དུ་འགྲོ་བ་འདི་རྣམས་ནི་བོད་ཀྱི་ལྷ་སྲིན་གདུག་པ་ཅན་རྣམས་མ་བཏུལ་བས་ལན། ཁོ་བོ་ཕྱི་ནང་གི་སྡེ་སྣོད་ལ་མི་རྨོངས་ཤིང་བྱང་ཆུབ་ཀྱི་སེམས་འབྱོངས་ནའང་དྲག་པོའི་མཐུ་རྩལ་གྱིས་ལྷ་སྲིན་དམ་ལ་མ་ཐོགས་པས་ཉེས་སོ། །འོན་ཀྱང་རྒྱལ་པོའི་ཐུགས་དགོངས་(88ན)སྒྲུབ་པའི་ཐབས་ཡོད་དེ། དེ་ནི་རྒྱ་དང་བལ་ཡུལ་གྱི་མཚམས་ན་ཨོ་རྒྱན་གྱི་སློབ་དཔོན་པདྨ་སམྦྷ་ཝ་ཞེས་བྱ་བ་སངས་རྒྱས་སྣང་བ་མཐའ་ཡས་ཀྱི་ཟློས་གར། སིནྡྷུ་རྒྱ་མཚོའི་གླིང་དུ་སྐུ་འཁྲུངས་ཤིང་ཚེ་ལ་དབང་བའི་རིག་འཛིན་དང་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་བརྙེས་པ། དུས་གསུམ་ཅིག་ཅར་དུ་མཁྱེན་ཅིང་ལྷ་མ་སྲིན་སྡེ་བརྒྱད་བྲན་བཞིན་དུ་འཁོལ་བ། འཛམ་བུའི་གླིང་ན་རིགས་སྔགས་མཁན་འདི་བས་མཐུ་ཆེ་བ་མི་བཞུགས་པས། ད་སྤྱན་དྲངས་ན་རྒྱལ་པོའི་དགོངས་པ་ཡང་འགྲུབ། སངས་རྒྱས་ཀྱི་ཆོས་ཀྱང་སླད་ནས་རྗེས་སུ་བརྟན་པར་འགྱུར་རོ་ཞེས་གསུངས། རྒྱལ་པོས་དེ་ནི་སྤྱན་འདྲོངས་པ་དཀའ་བར་མ་མཆིས་སམ་ཞུས་པས། མཁན་པོའི་ཞལ་ནས། འོ་ཅག་རྣམས་སྨོན་ལམ་གྱི་འབྲེལ་བ་ཡོད་པས་གདན་འདྲོངས་པར་ངེས་ཏེ། འབྲེལ་བ་ཇི་ལྟར་ཡོད་ཅེ་ན། ཐུགས་རྗེའི་བདག་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱིས་སངས་རྒྱས་འོད་དཔག་མེད་ཀྱི་ཞབས་དྲུང་དུ་ཁམས་གསུམ་འཁོར་བ་མ་སྟོངས་ཀྱི་བར་དུ་བདག་འཚང་མི་རྒྱ་བར་དམ་བཅས་ཏེ། འགྲོ་བ་དཔག་ཏུ་མེད་པ་མྱ་ངན་ལས་འདས་པའི་སར་བསྒྲལ་ནས། ད་ནི་འཁོར་བ་ན་སེམས་ཅན་(88བ)གཅིག་ཀྱང་ལུས་པ་མེད་དོ་སྙམ་ནས་གཟིགས་པ་ན། ཅུང་ཟད་བྲི་བའང་མངོན་པར་མི་འདུག་པས་ཐུགས་མུག་ནས་བཤུམ་པའི་སྤྱན་ཆབ་ཐིག་པ་གཉིས་བར་སྣང་ལ་གཏོར་ཏེ། འདི་གཉིས་ལ་བརྟེན་ནས་ཀྱང་སེམས་ཅན་དཔག་ཏུ་མེད་པའི་དོན་བྱེད་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་པའི་མཐུས། མཆི་མའི་ཐིག་པ་དེ་གཉིས་སུམ་ཅུ་རྩ་གསུམ་གྱི་ལྷ་གནས་སུ་བརྒྱ་བྱིན་གྱི་བུ་མོ་གངྒཱ་དང་གང་ཆུང་མར་གྱུར། ནུ་མོས་ཕུ་མོའི་ལྡུམ་ར་ནས་མེ་ཏོག་ཞིག་བརྐུས་པས་ལྷའི་འདུལ་ཁྲིམས་ལས་ཉམས་པས་ཚེ་འཕོས་ཏེ་མི་ཡུལ་དུ་བྱ་རྫི་མོའི་བུ་མོ་བདེ་མཆོག་གསལ་བྱ་བར་སྐྱེས། མོས་བྱ་འཚོས་པའི་གླ་དང་རྒྱགས་ལྷག་བསགས་ཏེ་མཆོད་རྟེན་བྱ་རུང་ཁ་ཤོར་བྱ་བ་ཞིག་བརྩིགས་པ་ལ། བྲེ་དང་སྲོག་ཤིང་མ་འབྱོངས་པར་མོ་རང་ཚེའི་དུས་བྱས་ཏེ་དམ་ཚིག་ལྷ་མོ་པྲ་མོ་ཧ་བྱ་བར་སངས་རྒྱས་སོ། །དེ་ལ་མི་ཡུལ་དུ་རིགས་ངན་བཞི་དང་བཤོས་པའི་བུ་བཞི་ཡོད་དེ། རྟ་རྫི། ཕག་རྫི། ཁྱི་རྫི། བྱ་རྫི་སྟེ་བཞིའོ། །དེ་ལྟར་བུ་བཞིས་མ་བྱ་རྫི་མོའི་དགེ་བའི་ལས་འཕྲོ་བླངས་ཏེ་མཆོད་རྟེན་གྱི་བྲེ་དང་སྲོག་ཤིང་བཙུགས་ནས་འཕྲོ་རྫོགས་པར་འབྱོངས་པ་ན། རབ་གནས་བྱས་ཏེ་བུ་སོ་སོས་སྨོན་ལམ་བཏབ་པ་ནི། ནང་གི་(89ན)ཆེ་ཤོས་དེ་ན་རེ། དགེ་བ་འདི་ཡིས་བདག་སྐྱེ་བ་ཕྱི་མ་ལ་ཆོས་སྐྱོང་བའི་རྒྱལ་པོ་ཞིག་ཏུ་གྱུར་ཅིག །ཅེས་དང་། དེའི་འོག་མས། མཁན་པོ་བྱང་ཆུབ་སེམས་དཔའ་ཞིག་ཏུ་གྱུར་ཅིག །ཅེས་དང་། དེའི་འོག་མས། བསྟན་པ་སྲུང་བའི་སྔགས་འཆང་མཐུ་སྟོབས་ཅན་ཞིག་ཏུ་གྱུར་ཅིག །ཅེས་དང་། ཐ་ཆུང་གིས། སངས་རྒྱས་ཀྱི་བསྟན་པ་འཛིན་སྐྱོང་བསྲུང་བར་མཛད་པའི་ཕུ་བོ་གསུམ་གྱི་ཕྲིན་ལས་པར་གྱུར་ཅིག །ཅེས་སྨོན་ལམ་བཏབ་བོ། །དེའི་དུས་ཀྱི་ཆེ་བ་དེ་རྒྱལ་པོ་ཉིད་ཡིན། དེའི་འོག་མ་བདག་ཡིན། དེའི་འོག་མ་སློབ་དཔོན་པདྨ་ཡིན། དེའི་འོག་མ་སྦ་གསལ་སྣང་ཡིན་པས། དེ་ཕོ་ཉ་རུ་བརྫངས་པར་མཛོད་ཅིག་ཅེས་གསུངས། དེ་བཞིན་བགྱིད་པར་རྗེ་འབངས་ཀུན་ཆད་བྱས། མཁན་པོ་བསྐྲད་པ་ལྟར་བྱས་ཏེ། ལང་གྲོ་གང་བ་དང་། གསལ་སྣང་གཉིས་ཀྱིས་བལ་ཡུལ་དུ་སླར་བསྐྱལ་ནས་ལོག་གོ །ལོ་རྒྱུས་འཆད་ཚུལ་འདི་ནི་སྦ་བཞེད་དང་མཐུན་པར་ལྔ་པ་ཆེན་པོའི་དེབ་ཐེར་ལས་ཀྱང་བྱུང་བ་ལྟར་བཀོད་པ་ཡིན་ལ། ཐང་ཡིག་སོགས་ཡོངས་སུ་གྲགས་པ་ལྟར་ན། མཁན་པོས་ས་འདུལ་མཛད་དེ་བསམ་ཡས་བཞེངས་པའི་ཚེ། ཉིན་མོ་མིས་བརྩིགས་(89བ)པ་རྣམས་མཚན་མོ་ལྷ་འདྲེས་བཤིགས་ཏེ་རི་རྡོ་རི་ལ་བསྐྱལ། ཀླུང་རྡོ་ཀླུང་ལ་བསྐྱལ་ནས་བརྩིག་ཏུ་མ་སྟེར་བས། སླར་མཁན་པོས་ལུང་བསྟན་ཏེ་སློབ་དཔོན་ཆེན་པོ་གདན་དྲངས་པར་མཛད་ཅེས་འབྱུང་ངོ་། །དེ་ནས་སྔར་མཁན་པོས་ལུང་བསྟན་པ་དེ་རྒྱལ་པོ་རང་གི་མནལ་ལམ་དུ་བྱུང་བ་སྐད་མཛད་ནས། ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་སྤྱན་འདྲེན་པའི་ཕོ་ཉར་སྦ་གསལ་སྣང་དང་། སེང་མགོ་ལྷ་ལུང་གཟིགས་གཉིས་ལ། གཡོག་ཏུ་སྣ་ནམ་རྡོ་རྗེ་བདུད་འཇོམས། ལྕེ་ཛྙཱ་ན་སིངྔྷི། མཆིམས་ཤཱཀྱ་པྲ་བྷ། བྲང་ཏི་ཛ་ཡ་རཀྵི་ཏ། ཤུད་བུ་དཔལ་གྱི་སེང་གེ་དང་བཅས། ཕྱག་རྟེན་དུ་གསེར་གྱི་པ་ཏྲ་དང་གསེར་ཕྱེ་མང་པོ་བསྐུར་ནས་སྤྱན་འདྲེན་དུ་བཏང་ངོ་། །ཕོ་ཉ་བ་རྣམས་ལམ་དུ་ངལ་ཞིང་དུབ་པ་སློབ་དཔོན་གྱིས་མཁྱེན་ཏེ་བལ་ཡུལ་ཡང་ལེ་ཤོད་ནས་རྫུ་འཕྲུལ་གྱིས་མང་ཡུལ་རྫའི་ར་བ་གཡའ་རི་གོང་གི་བྲག་ཕུག་ཏུ་བྱོན་ནས་བཞུགས་པ་དང་ལམ་ཁར་མཇལ་ཏེ། སློབ་དཔོན་ཆེན་པོས་མཁྱེན་བཞིན་དུ་ཁྱེད་རྣམས་གར་འགྲོ་ཞེས་གསུངས་པས། དེ་རྣམས་ན་རེ། ངེད་ཅག་བོད་ཀྱི་རྒྱལ་པོས་སློབ་དཔོན་ཆེན་པོ་པདྨ་གདན་འདྲེན་དུ་བཏང་བས་རྒྱ་གར་དུ་འགྲོའོ་ཞེས་ཞུས་པ་དང་། སློབ་དཔོན་གྱིས་ཞབས་ས་ལ་མ་རེག་པར་བཞུགས་ཏེ། དེ་(90ན)ནི་ང་ཡིན་ཏེ་ཁྱེད་རྣམས་རེ་འཕྱིས། ངས་ཟླ་བ་གསུམ་གྱི་བར་དུ་འདིར་བསྡད་པ་ཡིན་གསུངས་པས། དེར་ཁོང་ཐམས་ཅད་དད་པ་སྐྱེས་ཏེ་ཐུགས་རྗེ་རེ་ཆེ་ཟེར་ནས་ཕྱག་འཚལ་ཞིང་བསྐོར་བ་བྱས་ཏེ་གསེར་གྱི་པ་ཏྲ་དང་གསེར་ཕྱེ་རྣམས་ཕུལ་བས། ད་དུང་ཕུལ་ཅིག་གསུངས་པའི་ཚེ། རང་རང་གི་གོས་ལྷམ་ཡང་ཕུལ། ད་དུང་ཕུལ་ཅིག་གསུངས་པས། ཐམས་ཅད་ཀྱིས་བརྐྱང་ཕྱག་འཚལ་ཏེ་ལུས་ཀྱང་ཕུལ་བས། སློབ་དཔོན་ཆེན་པོ་ཤིན་ཏུ་མཉེས་ཏེ་གསུངས་པ། བོད་ཀྱི་དད་པ་ལ་གཡོ་ཟོལ་ཨེ་འདུག་བལྟས་པ་ཡིན་གྱི་གསེར་གྱིས་ཅི་བྱེད། འདོད་ན་སྣང་སྲིད་ཐམས་ཅད་གསེར་དུ་ཡོད་གསུངས་ཏེ། ཕྱག་རྟེན་དུ་ཕུལ་བའི་གསེར་རྣམས་མངའ་རིས་ཕྱོགས་སུ་གཏོར་ནས་མ་འོངས་པ་ན་བོད་དུ་གསེར་གྱི་འདོད་རྒུ་འབྱུང་བའི་རྟེན་འབྲེལ་མཛད། ཕོ་ཉ་བ་རྣམས་ཕང་སེམས་སྐྱེས་པ་ལ། ཐུ་བར་བྱེ་མ་བླུགས་ཏེ་དར་གཅིག་ན་གསེར་དུ་སོང་བས་ངོ་མཚར་སྐྱེས་སོ། །དེར་སྔོན་གྱི་སྨོན་ལམ་གྱི་འབྲེལ་བ་ཡོད་པས་ང་བོད་དུ་འདོང་ངོ་གསུངས་ནས་བཀས་གནང་། འོན་ཀྱང་ངས་ལྷ་འདྲེ་རྣམས་འདུལ་ཞིང་རྗེས་ལ་འོང་གིས། ཁྱེད་རྣམས་མངལ་སྐྱེས་ཡིན་ཕྱིར་ལྷ་འདྲེའི་ཟེར་མི་ཐུབ་པས་སྔོན་ལ་སོང་ཞིག་གསུངས་ནས་བྱིན་རླབས་མཛད་(90བ)ནས་བཏང་། དེ་ནས་བོད་ཡུལ་དུ་རིམ་བཞིན་བྱོན་པ་ན། བོད་ཀྱི་ལྷ་འདྲེ་རྣམས་ལས་ཆོས་ལ་དཀར་བ་དགྲ་ལྷའི་རྒྱལ་པོ་པུ་ཛ་མེ་གྷ་ཞེས་ཀྱང་བྱ། འོ་ཡུག་གཙང་བཙན་ཞེས་ཀྱང་བྱ། དགེ་བསྙེན་རྡོ་རྗེ་ལེགས་པ་ཞེས་ཀྱང་བྱ་བ་མཆེད་འཁོར་སུམ་བརྒྱ་དྲུག་ཅུ་དང་བཅས་པས་མདུན་བསུས་ཏེ་ཕྱག་བྱས་པ་དམ་ལ་བཞག །དེ་ནས་དཔལ་མོ་ཐང་ལ་བྱོན་པ་ན་བོད་ཀྱི་ལྷ་འདྲེ་མོ་རིགས་རྣམས་ལས་མཐུ་རྩལ་ཆེ་བ་བདུད་མོ་བཞི། གནོད་སྦྱིན་བཞི། སྨན་མོ་བཞི་སྟེ། བརྟན་མ་བཅུ་གཉིས་ཀྱིས་བར་ཆད་བྱས་ཏེ་གནམ་ལྕགས་ཀྱི་ཐོག་བཅུ་གཉིས་དུས་གཅིག་ལ་ཕབ་པ་ན། སློབ་དཔོན་གྱིས་སྡིགས་མཛུབ་ཀྱི་རྩེ་ལ་བླངས་ཏེ་ཀླད་ལ་བསྐོར་བས་སོལ་དུམ་བཅུ་གཉིས་སུ་ནག་ཧྲུལ་གྱིས་སོང་བས། གཞན་བཅུ་གཅིག་སྐྲག་སྟེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས། མཐུ་ཆེ་ཤོས་གཅིག་དེར་མ་ཐུལ་བར་བྲོས། སློབ་དཔོན་འོ་ཡུག་བཞི་སྒྲོམ་གྱི་རོང་ལ་བྱོན་པའི་ཚེ། མོས་རི་གཡས་གཡོན་གཉིས་ལག་པས་བླངས་ཏེ་ཕན་ཚུན་དུ་འཕངས་པའི་བར་དུ་བཅར་བར་བརྩམས་པ་ན། སློབ་དཔོན་ཉིད་སྟེང་དུ་ཡེར་གྱིས་བྱོན་པས། མོ་བྲེད་དེ་བྱང་གི་གནམ་མཚོ་ལ་བྲོས་པས། སློབ་དཔོན་གྱིས་ཕྱག་མཚན་རྡོ་རྗེ་མཚོ་ནང་དུ་འཕངས་པས་མོའི་མིག་ཡ་གཅིག་བཅར། (91ན)མཚོ་ཁོལ་ཏེ་ཚ་བའི་རྦལ་གྱིས་ཤ་རུས་དཀར་ཟང་གིས་ཕྱེ་ནས་བྱུང་བས་མོ་སྐྲག་སྟེ། སྟོན་པའི་ཞལ་སྐྱིན་རྡོ་རྗེ་ཐོད་ཕྲེང་རྩལ། །བར་ཆད་མི་བགྱིད་དགོངས་པ་ཡུད་ཙམ་གློད། །ཅི་བགྱིའི་བཀའ་ཉན་སློབ་དཔོན་འབངས་སུ་མཆི། །ཞེས་ཟེར་ཞིང་ཞབས་སྤྱི་བོར་བླངས་ཏེ་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ། །དེ་ནས་བྱང་ལམ་འགྲིམ་ནས་བྱོན་པ་ན། བྱང་སྣ་བརྒྱད་ཀྱི་ཇག་པས་ཆིབས་མུག་རོ་འགྲམ་ནག་ཁྱེར་བ་ལ། གཟའི་གདོང་མོ་བཞི་བྲན་དུ་བཀོལ་ཏེ་སེར་བ་རྟ་མགོ་ཙམ་ཕབ། དེ་ནས་འདམ་སྙིང་གྲོང་ངོས་ལ་བྱོན་ཏེ་ཐང་ལྷའི་གངས་འདབས་སུ་དར་དཀར་གྱི་སྦྲ་ཞིག་ཕུབ་སྟེ་ཞག་འགའ་བསྙེལ་གསོ་བར་བཞེད་པའི་ནུབ་མོ་གཉན་ཆེན་ཐང་ལྷས་བར་ཆད་བྱས་ཏེ། མཚན་རིང་གནམ་ལྕགས་ཀྱི་ཐོག་ཕབ་པ་ན། སློབ་དཔོན་གྱིས་སྦྲ་དཀར་རྡོ་རྗེའི་གུར་དུ་བྱིན་རླབས་མཛད་པས་ཐོག་ཐམས་ཅད་འདྲེད་དེ་ཉེ་འགྲམ་ན་མཚོ་ཞིག་ཡོད་པ་དེའི་ནང་དུ་རིབ་རིབ་སོང་། ནངས་པར་གཟིགས་ཙ་ན་ཐོག་རྦལ་གྱིས་མཚོའི་ནང་དུ་ཡོད་པའི་སྲོག་ཆགས་ཐམས་ཅད་ཤི་ནས་མཚོ་དམར་ཉོག་ལ་སོང་འདུག་པར་གཟིགས། དེ་རྣམས་ཀྱི་དོན་དུ་ངན་སོང་སྦྱོང་བའི་ཆོ་ག་མཛད་ནས་སེམས་ཅན་ཤི་བ་རྣམས་བྱང་ཆུབ་ལ་བཀོད། ཐང་ལྷ་(91བ)ལ་ཐུགས་ཆེར་ཁྲོས་ཏེ་མཐུ་རྩལ་ཅན་ཅིག་འདུག་པ་གསུངས་ནས། ཉིད་ཀྱི་སྡིགས་མཛུབ་ཀྱི་རྩེ་ལས་མེ་སྦར་ཏེ་གངས་རྩེ་ནས་བཞུས་པས། ཐང་ལྷ་སྐྲག་སྟེ་ཁྱེའུ་ཆུང་གཡུའི་ཟུར་ཕུད་ཅན་གཅིག་ཏུ་བྱས་ནས་མགོ་བོ་སློབ་དཔོན་གྱི་དྲུང་དུ་བཞག །རྐང་པ་ཁམས་ཀྱི་གཡར་མོ་ཐང་དུ་བརྐྱངས་ཏེ། སློབ་དཔོན་ཆེན་པོ་ལགས། བདག་སུ་ཡིན་མཁྱེན་ནམ་ཟེར་བ་ལ། སློབ་དཔོན་གྱིས་མཁྱེན་བཞིན་དུ་ཁྱེད་སུ་ཡིན་ཆ་མ་མཆིས་སོ་གསུངས་པས། ཁོ་ན་རེ། བདག་ནི་གཉན་ཆེན་པོ་ཐང་ལྷ་ཡར་ཞུར་ཞེས་ཀྱང་བྱ། དྲི་ཟའི་རྒྱལ་པོ་ཟུར་ཕུད་ལྔ་པ་ཞེས་ཀྱང་བྱ་སྟེ། བོད་ཡུལ་འདི་ན་གནས་པའི་ཕོ་བདུད་མ་ལུས་པའི་སྡེ་དཔོན་ཡིན་ཏེ། ཁྲིམས་ལན་གདུགས་ཚོད་ལ་གཤེགས་པར་ཞུ་ཞེས་རང་གི་གནས་སུ་སྤྱན་དྲངས་ཏེ་བསྙེན་བཀུར་བྱས་ཤིང་སྲོག་སྙིང་ཕུལ་ནས་དམ་ལ་བཏགས་སོ། །དེའི་ཚེ་ཁྱོད་ཕོ་བདུད་ཐམས་ཅད་ཀྱི་སྡེ་དཔོན་ཡིན་ན་ཕོ་བདུད་གང་ལ་གནས་པ་རྣམས་ངའི་མདུན་འདིར་སྡུས་ཤིག་ཅེས་གསུངས་པས། ཁོས་སྤྱུགས་པ་ལན་གསུམ་གྱིས་བསྡུས་པ་ན། དང་པོས་བོད་ཡུལ་ན་མཐུ་རྩལ་ཆེ་བ་རྒྱལ་པོ་བཞི། སྡེ་དཔོན་བཞི། དམག་དཔོན་བཞི། བདུད་པོ་བཞི། ལས་མཁན་ལྔ་སྟེ་ཉི་ཤུ་རྩ་གཅིག་སྤུངས་ཀྱིས་བྱུང་། ལན་གཉིས་པས་དེའི་འོག་མ་མཐུ་ཆེ་བའི་ཕོ་བདུད་(92ན)རྣམས་འདུས། ལན་གསུམ་པས་བོད་ཀྱི་ལྷ་འདྲེ་ཕོ་བདུད་མ་ལུས་པ་རྣམས་གནམ་ས་བར་སྣང་གང་བ་ཙམ་ཞིག་འདུས་པ་ན། ཕོ་བདུད་མ་ལུས་པའི་སྲོག་སྙིང་བླངས་ཏེ་དམ་ལ་བཏགས། ཁྱད་པར་དགེ་བསྙེན་ཉེར་གཅིག་པོ་དབང་དུ་བསྡུས་ནས་དམ་ཉམས་སྒྲོལ་བའི་གིང་དུ་བསྐོས་ཏེ་ལྷའི་དགེ་བསྙེན་དུ་མིང་བཏགས། དེ་རྣམས་ཀྱིས་ཀྱང་གསང་སྔགས་ཀྱི་བསྟན་པ་བསྲུང་བར་ཁས་བླངས་སོ། །དེ་ནས་ཁམས་ཀྱི་གཡར་མོ་ཐང་ལ་སོགས་པར་རྫུ་འཕྲུལ་གྱིས་བྱོན་ཏེ་མདོ་ཁམས་ཀྱི་ལྷ་འདྲེ་ཐམས་ཅད་དང་ཁྱད་པར་དུ་རྨ་ཆེན་སྤོམ་ར་བཏུལ། དེ་ནས་ཡར་ལྷ་ཤམ་པོས་གཡག་དཀར་པོ་རི་ཙམ་དུ་སྤྲུལ་ཏེ་མཐོ་བཙམས་པ་ན། སློབ་དཔོན་གྱིས་ལྕགས་ཀྱུའི་ཕྱག་རྒྱས་སྐེ་ནས་བཟུང་། ཞགས་པ་དང་ལྕགས་སྒྲོག་གི་ཕྱག་རྒྱས་ཡན་ལག་བསྡམས། དྲིལ་བུའི་ཕྱག་རྒྱས་བཙོག་པས་བཀའ་ལ་ཉན། དེ་ནས་མ་ལེ་ཤོར་བྱོན་ནས་འཕན་ཡུལ་གཟིགས་པས་ཡུལ་ངན་རྟ་རོ་དམར་པོ་ཁ་ཕྱེ་བ་འདྲ་བ་འདི་ལ་མི་འགྲོ་གསུངས་ནས་སྟོད་ལུང་ཡ་རལ་ན་ཡར་བྱོན། བཙུན་མོ་འཕྲང་གི་བྲག་ལ་ཨཱ་ཙ་ར་འགྲོ་འཕྲོས་ལ་རེངས་པ་འདྲ་བ་འདིའི་གོང་མ་བཅད་ན་མུ་སྟེགས་ཅན་གྱི་རིགས་བོད་དུ་འཆོར་ཉེན་སྣང་ཞེས་གསུངས་ནས་བཅད། (92བ)སྟོད་ལུང་གཞོང་པ་མདའ་རུ་ཕེབས་པ་ན། ལྷ་བཟང་ཀླུ་དཔལ་སོགས་བློན་པོ་རྣམས་ཀྱིས་བསུ་བ་དང་མཇལ། གྲོ་འདེབས་རན་པ་ན་ཆུ་མེད་པ་ལ་སློབ་དཔོན་གྱིས་ཕྱག་མཁར་བྲག་ལ་བཏབ་པས་ཆུ་བྱུང་སྟེ་དེ་ལ་གཞོང་པ་ལྷ་ཆུར་གྲགས། ཐང་ལྷའི་མཚོ་དང་། ཀ་དོང་པོ་ཆེ། མལ་གྲོའི་ནང་སོགས་ན་ཉི་ཚེ་བའི་དམྱལ་བ་མང་པོ་གཟིགས་ནས་དེ་རྣམས་ལ་ཕན་པའི་ཐབས་ཤིག་བྱ་དགོས་གསུངས་ནས། ན་རཀ་དོང་སྤྲུགས་ཀྱི་ཆོ་གས་དེ་རྣམས་དག་ཞིང་དུ་དྲངས་པར་མཛད། སྙེ་འཕྲང་དུ་ངའི་གྲོ་རན་གསུངས་པ་དང་། མཁར་ནག་གི་མཚོ་འདི་ལ་ཀླུ་བཙན་དྲག་པོ་ཤིན་ཏུ་ཐུ་བ་ཞིག་འདུག་པས་འདུལ་བྱེད་གཅིག་བྱ་གསུངས་ནས། བྲག་ལ་བཅོམ་ལྡན་འདས་རྡོ་རྗེ་སེམས་དཔའི་སྐུ་གཅིག་བསྐྱེད་པས་རང་བྱོན་དུ་བྱུང་། བལ་པོའི་རྡོ་མཁན་ན་རེ། བོད་ཀྱི་རྡོ་ལ་བཟོ་བཏུབ་མི་བཏུབ་བལྟའོ་ཟེར་ནས་བྲག་དེ་ལ་ཤ་བའི་གཟུགས་གཅིག་ཀྱང་བརྐོས་སོ། །དེ་ནས་ཟུར་ཕུག་རྐྱང་ཕུའི་ཚལ་དུ་ཟ་འོག་གི་གུར་ཞིག་ཕུབ་ནས་ཞག་བདུན་གྱི་བར་དུ་དགོངས་པ་ལ་བཞུགས་ཏེ་བོད་ཀྱི་ལྷ་འདྲེ་མ་ལུས་པ་དམ་ལ་བཏགས་སོ། །དེར་ཕོ་ཉ་བ་རྣམས་ཀྱིས་རྒྱལ་པོའི་སྤྱན་སྔར་ཕྱིན་ཏེ་ཇི་ལྟར་བསྒོ་བའི་བཀའ་ལེགས་པར་བསྒྲུབས་ཏེ་སློབ་དཔོན་ནི་ཟུར་ཕུག་(93ན)རྐྱང་ཕུའི་ཚལ་དུ་ཕྱག་ཕེབས་སོ་ཞེས་གསོལ་བས། རྒྱལ་པོ་དགྱེས་ཏེ། མཆོད་པའི་ཡོ་བྱད་རྣམས་དང་རོལ་མོ་སྣ་ཚོགས་ཀྱིས་མདུན་བསུས་ནས་ཕོ་བྲང་བསམ་ཡས་འོམ་བུའི་ཚལ་དུ་གདན་དྲངས། མངའ་བདག་རྒྱལ་པོས་མདུན་བསུས་ཏེ་ཕྱག་མཛད་པས། སློབ་དཔོན་གྱིས་བསྙུན་རྨེད། མཆོད་པའི་བཀོད་པ་རྒྱ་ཆེན་པོ་དང་བཅས་བྲག་དམར་མགྲིན་བཟང་དུ་བཞུགས་སུ་གསོལ། སླར་ཡང་བལ་ཡུལ་ནས་མཁན་པོ་བོ་ངྷི་སཏྭ་གདན་འདྲེན་གྱི་ཕོ་ཉ་བར་གསལ་སྣང་སོགས་མངགས་ཏེ་སྤྱན་དྲངས་ནས་བྲག་དམར་དུ་ཕེབས། སླར་མང་ཡུལ་ནས་ཇོ་བོ་ཤཱཀྱ་མུ་ནེ་རྟ་པ་གཅིག་གིས་པང་དུ་བླངས་ནས་སྤྱན་དྲངས་ཏེ་ར་མོ་ཆེར་བཞུགས་སུ་གསོལ། དུས་དེར་སློབ་དཔོན་པདྨ་ཟུར་ཕུག་རྐྱང་བུའི་ཚལ་དུ་ཀླུ་འདུལ་བའི་དགོངས་པ་ལ་བཞུགས་པས། རྒྱལ་པོའི་སྤྱན་སྔར་མལ་གྲོ་གཟི་ཅན་དངོས་སུ་བྱུང་ནས། སའི་སྟེང་ན་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་ཆེ། སའི་འོག་ན་རྒྱལ་པོ་ང་ཆེ་བས། ངེད་ཅག་གཉིས་གྲོགས་པོ་བྱས་ལ་རྒྱལ་པོས་ལྷ་ཁང་བརྩིག་པ་ལ་ངས་གསེར་ཕྱེ་ཁལ་བཅུ་བཞི་འབུལ་གྱི་གསེར་ཁུང་གླང་པོའི་སྣར་ལེན་དུ་ཐོངས་ཤིག་ཟེར་ནས་ཕུལ། ཤམ་པོ་བཏུལ་བ་ན། དེས་སློབ་དཔོན་གྱི་ཐོག་ཏུ་ཆུ་ཕབ། སློབ་དཔོན་གྱིས་རྡོ་རྗེ་གདེངས་པས་ཆུ་གྱེན་དུ་ལོག་སྟེ་ལྷ་རྫིང་དུ་མིང་ཆགས། རྡོ་རྗེ་(93བ)བརྒྱབ་པས་ཆུ་ཁོལ། ཤམ་པོ་ཁོ་རང་གངས་ཞུ་བའི་རྩེ་ལ་བསྡད་ནས། སློབ་དཔོན་གྱིས་ང་ལ་དེ་ཙམ་དུ་མཐོ་འཚམས་པ་ཟེར། སློབ་དཔོན་གྱི་ཞལ་ནས། ཁྱོད་ཀྱིས་ང་ལ་དེ་བས་ཀྱང་མཐོ་འཚམས་པ། ད་ངའི་དམ་འོག་ཏུ་མི་ཞུགས་ན་ཁྱོད་སྲེག་གོ་གསུངས་པས། ང་ནག་པོའི་རིགས་ཡིན་པས་ཆོས་བགྱི་བའི་སྐབས་མ་མཆིས། སླན་ཆད་གནོད་པ་གཏན་ནས་མི་བྱེད་དོ། །ངའི་དྲུང་དུ་སེར་ཆགས་མ་བཏང་ཞིག་ཟེར་ནས་དམ་བཅས། གཞན་ཡང་ལྷ་ཀླུ་མ་རུངས་པ་རྣམས་དངོས་སུ་མི་ལ་ཕབ་ནས་པདྨ་སམྦྷ་ཝས་ནག་པོའི་རིགས་རྣམས་བསྡིག་ཅིང་གཟིར། དཀར་པོའི་རིགས་ལ་ཆོས་བཤད་ནས་དམ་ལ་འདོགས་པ་ནི་བོ་ངྷི་སཏྭས་མཛད། དེས་ཀྱང་མ་ཐུལ་བ་རྣམས་པདྨ་སམྦྷ་ཝས་སྦྱིན་སྲེག་མཛད་ནས་བརླག་པར་མཛད། དེ་ལྟར་དམ་བཞག་ལན་གཉིས་མཛད་དེ། ཡང་སློབ་དཔོན་གྱི་ཞལ་ནས། ལྷ་ཀླུ་དམ་འོག་ཏུ་ཚུད་ལགས་ཏེ། ད་དུང་དེ་འདྲ་བ་ལན་གསུམ་པ་བགྱིད་འཚལ་ཞེས་གསུངས། དེ་ནས་ཡོས་བུའི་ལོ་དཔྱིད་ཟླ་ར་བར་བསམ་ཡས་ཀྱི་རྨང་འདིང་བར་བཀའ་བགྲོས་པ་ལས། བློན་པོ་འགོས་ཀྱིས། རྗེ་གཅིག་ལགས། ཐབས་མཁས་ཀྱིས་མ་མཛད་ན་བོད་འབངས་ཁ་ལོག་ནས་ཆོས་བགྱིར་མི་བཏུབ། ཐུགས་དམ་བཞེངས་པའང་མི་འགྲུབ་པས། དང་པོ་ནས་འདམ་ཀ་བོར་བ་ཞིག་བགྱི་བར་འཚལ་(94ན)ཞེས་ལྐོག་ཏུ་གྲོས་བཏབ་ནས། བོད་འབངས་ཐམས་ཅད་འདུས་ཏེ་ཚོགས་པ་ན། རྗེས་བཀའ་བསྩལ་པ། འཛམ་གླིང་ན་བོད་ཀྱི་རྒྱལ་པོ་ཆེ། བོད་ཀྱི་རྒྱལ་པོ་ལ་ང་ཆེ་བས། ང་བས་ཆེ་བ་སྔར་མ་བྱུང་ན། ང་ལ་སྔོན་ཆད་ཕྱག་རིས་མེད་པས། ད་ངས་ཕྱག་རིས་ཆེ་བ་ཞིག་བྱེད་དགོས་པས་ཁྱོད་བོད་འབངས་མཛངས་པ་རྣམས་ལ་གླེང་བར་བགྱིད་དམ་ཞེས་གསུངས་པས། བློན་ཆེན་འགོས་རྒན་ན་རེ། རྗེའི་བཀའ་བསྩལ་ནི་བདུད་བས་གཉན། ཁྲིམས་ཀྱི་ལ་རྩེ་ནི་དགུང་བས་མཐོ། ཕྱག་རྗེས་གང་མཛད་པ་བཀའ་ལུང་ཞུའོ་ཞེས་གསོལ་བ་དང་། རྗེའི་ཞལ་ནས། ངའི་མཁར་པོ་ཆེ་ཞང་པོ་རྒྱའི་ཡུལ་མཐོང་བ་ཞིག་བརྩིག་གམ། ཤེལ་གྱི་མཆོད་རྟེན་ཤར་རི་ཙམ་པ་ཞིག་བརྩིག་གམ། ཝ་ལུང་གྲོག་པོ་གསེར་ཕྱེས་འགེང་ངམ། ཧས་པོ་རི་ཟངས་ཀྱིས་བསྟུམས་ནས་གཟེར་མགོ་ཐམས་ཅད་ནང་དུ་བསྟན་པ་ཞིག་བྱའམ། གཙང་པོ་འདི་ཟངས་ཀྱི་སྦུབས་སུ་བཅུག་ལ་མཆོང་དུ་བཏུབ་པ་ཞིག་བྱའམ། ཀ་ཆུའི་ཐང་ལ་ཁྲོན་པ་འདོམས་དགུ་བརྒྱ་དང་དགུ་བཅུ་རྩ་གཅིག་འདྲུའམ། ལྷ་ཁང་བྲེ་ཙམ་པ་ཞིག་བརྩིག་གམ། དེ་རྣམས་ལས་གང་བྱེད་འདོམས་ཤིག་ཅེས་བཀའ་བསྩལ་པས། རྗེའི་བཀའ་ལུང་ཆེ་ལ་སྒྲུབ་དཀའ་བས། འབངས་ཀུན་འདམ་ཀ་གང་ཡང་ཁས་(94བ)ལེན་པར་མ་ཕོད་དེ་བྲེད་པ་ན། ཞང་ཉ་བཟང་ན་རེ། རྗེ་གཅིག་ལགས། མཁར་པོ་ཆེ་དེ་ལྟ་བུ་ཕྲ་ན་འཇིག་ཅིང་ཆེ་ན་མི་འབྱོངས། ཤེལ་རིན་པོ་ཆེ་དཀའ་བས་མཆོད་རྟེན་རི་ཙམ་པ་ཡང་མི་འབྱོངས། ཝ་ལུང་གྲོག་པོ་གསེར་ཕྱེ་བས་བྱེ་མས་ཀྱང་མི་ཁེངས། ཧས་པོ་རི་གཟར་བུ་ཚུན་ཟངས་སུ་སོང་བ་བསྡུས་ཀྱང་མི་འཐུམ། གཙང་པོ་སྦུབས་སུ་དགུན་དུས་ཚུད་ཀྱང་དབྱར་ཀ་འཁྱེར། ཀ་ཆུའི་ཐང་ལ་ཁྲོན་པ་འདོམས་གང་བྲུས་པས་ཆུ་བརྡོལ་ནས་འོང་ན་དགུ་བརྒྱད་དགུ་བཅུ་རྩ་གཅིག་ཇི་ལྟར་འབྲུ། ལྷ་ཁང་བྲེ་ཙམ་པ་ཞིག་བརྩིག་པ་དེ་ལས་འོས་པ་ཅང་གདའམ་ཟེར་བ་ལ། བོད་འབངས་ཐམས་ཅད་དགའ་ནས་དེ་རང་ལ་ཁ་འཆམ། རྟ་ར་ཀླུ་གོང་ཆོས་ལ་གནག་པས་སྦ་ལྕགས་ལ་བརྡབས་ནས་ལྷ་ཁང་བརྩིག་པ་དེ་ཆོས་ཡིན་པས་ང་མི་དགའ། ངེད་རང་བོན་བྱ་ཟེར་བས། རྗེའི་ཞལ་ནས། ངའི་བཀའ་གཅོག་པས་རྟ་ར་ཀླུ་གོང་བྱང་དུ་སྤྱུགས་ཤིག་ཅེས་གསུངས་པས། འབངས་སྒབ་མི་གཉིས་ཀྱིས་ཏ་ར་ཀླུ་གོང་རྩ་ཐག་གིས་བསྡམས་ནས་ཚེར་ལྕག་གིས་བྲབ་ཅིང་བྱང་དུ་སྤྱུགས་པར་བྱས་སོ། །དེས་འབངས་ཀུན་བྲེད་ནས་ཅི་ཡང་མི་ཟེར་རོ། །དེ་ནས་ལྷ་ཁང་གི་ས་བརྟག་པའི་ཕྱིར་མཁན་པོ་དང་། བཙན་པོ་དང་། གསལ་སྣང་དང་། གཉེར་གདོང་གཟིགས་ཏེ་བཞིས་ཧས་པོ་རིའི་རྩེར་(95ན)བྱོན་ཏེ་གཟིགས་པས། དེ་ཙ་ན་བསམ་ཡས་ཀྱི་ས་གཞི་དེ་འཇག་སྐྱ་ཕྱུར་རེ་མཆིས་པ་ལས་གོང་བཅད་དེ་མཁན་པོས་ས་དཔྱད་མཛད་པ་ནི། ཤར་རི་རྒྱལ་པོ་གདན་ལ་བཞུགས་པ་འདྲ། ཧས་པོ་རི་བཙུན་མོ་དར་དཀར་གྱི་གོ་ཟུ་གྱོན་པ་འདྲ། རི་ནག་ལྕགས་ཕུར་བཏབ་པ་འདྲ། མེ་ཡར་དྲེའུ་ཆུ་འཐུངས་པ་འདྲ་བས་བཟང་། ས་གཞི་འདི་འཁར་གཞོང་གུར་གུམ་གྱིས་བཀང་བ་འདྲ་བས་ཐུགས་དམ་འདིར་བཞེངས་ན་བཟང་ངོ་ཞེས་ལུང་བསྟན། དེ་ནས་སློབ་དཔོན་ཆེན་པོ་པདྨ་ཧས་པོ་རིའི་རྩེར་བྱོན་ནས་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་བཀའ་འོག་ཏུ་བསྡུས་ཏེ་ཅི་བགྱིའི་འབངས་སུ་རྩིས་ལ་ཕབ། ལྷ་འདྲེ་རྣམས་དགའ་བའི་མཐུན་རྫས་དང་བཅས་ཏེ། ཧཱུྃ། ཉོན་ཅིག་པདྨ་འབྱུང་གནས་བཀའ་ལ་ལྷ་འདྲེས་ཉོན། །འཇིག་རྟེན་ཁམས་ན་མཚུངས་མེད་སྤྲུལ་པའི་སྐུ། མངལ་གྱིས་མ་གོས་མཚོ་སྐྱེས་རྡོ་རྗེ་ཡིན། །ལུས་ལ་གང་གིས་མི་ཚུགས་འཆི་མེད་ཐོབ། །འགྲོ་དྲུག་འཁོར་བའི་སྡུག་བསྔལ་འཇིགས་སུ་རུང་། །དམུ་རྒོད་སེམས་ཅན་ཚེ་ཐུང་གཡེང་བ་ཆེ། །ཁྲི་སྲོང་ལྡེའུ་བཙན་ལྷ་ཁང་བཞེངས་པ་འདི། །རྒྱལ་མཚན་རྩེ་ལ་ནོར་བུ་འཕྱར་བ་འདྲ། །བོད་དུ་དམ་ཆོས་བསྟན་པ་ཚུགས་པ་ན། །ལྷ་འདྲེ་སུ་མ་མགུ་ཡང་རག་མ་ལུས། །མགྲོན་པོར་རྒྱ་གར་(95བ)པཎ་ཆེན་འབོད་པ་འདི། །མུན་པའི་དཀྱིལ་དུ་སྒྲོན་མེ་འཁྱེར་བ་འདྲ། །བོད་དུ་བདེ་སྐྱིད་དམ་ཆོས་དར་བ་ན། །ལྷ་འདྲེ་ཡུལ་བུད་སོང་ཡང་རག་མ་ལུས། །དེ་བས་ཡོན་བཞེས་ས་གཞིའི་གནང་བ་བྱིན། །རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་བསམ་པ་སྒྲུབས། །ལྷ་ཁང་རྩིགས་ཤིག་ལྷ་འདྲེ་ལས་ལ་འདུས། །སྔགས་འཆང་པདྨ་འབྱུང་གནས་བཀའ་མ་བཅག །ཅེས་དྲེགས་པ་ཟིལ་གནོན་གྱི་མགུར་གསུངས་ནས་ནམ་མཁའ་ལ་རྡོ་རྗེའི་གར་མཛད་ཅིང་ས་གཞི་བྱིན་གྱིས་བརླབས་སོ། །དེ་ནས་རྒྱལ་པོས་སྐུ་ལ་དར་དཀར་གྱི་ན་བཟའ་གསོལ། ཕྱག་ཏུ་གསེར་གྱི་ཏོག་ཙེ་བསྣམས། ཡ་རབས་ཞང་བློན་གྱི་བུ་ཚ་ཕ་མ་མེས་ཕྱི་ཚང་བ་རྒྱན་གོས་བཟང་པོས་སྤྲས་པ་བཞི་དང་བཅས། རྨང་གི་གཞིར་ཐོག་མར་རྒྱལ་པོས་མཐེབ་ཚད་གསུམ་བརྐོས། དེ་ནས་བུ་ཚ་བཞིས་རེ་མོས་ཀྱི་བརྐོས་ཏེ་ཁྲུ་གང་གྲུ་བཞིར་ཕྱིན་པ་དང་ས་ཞག་དཀར་སེར་དམར་གསུམ་དྲི་རོ་ཕུན་སུམ་ཚོགས་པ་བྲོ་བ་བྱུང་བས། མཁན་པོ་རབ་ཏུ་དགྱེས་ཏེ་ས་ཞག་བཙན་པོའི་དབུ་ལ་བྱུགས་ཏེ། ཕ་ལ་ཕ་ལ་སིངྔྷི་སིངྔྷི་གསུངས། རྒྱ་གར་གྱི་སྐད་དེ་རྒྱལ་པོས་མ་གསན་ནས་ལོ་ཙཱ་བར་དྲིས་པས། བཟང་ངོ་བཟང་ངོ་གྲུབ་བོ་གྲུབ་བོ་ཞེས་གསུངས་ཟེར། དེར་རྒྱལ་པོ་ཐུགས་རབ་ཏུ་དགྱེས་པར་གྱུར་ཏོ། །དེ་ནས་མཁན་(96ན)པོས་གཙུག་ལག་ཁང་གི་བཟོ་དབྱིབས་ཀྱི་བཀོད་པ་མཛད་པར་བཞེད་དེ་གསུངས་པ། སྔོན་རྒྱ་གར་དུ་མུ་སྟེགས་ཀྱི་རིག་འཛིན་ཞིག་གིས་རོ་ལང་བསྒྲུབས་ནས་དངོས་གྲུབ་ལེན་པར་ཉེ་བ་ན། དེ་ལ་གྲོགས་རྟགས་མཚན་དང་ལྡན་པ་ཞིག་དགོས་པས་དབུས་འགྱུར་འཆང་གི་དགེ་སློང་སྒྲུབ་པ་པོའི་དགེ་ཚུལ་ཞིག་ལ་རྟགས་མཚན་དེ་ལྡན་པར་ཤེས་ཏེ། གསེར་གྱི་མཎྜལ་དགེ་སློང་ལ་རིན་དུ་ཕུལ་ནས། མུ་སྟེགས་པ་དང་དགེ་ཚུལ་ལྷན་ཅིག་སྒྲུབ་ཁང་དུ་ཕྱིན་ཏེ། དགེ་ཚུལ་ལ་རོའི་ཁ་ནས་ལྕེ་དབྱུང་བ་ན་སོས་གཅོད་ཚུལ་ལེགས་པར་བསླབས་ཏེ། ལྕེ་གསེར་གྱི་རལ་གྲིར་གྱུར་པ་བཟུང་བའི་མོད་ལ་གང་འདོད་པའི་སར་འགྲོ་ནུས་པ་ཞིག་འོང་བས་དེ་ངེད་ལ་ཐོང་། རོ་གསེར་དུ་འགྲོ་བ་དེ་ཁྱོད་ལ་བརྔན་པར་བྱིན་ནོ་ཟེར་ནས་བསྒྲུབས་པས། ལྕེ་དར་ཤམ་ཙམ་པ་ལན་གཉིས་སུ་བྱུང་ཡང་མ་ཟིན་པས། དེར་མུ་སྟེགས་པ་ན་རེ། ད་ལན་གཅིག་འོང་བ་དེ་མ་ཟིན་ན་ངེད་རང་གཉིས་ཀྱིས་འགོ་བྱས་པའི་སྲིད་པ་གསུམ་གྱི་སེམས་ཅན་རྣམས་གསོད་པས་སྒྲིམས་ཤིག་ཟེར། དེ་དུས་དགེ་ཚུལ་གྱིས་སོས་རོའི་ལྕེ་བཟུང་ནས་བཅད་པ་གསེར་གྱི་རལ་གྲིར་གྱུར། དེ་དགེ་ཚུལ་གྱིས་ཐོགས་ནས་རི་རབ་ཀྱི་ཁར་ཕྱིན་ཏེ། གླིང་བཞི་གླིང་ཕྲན་ལྕོག་དང་བཅས་(96བ)པ་ལེགས་པར་བལྟས་ནས་རལ་གྲི་མུ་སྟེགས་པ་ལ་བྱིན། རི་རབ་གླིང་བཞི་གླིང་ཕྲན་དང་བཅས་པ་ལ་དཔེ་བྱས་ནས་རོ་གསེར་དུ་གྱུར་པའི་ཡོ་བྱད་ཀྱིས་བཞེངས་པར་གྲགས་པ་ཨོ་ཏནྟ་པུ་རིའི་གཙུག་ལག་ཁང་ཞེས་བྱ་བ་ཞིག་ཡོད་པ་དེ་ལྟ་བུ་ཞིག་བྱའོ་གསུངས་ནས། ཆོས་རྒྱལ་དགུང་ལོ་ཉེར་གཅིག་པ་ལྕགས་ཕོ་སྟག །སྤྱི་ལོ་༨༡༠པར་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྨང་བཏིང་། རྒྱ་ཁྱོན་གྱི་ཚད་བཙན་པོ་རང་གི་མདའ་རྒྱང་གང་བྱ་བར་གསུངས་པས། ལྐོག་ཏུ་བློན་པོ་རྣམས་བགྲོས་ཏེ་རྗེའི་མདའ་རྒྱང་གང་ལ་གཞན་གྱིས་གསུམ་ཡོང་བས་དེ་ཙམ་མི་འགྲུབ་ཅིང་། བཀའ་བཅགས་པ་ཡང་མི་རིགས་པས། ཐབས་འདི་བཞིན་བྱེད་པར་ཁ་མཐུན་ཏེ། ཕྱག་མདའི་སྨྱུག་སྦུབས་སུ་དངུལ་ཆུ་བླུགས་པས་གཞན་གྱི་མདའ་རྒྱང་ཕྱེད་གཉིས་ཀྱི་ཚད་དང་མཉམ་པ་བྱུང་། རྒྱལ་པོས་དེ་བློན་པོ་རྣམས་ཀྱི་འཕྲུལ་དུ་མཁྱེན་ཡང་བོད་ཀྱི་བསོད་ནམས་ལ་དེ་བས་མ་ཤོང་གསུངས་སྐད། དེ་ནས་ཤར་རི་ཧས་པོ་རི་ནས་ཕ་ཝང་དྲངས་ཏེ་དབུ་རྩེའི་རྨང་བཏིང་། ཐོག་མར་ཡར་ཀླུངས་གད་པ་ཐོག་ནས་ས་བླངས། དེ་ནས་བོད་གངས་ཅན་ཡུལ་གྱི་ས་ཕུད་རྣམས་བསྡུས་ནས་ཤིང་ཐམས་ཅད་ཤུག་པ་དང་ཙནྡན་ལས་བྱས་ཏེ་དབུ་རྩེའི་འོག་(97ན)ཁང་བོད་ཀྱི་ལུགས་སུ་བརྩིགས་པར་བྱས། དེ་ཡང་སློབ་དཔོན་ཆེན་པོས་དྲེགས་པ་ཅན་ཐམས་ཅད་ལས་ལ་བཀོལ་བས་ཉིན་མོ་མིས་བརྩིགས་པ་བས་མཚན་མོ་ལྷ་འདྲེས་བརྩིགས་པ་མཐོ་བར་གྱུར་ཏེ། གཟའ་དང་རྒྱུ་སྐར་དང་། དགེ་བསྙེན་ཉི་ཤུ་རྩ་གཅིག་ལ་སོགས་པ་གནམ་ས་བར་གསུམ་གྱི་ལྷ་སྲིན་ཀུན་གྱིས་ལས་བྱེད། ཚངས་པ་དང་། བརྒྱ་བྱིན་དང་། རྒྱལ་ཆེན་བཞི་ལ་སོགས་པས་གྱང་བཏང་། རྡོ་རིང་བཞིའང་རྒྱལ་ཆེན་བཞིས་བཙུགས་སོ། །དེ་ལྟར་བརྩིགས་པའི་ཤེས་བྱེད་ཀྱང་ཕྱིས་བསམ་ཡས་ཉམས་གསོའི་སྐབས་སུ་གྱང་གི་མུ་ཁ་ན་མིའི་རྐང་རྗེས་འདོམས་ཕྱེད་ནས་ཁྲུ་གང་ཙམ་གྱི་བར་ཆེ་ཆུང་འདྲ་མིན་མང་པོ་མངོན་སུམ་དུ་སྣང་ཞེས་གྲགས་པ་དང་། ད་ལྟ་སྤུ་བོ་སྟོད་མ་ཡི་ཐང་ཞེས་པར་ས་ཕུང་ཆེ་བ་ཁང་ཆེན་ཙམ་པ་ནས་ཆུང་བ་གུར་ཙམ་གྱི་བར་རི་དིལ་ཉིས་བརྒྱ་སྐོར་ཐང་ཆེན་གཅིག་ཏུ་ཚོགས་བསྒྲིགས་པ་ལྟར་ཡོད། དེའང་སྔོན་བསམ་ཡས་བཞེངས་དུས་ལྷ་འདྲེ་རྣམས་ཀྱིས་ས་ཕུད་བསྡུས་ཏེ་ཁྱེར་འོངས་པ་ན་བསམ་ཡས་འབྱོངས་ཟིན་པའི་སྐད་ཐོས་མ་ཐག་ཏུ་ས་ཕུད་རྣམས་ཐང་དེར་བོར་བ་ཡིན་ཅེས་གྲགས་ཤིང་། དེར་མ་ཟད་ཀོང་ལྷ་དཀར་པོས་ཀོང་སྨད་རྒྱལ་དཔལ་རིའི་རྩེ་བཅད་ནས་ས་ཕུད་དུ་(97བ)ཁྱེར་ཏེ་ཀོང་སྟོད་གཙང་མོ་མགོ་གུག་ཕྱོགས་སུ་སླེབས་པ་ན། ནག་ཕྱོགས་ཀྱི་འདབ་ཆགས་ཁྭ་ཏ་ཞིག་གིས་བསམ་ཡས་ནི་འབྱོངས་ཟིན་པས་ད་སའི་དགོས་པ་མེད་དོ་ཞེས་བསྒྲགས་པས་རིའི་རྩེ་དེ་ས་གནས་དེ་གར་བོར་བ་མངོན་སུམ་པ་དང་། རྒྱལ་སེང་འདམ་གྱི་རི་རྩེ་ཕག་སྣ་འདྲ་བ་བཅས་ད་ལྟ་དངོས་སུ་མཇལ་དུ་ཡོད་དོ། །དེ་ནས་རྒྱལ་པོའི་ཐུགས་དགོངས་ལ། ད་ཕྱིའི་ཁང་པ་ཚར་ཟིན་པས་ནང་དུ་ལྷའི་སྐུ་གཟུགས་ཇི་ལྟ་བུ་ཞིག་བགྱི་སྙམ་དུ་དགོངས་པ་ལས། རྒྱལ་པོ་མནལ་བའི་རྨི་ལམ་དུ་མི་དཀར་པོ་ཞིག་ན་རེ། རྒྱལ་པོ་ཁྱོད་སངས་རྒྱས་ཀྱི་སྐུ་གཟུགས་ཅི་ལས་བྱ་བར་སེམས་ཞེས་ཟེར། སློབ་དཔོན་ལ་འདྲི་བྱས་པས། དེ་ན་རེ། ས་གཞི་འདི་ཇོ་མོ་སྒྲོལ་མས་བྱིན་གྱིས་བརླབས་ཤིང་ཏཱ་རེ་དངོས་ཀྱི་ཞབས་ཀྱིས་བཅགས་པ་ཡིན། ཧས་པོ་རིའི་རྩེ་མོ་ན་ཤཱཀྱ་ཐུབ་པ་གཙོ་འཁོར་བཅུ་གསུམ་སྔོན་བཅོམ་ལྡན་འདས་ཀྱིས་བྱིན་གྱིས་བརླབས་པ་ཡོད་ཀྱིས་དེ་སྤྱན་དྲོངས་ལ་གྱིས་ཟེར། དེ་གང་ན་ཡོད་སྟོན་དང་བྱས་པས། བ་དམར་པོ་འུས་འདེབས་པའི་ས་ན་ཡོད། འདོང་ཞེས་ཁྲིད་དེ་ཧས་པོ་རིར་ཕྱིན་པ་དང་། བྲག་ཀུན་བལྟར་བཅུག་ནས་འདི་ནི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་འདི་དང་འདི་ཞེས་ཀུན་གྱི་མཚན་སྨོས་ནས་ལྷ་བཅུ་(98ན)དགུ་འདུག །ཁྲོ་བོ་དང་བཅས་པ་ཀུན་བསྟན་པས། རྒྱལ་པོ་དགྱེས་ཆེས་ནས་ཧེ་ཧེ་བྱས་པས་མནལ་སད། དེ་ནས་ནམ་ལངས་མ་ཐག་ཏུ་བློན་པོ་གནོན་ཁམས་ཁྲིད་དེ་མནལ་ལམ་དུ་བསྟན་པའི་ས་དེར་བྱོན་ནས་གཟིགས་པས་ཅི་ཡང་མི་འདུག །འདི་ན་འདུག་པ་ལ་བྱས་ཏེ་བཙན་པོས་བྱེ་མ་ལ་ཞབས་སུག་བྱས་པས་རྡེའུ་བྱ་མཆུ་ཙམ་ཞིག་འདུག །དེ་བསལ་བས་རྡོ་སྐུ་ཐེའུའི་རྗེས་མེད་པ་གཙུག་ཏོར་ནག་པོ་ལྡེམ་མེ་བ་སྤྱན་ཧྲིག་གེ་བའི་བྱང་ཆུབ་ཆེན་པོ་གཅིག་གདའ། མནལ་ལམ་དུ་བྱུང་བ་དང་མཐུན་པར་བྲག་ལ་འོལ་སྤྱི་ཙམ་གདའ་བས། དགྱེས་ཆེས་ནས་བལ་པོ་རྡོ་མཁན་འགུགས་སུ་བཏང་། སྐུ་གཟུགས་དེ་ཉིད་དུ་བླངས་ནས་ཤིང་རྟ་ལ་བཞག་པའི་ཚེས་ལན་གཅིག་གཡོས། དྲི་གཙང་ཁང་གི་ནང་དུ་སླེབས་པའི་ཚེ་ས་ལན་གཅིག་གཡོས་སོ། །དེ་ནས་ཁྲི་ལ་བཞུགས་པ་དང་བཙན་པོ་དགྱེས་ཏེ་མན་དྷི་དང་གསེར་སྐ་གསོལ། ན་བཟའ་དང་རྒྱལ་པོ་ཉིད་ཀྱི་གསེར་གྱི་སྐ་རགས་སྐུ་ལ་བཅིངས། དེའི་སྟེང་འཇིམ་པས་གཡོགས། ལྷ་བཟོ་བ་ན་རེ། བཙན་པོའི་ལྷ་ཁང་དང་སྦྱར་ན་ལྷ་ཆུང་ཟེར་ནས་འཇག་མས་དཀྲིས། རས་ཀྱིས་གཡོགས། འདག་པས་བྱུགས། དེ་ལ་གསེར་གྱི་འཇིམ་བག་གསོལ་ནས་བཞག་གོ །རྒྱུ་རྡོ་ལས་བྱས་(98བ)ཤིང་བཟོ་བོད་ལུགས་སུ་བྱས་པ་ལྷོ་ངོས་ཀྱི་གཡས་གྲལ་ལ། བྱང་ཆུབ་སེམས་དཔའ་ནམ་མཁའི་སྙིང་པོ། བྱམས་པ། སྤྱན་རས་གཟིགས། སའི་སྙིང་པོ། དགའ་བའི་དཔལ། ཁྲོ་བོ་ཁམས་གསུམ་རྣམ་རྒྱལ་དང་དྲུག །བྱང་ངོས་ཀྱི་གཡོན་གྲལ་ལ་ཀུན་བཟང་། ཕྱག་རྡོར། འཇམ་དཔལ། སྒྲིབ་པ་རྣམ་སེལ། དགེ་བསྙེན་ཆེན་པོ་དྲི་མ་མེད་པར་གྲགས་པ། ཁྲོ་བོ་མི་གཡོ་བ་དམར་པོ་སྟེ་གཙོ་འཁོར་བཅུ་གསུམ་མམ། ཡ་ན་གསང་འདུས་ལ་འགྲེལ་པ་བརྒྱ་རྩ་བརྒྱད་ཡོད་པ་ལས་སློབ་དཔོན་སངས་རྒྱས་ཡེ་ཤེས་ཞབས་ཀྱི་ལྷ་བཅུ་དགུ་པ་ལྟར་ལས་དྲུག་མ་ཤོང་ནས་བྱང་ཆུབ་ཆེན་པོའི་རྒྱབ་ཏུ་གྱང་ལོགས་ལ་རི་མོར་བྲིས་ནས་ཡོད་དོ། །ལྟེ་བའི་རྒྱུད་རིས་ནི། སྐུ་གསུམ་བྱུང་བའི་མདོ་བྲིས། ལྟེ་བའི་ཁ་ཕྱིར་ལྟ་ལ་མདོ་སྡེ་པདྨ་དཀར་པོའི་རྒྱུད་རིས། ནང་ལྟའི་སྐོར་ཁང་ལ་འདུས་པ་རིན་པོ་ཆེའི་ཏོག་གི་གཟུངས། རྔ་ཁང་ལ་རྗེའི་ཐུགས་དམ་མདོ་སྡེ་དཀོན་མཆོག་སྤྲིན་གྱི་རྒྱུད་རིས་བཅས་བྲིས། འོག་ཁང་གི་སྲུང་མ་མཁའ་འགྲོ་མ་སེང་གེའི་རལ་པ་ཅན་ལ་གཏད་དོ། །བར་ཁང་གི་ཤིང་ཐམས་ཅད་གླ་བ་དང་སེང་ལྡེང་ལས་བྱས་པ། ལྡེར་བཟོའི་རྒྱུ་བ་མེན་གྱི་ཀོ་བ། བཟོ་རྒྱ་ནག་གི་ལུགས་སུ་བྱས། གཙོ་བོ་དཔལ་རྣམ་པར་སྣང་མཛད། (99ན)གཡས་ན་འདས་པའི་སངས་རྒྱས་མར་མེ་མཛད། གཡོན་ན་མ་འོངས་པའི་སངས་རྒྱས་བྱམས་པ་མགོན་པོ། མདུན་སྟོང་གི་ལྷ་ཤཱཀྱ་ཐུབ་པ། ཚེས་བརྒྱད་ཀྱི་ལྷ་སྨན་བླ་བེཌཱུརྻ། ཉའི་ལྷ་སྣང་བ་མཐའ་ཡས། ཉི་ཤུ་གསུམ་གྱི་ལྷ་ཇོ་མོ་སྒྲོལ་མ་རྣམས་རི་མོར་བྲིས། གཡས་གཡོན་གྱི་ལྷ་བྱང་སེམས་ཉེ་བའི་སྲས་བརྒྱད། དགེ་བསྙེན་དྲི་མ་མེད་པ་དང་། དགའ་བའི་དཔལ། ཁྲོ་བོ་ཀིང་ཀང་གཉིས་ཏེ་རྒྱ་ནག་གི་སྐད་དུ་ཡིག་དོན་འོག་ཁང་དང་མཐུན། ཀྲི་ཡའི་ལྷ་ཚོགས་བཅོ་ལྔ་དང་བསྟུན། ནང་ལ་ཡུམ་རྒྱས་པའི་གླེང་གཞིའི་རྒྱུད་རིས། གདོང་ལ་རྒྱལ་ཆེན་བཞི། སྐོར་ཁང་ཁ་ཕྱིར་ལྟ་ལ་མཆོད་རྟེན་རྒྱས་པ་མངོན་པར་བྱུང་བའི་མདོ། ནང་ལྟ་ལ་སྤྲིན་ཆེན་པོའི་མདོ། རྔ་ཁང་ལ་ཕྱོགས་བཅུའི་སངས་རྒྱས་དང་། གཤིན་རྗེ་གཤེད་ཀྱི་ལྷ་ཚོགས། བསམ་ཡས་ན་གནས་པའི་ཆོས་སྐྱོང་རྣམས་ཀྱི་འབག །བར་ཁང་གི་སྲུང་མ་རྒྱལ་པོ་ཤིང་བྱ་ཅན་ལ་གཏད་དོ། སྟེང་ཁང་གི་ཤིང་ཐམས་ཅད་ཐང་མ་དང་སོམ། ལྡེར་བཟོའི་རྒྱུ་རས་དང་འཇག་མ། བཟོ་རྒྱ་གར་གྱི་ལུགས། གཙོ་བོ་རྣམ་སྣང་ཀུན་ཏུ་རིག་པ་ཞལ་བཞི་ངོ་བོ་གཅིག་པ་རེ་རེ་ལ་འཁོར་གཉིས་གཉིས་(99བ)ཏེ་ཉེ་བའི་སྲས་བརྒྱད། རྡོ་རྗེ་རྒྱལ་མཚན་ལ་སོགས་པ་ཕྱོགས་བཅུ་ནས་ལྷགས་པའི་བྱང་ཆུབ་སེམས་དཔའ། ཁྲོ་བོ་མི་གཡོ་བ་ལ་སོགས་པ་བཞི། ཕྱག་རྡོར་སོགས་བཞི་སྟེ་བུདྡྷའི་ལྷ་ཚོགས་བཞི་བཅུ་རྩ་གཉིས་སུ་བྱས། རྒྱུད་རིས་མདོ་སྡེ་ས་བཅུ་པ་བྲིས། སྟེང་ཁང་གི་སྲུང་མ་རྒྱལ་པོ་ཟངས་མའི་འབེ་ལོག་ཅན་ལ་གཏད་དོ། །ཐོག་ཐམས་ཅད་རྒྱ་ཕིབས་ཟ་འོག་རིས། ལྕོག་བཞི་ན་སྟེང་གི་ཞིང་ཁམས་མདངས་དགའ་བ་ཅན་གྱི་སངས་རྒྱས་དགའ་བའི་དཔལ། འཁོར་བྱང་ཆུབ་སེམས་དཔའ་དགའ་བས་བྱིན་ལ་སོགས་རྒྱུད་རིས་བཞི། དེ་གནོད་སྦྱིན་ལག་ན་རྡོ་རྗེ་གོས་སྔོན་ཅན་བཞི་ལ་གཏད། གཉྫི་ར་གསེར་ལ་ཤེལ་གྱི་ཏོག་ཅན་བཙུགས། དེ་ནས་ཁོར་ས་བར་པ་བརྩིགས་ཏེ་ལྷོ་ཕྱོགས་རོལ་མོ་མཆོད་རྫས་ཀྱི་བང་མཛོད་གསུམ་ན་རོལ་ཆས་བཀང་། དེ་གནོད་སྦྱིན་ལག་ན་དབྱུག་ཐོགས་མཆེད་གསུམ་ལ་གཏད། ནུབ་ངོས་མདོ་རྒྱུད་ཆོས་ཀྱི་བང་མཛོད་གསུམ་ན་རྒྱ་དཔེ་བོད་དཔེ་རྒྱ་ནག་གི་དཔེའི་གླེགས་བམ་རྣམས་ཀྱིས་བཀང་། དེ་ཨ་ཙ་ར་ལག་ན་གྲི་ཐོགས་མཆེད་གསུམ་ལ་གཏད། བྱང་ངོས་རིན་ཆེན་གཏེར་གྱི་བང་མཛོད་གསུམ་ན་གསེར་དངུལ་ཟངས་ལྕགས་ལ་སོགས་པས་བཀང་། དེ་གཤིན་རྗེ་ལག་ན་དབྱུག་ཐོགས་གསུམ་(100ན)ལ་གཏད། རྒྱུད་རིས་མདོ་སྡེ་རྒྱ་ཆེར་རོལ་པ་བྲིས། བར་གྱི་སེ་རྒྱོངས་ལ་བསྐལ་བཟང་གིས་སངས་རྒྱས་སྟོང་དང་། དེ་ནས་མུན་བསྐལ་དྲུག་ཅུའི་རྗེས་ལ་སངས་རྒྱས་ཁྲི་བྱུང་བ་བྲིས་ཏེ་མ་ཤོང་བ་གྲུ་སྐས་ཀྱི་རྩིག་ལོགས་ལ་བཀོད། དེ་ནས་ཁོར་ས་ཆེན་མོ་བསྐོར་ཏེ་རྣམ་སྣང་ངན་སོང་སྦྱོང་བའི་དཀྱིལ་འཁོར་དུ་བཞེངས། མདའ་ཡབ་ཀྱི་ངོས་གསུམ་ལ་རིགས་ལྔའི་ལྡེར་བཟོ་ཕྱིར་ལྟ་བ། ནང་དུ་སྡོང་པོ་བརྒྱན་པར་ཚོང་དཔོན་གྱི་བུ་ནོར་བཟང་གིས་དགེ་བའི་བཤེས་གཉེན་བརྒྱ་རྩ་བསྟེན་པ་རྣམས་བྲིས། དེས་མ་ཁེངས་པ་འཕགས་པ་སྣང་བརྒྱད་ཀྱིས་བཀང་། ཆོས་སྐྱོང་ཀླུའི་རྒྱལ་པོ་ཨ་ནནྟ་ཨུ་ལི་ལ་གཏད། རྒྱབ་ཏུ་རྡོ་རིང་པདྨ་ཅན་ལ་བཀའ་གཙིགས་རྡོ་ལ་བརྐོས་པའི་སྟེང་དུ་སེང་གེ་བཞག་ནས་ཆོས་སྐྱོང་སེདྷ་མུ་ཁ་ལ་གཏད། དབུ་རྩེའི་སྒོ་གསུམ་པྲཛྙཱ་པཱ་ར་མི་ཏ་རྣམ་པར་ཐར་པའི་སྒོ་གསུམ་སྟོང་པ་ཉིད་དང་། མཚན་མ་མེད་པ་དང་། སྨོན་པ་མེད་པ་གསུམ་དང་བསྟུན། རྩིག་པ་དང་ཤིང་བཟོ་བརྐོས་ཏེ་རྨང་བཙུགས་ནས་ཆུ་ཁུང་གཏོད། ནང་དུ་ཀ་བའི་རྨང་བྱས་དེའི་སྟེང་དུ་ཀ་བ་ཀ་ལོགས་གདུང་ཕྱ་མ་སྤང་ལེབ་སོ་ཕག་བཀྲམ་པ་ཁ་ལན་ཀན་གྱིས་བསྐོར། ལོགས་ལ་(100བ)སུམ་ཆའི་འོག་ཏུ་དཀར་ཁུང་ཕྱི་རུབ་ལ་ནང་ཡངས་པ་རྒྱ་མཐོངས་ལྟ་བུར་བྱས། བྱ་མི་འཇུག་པའི་ཕྱིར་དྲ་བ་དང་། སྦྲང་བུ་མི་འཇུག་པའི་ཕྱིར་སྒོ་གླེགས། རླུང་གིས་མི་ཕྱེད་པའི་ཕྱིར་འཁོར་གཏན། དེ་འབྱེད་པའི་དབྱུ་གུ་རྐམ་ཁ་བྱས་པ། སྟེང་དུ་འཛེག་པའི་གྲུ་སྐས་དྲུག་གི་འོག་མ་རྡོ། བར་མ་སོ་ཕག སྟེང་མ་ཤིང་ལས་བྱས། ལག་འཛིན་གྱི་གདང་བུ་ལ་མི་འགུལ་བའི་ལྕགས་གཟེར་བཏབ། དེ་ལྟར་བྱ་བ་འདུལ་བ་དང་བསྟུན། རྒྱུད་རིས་མདོ་སྡེ་དང་བསྟུན། ལྡེར་ཚོ་གསང་སྔགས་དང་བསྟུན། ལྡེར་ཚོ་བདུན་ཅུ་དོན་བརྒྱད། མདོའི་རྒྱུད་རིས་བཅུ་བཞི། ཀ་བ་སྟོང་དང་རྩ་གཉིས། སྒོ་མོ་ཆེ་སུམ་ཅུ་སོ་དྲུག སྒེའུ་ཆུང་བཞི་བཅུ་རྩ་གཉིས། གྲུ་སྐས་ཆེན་པོ་དྲུག །ཙོང་ཆེན་པོ་བརྒྱད་དང་། དང་དང་ཆེན་པོ་གསུམ་གྱིས་བརྒྱན་པར་བྱས་སོ། །རྟེན་གཙོ་བྱང་ཆུབ་ཆེན་པོ་ནི། རྒྱ་གར་རྡོ་རྗེ་གདན་གྱི་བྱང་ཆུབ་ཆེན་པོ་དང་སྐུ་ཚད་མཉམ་པས་སྟོན་པ་སངས་རྒྱས་པའི་དུས་ཀྱི་ཐུན་མོང་གི་སྣང་ངོའི་སྐུ་ཚད་ཡིན་ཞིང་། ཕྱིས་ཇོ་བོ་རྗེ་ལ་སོགས་པས་ཀྱང་མ་ཧཱ་བོ་དྷི་དང་ཁྱད་པར་མི་འདུག་གསུངས་པས་སྟོན་པ་དངོས་དང་ཁྱད་པར་མེད་དོ། །དེ་ནས་མངོན་པ་དང་བསྟུན་པའི་གླིང་བཅུ་གཉིས་(101ན)ཉི་ཟླ་དང་བཅས་པ་བཞེངས་ཏེ། དེའང་སྤྱིར་གླིང་བཅུ་གཉིས་པོ་རྣམས་ལ་ལྟེ་བ་ལ་སྒོ་རེ་དང་། ཁོར་ས་ལ་སྒོ་གཉིས་རེ་ཡོད་པ་ལས། དང་པོར་ཤར་ལུས་འཕགས་པོ་གླིང་གཡོག་དང་བཅས་པ་ལ་དཔེ་བྱས་ཏེ་ཟླ་གམ་དུ་བྱས་པའི་དབུས་མ་རྣམ་དག་ཁྲིམས་ཁང་གླིང་ན། ལྡེར་ཚོ་ཐུབ་པ་གཙོ་འཁོར་ལྔ་དང་། ཟླ་འོད་གཞོན་ནུར་གྱུར་པའི་རྒྱུད་རིས་བཅས་བཞུགས། དེ་རྣམས་རྒྱལ་པོ་དུང་གི་ཐོར་ཚུགས་ཅན་ལ་གཏད། གཡས་གཡོན་གྱི་གླིང་གཡོག་གཉིས་ལས། མཁྱེན་རབ་འཇམ་དཔལ་གླིང་ན། ཀོ་བ་ལས་བྱས་པའི་འཇམ་དཔལ་གཙོ་འཁོར་བདུན་དང་། སྒོ་སྲུང་གཤིན་རྗེ་གཤེད་གཉིས། འཇམ་དཔལ་སངས་རྒྱས་པའི་ཞིང་བཀོད་དང་། ཕལ་པོ་ཆེའི་རྒྱུད་རིས་བཅས་བཞུགས། དེ་རྣམས་གཤིན་རྗེ་མེའི་འཁོར་ལོ་ཅན་ལ་གཏད། བརྡ་སྦྱོར་ཚང་མང་གླིང་ན། ཐུབ་པ་གཙོ་འཁོར་བདུན་དང་། རྒྱུད་རིས་རིན་པོ་ཆེ་སྣ་ཚོགས་པ། ཕྱི་ཁྱམས་བཙུན་པའི་གཡོས་ཁང་བཅས་མཆིས། དེ་རྣམས་རྒྱལ་པོ་འབྲུག་གི་སློག་པ་ཅན་ལ་གཏད། ལྷོའི་གླིང་སོག་ཁ་གསུམ་ལས། བདུད་འདུལ་སྔགས་པའི་གླིང་ན། ཐུབ་པ་བདུད་འདུལ་ལུགས་འཁོར་སྡེ་ཚོ་བཞི་དང་། ལྟེ་བ་ལ་མདོ་སྡེ་ས་བཅུ་པ། ཁོར་(101བ)ས་རུ་གཙུག་ན་རིན་པོ་ཆེའི་མདོ་བཅས་བཞུགས། དེ་རྣམས་དབང་ཕྱུག་མ་ཉེར་བརྒྱད་ལ་གཏད། ཨཱརྱ་པཱ་ལོའི་གླིང་ན། ལྷ་རྣམས་བཙན་པོའི་བཞེད་པ་བཞིན་བོད་མིའི་གཟུགས་སུ་བགྱི་བའི་དཔེར་བོད་འབངས་ཚོགས་པ་ལས། དེའི་ནང་ནས་གཟུགས་བཟང་བ་ཁུ་སྟག་ཚབ་ལ་དཔེ་བགྱིས་ཏེ་གཙོ་བོ་ཨཱརྱ་པཱ་ལོ་ཁ་སརྤཱ་ཎི་བཞེངས། ཐང་བཟང་སྟག་ལོད་ལ་དཔེ་བྱས་ཏེ་ཡི་གེ་དྲུག་པ་གཡས་སུ་བཞེངས། རྨ་གསང་ཀོང་ལ་དཔེ་བྱས་ཏེ་རྟ་མགྲིན་སྒོ་སྲུང་དུ་བཞེངས། བུད་མེད་ལས་མཛེས་པ་ཅོག་རོ་བཟའ་ལྷ་ཀླུ་སྨན་ལ་དཔེ་བགྱིས་ཏེ་སྒྲོལ་མ་གཡས་སུ་བཞེངས། ཅོག་རོ་བཟའ་ནུ་ཆུང་ལ་དཔེ་བྱས་ཏེ་འོད་ཟེར་ཅན་མ་གཡོན་དུ་བཞེངས། དབུས་ཀྱི་ཡང་ཐོག་ཏུ་ཨ་མི་ཏཱ་བྷ་གཙོ་འཁོར་ལྔ་བཞེངས། གློ་འབུར་ན་སྐུའི་རྟེན་དུ་ཙནྡན་གྱི་རུས་པ་ལ་གུ་གུལ་གྱི་ཤ་དངུལ་གྱི་པགས་པས་གཡོགས་པའི་རྒྱལ་པོ་ཉིད་ཀྱི་སྐུ་འབག་གཅིག །བླ་འབུམ་ཡུམ་ཆེན་མོ་གཅིག །ཕྲ་མེན་གྱི་མཆོད་རྟེན་གཅིག །རྒྱུད་རིས་ཟ་མ་ཏོག་བཀོད་པ། བསེའི་ལྷ་མོ་སྟོང་རྩ་གཉིས། ཁོར་ས་ལ་ས་བཅུ་པའི་མདོ་བཅས་བྲིས། དེ་རྣམས་དྲང་སྲོང་དྷརྨ་རཱ་ཛ་འཁོར་སྡེ་བརྒྱད་དང་བཅས་པ་ལ་གཏད། རྒྱ་གར་གླིང་ན། ཇོ་བོ་ཤཱཀྱ་ཐུབ་པ་རྒྱ་གར་(102ན)ལུགས་གཙོ་འཁོར་ལྔ་དང་། ཚེ་དཔག་མེད། འདུས་པ་རྣམ་པར་དག་པའི་རྒྱུད་རིས། མདུན་ན་ལོ་པཎ་སྒྲ་བསྒྱུར་གླིང་ཁང་པ་སྒོ་སོ་སོར་ལྟ་བ། དེ་རྣམས་གནོད་སྦྱིན་རཱ་ཧུ་ལ་ལ་གཏད། ནུབ་ཀྱི་གླིང་ཟླུམ་པོ་གསུམ་ལས། བཻ་རོ་ཙཱ་ནའི་གླིང་ན། རྣམ་སྣང་ཟངས་ལས་བྱས་པ། འཁོར་གསང་བའི་ཡུམ་བཞི། རྒྱུད་རིས་རྣམ་སྣང་མངོན་བྱང་བཅས་བྲིས། དེ་རྣམས་གནོད་སྦྱིན་གླང་མགོ་ཅན་ལ་གཏད། དགའ་ལྡན་བྱམས་པ་གླིང་ན། བྱམས་པ་གཙོ་འཁོར་བདུན་དང་། གཤིན་རྗེ་གཤེད་གཉིས། རྒྱུད་རིས་མི་དགེ་བ་སྤྱད་པས་ཤཱཀྱའི་བསྟན་པ་མར་འགྲིབ་པ་དང་། ཚེ་ལོ་བཅུ་པ་ནས་བྱམས་པས་དགེ་བ་བྱེད་དུ་བཅུག་པས་ཡར་འཕེལ་བ་དང་། སྒྲོལ་མ་ཕྱག་འཚལ་ཉེར་གཅིག །བསམ་ཡས་ཀྱི་དཔེ་རིས། ཞང་རྒྱལ་ཚ་ལྷ་སྣང་གིས་ལག་དཔོན་བྱས་པའི་ལས་ཐབས་དང་། ལྟུང་བཤགས་ཀྱི་ལྷ་ཚོགས་བཅས་བྲིས། དེ་རྣམས་མཁའ་འགྲོ་མ་གུང་གི་གོས་ཅན་ལ་གཏད། མི་གཡོ་བསམ་གླིང་ན། རྣམ་སྣང་ཡབ་རྒྱལ་པོའི་ཐུགས་དམ་གཉན་པོ་བྱིན་རླབས་ཅན་རིགས་ལྔ་དང་། འཁོར་ཉན་ཐོས་བཅུ་དྲུག །རྒྱུད་རིས་གསེར་འོད་དམ་པ་ངེས་དོན་གྱི་ལུགས་བཅས་བྲིས། དེ་རྣམས་(102བ)རྒྱལ་པོ་དངུལ་གྱི་མགོ་ཅན་ལ་གཏད། བྱང་གི་གླིང་གྲུ་བཞི་གསུམ་ལས། རིན་པོ་ཆེ་སྣ་ཚོགས་གླིང་ན། ཐུབ་པ་གཙོ་འཁོར་དང་། རྒྱུད་རིས་དགའ་ལྡན་དུ་ཡུམ་ལ་ཆོས་གསུངས་པ་དང་དྲིན་ལན་བསབས་པའི་མདོ་བཅས་བྲིས། དེ་རྣམས་རྒྱལ་པོ་གཡུའི་སྦར་ཅན་ལ་གཏད། སེམས་བསྐྱེད་བྱང་ཆུབ་གླིང་ན། ཕྱག་རྡོར་གྱི་ཕོ་བྲང་རི་བོ་མཆོག་རབ་ཀྱི་སྟེང་ན་ཕྱག་རྡོར། རྡོ་རྗེ་ཕུར་པ། བདུད་རྩི་འཁྱིལ་བ་གསུམ་གྱིས་བར་ཆད་སྲུང་བ། སངས་རྒྱས་མ་ཆགས་པདྨ་ཅན་ནམ་མཁའ་ལ་བྱོན་པ་ལ་བྱང་སེམས་སྒྲིབ་པ་རྣམ་སེལ་གྱིས་ཞུས་ཏེ་ས་བཅུའི་བྱང་སེམས་རྡོ་རྗེ་སྙིང་པོ་ལ་སོགས་པ་བུདྡྷ་ལྷ་བཞི་བཅུ་ཞེ་གཉིས་ཀྱིས་སེམས་བསྐྱེད་ཞུས་པ། དེའི་བར་བར་ན་ཕྱོགས་བཅུའི་སངས་རྒྱས་ཀྱིས་དེ་དག་ལ་བྱིན་གྱིས་བརླབས་པ། རྒྱུད་རིས་དཀོན་མཆོག་སྤྲིན་དང་། ཁོར་ས་ལ་རྟག་ཏུ་ངུས་ཤེར་ཕྱིན་འཚོལ་བ་བཅས་བྲིས། དེ་རྣམས་རྒྱལ་པོ་བསེ་གབ་དང་མཁའ་འགྲོ་མ་བསེའི་འགྲོས་ཅན་ལ་གཏད། དཀོར་མཛོད་པེ་ཧར་གླིང་ན། ཐུབ་པ་གཙོ་འཁོར་དགུ་དང་། ཡབ་སྲས་མཇལ་བའི་མདོའི་རྒྱུད་རིས། གློ་འབུར་རྣམས་ན་བསམ་ཡས་འབྱོངས་པའི་དཀོར་ལྷག་མ་འདི་ན་འདི་ཡོད་ཀྱི་རྩིས་ཡིག་བཅས་བྲིས། དེ་རྣམས་(103ན)སྲུང་མ་གིང་གི་རྒྱལ་པོ་ཤིང་བྱ་ཅན་ཏེ་སྤྱིར་རྒྱལ་པོ་པེ་ཧར་དུ་གྲགས་པ་ལ་གཏད། ཡཀྵ་གོང་མ་གང་བ་བཟང་པོའི་ཁང་པ་ན། ཐུབ་པ་གཙོ་འཁོར་ལྔ་དང་། རྒྱུད་རིས་སངས་རྒྱས་སྟོང་རྩ་བཅས་བྲིས། དེ་རྣམས་གང་བ་བཟང་པོ་ལ་གཏད། ཡཀྵ་འོག་མ་ནོར་བུ་བཟང་པོའི་ཁང་པ་ན། ལྡེར་ཚོ་དང་རྒྱུད་རིས་མཚུངས་ཤིང་། དེ་རྣམས་ནོར་བུ་བཟང་པོ་ལ་གཏད་པ་སྟེ་འདི་གཉིས་ཉི་ཟླའི་དོད་ཡིན་ནོ། །ཤར་ཕྱོགས་ཀྱི་ལོགས་གླིང་གཡོག་དང་བཅས་པ་ཁ་དོག་དཀར་པོ་ཤེལ། ལྷོ་མཐིང་ག་བེེཌཱུརྻ། ནུབ་དམར་པོ་པདྨ་རཱ་ག །བྱང་སེར་པོ་གསེར་གྱི་རང་བཞིན། ལོགས་ཞལ་གཉེར་མ་ཆུ་གཉེར་འདྲ་བ། ཐང་ལ་དཀར་ཞལ་ཕྱིའི་རྒྱ་མཚོ་ལ་དཔེ་བྱས་པ་ཡང་བྲིས་སོ། །གཞན་ཡང་ནུབ་ན་ཚང་མང་ཀེ་རུ་གླིང་གི་སྟེང་ཁང་སློབ་དཔོན་བོ་དྷི་ས་ཏྭའི་གཟིམས་མལ་དང་བཞུགས་ཡུལ་ལྷ་ཁང་། འོག་ཁང་དཀར་ཐབ་བཅས། དེ་དག་གནོད་སྦྱིན་སྨྱུ་གུ་ཐོགས་པ་ལ་གཏད། སྒོར་དག་བྱེད་ཁྲུས་ཀྱི་ཁང་པ་ཙནྡན་གྱིས་གང་བ་འོག་སོ་ཕག །ལོག་ལ་རབ་ཏུ་བྱུང་བ་སྐྱོ་བ་སྐྱེ་བའི་ཕྱིར་ཀེང་རུས་ཀྱི་རྣམ་པ་འདུལ་བ་ནས་གསུངས་པ་ལྟར་བྲིས། དེ་དག་གནོད་སྦྱིན་དབྱུག་ཐོགས་ཅན་ལ་གཏད། བྱང་དུ་མཐུ་རྩལ་(103བ)གླིང་ན། སེ་བའི་ཕུང་པོ་གཅིག་སྦྱིན་སྲེག་མཛད་པའི་ཡལ་ག་བརྒྱད་ལ་ཀླུ་ཆེན་པོ་བརྒྱད་བྱས། དབུས་ན་ཕྱག་རྡོར་དཀར་པོ་ཞི་བ་འདུལ་བྱེད་དུ་བཞེངས་པ། རྒྱུད་རིས་ཉ་སྦལ་ཆུ་སྲིན་སོགས་བྲིས། དེ་དག་ལ་སྲུང་མ་ས་བདག་རྒྱུན་འདལ་གཉན་རྒུ་རང་ཆས་སུ་ཡོད་ཅིང་། དེ་ནི་ནང་ཆུ་ཤེལ་གྱིས་ཁྱབ་པ་སུས་ཀྱང་བལྟ་བར་རྔོ་མི་ཐོགས་པ་ཞིག་མཆིས། དེ་ནས་མཆོད་རྟེན་དཀར་པོ་བྱང་ཆུབ་ཆེན་པོའི་མཆོད་རྟེན་སེང་གེས་བརྒྱན་པ་ཉན་ཐོས་ཀྱི་ལུགས་སུ་བཞེངས། དེ་ནི་ཤུད་བུ་མི་རྒྱལ་ཏ་རེས་ལག་དཔོན་བྱས་པ་གཉན་དྲག་པས་ཁོང་ཤི་སྟེ། ཡང་ཤུད་བུ་ཁྲི་འབྲེང་ཁེང་བཙན་གྱིས་ལག་དཔོན་བྱས་ཏེ་བཞེངས། དེ་གནོད་སྦྱིན་སྐར་མདའ་གདོང་ལ་གཏད། མཆོད་རྟེན་དམར་པོ་སྐུ་ཚེ་བརྟན་པ་བྱང་ཆུབ་སེམས་དཔའི་ལུགས་སུ་པདྨས་བརྒྱན་པ། སྣ་ནམ་རྒྱ་ཚ་ལྷ་སྣང་གིས་བཞེངས། དེ་གཟའ་མིག་དམར་ལ་གཏད། མཆོད་རྟེན་ནག་པོ་དེ་བཞིན་གཤེགས་པའི་གདུང་གིས་བརྒྱན་པ་རང་སངས་རྒྱས་ཀྱི་ལུགས་སུ་བྱས་པ། ངན་ལམ་ཏ་ར་ཀླུ་གོང་གིས་བཞེངས། དེ་གནོད་སྦྱིན་ལྕགས་མཆུ་ཅན་ལ་གཏད། མཆོད་རྟེན་སྔོན་པོ་ཆོས་ཀྱི་འཁོར་ལོ་དེ་བཞིན་གཤེགས་པའི་ལུགས་སྒོ་བཅུ་དྲུག་གིས་བརྒྱན་པ། མཆིམས་རྡོ་རྗེ་སྦྲེལ་ཆུང་གིས་(104ན)བཞེངས། དེ་གནོད་སྦྱིན་ཉི་མའི་གདོང་ཅན་ལ་གཏད། དེའི་ཚེ་འདྲེ་མོ་འོད་ཅན་མས་མི་རྣམས་ཉལ་བ་མགོ་མཇུག་ལྡོག་པ་སོགས་འཚེ་བ་མང་དུ་བྱས་པས། །བྱམས་པ་གླིང་དུ་མཆོད་རྟེན་འོད་འབར་བརྩིགས་ཏེ་མནན། མཆོད་རྟེན་ལྔ་པོ་ལ་ནང་རྫོངས་མེད་ནས་བཙན་པོས་མཁན་པོ་ལ་ཞུས་པས། མཁན་པོའི་ཞལ་ནས་མ་ག་དྷར་རྒྱལ་པོའི་ཁབ་ཀྱི་སྒོ་མདུན་ན་དྷ་རུ་རྩེ་དོ་ཞེས་བྱ་བའི་མཆོད་རྟེན་ཞིག་གི་ནང་ན་རྒྱལ་པོ་མ་སྐྱེས་དགྲའི་རྟེན་སྐལ་དེ་བཞིན་གཤེགས་པའི་རིང་བསྲེལ་མ་ག་དྷའི་བྲེ་ཁལ་གཅིག་བཞུགས་པར་གྲགས་སོ་ཞེས་གསུངས། རྒྱལ་པོས་དེ་སྤྱན་འདྲེན་པའི་ཕྱིར་ཆིབས་བཏེགས་ཏེ་བོད་ཀྱི་རྟ་རྔོགས་ཆགས་སྒ་མནན་མ་ཐག་པ་གཅིག་ཡན་ཆད་མ་ལུས་པར་ཆད་ལ་བསྡོས་ནས། བློན་པོ་འགོས་ཀྱིས་རྟ་དམག་ཐམས་ཅད་ཕག་རིར་དུས་བཏབ་ཅིང་། མཁན་པོས་ལམ་རྒྱུས་མཛད་དེ་ཆས་པས། བོད་ཀྱི་རྟ་པའི་དམག་ཐམས་ཅད་དཔལ་མོ་དཔལ་ཐང་ལ་དམག་གྲངས་བཏབ་པ་རྟ་པ་བྱེ་བ་ཕྲག་བཅུ་བཞི་བྱུང་སྐད། དེ་རྣམས་དང་བཅས་རྒྱ་གར་དུ་ཕྱག་ཕེབས་པ་ན། ཡུལ་དེའི་རྒྱལ་པོ་བྲེད་ནས་མཐའ་འཁོབ་ཀྱི་རྒྱལ་པོའི་རྟ་པ་འདི་འདྲ་ན། དཔུང་བུ་ཆུང་དང་། ཤིང་(104བ)རྟ་དང་། གླང་པོ་ཆེའི་ཚོགས་ཅི་འདྲ་ཞིག་འོངས་ཟེར་ནས། ཕོ་བྲང་གི་སྒོའི་ཡ་ཀླད་ལ་བོད་ཀྱི་རྒྱལ་པོའི་ལྷམ་བཏགས། དེའི་འོག་ནས་ཕར་རྒྱལ་བློན་འཁོར་དང་བཅས་པ་འཛུལ་ཏེ། ངའི་རྒྱལ་ཁམས་ནི་བཙན་པོ་ཁྱོད་ཀྱི་འོག་ཏུ་འཛུལ་ཞིང་དཔྱ་དང་སྐྱེས་ལོ་རེ་བཞིན་དུ་འབུལ་ལོ་ཟེར་ཞིང་མངའ་འོག་ཏུ་འདུས་སོ། །དེ་ནས་ཆུ་བོ་གངྒཱ་བརྒལ་ནས་མ་ག་དྷར་དམག་དྲངས་པས། མ་ག་དྷ་པ་ཐམས་ཅད་ཀྱིས་ནོར་རྣམས་ཨོ་ཏནྟ་པུ་རིར་བསྐྱལ། མི་རྣམས་རྒྱ་གར་ཤར་ཕྱོགས་སུ་བྲོས་སོང་བས། གཡུལ་སྤྲོད་མ་དགོས་པར་རྡོ་རྗེ་གདན་དུ་བརྟོལ། བྱང་ཆུབ་ཀྱི་ཤིང་ལ་མཆོད་པ་མཛད་ཅིང་མཆོད་གནས་སྤྱན་དྲངས། དེ་ནས་མཆོད་རྟེན་ཁ་ཕྱེ་སྟེ་གཟིགས་པས་ནང་ན་མཚོན་ཆའི་འཁོར་ལོ་འཁོར་བའི་དཀྱིལ་དུ་རིན་པོ་ཆེའི་བུམ་པ་ཞིག་འདུག་པ་སུས་ཀྱང་བླང་བར་རྔོ་མ་ཐོགས་པའི་ཚེ། དེར་རྒྱ་གར་གྱི་མི་ཤིན་ཏུ་རྒས་པ་ཞིག་འདུག་པ་ན་རེ། ང་ལ་སྔོན་གྱི་མིས་གླེང་བའི་ལོ་རྒྱུས་ཆ་ཡོད། མཆོད་རྟེན་འདིའི་བྱང་ངོས་རྡོ་ལེབ་ཆེན་པོའི་དཀྱིལ་གྱི་བུག་པ་ནས་མར་རྔ་བོང་གི་ཐག་པ་ལ་བུམ་པ་བཏགས་ཏེ་བཏང་བས་བུམ་པ་དེ་ཆུས་གང་ནས་འོང་། དེ་ནས་ཡར་ལ་གཞལ་བའི་མཆོད་རྟེན་གྱི་སྐེད་པའི་ཐད་མཉམ་པ་ན་རྫིང་བུ་སེང་ཁུང་(105ན)གི་བར་ཆུ་འགྲོ་བ་རྩྭ་དང་བྱེ་མས་བཀག་སྟེ་ཆུ་འགོག་ན། ཆུ་ཆད་ནས་མཚོན་ཆའི་འཁོར་ལོ་རྡིག་ཅེས་འཁོར་འཕྲོ་ཆད་པ་ཡིན་ཟེར་རོ་བྱས་པས། དེས་ཇི་སྐད་ཟེར་བ་ལྟར་བྱས་པས་བདེན་པར་བྱུང་སྟེ་རིན་པོ་ཆེའི་བུམ་པ་ནས་སངས་རྒྱས་ཤཱཀྱ་ཐུབ་པའི་རིང་བསྲེལ་བྲེ་དྲུག་སྤྱན་དྲངས། ཡང་སྔར་ལྟར་རྩ་ཤིང་བསལ་ཏེ་ཆུ་བཏང་བས་མཚོན་ཆའི་འཁོར་ལོ་སྔ་མ་ལྟར་འཁོར་བ་ལ་མི་མངོན་པར་རྒྱས་བཏབ་བོ། །དེ་ནས་ཚུར་བྱོན་ཏེ་ཆུ་བོ་གངྒཱའི་འགྲམ་དུ་བོད་ཀྱི་མི་བཞི་བསྐོས་ནས་འདི་ཚུན་ཆད་བོད་ཀྱི་ས་བཅད་ཡིན་པས་འདིར་རྡོ་རིང་གྱིས་ཤིག་ཅེས་བཀའ་བསྩལ། མི་མང་པོས་བྱེ་ཁུང་དུ་ལྕགས་ཀྱི་ཀ་བ་བཙུགས་ཏེ་བཞག་པ། ཕྱིས་གྲུ་ཤའི་དམག་གིས་དེ་བཤིག་པས་མ་ཞིག་ནས་མེས་བཞུས་པའི་འཕྲོ་ཡོད་སྐད། དེར་འཛུགས་མཁན་གྱི་མི་བཞི་པོ་ཡུལ་ཆགས་པ་བྷོ་དྲ་ཋ་ཀཱུ་རའི་རིགས་བྱ་བའི་གྲོང་ཁྱེར་ཆེན་པོ་ཞིག་ཀྱང་ཡོད་པར་གྲགས། སླར་རྟ་དམག་རྣམས་བོད་དུ་ལོག་པ་ཤིན་ཏུ་ཉུང་བ་བྱུང་ནས་རྒྱལ་པོ་ལ་ཞུས་པས། རྒྱ་གར་ཡུལ་བཟང་བས་བསྡད་པ་མིན་ནམ་གསུངས། མཁན་པོ་ལ་ཞུས་པས། རྒྱ་གར་ཆམ་ལ་འབེབས་པའི་ཕྱིར་བཙན་པོས་སྤྲུལ་པ་མཛད་པ་ཡིན་ཏེ་འོང་། དང་པོ་ནས་(105བ)བོད་ཀྱི་རྟ་དམག་འདི་ཙམ་ལས་མེད་གསུངས་ཏེ་གྲངས་ཀ་བགྲངས་པས། མི་གཅིག་ཀྱང་མ་ལུས། རྟ་གཅིག་ཀྱང་མ་ཆད་པར་ཚང་བས་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱིས་སྤྲུལ་པ་མཛད་པར་གྲགས་སོ། །དེ་ནས་ཆོས་འཁོར་བསམ་ཡས་སུ་ཞབས་འཁོར་དེ་རིང་བསྲེལ་གྱི་སྣོད་དང་ཟ་མ་ཏོག་བཞི་སྤྲུགས་བྱེད་པའི་བར་ལ་རིང་བསྲེལ་འཕེལ་ཏེ་སྙིམས་པ་གང་མ་ཤོང་བ་མཆོད་རྟེན་གྱི་ཏོག་ལ་བཞུགས་སུ་གསོལ། མེས་པོ་ཐོ་ཐོ་རིའི་ཐུགས་དམ་གཉན་པོ་གསང་བ་དང་། མེས་པོ་སྲོང་བཙན་གྱི་ཐུགས་དམ་ལྔ། ཡབ་ཀྱི་ཐུགས་དམ་གཉིས་རྣམས་ཀྱང་བཞུགས་པར་མཛད་པས་མཆོད་རྟེན་དཀར་པོ་དེ་ལྷག་པར་བྱིན་རླབས་ཆེའོ། །ལྷོ་ཕྱོགས་ཀྱི་མཆོད་རྟེན་ལ་སྲོག་ཤིང་དང་ཐོན་ཀ་དཀར་པོའི་འཁོར་ལོ་བལ་པོའི་ཤིང་མཁན་དང་། རྡོ་བཟོ་དང་། མགར་བས་བགྱིས་ཏེ། ཧས་པོ་རིའི་རྒྱབ་ཏུ་བལ་པོ་བཟོ་བྱེད་པའི་དྲུང་དུ་བཞག་སྟེ་དྲངས་ནས་འཛུགས་པར་ཆད་བྱས། བློན་པོ་རྣམས་ཀྱིས་འབྲེང་ཞགས་དང་། ཤིང་རྟ་གྲབས་སུ་ཚུད། བཟོ་བོས་དགུང་སངས་མ་ཐག་ཏུ་འཕྲོས་བཟོ་བ་ལ་ཕྱིན་པས་སྲོག་ཤིང་གི་ཤུལ་ཧ་རེ་སྟོར། རྗེའི་སྙན་དུ་སྒྲོན་ནས་ཕོ་ཉ་བཏང་སྟེ་བཙལ་བས་མ་རྙེད། ཡང་བལྟས་པས་སྲོག་ཤིང་མཆོད་རྟེན་ལ་བཙུགས་(106ན)ཟིན་པ་མཐོང་། ཤིང་མཁན་དང་མགར་བ་ཟུང་གིས་ཀྱང་བལྟས་པས་བཙུགས་ཟིན་པར་མཐོང་སྟེ་སྙན་དུ་གསོལ་བ་དང་། རྗེས་འབངས་ཀུན་བསགས་ཏེ་ངའི་འབངས་ཀྱི་ཁྲོད་ན་སྟོབས་ཆེ་བ་འདི་སུ་ཡིན་སྨོས་དང་བྱ་དགའ་ཆེར་སྟེར་རོ་ཞེས་གསུངས་པས། ཁས་ལེན་པ་སུ་ཡང་མ་བྱུང་། ཕྱྭ་མཁན་བལ་པོ་ན་རེ། མདང་ངའི་རྨི་ལམ་ན་མི་བཞིས་འཁོར་ལོ་ཁྱེར་ནས་འོངས་ཏེ་བཙུགས། ཁྱེད་ཀྱིས་མཆོད་རྟེན་བདུན་བཙུགས་ན་ལེགས་རབ། མཆོད་རྟེན་འདི་ཡང་ལེགས་རབ། མཆོད་རྟེན་འདི་འཛམ་བུའི་གླིང་ན་བྱིན་ཆེ་བ་ཡིན་ཏེ། འདི་ལ་སུས་ཕྱག་དང་བསྐོར་བ་བྱེད་པ་དེའི་བསམ་པ་ཡིད་བཞིན་དུ་འགྲུབ་པར་འགྱུར་བས་བྱ་དགའ་རུ་གསེར་གྱི་ཡ་ལད་གཅིག་བྱིན་གྱི་འདི་ཁྱེར་ཞིག་ཟེར་བ་རྨིས། གཉིད་སད་ཙ་ན་མི་བཞི་ནི་མི་གདའ་ལ། ཡ་ལད་ནི་འདི་ཡིན་ཟེར་ནས་གསེར་ཁྲབ་གཅིག་གདའ་ཞེས་གསོལ་བས། ཕྱྭ་མཁན་འཁོར་བཅས་ལ་བྱ་དགའ་ཆེ་ཐང་དུ་སྩལ། སློབ་དཔོན་གྱི་ཞལ་ནས། དེ་སྐད་དུ་བསྟན་པ་རྒྱལ་པོ་ཆེན་པོ་བཞི་ཡིན་པས་དེའི་གཟུགས་ཀྱང་བྱོས་ཤིག་གསུངས་ནས་བུམ་པའི་སྟེང་དུ་འབག་བཞི་བྱས་ནས་བཞག་གོ །དེ་ནས་མགོན་ཁང་བཞིའི་ནང་དུ་ཕུགས་ན་ཤཱཀྱ་ཐུབ་པ་(106བ)གཙོ་འཁོར་གསུམ། མདོ་ན་མགོན་པོ་ལྕམ་དྲལ་གཉིས། དེའི་སྒོ་དྲ་བ་བྱས། སྒོའི་ཕྱི་ན་རྟ་བབས་ཀྱི་སྟེང་དུ་ཆོས་ཀྱི་འཁོར་ལོ་གསེར་ལས་བྱས་པ་དང་། ཤ་རམྦྷ་དང་གདུགས་དང་རྒྱལ་མཚན་བཅས་བགྱིས་ཏེ། དེ་རྒྱལ་པོ་ཆེན་པོ་བཞི་ལ་གཏད། ལྕགས་རི་ཟུར་མང་རྡོ་རྗེའི་འགྲོས་ལ་མཆོད་རྟེན་སྟོང་རྩ་བརྒྱད་ཀྱིས་བསྐོར་བ། དེ་རེ་རེ་ལའང་སངས་རྒྱས་ཀྱི་རིང་བསྲེལ་རེ་རེ་བཞུགས། དེ་རྣམས་རྒྱལ་པོ་སྡེ་བཅོ་བརྒྱད་ལ་གཏད། བསམ་ཡས་སྤྱིའི་ཆོས་སྐྱོང་དཔལ་མགོན་པོ་ལ་གཏད་དོ། །དེ་ལྟར་དཔལ་བྲག་དམར་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དེ་ནི་ཞེང་ཆེ་ལ་དཔངས་མཐོ་བ། རྒྱུ་བཟང་ལ་བཀོད་ལེགས་པ། དུང་ཕོར་གཟིས་བཀང་བ་འདྲ་བ། རྗེའི་ཐུགས་དམ། འབངས་ཀྱི་མཆོད་གནས། སངས་རྒྱས་དང་ཆོས་དཀོན་མཆོག་གི་ཞིང་ཁམས། དགེ་འདུན་གྱི་བཞུགས་གནས། དཀོན་མཆོག་གསུམ་གྱི་ཕོ་བྲང་དེ་ཉིད་ལྕགས་ཕོ་སྟག་གི་ལོ་ལ་རྨང་བཏིང་ནས། ཤིང་ཕོ་རྟ། སྤྱི་ལོ་༨༡༤པར་ཡོངས་སུ་རྫོགས་པར་འབྱོངས་སོ། །འདིར་བློ་ཆུང་རྣམས་གཙུག་ལག་ཁང་རྒྱ་ཁྱོན་ཧ་ཅང་ཆེ་བས་ལོ་ལྔ་ལ་འདི་ཙམ་མི་འགྲུབ་བོ་སྙམ་པ་འཆར་སྲིད་ཀྱང་། དུས་དེའི་མཁན་སློབ་ཆོས་(107ན)རྒྱལ་སོགས་ནི་བདེ་གཤེགས་བྱང་སེམས་མིའི་སྲིད་པ་བཟུང་བ་ཁོ་ན་ཡིན་པས་རྫུ་འཕྲུལ་སྤྲུལ་པའི་ཟློས་གར་མུ་མཐའ་མེད་པར་སྟོན་པའི་ཚུལ་ལ་སྐྱེ་བོ་ཐ་མལ་པའི་སྤྱོད་ཚུལ་དང་སྣང་ཚུལ་དཔེར་བཟུང་བའི་གུ་དོགས་བྱ་མི་དགོས་སོ། །རྒྱལ་པོ་དེས་བཙུན་མོ་ལྔ་ཁབ་ཏུ་བཞེས་པ་ལས། མཆིམས་བཟའ་ལྷ་མོ་བཙན་དང་། མཁར་ཆེན་བཟའ་མཚོ་རྒྱལ་གཉིས་སྒྲུབ་པ་མཛད་པས་སྲས་དང་ཕྱག་རིས་མེད། འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་ནམ་བྱང་ཆུབ་སྒྲོན་ཞེས་བྱ་བ་ཕྱིས་རབ་ཏུ་བྱུང་ནས་བྱང་ཆུབ་རྗེར་མཚན་གསོལ་བ་དེའི་ཕྱག་རིས་སུ་དགེ་རྒྱས་ཀྱི་གཙུག་ལག་ཁང་བཞེངས་ཏེ། སྣང་བ་མཐའ་ཡས་གཙོ་འཁོར་དགུ་གཞུང་གི་ལུགས་ཀོང་དུ་ལུགས་སུ་བཏབ་ནས་ཆབ་ལ་སྤྱན་དྲངས་པས་འཁོར་གཉིས་ཆབ་ལ་ཤོར། གཡས་ན་རིགས་གསུམ་མགོན་པོ། གཡོན་ན་སྨན་ལྷ། སངས་རྒྱས། ཀུན་ཏུ་བཟང་པོ། མི་གཡོ་བ་རྣམས་བཞུགས། བཙུན་མོ་འདི་ལ་སྲས་མེད་ཅིང་ཡབ་མིང་འབྲོ་ཡུལ་ས་ཐག་རིང་བས་ཕྱིས་ཉམས་གསོ་བྱེད་མཁན་མི་ཡོང་སྙམ་དུ་དགོངས་ནས་ལྷ་རྣམས་ལུགས་མར་བྱས། རྩིག་པ་སོ་ཕག་ཞ་ཉེའི་ཆུས་སྦྱར། ཟངས་ཀྱི་ཐོག་བཀལ། རོལ་མོར་ཅོང་བཏགས། ཡོན་ཆབ་(107བ)ཏུ་ཙནྡན་གྱི་ཁྲོན་པ་བྱས། སྒྲོན་མེ་རིན་པོ་ཆེ་འོད་འབར་བ་གཙོ་བོའི་སྨིན་མཚམས་སུ་ཕྲར་བཏབ་བོ། །ཚེ་སྤོང་བཟའ་མེ་ཏོག་སྒྲོན་ལ་སྲས་ཡོད་པས། དེས་ཁམས་གསུམ་ཟངས་ཁང་གླིང་ཡབ་ཀྱི་དབུ་རྩེ་ལ་དཔེ་བླངས་ནས་བཞེངས། འོག་ཁང་གི་ཀ་གདུང་རྣམས་ཟངས་ཀྱིས་བཏུམས་སོ། །ཕོ་ཡོང་བཟའ་རྒྱལ་མོ་བཙུན་ལ་སྲས་མེད་པས་ལྷ་ཁང་ཉིས་ཐོག་ཏུ་གནང་བས་བུ་ཚབ་གསེར་ཁང་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་བཞེངས། བཟོ་བོ་ལ་ཟས་སྣ་བཅུ་གསུམ་རེ་དྲངས་པས། བཟོ་ཁྱད་བཅུ་གསུམ་ཐོན་པར་བྱས་པ་སྟེ། སྟེང་ཁང་གི་ཕྱི་ལ་རྩིག་པ་མེད་པ། ནང་ན་ཀ་བ་མེད་པ། ས་གཞིར་གན་ལས་བྱས་པ། གཡུའི་གདུང་མ་ལ་གསེར་གྱི་རྟ་རྒྱུག་ཅིང་། གསེར་གདུང་ལ་གཡུ་འབྲུག་རྒྱུག་པ། མཐིང་གི་རྒྱ་ཕིབས་ཕྱིར་བལྟ་ནང་བལྟ་གཉིས་རེ་ཡོད་པ། ཆུ་ཐམས་ཅད་དྲིལ་ཏེ་སེང་གེའི་ཁ་ནས་རུས་སྦལ་གྱི་རྒྱབ་ཏུ་འབབ་པ། གོརྴི་ཥིའི་སྒོ་ཡོད་པ། སྒོ་འབྱེད་གཅོད་ལ་གསེར་གྱི་བྱེ་ཆུང་འཕར་ཞིང་སྐད་འདོན་པ། ནང་གི་ཡོ་གའི་ལྷ་ཚོགས་ལ་སྤྱི་གདུགས་དང་སྒོས་གདུགས་རེ་ཕུབ་པ། ཁྱམས་ན་མཛད་པ་བཅུ་གཉིས་འབུར་དུ་འདོད་པ། རྒྱུ་སྐར་གྱི་ལྷ་མོ་ཉེར་བརྒྱད་ཀྱིས་རྒྱ་ཕིབས་(108ན)འདེགས་ཤིང་། ནང་ཟུར་བཞི་ན་གསེར་གྱི་སེང་གེ་ལུག་ཐོང་ཙམ་བརྒྱད་ཡོད་པ། རྒྱ་ཕིབས་ཀྱི་ཤམ་བུ་ལ་མཆོད་པའི་ལྷ་མོ་ཉི་ཤུ་རྩ་བརྒྱད་འབུར་དུ་དོད་པ། ལྷའི་བུས་ཁྱུང་གི་སྒོ་ང་ལས་བདུད་རྩིའི་ཆུས་སྐུ་ཁྲུས་གསོལ་བ་སྟེ། ངོ་མཚར་བཅུ་གསུམ་དང་ལྡན་པ་ཞིག་བཞེངས་སོ། །འདིའི་བཟོ་ཁྱད་ཕུལ་དུ་བྱུང་བའི་རྒྱུ་མཚན་ནི། བཙན་པོ་ཉིད་རང་གི་ཡབ་ཡུམ་གཉིས་ལ་ཐུགས་ཤིན་ཏུ་བཅགས་པས། སློབ་དཔོན་ཆེན་པོ་པདྨ་ལ་བདག་གི་ཕ་མ་གར་སྐྱེས་ཞུས་པས། ཡབ་ནི་རྒྱ་གར་ན་སྐྱེས་ཏེ་ད་ལྟ་སློབ་སྦྱོང་བྱེད་ཀྱིན་འདུག་པ་ཕྱིས་པཎྜི་ཏ་མཁས་པ་ཞིག་ཏུ་གྱུར་ནས་ཁྱོད་ཀྱི་དབོན་སྲས་ཀྱི་དུས་སུ་བོད་དུ་འབྱོན་པར་སྣང་། ཡུམ་ནི་ཟུར་མཁར་ན་དབུལ་པོ་བཟའ་མི་གཉིས་ཀྱི་བུ་མོར་སྐྱེས་སོ་ཞེས་གསུངས་པས། ཡུམ་ལ་ཐུགས་བརྩེ་ཆེ་བས་བཙུན་མོར་བཞེས་ན་དྲིན་ལན་ལྡོན་པར་ལུང་བསྟན་པ་བཞིན་ཁབ་ཏུ་བཞེས་ཏེ་གསེར་གྱི་བདག་མོར་བསྐོས། དེའི་དབང་གིས་ཡོ་བྱད་ལ་ཐོགས་པ་མེད་པ་བྱུང་ཞིང་། ཡབ་ཀྱི་སྐྱེ་བ་ནི་སློབ་དཔོན་ད་ན་ཤཱི་ལ་ཡིན་ཞེས་གྲགས་སོ། །དེ་ལྟར་གཙུག་ལག་ཁང་ཆེན་པོ་ཡོངས་སུ་རྫོགས་པར་བཞེངས་གྲུབ་པ་ན། རྒྱལ་པོས་མཁན་སློབ་རྣམ་གཉིས་(108བ)ལ་གསེར་གྱི་མཎྜལ་ཕུལ་ནས་རབ་ཏུ་གནས་པར་ཞུས་པས། བོད་འབངས་མངའ་རིས་ཐམས་ཅད་ནས་དཔྱ་ཁྲལ་བསྡུས་ལ་ཡོ་བྱད་སྟ་གོན་གྱིས་ཤིག་ཅེས་ལུང་སྩལ། མཁན་སློབ་རྣམ་གཉིས་ཀྱིས་མཚམས་བཅད་དེ། མཁན་པོ་བོ་དྷི་སཏྭས་གསང་འདུས་འཇམ་དཔལ་རྡོ་རྗེའི་སྒྲུབ་པ་ལ་ཞུགས་ནས་རབ་གནས་མངའ་གསོལ་གྱི་ཐུགས་དམ་མཛད། སློབ་དཔོན་ཆེན་པོ་པདྨས་མ་ཧཱ་ཡོ་ག་རྩ་རྒྱུད་ཞི་བ་རྡོ་རྗེ་དབྱིངས་ཀྱི་ཏིང་ངེ་འཛིན་ལ་དགོངས་པ་མཛད། བཙན་པོས་མངའ་འོག་གི་འབངས་ཀུན་ནས་དཔྱ་ཁྲལ་བསྡུས་ཏེ་ཡོ་བྱད་མ་ཚང་བ་མེད་པ་ཕུན་སུམ་ཚོགས་པར་བསགས། དེ་ནས་མངའ་གསོལ་གྱི་དུས་བཟང་པོ་ལ་བབས་པའི་ཚེ། བྲག་དམར་གྱི་ས་གཞིའི་ཁྱོན་ཀུན་སྐྱེ་བོའི་ཚོགས་ཀྱིས་ཁེངས། མཁན་སློབ་རྣམ་གཉིས་ཀྱིས་ཚང་མང་ཀེ་རུའི་གླིང་ནས་འཁར་གཞོང་མེ་ཏོག་གིས་བཀང་བ་བསྣམས་ནས་བྱོན་ཏེ་མཆོད་རྟེན་དཀར་པོའི་འགྲམ་དུ་ཕེབས་པ་དང་། བཙན་པོས་མཁན་སློབ་གཉིས་དཀྱིལ་འཁོར་སོ་སོའི་གཙོ་བོར་དངོས་སུ་གཟིགས། མཁན་སློབ་གཉིས་ཀྱིས་ཏིང་ངེ་འཛིན་གྱིས་དབུ་རྩེའི་ལྷ་ཁང་གི་ལྷ་ཐམས་ཅད་ཕྱི་རོལ་དུ་སྤྱན་དྲངས་ནས་མཆོད་རྟེན་དཀར་པོ་ལ་བསྐོར་བ་(109ན)བྱས་ཏེ་ཞལ་ཤར་ཕྱོགས་སུ་གཟིགས་ནས་ཁོར་སའི་ལོགས་ན་པྲོག་ཞུ་ཟིང་ངེར་འདུག་པ་ལ་མེ་ཏོག་གཏོར། ལྷ་རྣམས་དུས་གཅིག་ལ་ནང་དུ་གཤེགས་ཏེ་སྔར་གྱི་གྲལ་རིམ་བཞིན་དུ་འཁོད། ཁྲོ་བོ་གཉིས་ཀྱི་རྒྱབ་ནས་ཡེ་ཤེས་ཀྱི་མེ་འབར་བས་ས་གཞི་ཚིག་པ་ལ་མཁན་སློབ་གཉིས་ཀྱིས་དྲི་ཆབ་ཀྱི་བསངས་གཏོར་མཛད་པས་མེ་ཤི་བའི་ཤུལ་དེ་མ་ཐག་ཏུ་སོར་ཆུད། བཙན་པོས་མཁན་སློབ་གཉིས་ལ་མཎྜལ་དུ་གསེར་གཞོང་པ་གང་རེ་ཕུལ། ཞལ་བསྲོ་ཆེན་པོ་འདིའི་དུས་སུ་ཕྱིའི་ལྕགས་རིའི་སྟེང་མཆོད་རྟེན་གྱི་བར་ཐམས་ཅད་དཀར་མངར་ཤིང་ཏོག་སོགས་ཞལ་ཟས་བཟང་པོའི་རིགས་བསམ་གྱིས་མི་ཁྱབ་པས་བཀང་སྟེ་ལྟད་མོ་བ་རྣམས་ལ་སྟོན་མོར་སྩལ། དེའི་རྗེས་ལ་ལྟད་མོ་ཆེ་ཐང་རེ་བྱེད། སྨན་རིལ་ལན་ཀ་བྲག་ཆུང་ཉི་མ་འདེ་བའི་དྲུང་དུ་ཤ་བ་བྱུང་བ་ཞགས་པས་བཟུང་ནས་ཁྲོམ་བསྐོར། ལྟད་མོ་དང་པོ་བྱས་ཚུལ་ཁོར་སའི་སྒོ་རྒྱབ་ཏུ་བྲིས་ནས་ཡོད་དོ། །སང་ནངས་པར་ཡང་མཁན་སློབ་རྣམ་གཉིས་ཀྱིས་ཀེ་རུ་གླིང་ནས་འཁར་གཞོང་མེ་ཏོག་གིས་བཀང་བ་བསྣམས་ནས་བྱོན། ཏིང་ངེ་འཛིན་གྱིས་དབུ་རྩེའི་བར་ཁང་གི་ལྷ་ཐམས་ཅད་སྤྱན་དྲངས་ཏེ་ཁོར་སའི་ལོགས་ལ་ཞལ་ཤར་དུ་(109བ)གཟིགས་པ་ལ་མེ་ཏོག་གཏོར། ལྷ་རྣམས་དུས་གཅིག་ལ་ནང་དུ་གཤེགས་ཏེ་སྔར་གྱི་གྲལ་རིམ་བཞིན་དུ་འཁོད། རྒྱལ་པོས་མཁན་སློབ་གཉིས་ལ་གསེར་གཞོང་པ་གང་རེ་ཡོན་དུ་ཕུལ། ཞལ་བསྲོའི་དུས་ལྟད་མོ་བ་ལ་ཟས་ཀྱི་སྟོན་མོ་སྔར་བཞིན་སྩལ། དེའི་རྗེས་ལ་ལྟད་མོ་ཆེ་ཐང་རེ་བྱེད། རྡོག་ཕ་ལ་བྱ་བས་རྔ་མོང་བདུན་ལ་ཞོན་རེས་བྱེད་ཅིང་རྒྱུག །ལ་ལ་གུ་རུབ་སྟེ་རྟ་རྒྱུག་པའི་སྟེང་ན་ཕར་ལ་རལ་གྲིའི་གོང་འཕེན། ལ་ལ་མི་ཉིས་བརྩེགས་ཀྱིས་འཕན་དར་འཕྱར་བ་སོགས་ལྟད་མོ་བར་པའི་བྱས་ཚུལ་ཁོར་སའི་སྒོ་རྒྱབ་ཏུ་བྲིས་ནས་ཡོད་དོ། །ཡང་སང་ནངས་པར་མཁན་སློབ་རྣམ་གཉིས་ཀྱིས་ཀེ་རུའི་གླིང་ནས་འཁར་གཞོང་མེ་ཏོག་གིས་བཀང་བ་རེ་བསྣམས་ནས་བྱོན་ཏེ། དབུ་རྩེའི་སྟེང་ཁང་གི་ལྷ་རྣམས་ཁ་བད་སྨུག་པོའི་ཁར་ཏིང་ངེ་འཛིན་གྱིས་སྤྱན་དྲངས་ནས་དབུ་རྩེའི་ཐད་ནས་མེ་ཏོག་གཏོར། ལྷ་རྣམས་དུས་གཅིག་ལ་ནང་དུ་གཤེགས་ཏེ་སྔར་གྱི་གྲལ་རིམ་བཞིན་དུ་འཁོད། གཞན་ཡང་དབུས་ཀྱི་གཙོ་བོ་བྱང་ཆུབ་ཆེན་པོ་ཞལ་འཛུམ་པ་དང་བཅས་འོད་བྱུང་། ཇོ་མོ་གླིང་གསུམ་ལ་མེ་ཏོག་གཏོར་བས་ལྷ་ཁང་འོད་ཀྱིས་གང་། ཡོ་བྱད་མང་དུ་འཕེལ། སྔར་མ་བྱུང་བའི་དྲི་བཟང་པོ་འཐུལ། པདྨའི་(110ན)སྡོང་པོ་སྐྱེས་པ་ཀུན་གྱིས་མཐོང་། ཨརྱ་པ་ལོའི་གླིང་དུ་མེ་ཏོག་གཏོར་བས་རྟ་མགྲིན་གྱི་སྐུ་དེས་རྟ་སྐད་ཐེང་གསུམ་གྲགས་པ་ཀུན་གྱིས་ཐོས། ཁོར་ས་ལ་སྔར་མེད་པའི་སྨྱུག་མ་སྔོ་ཤར་གྱིས་སྐྱེས། བྱམས་པ་གླིང་ལ་མེ་ཏོག་གཏོར་བས་སྤྲིན་གསེབ་ནས་ལྷ་མོ་མང་པོས་མཆོད་པ་འབུལ་དུ་འོང་། འཇམ་དཔལ་གླིང་དུ་མེ་ཏོག་གི་ཆར་པ་བབས། བདུད་འདུལ་སྔགས་པ་གླིང་དུ་སངས་རྒྱས་ནམ་མཁའ་གང་བ་ཀུན་གྱིས་མཐོང་བར་བྱོན་ནས་ནང་གི་ལྷ་རྣམས་ལ་ཐིམ། ཁྲུས་ཁང་གླིང་དུ་ལྷ་དེ་རྣམས་ཀྱིས་དངོས་སུ་ཆོས་གསུངས་པ་ཀུན་གྱིས་ཐོས། བསམ་གཏན་གླིང་དུ་ཉི་ཟླ་གཉིས་དུས་གཅིག་ཏུ་ཤར། སྒྲ་བསྒྱུར་གླིང་དུ་རོལ་མོ་ཐམས་ཅད་རང་སྒྲ་འཁྲོལ། པེ་ཧར་གླིང་དུ་ལྷ་རྣམས་ཕྱིར་བྱོན་ནས་མེ་ཏོག་བླངས་ཏེ་ནང་དུ་འཁོད། མཆོད་རྟེན་བཞི་ལ་གདུགས་དང་། བ་དན་དང་། མེ་ཏོག་གི་ཕྲེང་བ་ལ་སོགས་པའི་རྒྱན་རྣམས་མ་བཏགས་པར་རང་ཆས་སུ་བྱུང་། མགོན་ཁང་བཞི་ལ་མེ་ཏོག་གཏོར་བས་ལྡེར་སྐུ་ཕྱིར་ཐོན་པས་ཁྲོམ་འུར། རྡོ་རིང་བཞི་ལ་མེ་ཏོག་གཏོར་བས་ཟངས་ཀྱི་ཁྱི་མོ་བཞིས་ཕྱོགས་བཞིར་ཟུག་ཅིང་འཕྱོ། ལྕགས་རི་ལ་མེ་ཏོག་གཏོར་བས་ཨ་རུ་ར་རློན་པའི་ཆར་ཆུ་ཚོད་གསུམ་གྱི་(110བ)ཡུན་དུ་བབས་པ་རྣམས་ཀུན་གྱི་མཐུན་སྣང་དུ་གྲུབ་པ་བྱུང་ཞིང་། སློབ་དཔོན་གྱིས་ལྷས་ཁྲ་འབྲུག་ལ་སོགས་པའི་ལྷ་ཁང་ཐམས་ཅད་དུ་སྤྲུལ་པ་རེ་བྱོན་ཏེ་རབ་གནས་བསྐྱར་ཏེ་མཛད། རྒྱལ་པོས་མཁན་སློབ་རྣམ་གཉིས་ལ་གསེར་གཞོང་པ་གང་རེ་ཡོན་དུ་ཕུལ། ཞལ་བསྲོ་ཕྱི་མའི་དུས་སུ་ལྟད་མོ་བ་ལ་ཟས་ཀྱི་སྟོན་མོ་སྔར་བཞིན་སྩལ། དེའི་རྗེས་ལ་ལྟད་མོ་ཆེ་ཐང་རེ་བྱེད། འཇང་དགའ་བོ་བྱ་བས་སེང་ལྡེང་གི་གདུང་མ་བདུན་ཐང་ལ་བཙུགས་ནས་དབུ་རྩེའི་ཐང་ལ་བང་རྒྱུག་སྟེ་ལྷོ་སྒོའི་ཐེམ་ཁར་བོར། དེ་རེ་རེ་ལའང་མི་རེས་མི་ཐེག་པ་བྱུང་། སོ་ཤིང་སྟག་ཤིང་རྩེ་ནས་ཕར་རྒྱུག །ཤིང་རྩེ་ལ་སྒྱུ་མ་མཁན་ལུས་ལ་མེ་ཆེན་འབར། ཐང་ཤིང་ལ་བྱེ་ཆུང་སྤྱང་མོ་ཉུག་པ་སོགས་ལྟད་མོ་མཐའ་མའི་བྱས་ཚུལ་ཁོར་སའི་སྒོ་རྒྱབ་ན་བྲིས་ནས་ཡོད། དེའི་རྗེས་ལ་བཙན་པོས་བསིལ་ཁང་གི་མཚོ་ནང་དུ་པདྨའི་སྡོང་པོ་སྐྱེས་པའི་གམ་དུ་བཞུགས་ནས་ཐུགས་དམ་ལྷ་ཁང་འབྱོངས་པ་ལ་གཟིགས་ཏེ་ཤིན་ཏུ་དགྱེས་ནས། ངའི་དབུ་རྩེ་རིགས་གསུམ་འདི་བརྩིགས་པ་མི་འདྲ་སྐྱེས་པ་འདྲ་སྟེ་ང་རེ་དགའ། ཞེས་བྱ་བ་ལ་སོགས་པའི་དགའ་གླུ་བཅུ་གསུམ་མགུར་དུ་བཞེས་སོ། །བློན་པོ་རྣམས་ཀྱིས་ཀྱང་སོ་སོའི་ང་རྒྱལ་གྱིས་གླུ་རེ་བླངས་སྐད། (111ན)མཆིམས་ཀྱིས་ང་ཆེ་རྒྱང་གྲགས་ལ་སོགས་པ་བླངས་སོ། །དེ་ལྟར་ལོ་སྐོར་གཅིག་གི་བར་དུ་སྐྱིད་ཀྱི་བྲོ་མོ་ཆེ་བརྡུངས། །མི་རེས་གླུ་རེ་བླངས། རྟ་རེས་བང་རེ་རྒྱུག །བྱ་རེས་སྐད་རེ་བཏོན། དུས་དེ་ཙམ་ན་བོད་བདེ་སྐྱིད་ལྷ་དང་མཉམ་པ་བྱུང་སྟེ། དེའི་ཚུལ་ཡང་དབུ་རྩེའི་སྒོ་རྒྱབ་བྱང་ངོས་ན་བྲིས་ནས་ཡོད་དོ། །དགའ་སྟོན་ཇི་ལྟར་བྱས་ཚུལ་བཀའི་ཐང་ཡིག་ཆེན་མོ་ལས་འདི་ལྟར་བཤད་དེ། །དེ་ལྟར་དཔལ་གྱི་བསམ་ཡས་ལ། །རབ་གནས་དགའ་སྟོན་མཛད་པའི་དུས། །མཚོ་མོ་མགུར་གྱི་སྐྱིལ་ཀྲུང་དེར། །པདྨའི་སྡོང་པོ་སྐྱེས་པའི་གནས། །རྒྱལ་པོ་གསེར་ཁྲིའི་སྟེང་དུ་བཞུགས། །ཡིད་འོང་བཙུན་མོ་ལྔ་པོ་ཡང་། །མཛེས་པའི་རྒྱན་དང་བཅས་ཏེ་བཞུགས། །མཆོད་གནས་ལོ་པཎ་ཐམས་ཅད་ཀྱང་། །དགྱེས་ཤིང་ཆོས་ཀྱི་བགྲོ་གླེང་མཛད། །ཆོས་བློན་གཙོ་བོ་ཐམས་ཅད་ཀྱིས། །རྒྱལ་པོ་བཞུགས་པའི་མཐའ་མ་བསྐོར། །དེ་ལྟར་མངའ་འོག་སྐྱིད་པའི་འབངས། །དབུས་གཙང་མངའ་རིས་ཐམས་ཅད་ནས། །མ་ཚོགས་བྱ་བ་གང་ཡང་མེད། །བཟའ་བཏུང་ལོངས་སྤྱོད་སྣ་ཚོགས་ཀྱིས། །གང་ལ་ཅི་འདོད་ཐམས་ཅད་ཚིམས། །དགའ་བའི་བྲོ་བརྡུང་སྐྱིད་པའི་གླུ། །ཉིན་རེ་བཞིན་དུ་རྒྱུན་ཆད་མེད། །(111བ)གདུགས་དང་རྒྱལ་མཚན་བ་དན་སོགས། །གུང་ལ་ཉི་མ་སྒྲིབ་པ་ཙམ། །འདབ་ཆགས་བྱ་ལ་འཕུར་ས་མེད། །མགོ་ནག་མི་ཡིས་ས་གཞི་གང་། །གྱི་ལིང་རྟ་ལ་རྒྱུགས་ས་མེད། །སིལ་སྙན་རོལ་མོ་འབྲུག་ལྟར་ལྡིར། །ཁྱེའུ་བུ་མོ་ཐམས་ཅད་ཀྱང་། །ཆས་རྒྱན་ལག་ན་རྔ་ཟླུམ་ཐོགས། །རྔ་བརྡུང་གླུ་ལེན་གར་སྟབས་བསྒྱུར། །གཡག་སེང་དར་སེང་སྟག་སེང་དང་། །འབག་དང་སེང་ཕྲུག་གར་མཁན་དང་། །སྤ་མཛེས་རྔ་ཐོགས་འཆམ་པོ་སོགས། །རྒྱལ་པོའི་སྐུ་ལ་མཆོད་པ་འབུལ། །དེ་ལྟར་རྗེ་འབངས་ཐམས་ཅད་ཀྱིས། །དགའ་བའི་ལུས་ལ་རང་དབང་མེད། །བྲོ་བརྡུངས་ནམ་མཁའི་ཆར་པ་འདྲ། །སྐྱིད་པའི་སེམས་ལ་དྲན་འཛིན་མེད། །རང་རང་མོས་པའི་གླུ་རེ་ལེན། །དེ་ལྟར་མི་རྗེ་ལྷས་མཛད་པ། །ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་དེས། །རིན་ཆེན་ཁྲི་ལས་བཞེངས་ནས་ནི། །རྒྱལ་པོ་དགྱེས་པའི་གླུ་བླངས་པ། །ང་ཡི་དབུ་རྩེ་རིགས་གསུམ་འདི། །རིན་ཆེན་ལྔ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ལྷ་ཁང་ངོ་མཚར་ཆེ། །མཐོང་བ་ཙམ་གྱིས་ཉམས་རེ་དགའ། །དེ་ཕྱིར་བསམ་གྱིན་བློ་རེ་བདེ། །ལུས་འཕགས་གླིང་ལ་དཔེ་བླངས་ནས། །ཤར་གྱི་ལྷ་ཁང་གསུམ་པོ་(112ན)འདི། །རིན་ཆེན་ལྔ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །འཛམ་བུ་གླིང་ལ་དཔེ་བླངས་ནས། །ལྷོ་ཡི་ལྷ་ཁང་གསུམ་པོ་འདི། །རིན་ཆེན་ལྔ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །བ་གླང་སྤྱོད་ལ་དཔེ་བླངས་ནས། །ནུབ་ཀྱི་ལྷ་ཁང་གསུམ་པོ་འདི། །རིན་ཆེན་ལྔ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །སྒྲ་མི་སྙན་ལ་དཔེ་བླངས་ནས། །བྱང་གི་ལྷ་ཁང་གསུམ་པོ་འདི། །རིན་ཆེན་ལྔ་ལས་གྲུབ་པ་སྟེ། །བརྩིགས་པ་མི་འདྲ་སྐྱེས་པ་འདྲ། །ང་ཡི་ཡཀྵ་གོང་འོག་འདི། །མཁའ་ལ་ཉི་ཟླ་ཤར་བ་འདྲ། །ང་ཡི་བཙུན་མོ་གླིང་གསུམ་འདི། །གཡུ་ཡི་མཎྜལ་བཀོད་པ་འདྲ། །ང་ཡི་མཆོད་རྟེན་དཀར་པོ་འདི། །དུང་དཀར་གཡས་སུ་འཁྱིལ་བ་འདྲ། །ང་ཡི་མཆོད་རྟེན་དམར་པོ་འདི། །མེ་ལྕེ་གནམ་ལ་བསྙེགས་པ་འདྲ། །ང་ཡི་མཆོད་རྟེན་སྔོན་པོ་འདི། །གཡུ་ཡི་ཀ་བ་ཚུགས་པ་འདྲ། །ང་ཡི་མཆོད་རྟེན་ནག་པོ་འདི། །ལྕགས་ཕུར་ས་ལ་བཏབ་པ་འདྲ། །ང་ཡི་མཆོད་རྟེན་ངོ་མཚར་ཆེ། །དེ་ལ་སོགས་པ་དགྱེས་པའི་གླུ། །སུམ་ཅུ་རྩ་གསུམ་ལྷ་དབང་གི །ལྷ་ཡི་གླུ་ལ་དཔེ་བླངས་ནས། །གཡུ་ཁང་གསེར་ཁྲི་ཞེས་པ་བླངས། །(112བ)ལྷ་སྲས་མུ་ནེ་བཙན་པོ་ཡིས། །སེང་གེ་འགྱིང་བ་བྱ་བ་བླངས། །བཙུན་མོ་རྣམས་ཀྱིས་གླུ་བླངས་པ། །འཇིག་རྟེན་སྒྲོན་མ་བྱ་བ་དང་། །གཡུ་མཚོ་འཁྱིལ་བ་བྱ་བ་དང་། །གཡུ་ལོ་ལྕུག་ཕྲན་བྱ་བ་བླངས། །མཆོད་གནས་རྣམས་ཀྱིས་གླུ་བླངས་པ། །མཁན་པོ་བོ་དྷི་སཏྭ་ཡིས། །སྒོམ་ཕྲེང་དཀར་པོ་ཞེས་པ་བླངས། །སློབ་དཔོན་པདྨ་འབྱུང་གནས་ཀྱིས། །ལྷ་འདྲེ་ཟིལ་གནོན་ཞེས་པ་བླངས། །མཁས་པ་བེ་རོ་ཙཱ་ན་ཡིས། །དབྱངས་ཡིག་གསུམ་པ་བྱ་བ་བླངས། །གནུབས་བན་ནམ་མཁའི་སྙིང་པོ་ཡིས། །མཁའ་ལ་ཁྱུང་ལྡིང་བྱ་བ་བླངས། །ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱིས། །རྟ་མགྲིན་འགྱིང་དབྱངས་བྱ་བ་བླངས། །ཅོག་རོ་དཔལ་གྱི་བཟང་པོ་ཡིས། །སྐྱིད་པའི་དཔལ་དབུ་བྱ་བ་བླངས། །བློན་པོ་རྣམས་ཀྱིས་གླུ་བླངས་པ། །ཆོས་བློན་ཆེན་པོ་འགོས་རྒན་གྱིས། །དྲང་ཤིང་དཀར་པོ་བྱ་བ་བླངས། །དེ་སྲས་ཁྲི་བཟང་ཡབ་ལྷག་གིས། །མཛངས་ཡིག་འཕྲུལ་གྱི་ལྡེ་མིག་བླངས། །ཤུད་བུ་དཔལ་གྱི་སེང་གེ་ཡིས། །དུང་ཆུང་གཡུ་རིང་བྱ་བ་བླངས། །དམག་དཔོན་ལྷ་བཟང་ཀླུ་དཔལ་གྱིས། །ཟར་ཆེན་ཟར་ཆུང་བྱ་བ་བླངས། །ཉང་བཟང་ཞང་པོ་ཁྲི་རྒྱལ་གྱིས། །སེང་གེ་འགྲིལ་(113ན)ཆེན་བྱ་བ་བླངས། །སྦས་ཀྱི་བརྟན་བཟང་དཔལ་ལེགས་ཀྱིས། །འདོད་པ་རེ་བརྒྱད་བྱ་བ་བླངས། །མགར་གྱི་ཁྱུང་པོ་བུམ་ཚུགས་ཀྱིས། །བྱ་རྒོད་ལྡིང་བ་བྱ་བ་བླངས། །མཆིམས་ཀྱི་རྡོ་རྗེ་སྤྲེལ་ཆུང་གིས། །མཆིམས་ཀྱི་བརྗེད་གླུ་བྱ་བ་བླངས། །སྣ་ནམ་རྒྱལ་ཚ་ལྷ་སྣང་གིས། །ལྷ་ཤུག་གོང་མ་བྱ་བ་བླངས། །ཁྲི་འབྲིང་ལྷ་འོད་ཞུ་ལོད་ཀྱིས། །མདོ་ཚོང་རབ་འབྲིང་ཐ་གསུམ་བླངས། །གཉགས་ཀྱི་ཁྲི་བཟང་ཡང་སྟོན་གྱིས། །ཟླ་འོད་ཁྱབ་བརྡལ་བྱ་བ་བླངས། །ངན་ལམ་ཏ་ར་ཀླུ་གོང་གིས། །ལྕགས་སྤྲེལ་གདོང་དྲུག་བྱ་བ་བླངས། །གཙོ་བོ་རྣམས་ཀྱིས་གླུ་བླངས་པ། །ཡ་མཚན་གསེར་གྱི་མེ་ཏོག་བླངས། །སྟག་ཤར་རྣམས་ཀྱིས་གླུ་བླངས་པ། །སྟག་རི་དགུ་བརྩེགས་བྱ་བ་བླངས། །མོ་བཙུན་རྣམས་ཀྱིས་གླུ་བླངས་པ། །མེ་ཏོག་ཕྲེང་བ་བྱ་བ་བླངས། །སྨན་ཤར་རྣམས་ཀྱིས་གླུ་བླངས་པ། །གྲོང་ཟེར་རིང་མོ་བྱ་བ་བླངས། །གཞན་ཡང་བརྗོད་ཀྱིས་མི་ལངས་ཏེ། །ལོ་སྐོར་གཅིག་གི་བར་དུ་ནི། །མི་རེས་གླུ་རེ་བླངས་པ་ཡིན། །རྟ་རེས་བང་རེ་རྒྱུག་པ་ཡིན། །ཤིང་རེའི་རྩེ་ལ་དར་རེ་འཕྱར། །སྐྱིད་པའི་དཔལ་གྱི་འདོམ་བརྐྱང་སྟེ། །དགའ་བདེའི་དཔལ་ལ་ལོངས་སྤྱོད་བྱས། །ཞེས་བྱུང་ངོ་། །(113བ)དེ་ལྟར་རབ་གནས་ཀྱི་དགའ་སྟོན་ལེགས་པར་གྲུབ་ནས། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་ཆེན་པོ་འདིའི་དཀོར་བདག་སྲུང་མ་སུ་ཞིག་འོས་མཁན་སློབ་གཉིས་བཀའ་བགྲོས་པ་ན། མཁན་པོའི་ཞལ་ནས། བསམ་ཡས་ཀྱི་སྲུང་མ་ལ། བདུད་ནི་སྲོག་གཅོད་པ་ལ་དགའ། གཟའ་ནི་རྩུབ། ཀླུ་ནི་གདུག བཙན་ནི་གནོད་པ་ཚ། དམུ་ནི་འཇམ་དྲགས། མ་མོ་ནི་འཇིགས། སུ་འཐད་གསུངས་པར། སློབ་དཔོན་གྱིས། རྗེ་ལ་དབོན་སྲས་བདུད་ཀྱི་སྤྲུལ་པ་འབྱུང་བས། དེས་ཆོས་བསྣུབས་པས་གདུང་རབས་བཅུ་ནས་ཧོར་གྱི་བསྟན་པ་དང་དམག་འོང་བར་འདུག་ཅིང་། གཙུག་ལག་ཁང་པེ་ཧར་ལ་གཏད་ན་ལྷ་ཁང་མི་འཇིག་པར་ངེས་པས། ངས་པེ་ཧར་གླིང་དུ་རྟེན་བྱ་ཡི། རྒྱལ་པོས་བྷ་ཏ་ཧོར་གྱི་སྒོམ་གྲྭ་ཆོམས་ལ་ལྷ་ཆ་ཁྱེར་འོང་དགོས་གསུངས་ཏེ། པེ་ཧར་གླིང་དུ་པེ་ཧར་གྱི་འདྲ་འབག་ཀྱང་མཛད། དེའི་སྐབས་ཤིག་ན་མངའ་བདག་ཉིད་ཞང་རྒྱལ་ཚ་ལྷ་སྣང་དང་འཛམ་གླིང་སུམ་ཉིས་དབང་དུ་བསྡུ་བའི་བཀའ་བགྲོས་མཛད་པའི་ཚེ། ལྷ་སྲས་མུ་རུབ་བཙན་པོས་རྒྱལ་བློན་བཀའ་བགྲོས་མཛད་སར་ཕྱིན་པས། ཆབ་སྒོ་བ་ཞང་གི་བུ་ན་རེ། རྒྱལ་བློན་བཀའ་(114ན)བགྲོས་བདོག་པས་དར་ཅིག་བཞུགས་མཛོད་བྱས་པ་དང་། རྒྱལ་བུས། ཕའི་གམ་དུ་བུ་འགྲོ་ས་མེད་པ་ཅི་ཡིན་ཟེར་ཏེ་རལ་གྲི་བསྣུན་ནས་ཞང་གི་བུ་བསད། རྒྱལ་བློན་བཀའ་བགྲོས་ཚར་ནས་ཞང་ནང་ནས་བྱུང་སྟེ་བུའི་རོ་མཐོང་བ་ན། བུའི་མགོ་བྲེགས་ཏེ་དཀར་ཞལ་ཐང་དུས་ལ་ལན་གསུམ་བརྡབས། གནམ་ལ་ལན་གསུམ་གཡུག །བར་སྣང་ལ་ལན་གསུམ་སྐྱོགས་བྱས་པས། རྗེ་སྐྱེངས་ཏེ་གནོང་། བློན་པོ་བྱིངས་ཀུན་རྒྱལ་བློན་འཁྲུགས་པ་ཆེན་པོ་ལངས་པར་དོགས་ནས་སྐྲག །དེའི་ཞལ་ལྕེ་གཞན་སུས་ཀྱང་མི་ཆོད་པས། ཕག་རི་ནས་བློན་པོ་འགོས་རྒན་བོས་ཏེ་བསམ་ཡས་སུ་བརྟོལ། དེར་ཞལ་ལྕེ་ལ་འདར་གསུམ་དང་དགའ་གསུམ་བྱུང་སྟེ། འགོས་རྒན་གྱིས་རྒྱལ་པོའི་དྲུང་དུ། ངས་དེ་རིང་ཤར་སྒོར་ཕྱིན་པས་མི་ཀུན་མཐུན་པར་རྗེས་འབངས་བསད་ན་འབངས་ཀྱི་ལང་བ་མི་ཡོང་ཟེར་གྱིན་འདུག་བྱས་པས་རྗེ་འདར། ཞང་གི་སར་ཕྱིན་ནས། ངས་མི་ཀུན་ལབ་སར་སོང་བས་རྗེས་འབངས་བསད་པ་ལ་མས་བུ་བརྡུང་བ་དང་འདྲ་སྟེ་སུས་ཅི་བྱ་ཟེར་བྱས་པས་བློན་པོ་འདར། འབངས་བྱིངས་རྣམས་འཁྲུགས་པ་ལངས་དོགས་པས་འདར་བ་སྟེ་འདར་བ་གསུམ་བྱུང་སྐད། དེ་ནས་སྐབས་(114བ)ཤིག་གི་ཚེ་སྒོ་ལ་ཡི་གེ་སྦྱར་ཏེ། ངས་ཞལ་ལྕེ་མི་ཆོད་པར་འདུག་གོ །འོན་ཀྱང་ཟུར་མཁར་མདའི་ཐོ་ལ་དྲིས་ཤིག་ཟེར། དེར་རྗེ་འབངས་ཐམས་ཅད་ཧ་ལས་ཏེ་རྒྱུག་པས་ཟུར་མཁར་མདའི་ཐོ་ལ། རྗེས་འབངས་བསད་པ་ལ་སུས་ཅི་བྱ་ཟེར་བ་བྲིས་པས་རྗེ་དགའ། འོན་ཀྱང་ཐོ་གོང་མ་ལ་དྲིས་ཤིག་ཟེར། ཐོ་དེ་ལ། རྗེས་འབངས་བསད་ན་འབངས་ཀྱི་ལང་བ་ཡོང་། འོན་ཀྱང་ཐོ་གོང་མ་ལ་དྲིས་ཟེར་བས་ཞང་དགའ། དེ་ནས་འཕྲང་མདའི་ཐོ་ལ། སྲས་མུ་རུབ་བཙན་པོ་མཐའ་འདུལ་བའི་དམག་དཔོན་ལ་ལོ་དགུ་ཐོང་། ཞང་གི་བུའི་སྟོང་ལ་གྲྭ་དོར་གཞུང་གསུམ་བྱིན། རྗེ་འབངས་བྱིངས་རྣམས་བདེ་རུ་ཆུག་ཟེར་བ་མཐོང་བས་ཐམས་ཅད་དགའ་བ་སྟེ་དགའ་བ་གསུམ་བྱུང་སྐད་དོ། །དེ་ནས་སྲས་མུ་རུབ་བཙན་པོ་ཞལ་ལྕེ་བཞིན་དགུང་ལོ་བཅུ་བདུན་པ་མེ་མོ་ལུག་གི་ལོར་བྱང་ཕྱོགས་ཀྱི་དམག་དཔོན་ལ་ཆས་རན་པའི་དུས་སུ། སློབ་དཔོན་པདྨ། བོ་དྷི་སཏྭ། བི་མ་ལ། ཀ་མ་ལ་ཤཱི་ལ་སོགས་བླ་མཆོད་བརྒྱ་དང་ལྔ་བཅུ། གུ་རུའི་ཐུགས་ཀྱི་སྲས་བརྒྱད་ལ་སོགས་པ་རྣམས་དབུ་རྩེ་བར་ཁང་དུ་སྤྱན་དྲངས། ལྷ་སྲས་ཀྱི་མཆོད་པ་རྒྱ་ཆེན་པོ་དང་། བར་ཁང་གི་རྔ་ཁང་མདོར་ཚོགས་གཏོར་རྒྱ་ཆེར་བ་བཤམས་ཏེ་ལོ་པཎ་(115ན)རྣམས་ལ་ཞུས་པ། བདག་བྱང་ཕྱོགས་ཀྱི་ཡུལ་ཁམས་ཁྲི་དོན་བརྒྱད་དང་། ཕྱོགས་ཐམས་ཅད་དུ་དམག་དཔོན་ལ་གཏོང་ན། བདག་དང་དམག་སྡེ་ཐམས་ཅད་ཀྱི་ཚེ་སྲོག་ལ་བར་ཆད་མེད་པར་ཕྱོགས་ཀྱི་སོ་ཁ་ཐམས་ཅད་ཐུལ་ནས་ཡབ་རྒྱལ་པོའི་དགོངས་པ་རྫོགས་པ་དང་། ས་ཕྱོགས་ཐམས་ཅད་དུ་བདེ་ལེགས་འབྱུང་བའི་ཐབས་དང་རྟེན་འབྲེལ་མཛད་པར་ཞུ་ཞེས་ཞུས་པ་ན། ཡབ་རྒྱལ་པོས་ཐོག་དྲངས་དེར་འདུས་པ་ཐམས་ཅད་ཀྱིས་ཀྱང་དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་གྱིས། རྒྱལ་པོ་ཡབ་སྲས་ཀྱི་ཐུགས་དགོངས་སྒྲུབ་ཕྱིར་དེ་ལྟར་བྱའོ་གསུངས་ཏེ། མདུན་གྱི་ནམ་མཁའ་ལ་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་རྟ་བདག་བརྒྱད་སོགས་གནོད་སྦྱིན་བྱེ་བའི་ཚོགས་དང་བཅས་པ་མངོན་སུམ་དུ་སྐད་ཅིག་དེ་ཉིད་ལ་བཀུག་ནས་བསྟན་ཏེ། རྒྱལ་བུ་འདི་ལ་ལུས་དང་གྲིབ་མ་ལྟར་འགྲོགས་ནས་ངས་ཇི་ལྟར་བསྒོས་པ་ལྟར་ལས་གྱིས་ཤིག་གསུངས། དེ་དུས་ཇི་ལྟར་ཞལ་གཟིགས་པ་བཞིན་མཐའ་མི་མགོན་བརྩོན་གྱིས་ཕྱར་དར་ཆེན་པོ་ཞིག་ལ་བྲིས་ནས་ལོ་པཎ་ཀུན་གྱིས་རབ་གནས་མཛད། རྣམ་སྲས་འཁོར་བཅས་ཀྱིས་རྒྱལ་བུའི་བཞེད་པ་ཐམས་ཅད་སྒྲུབ་པར་ཁས་(115བ)བླངས་སོ། །དེ་ནས་ཡབ་ཀྱིས་ཕྱོགས་ཐམས་ཅད་དུ་ཕོ་ཉ་བཀྱེས་ཏེ་ཟླ་བ་ཚེས་གྲངས་ཀྱི་དུས་བཏབ་ནས་གཡར་མོ་ཐང་དུ་དམག་ཐམས་ཅད་འཛོམ་པར་ཆད་བྱས། དམག་ཆས་ཐམས་ཅད་གསར་ནས་གཡར་མོ་ཐང་དུ་ཚོགས། དེར་རྒྱ་ཟམ་ཆེན་པོ་གཅིག་གི་རྔས་སུ་ལྕགས་ཕག་གི་དེའུ་བརྩིགས་ཏེ་དེའི་སྟེང་དུ་རྒྱལ་བུ་བཞུགས། ཕྱར་དར་དེ་ཕྱར། ཞང་བློན་ཆེན་པོ་ལྷ་བཟང་ཀླུ་དཔལ་གྱིས་རྒྱ་ཟམ་དེ་ལ་དམག་རྣམས་བཤར་ནས་གྲངས་ལ་བཏབ་པའི་དུས་དེར། ཤར་ཕྱོགས་བྱ་ཁྲའི་རྒྱལ་ཁམས་ཀྱི་དམག་ཡིན་ཟེར་བ་ལུས་པོ་མི་ལ་བྱ་ཁྲའི་གདོང་པ་ཡོད་པ་དར་རེའི་ཤུལ་ལ་ཁྲི་ཚོ་རེ་འབྲང་བ་དར་ཚོ་དགུ་བྱུང་། ལྷོ་ཕྱོགས་གྲུལ་བུམ་རྐང་རྩེའི་རྒྱལ་ཁམས་ཀྱི་དམག་ཡིན་ཟེར་བ་རོ་སྟོད་མི་ལ་རྟ་བོང་གི་རྐང་སུག་ཡོད་པ་དར་རེའི་ཕྱི་ལ་ཁྲི་ཚོ་རེ་འབྲང་བ་དར་ཚོ་བཅུ་བྱུང་། ནུབ་ཕྱོགས་བྱི་ལའི་མཇུག་མ་ཅན་གྱི་དམག་ཡིན་ཟེར་བའི་མི་ལུས་བྱི་ལའི་མཇུག་མ་ཡོད་པ་ཀོ་བའི་ཕུབ་ཁྱེར་བ་གཅེར་བུ་སྨྱུག་མདུང་ཐོགས་པ་དར་རེའི་ཕྱི་ལ་ཁྲི་ཚོ་རེ་འབྲང་བ་དར་ཚོ་བཅུ་གཉིས་བྱུང་། བྱང་ཕྱོགས་རྣ་བོ་ཆེ་བོང་བུའི་རྒྱལ་ཁམས་ཀྱི་དམག་ཡིན་ཟེར་བ་མི་ལུས་བོང་བུའི་རྣ་བ་ཅན་དར་རེའི་ཕྱི་ལ་ཁྲི་ཚོ་རེ་འབྲང་བ་དར་ཚོ་བཅུ་གསུམ་བྱུང་། (116ན)དེ་རྣམས་མཐོང་བའི་མོད་ལ་རྒྱལ་བུ་གད་མོ་ཤོར། དམག་མི་རྣམས་ན་རེ། ཕྱོགས་ཀྱི་དགྲ་ཐམས་ཅད་ཐུལ་བར་འདུག་ཟེར་སྐད། དེ་ནས་ཆས་ཏེ་གྲུ་གུའི་ཡུལ་དང་། རྒྱ་ནག་གི་ཡུལ་ཁམས་ཐམས་ཅད་བཅོམ། མཐར་བྷ་ཏ་ཧོར་གྱི་སྒོམ་གྲྭ་བར་པ་བཅོམ་ནས། བ་སོའི་ལྷ་ཁང་དང་། ཤིང་དུང་དཀར་མོ་རྒྱང་གྲགས། ཆ་ལང་དང་བ་དྲེ་རྡོག་ལ་སོགས་པ་དཀོར་ཆ་ཐམས་ཅད་ཁྱེར། རྒྱལ་པོ་པེ་ཧར་གྱི་སྐུ་དང་། རྣམ་སྲས་ཀྱི་འཆམས་སྐུ། གནོད་སྦྱིན་ཙིའུ་དམར་པོའི་བསེ་འབག་སྨུག་ཆུང་སོགས་གདན་དྲངས། དམག་རྫས་ཆེན་པོ་དང་བཅས་ཏེ་དམག་ཡུན་ལོ་དགུ་འདས་པ་མེ་ཕོ་འབྲུག་གི་ལོར་རྒྱལ་བུ་ཡར་ལོག་སྟེ་བྱོན། བློན་ཆེན་ལྷ་བཟང་ཀླུ་དཔལ་དམག་སྡེ་འགའ་ཞིག་དང་བཅས་སོ་ཁ་སྲུང་བར་བསྐོས་ཏེ་བཞག །རྒྱལ་བུས་དམག་རྫས་རྣམས་ཡབ་ལ་ཕུལ། མཆིམས་ཕུར་སློབ་དཔོན་པདྨའི་དྲུང་དུ་སྡིག་པ་བཤགས། རྡོ་རྗེ་ཕུར་པའི་དབང་ནོད་པས་ལྷ་རྣམས་ཞལ་གཟིགས། ཡབ་རྒྱལ་པོའི་དགོངས་པ་མཐར་ཕྱིན། སོ་ཁ་ཐམས་ཅད་མུ་རུབ་བཙན་པོས་བཏུལ་བའི་ལོ་རྒྱུས་མ་རྩེ་མང་གིས་ཡི་གེར་བཀོད་ཅེས་གྲགས། ལྷ་སྲས་བར་པ་མུ་རུབ་བཙན་པོ་འདི་ཉིད་སློབ་དཔོན་ཆེན་པོས་བླ་མ་དགོངས་པ་འདུས་པའི་བཀའ་བབས་གཏད་རྒྱའི་ལུང་གིས་(116བ)དབང་བསྐུར་བརྙེས་པ་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་དངོས་གྲུབ་ཐོབ་ཅིང་། མཐར་དོན་ཆེན་གཞན་ལ་དགོངས་ཏེ་དགུང་གྲངས་སུམ་ཅུ་སོ་གསུམ་པ་ཤིང་བྱི་ལོར་སྐུའི་བཀོད་པ་བསྡུས་པ་ལས་དེ་མ་ཐག་པའི་སྐྱེ་བ་ལྷ་ལུང་དཔལ་གྱི་རྡོ་རྗེར་གྲགས་སོ། །དེ་ལྟར་བྷ་ཏ་ཧོར་གྱི་རྟེན་རྫས་ཡོ་བྱད་ཐམས་ཅད་ཁྱེར་བའི་རྗེས་སུ་རྒྱལ་པོ་ཤིང་བྱ་ཅན་འབྲངས་ནས་འོངས་པ་ན། སློབ་དཔོན་ཆེན་པོ་པདྨ་གུ་རུ་དྲག་པོའི་སྐུར་བཞེངས་ནས་དམ་ལ་བཏགས། པེ་ཧར་དཀོར་མཛོད་གླིང་གི་ལྕོག་ཏུ་རྟེན་བཙུགས་ཤིང་བསམ་ཡས་སྤྱིའི་བཀའ་སྲུང་དུ་བསྐོས། ཕྱིས་སུ་བོད་ཡུལ་གྱི་དཀོན་མཆོག་གསུམ་གྱི་རྟེན་ཕལ་ཆེ་བ་ཡང་དེ་ལ་གཉེར་དུ་གཏད་པར་མཛད་དོ། །གོང་གི་བསམ་ཡས་རབ་གནས་གྲུབ་པའི་རྗེས་ཐོག་དེར། རྒྱལ་པོའི་ཐུགས་ལ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ནི་གསུང་རབ་གླེགས་བམ་གྱི་ཚུལ་དུ་བཞུགས་ལ། དེའང་སཾ་སྐྲྀ་ཏའི་སྐད་དུ་གནས་པས། དེ་ཉིད་བོད་སྐད་དུ་མ་བསྒྱུར་ན་བོད་ཀྱི་སྐྱེ་འགྲོ་ལ་ཕན་ཐོགས་པ་ཤིན་ཏུ་དཀའ་བར་དགོངས། དེ་བསྒྱུར་བ་ལ་ཐོག་མར་བོད་ཀྱི་མིས་ལོ་ཙཱ་བ་བསླབ་དགོས་པར་དགོངས་ཏེ། མཆིམས་ཨ་ནུའི་བུ་ཤཱཀྱ་པྲ་བྷ་དང་། པ་གོར་ཧེ་འདོད་ཀྱི་བུ་བཻ་རོ་ཙ་ན་(117ན)དང་། རྦ་ཁྲི་གཞེར་གྱི་བུ་ཁྲི་གཟིགས་སམ་སང་ཤི་ཏ་དང་། ཞང་ཉ་བཟང་གི་བུ་ལྷ་བུ་ལྷ་བཙན་དང་། ཤུད་བུ་ཁོང་ལེབ་སོགས་ཞང་བློན་གྱི་བུ་རྣམས་ལ་མཁན་པོས་རྒྱ་སྐད་བསླབས་པས། བྱ་ཀ་ར་ཎའི་གནད་མཐའ་དག་ལ་སྒྲོ་འདོགས་ཆོད་ཅིང་། གཞུང་ལུགས་ཀྱི་དོན་ཇི་ལྟར་བར་ཁོང་དུ་ཆུད་པའི་ལོ་ཙཱ་བ་མང་དུ་བྱུང་། ཁྱད་པར་སློབ་དཔོན་ཆེན་པོས་ལུང་བསྟན་པ་ལྟར། བཻ་རོ་ཙཱ་ན་དང་། སྐ་ཅོག་ཟུང་མཁས་པའི་ཕུལ་དུ་གྱུར། དེར་བློན་པོ་འགོས་རྒན་ན་རེ། ངེད་བློན་པོ་རྣམས་ལ་ལོང་མ་མཆིས་ན་ཨ་ཙ་རའི་སྐད་སློབ་མི་ཁོམས་པས་རྒན་པོའི་ཆོས་ཤིག་ཞུའོ་ཟེར་བས། མཁན་པོའི་ཞལ་ནས། སཾ་སྐྲྀ་ཏའི་སྐད་མེད་ཀྱང་བོད་བྱང་ཆུབ་སེམས་དཔའི་སྤྲུལ་པའི་སྐད་ཡིན་པས་ཆོས་བྱར་བཏུབ་ཅེས་གསུངས་ཏེ་སྒོམ་ལུང་ཕོག་གོ །ཡང་རྒྱལ་པོའི་ཐུགས་ལ་སངས་རྒྱས་ཀྱི་བསྟན་པ་དེ་ཉིད་འཛིན་སྐྱོང་སྤེལ་བར་བྱེད་པ་ནི་དགེ་འདུན་གྱི་སྡེ་ལ་རག་ལས་པར་སྣང་བས། དེ་ལ་བོད་ཀྱི་མིས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་དགེ་ཚུལ་སློང་གི་བསླབ་པ་སྲུང་ནུས་སམ་མི་ནུས་ཉམས་སད་པར་དགོངས་ཏེ། ལང་གྲོ་སྣང་གཞེར། གཉེར་སྟག་བཙན་གདོང་གཟིགས། (117བ)སེང་མགོ་ལྷ་ལུང་གཟིགས། མཆིམས་མེ་ལྷ་རྣམས་རྒྱ་གར་དུ་མངགས་ཏེ། བི་ཀྲ་མ་ཤི་ལའི་གཙུག་ལག་ཁང་ནས་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་སློང་བཅུ་གཉིས་བསམ་ཡས་སུ་སྤྱན་དྲངས། མེ་མོ་ལུག་གི་ལོ་དཔྱིད་ཟླ་ར་བའི་ཡར་ངོའི་ཚེས་བརྒྱད་ལ་སློབ་དཔོན་བོ་དྷི་སཏྭས་མཁན་པོས་མཛད་དེ། ཐོག་མར་ཆོས་ལ་དད་པ་ཆེ་བའི་རྦ་ཁྲི་གཟིགས་སམ་སང་ཤིས་རབ་ཏུ་བྱུང་སྟེ་དགེ་སློང་བྱས། མཚན་དཔལ་དབྱངས་སུ་བཏགས། དེ་ཉིད་མངོན་པར་ཤེས་པ་ལྔ་དང་ལྡན་པར་གྱུར་པ་ལ། བཙན་པོ་དགྱེས་ནས་དེའི་ཞབས་སྤྱི་བོར་བླངས་ཏེ་ཁྱོད་ནི་བོད་ཀྱི་རིན་པོ་ཆེ་ཡིན་ཞེས་བསྔགས་པར་མཛད་པས་མཚན་ཡང་རྦ་རཏྣ་ཞེས་ཐོགས། དེ་ནས་སྦ་གསལ་སྣང་། པ་གོར་བེེ་རོ་ཙ་ན། ངན་ལམ་རྒྱལ་བ་མཆོག་དབྱངས། ཨཱ་ཙརྱ་རིན་ཆེན་མཆོག །ལ་གསུམ་རྒྱལ་བ་བྱང་ཆུབ། འཁོན་ཀླུའི་དབང་པོ་དང་དྲུག་གིས་རབ་ཏུ་བྱུང་ནས་དགེ་སློང་བྱས་སོ། །དེ་རྣམས་ལ་བོད་ཀྱི་རབ་བྱུང་ལ་སྔ་བ་སད་མི་མི་བདུན་དུ་གྲགས། དུས་དེར་བཙན་པོའི་ཞལ་ནས་སངས་རྒྱས་ཀྱི་བསྟན་པ་སྒྲུབ་པར་བྱེད་ན་རབ་ཏུ་བྱུང་དགོས་པ་ཡིན་པས། ད་དུང་བཙུན་མོ་སྲིད་མ་ཟིན་པ་དང་། ཞང་བློན་གྱི་བུ་དད་པ་ཅན་ཐམས་ཅད་(118ན)རབ་ཏུ་བྱུང་ཞིག་ཅེས་གསུངས་པས། བློན་པོ་རྣམས་ན་རེ། རབ་ཏུ་བྱུང་ན་འཚོ་བ་མེད་དོ་ཞུས་པས། བཙན་པོའི་ཞལ་ནས། དེའི་འཚོ་བ་བླ་ནས་སྦྱོར་ཞིག་གསུངས། དམག་དང་ཁྲལ་མ་བྱས་ན་ཆད་པ་འོང་ཟེར་བས། དེ་ལ་ངས་ཞབས་འོག་ནས་བཏོན་ཏེ་བདེ་བ་སྦྱིན་ལ་དབུའི་མཆོད་གནས་སུ་བྱའོ་གསུངས། སྡེ་སྣོད་གསུམ་ག་སློབ་མི་ནུས་ཟེར་བས། དགེ་བ་རང་གི་བློའི་ཉམས་དང་དཔགས་ལ་སྤྱོད་ཅིག་ཅེས་བཀས་གནང་ངོ་། །དེ་ནས་ལུག་གི་ལོ་དེའི་དགུན་ཟླ་འབྲིང་པོའི་ངོ་ལ་བསམ་ཡས་སུ་པྲ་ཏི་ཧ་ནའི་དུས་ཀྱི་མཆོད་པ་ཆེན་པོ་མཛད་པའི་ཚེ། ཇོ་མོ་མཆིམས་བཟའ་ལྷ་མོ་བཙན་དང་སྲུས་བཙན་མོ་རྒྱལ་ལ་སོགས་པ་བརྒྱ་རབ་ཏུ་བྱུང་། སྤྱིར་དེ་དུས་དགེ་སློང་དང་དགེ་ཚུལ་དང་དགེ་ཚུལ་མ་སྟེ་མི་སུམ་བརྒྱ་རབ་ཏུ་བྱུང་ནས། དབུ་རྩེའི་བྱ་འདབས་དང་མཆོད་རྟེན་ཆེན་པོ་བཞིའི་རྩེ་མོ་ལྕགས་ཐག་གིས་སྦྲེལ་བ་ལ་འཕན་མགོ་བཏགས་ཏེ་ནམ་མཁའ་དར་ལ་བགྱིས། ས་གཞི་གྱི་ལིང་རྟས་ཁེངས། གསེར་ཕོར་དངུལ་ཕོར་ཐམས་ཅད་ཆབ་ཚ་དང་འབྲས་ཆང་དང་ནས་ཆང་གིས་བཀང་། དུས་འདི་ཕན་ཆད་བཀའ་ཤོག་ཆེན་པོ་བཏང་སྟེ་སླན་ཆད་ཆབ་འོག་གི་འབངས་ལས། ཕོ་མིག་(118བ)མི་དབྱུང་། མོ་སྣ་མི་བཅད། མཚང་ཅན་མི་དགུམ་པར་གནང་། སྐྱེ་བོ་ཐམས་ཅད་ཀྱིས་རྗེའི་བཀའ་ཉན་ཞིང་། རྗེ་འབངས་ཐམས་ཅད་ཀྱིས་རབ་ཏུ་བྱུང་བ་དབུའི་མཆོད་གནས་སུ་ཕྱུངས་ཏེ། ཕྱག་དང་མཆོད་པ་དང་། བཀུར་སྟི་བྱ་བ་སོགས་ཆོས་ཀྱི་བཀའ་ཁྲིམས་ཆེན་པོ་བཅས་ནས། རབ་ཏུ་བྱུང་བའི་ཆོས་གྲྭའི་སློབ་དཔོན་དང་། ཉ་མའི་སློབ་དཔོན་བསྐོས། དཀོན་མཆོག་གསུམ་དང་། དགེ་འདུན་གྱི་བཤོས་ནི་ཁབ་སོ་ཆེན་པོ་ལས་སྦྱར། གཞན་ཡང་ལྷ་ས་བསམ་ཡས་མཐའ་འདུལ་ཡང་འདུལ་ལ་སོགས་པའི་ལྷ་ཁང་ཐམས་ཅད་དུ་མཆོད་པ་ཆེན་པོ་དང་། དུས་བཟང་གསུམ་གྱི་མཆོད་པ་རྒྱ་ཆེན་པོ་མཛད། འགོས་ཀྱིས་ཕག་རི་དང་། འོ་ཡུག་ནང་ཁོངས་སུ་མར་མེའི་རུབ་བཙུགས། ལྷ་ཁང་རེ་རེ་ལ་ཞག་རེ་བཞིན་མར་མེ་བརྒྱ་རྩ་སྤོར་བ་ལ་སོགས་པ་དཀོན་མཆོག་གསུམ་གྱི་ཞབས་ཏོག་དཔག་ཏུ་མེད་པ་མཛད་དེ། དེ་དུས་ཀྱི་བསྟན་པ་དང་། སྦྱིན་བདག་དེ་ལྟ་བུ་ནི་རྒྱ་གར་དུ་ཡང་མ་བྱུང་ཞེས་ཇོ་བོ་རྗེས་གསུངས། དེ་ནས་ཆོས་ཀྱི་སྒྲ་བསྒྱུར་བཙུགས་ཏེ། རྒྱ་གར་གྱི་སློབ་དཔོན་སངས་རྒྱས་གསང་བ་དང་། ཤཱིནྟཾ་གརྦྷ་དང་། བི་ཤུདྡྷ་སེང་ཧ་ལ་སོགས་པ་དང་། བོད་ཀྱི་སད་མི་མི་བདུན་དང་། ཆོས་ཀྱི་(119ན)སྣང་བ་དང་། བནྡྷེ་ནམ་མཁའ་དང་། སྒྲོ་རིན་ཆེན་སྡེ་དང་། རྣམ་པར་མི་རྟོག་པ་དང་། ཤཱཀྱ་འོད་ལ་སོགས་པས་ལོ་ཙཱ་བ་བྱས་ནས། རྒྱ་གར་རྒྱ་ནག་ལི་ཡུལ་རྣམས་ནས་བྱུང་བའི་རྒྱ་དཔེ་རྙེད་ཚད་བསྒྱུར་བ་ལས། རྦ་རཏྣས་ཐོག་མར་ཤེས་རབ་འབུམ་བསྒྱུར་བའི་ཚེ། རྨི་ལམ་དུ་བོད་ཁམས་སུ་འབུམ་སྡེ་རྒྱས་པར་འགྱུར། དེའི་བསོད་ནམས་དང་བྱིན་རླབས་ཀྱིས་འཇིག་རྟེན་གྱི་ཁམས་སུ་ཐེག་པ་ཆེན་པོ་སྤྱོད་པ་ཤ་སྟག་སྐྱེའོ་ཞེས་ལུང་བསྟན་བྱུང་། རྦ་བྲན་མཁན་པོ་མཉྫུས་ཤེས་རབ་འབུམ་བཙན་པོ་ཁྲི་སྲོང་ལྡེ་བཙན་རྗེ་འབངས་ལ་བཤད་པའི་ཚེ། བཙན་པོ་མཉེས་ནས་ཕྱག་དབུ་ལ་བྱུགས་ཏེ་བྱ་དགའ་ཆེ་ཐང་དུ་གསོལ། འཚོ་བ་ཐམས་ཅད་བླ་ཆེན་པོ་ནས་སྦྱར་ཏེ་ཚང་མང་ཀེ་རུ་གླིང་ན་གཡོས་ས་བྱས་ཏེ་རབ་ཏུ་བྱུང་བ་སུམ་བརྒྱ་ལ་ཟས་སྣ་བཅུ་གསུམ་རེ་འདྲེན་པའི་ལག་དཔོན་ཇོ་མོ་བྱང་ཆུབ་རྗེས་མཛད། གདན་ནོན་པ་དང་རྒྱས་པ་བམ་པོ་རེ་ལ་ཤོག་དྲིལ་རེ་བྱས་ནས་འདོན་ཏེ། ནངས་མ་རེ་ལ་འབུམ་ཚར་རེ་བཀའ་སྒྲོག་གོ་ཞེས་གྲགས། གཞན་ཡང་སྔགས་འཆང་དྷརྨ་ཀིརྟི་ཞེས་པ་སྤྱན་དྲངས་ཏེ་བདུད་འདུལ་སྔགས་པ་གླིང་དུ་རྡོ་རྗེ་དབྱིངས་ལ་སོགས་པའི་དཀྱིལ་འཁོར་དུ་དབང་བསྐུར། ཁ་ཆེའི་(119བ)པཎྜི་ཏ་ཛི་ན་མི་ཏྲ་དང་ད་ན་ཤཱི་ལ་སོགས་ཀྱིས་རྣམ་དག་ཁྲིམས་ཁང་གླིང་དུ་འདུལ་ཁྲིམས་འབོགས། རྒྱའི་ཧ་ཤང་ལ་སོགས་པས་མི་གཡོ་བསམ་གཏན་གླིང་དུ་བསམ་གཏན་ལ་མཉམ་པར་འཇོག །བརྡ་སྦྱོར་ཚང་མང་གླིང་དུ་བརྡ་སྦྱོར། དཀོར་མཛོད་པེ་ཧར་གླིང་དུ་ནོར་འཇོག །བེེ་རོ་ཙ་ནའི་གླིང་དུ་ཆོས་འཆད་པ་ལ་སོགས་པའི་སྒོ་ནས་བསྟན་པ་ཡོངས་སུ་རྫོགས་པ་དར་བར་མཛད། ལོ་པཎ་རྣམས་ཀྱིས་བསྒྱུར་བའི་ཆོས་ཐམས་ཅད་གླེགས་བམ་དུ་བྲིར་བསྩལ་ཏེ་གཙུག་ལག་ཁང་དུ་བཞུགས་སུ་གསོལ། ས་ཕོ་འབྲུག་གི་ལོར་ཕོ་བྲང་ལྡན་དཀར་ན་བཞུགས་པའི་སྟོན་སྒྲ་བསྒྱུར་གྱི་བནྡྷེ་དཔལ་བརྩེགས་དང་། བནྡྷེ་ཀླུའི་དབང་པོ་ལ་སོགས་པས། བོད་ཁམས་ན་དམ་པའི་ཆོས་བསྒྱུར་རོ་འཚལ་གྱི་མཚན་བྱང་དང་། བམ་པོ་དང་། ཤློ་ཀའི་གྲངས་སུ་མཆིས་པར་གཏན་ལ་ཕབ་ནས་དཀར་ཆག་ཏུ་བྲིས་པར་གྲགས། རྣལ་འབྱོར་ཆེན་པོ་སོགས་ཐེག་པའི་རྩེ་མོ་རྣམས་ནི་ཁྱབ་བརྡལ་དུ་མི་བསྒྱུར་བར་སྣོད་ལྡན་རྣམས་ཀྱིས་སྤྱད་བྱར་བཀས་གནང་ངོ་། །གཞན་ཡང་ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་། དགེ་སློང་ནམ་མཁའི་སྙིང་པོ་སོགས་སྔ་ཕྱིར་རྒྱ་གར་དུ་མངགས། སློབ་དཔོན་ཆེན་པོ་ཤྲཱི་སེངྷ་དང་། རྡོ་རྗེ་ཧཱུཾ་མཛད་ལ་སོགས་པ་གྲུབ་པའི་རིག་འཛིན་རྣམས་ཀྱི་གསང་བའི་(120ན)མཛོད་བརྟོལ་ཏེ། གསང་ཆེན་བླ་མེད་ཀྱི་རྒྱུད་སྡེ་མང་པོ་དང་། ཡང་གསང་རྫོགས་པ་ཆེན་པོའི་མན་ངག་དཔག་ཏུ་མེད་པ་གསན་ནས་སོ་སོས་གྲུབ་པའང་ཐོབ། ཟབ་དོན་རྣམས་མི་བརྗེད་པའི་གཟུངས་སུ་བཟུང་ཞིང་། དཔེ་རྒྱུད་ཀྱི་རྒྱ་དཔེ་མང་པོ་འཕྲུལ་ཡིག་ཏུ་བྲིས་ཏེ་བསྣམས་ནས་བོད་དུ་བྱོན། འོན་ཀྱང་རྒྱ་གར་བས་ཆོས་ལ་ཕྲག་དོག་བྱས་པ་དང་། སྡིག་བློན་རྣམས་ཀྱིས་ཕྲ་མ་བཅུག་པ་ལ་བརྟེན་ནས། བེེ་རོ་ཙ་ན་ཚ་བ་རོང་དང་། ནམ་མཁའི་སྙིང་པོ་ལྷོ་བྲག་ཏུ་རེ་ཞིག་སྤྱུགས་དགོས་པ་བྱུང་། སྐབས་དེར་རྒྱལ་པོས་པཎ་ཆེན་བི་མ་ལ་མི་ཏྲའི་སྙན་གྲགས་གསན་པའི་རྐྱེན་གྱིས་སྤྱན་འདྲེན་པའི་ཕོ་ཉ་བར་སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། རྨ་རིན་ཆེན་མཆོག་གསུམ་པོ་རྒྱ་གར་དུ་བཏང་། པཎ་ཆེན་ནས་ཀྱང་གདུལ་བྱ་དུས་ལ་བབས་པར་དགོངས་ནས་བོད་དུ་ཕེབས། བོད་ཀྱི་པཎྜི་ཏ་བེེ་རོ་ཙ་ན་གང་དུ་ཆིས་གསུངས་པས། རྒྱལ་བློན་རྣམས་བཻ་རོ་སྤྱུགས་པ་འགྱོད་པ་སྐྱེས་ཏེ་ཚ་བ་རོང་ནས་སླར་སྤྱན་དྲངས། དེ་ལྟ་བུའི་མཁན་སློབ་བི་མ་ལ་སོགས་པཎ་ཆེན་བརྒྱ་རྩ་ཞལ་འཛོམ། བཻ་རོ་སྐ་ཅོག་ལ་སོགས་ཞུས་ཆེན་དང་། སྒྱུར་བྱེད་དང་། མཆན་བུའི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱིས་མཚམས་(120བ)སྦྱར་ཏེ། གཙོ་བོ་སློབ་དཔོན་ཆེན་པོས་རྒྱུད་ལུང་མན་ངག་གི་སྐོར་ཕལ་ཆེ་བ་སྒྲ་རང་འགྱུར་དུ་བསྒྱུར་བར་མཛད། རྒྱ་དཔེ་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དང་ཨོ་རྒྱན་མཁའ་འགྲོའི་གསང་མཛོད་དུ་བཞུགས་པ་རྣམས་སློབ་དཔོན་པདྨས་རྫུ་འཕྲུལ་གྱིས་སྐད་ཅིག་ཉིད་ལ་བླངས་ནས་བསྒྱུར་ཞིང་། དཔེ་རྣམས་བསམ་ཡས་ཀྱི་ཀེའུ་ཚང་དུ་བཞུགས་ཏེ་རྒྱ་གར་ན་མེད་དོ། །མཁན་པོ་བོ་དྷི་སཏྭས་མདོ་ཕྱོགས་དང་སྔགས་ཕྱི་པ་མང་དུ་བསྒྱུར་བར་མཛད་པས་མཚོན། མདོར་ན་སྡེ་སྣོད་རྒྱུད་སྡེ་དགོངས་འགྲེལ་གྱི་བསྟན་བཅོས་སོགས་མང་དུ་བསྒྱུར་ཞིང་འཆད་ཉན་གྱིས་གཏན་ལ་ཕབ་པས་བོད་དུ་སངས་རྒྱས་ཀྱི་བསྟན་པ་ཡོངས་སུ་རྫོགས་པ་གཞིར་བཞེངས་སུ་དར་བར་མཛད་པའི་ཕྱག་རྗེས་དང་བཀའ་དྲིན་ནི་བསམ་པའི་ཡུལ་ལས་འདས་པ་ཉིད་དོ། །དེ་ནས་མངའ་བདག་རྒྱལ་པོས་འབྲས་བུའི་ཐེག་པ་གསང་སྔགས་བླ་མེད་ཀྱི་གདམས་པ་ཟབ་མོ་གསན་པར་དགོངས་ཏེ། སློབ་དཔོན་ཆེན་པོ་ལ། གསེར་གྱི་མཎྜལ་དང་བཙུན་མོ་མཁར་ཆེན་བཟའ་མཚོ་རྒྱལ་དབང་རྟེན་གསང་བའི་གཟུང་མར་ཕུལ་ནས། རྡོ་རྗེ་ཐེག་པའི་སྨིན་གྲོལ་སྩོལ་བར་གསོལ་བ་བཏབ་པས། སློབ་དཔོན་གྱིས་བསམ་ཡས་མཆིམས་ཕུའི་བྲག་དམར་ཀེའུ་ཚང་དུ་བཀའ་བརྒྱད་བདེ་(121ན)གཤེགས་འདུས་པའི་དཀྱིལ་འཁོར་ཆེན་པོ་ཞལ་ཕྱེས། རྗེ་འབངས་ཉི་ཤུ་རྩ་ལྔ་ལ་དབང་བསྐུར་བར་མཛད་པའི་ཚེ་གཙོ་བོར་བཀའ་བབས་ཀྱི་མི་དགུ་ཞེས། མངའ་བདག་གི་མེ་ཏོག་དབུས་སུ་བབས་པས། གསང་མཚན་ཚངས་པ་ལྷའི་མེ་ཏོག་རྩལ་དུ་གནང་། ཆེ་མཆོག་བདེ་གཤེགས་འདུས་པའི་བཀའ་བབས་ཏེ་ཏིང་ངེ་འཛིན་ལས་མི་གཡོ་བར་ལྷུན་གྱིས་གྲུབ་པའི་དགོངས་པ་འཁྲུངས། གནུབས་སངས་རྒྱས་ཡེ་ཤེས་ཀྱི་མེ་ཏོག་སྐུ་གཤིན་རྗེ། ངན་ལམ་རྒྱལ་བ་མཆོག་དབྱངས་ཀྱི་མེ་ཏོག་གསུང་རྟ་མགྲིན། གནུབས་ནམ་མཁའི་སྙིང་པོའི་མེ་ཏོག་ཐུགས་ཡང་དག །གཉགས་ཡེ་ཤེས་གཞོན་ནུའི་མེ་ཏོག་ཡོན་ཏན་བདུད་རྩི། མཁན་ཆེན་ཡེ་ཤེས་མཚོ་རྒྱལ་གྱི་མེ་ཏོག་འཕྲིན་ལས་ཕུར་པ། འབྲོག་མི་དཔལ་གྱི་ཡེ་ཤེས་ཀྱི་མེ་ཏོག་བླ་མེད་མ་མོ། རླངས་དཔལ་གྱི་སེང་གེའི་མེ་ཏོག་འཇིག་རྟེན་མཆོད་བསྟོད། པ་གོར་བེེ་རོ་ཙ་ནའི་མེ་ཏོག་དམོད་པ་དྲག་སྔགས་ཀྱི་དཀྱིལ་འཁོར་ལ་ཕོག་སྟེ། དེ་རྣམས་ནས་སློབ་དཔོན་གྱི་བཀའ་ལུང་བཞིན་སྒྲུབ་གནས་སོ་སོར་བསྒྲུབས་པས་སོ་སོའི་བཀའ་བབས་ཀྱི་རིགས་དང་མཐུན་པའི་དངོས་གྲུབ་མངོན་དུ་བརྙེས་པར་གྱུར་ཏེ། དེ་ཡང་སངས་རྒྱས་(121བ)ཡེ་ཤེས་ཀྱིས་སྦྲགས་ཡང་རྫོང་དུ་འཇམ་དཔལ་གཤིན་རྗེ་གཤེད་བསྒྲུབས་པས། ཞག་ཉེར་གཅིག་ན་ཡི་དམ་གྱི་ཞལ་མཐོང་། ཉི་ཟླ་གདན་དུ་བཏིང་། བྲག་ལ་ཕུར་པ་བཏབ། རྒྱལ་བ་མཆོག་དབྱངས་ཀྱིས་བསམ་ཡས་མཆིམས་ཕུར་དབང་ཆེན་གྲུབ་སྟེ་རང་ལུས་ཡི་དམ་གྱི་སྐུར་གྱུར་ནས་སྤྱི་གཙུག་གི་རྟ་མགོས་རྟ་སྐད་གྲགས། ནམ་མཁའི་སྙིང་པོས་ལྷོ་བྲག་མཁར་ཆུར་ཡང་དག་གྲུབ་སྟེ་ཉི་ཟེར་ལ་ཞོན། ཛྙཱ་ན་ཀུ་མཱ་རས་ཡར་ཀླུང་ཤེལ་བྲག་ཏུ་ཆེ་མཆོག་གྲུབ་པས་བྲག་ལས་མཛུབ་མོས་བདུད་རྩི་བཏོན། མཁན་ཆེན་མཚོ་རྒྱལ་གྱིས་མོན་ཁ་ནེ་རིང་སེང་གེ་རྫོང་དུ་ཕུར་པ་གྲུབ་སྟེ་བྲག་ལ་ཕུར་པ་བཏབ། དཔལ་གྱི་ཡེ་ཤེས་ཀྱིས་ཡར་སྟོད་ཤམ་པོ་གངས་སུ་མ་མོ་གྲུབ་པས་ལས་ཀྱི་མ་མོ་དངོས་སུ་བྲན་དུ་ཁོལ། དཔལ་གྱི་སེང་གེ་ཕྱི་མས་སྤ་གྲོ་སྟག་ཚང་དུ་དྲེགས་པ་ཀུན་འདུལ་གྲུབ་པས་ལྷ་སྲིན་ལས་ལ་བཅོལ་ཚད་སྒྲུབ་པ་བྱུང་། བེེ་རོ་ཙ་ནས་བྲག་དམར་གཡའ་མ་ལུང་དུ་དྲག་སྔགས་གྲུབ་སྟེ་དམོད་པ་བོར་བ་ཙམ་གྱིས་དགྲ་བགེགས་མོད་ལ་སྒྲོལ། གཞན་ཀུན་གྱིས་ཀྱང་། གཡུ་སྒྲ་སྙིང་པོས་རྟོགས་པ་མངོན་དུ་གྱུར། སྣ་ནམ་རྡོ་རྗེ་བདུད་འཇོམས་ནམ་མཁའ་ལ་རླུང་ལྟར་འཕྱོ། སྦ་ཡེ་ཤེས་དབྱངས་(122ན)ཀྱིས་མཁའ་སྤྱོད་གྲུབ། སོག་པོ་ལྷ་དཔལ་གྱི་ཡེ་ཤེས་ཀྱིས་གཅན་གཟན་རྣམས་གཉའ་བ་ནས་འཛིན། ལྡན་མ་རྩེ་མང་གིས་མི་བརྗེད་པའི་གཟུངས་རྣམས་ཐོབ། སྐ་བ་དཔལ་བརྩེགས་མངོན་ཤེས་དང་ལྡན། ཤུད་བུ་དཔལ་གྱི་སེང་གེས་གཙང་པོ་ཉི་མ་ཕྱེད་དུ་གྱེན་ལ་སློག །འབྲེ་རྒྱལ་བའི་བློ་གྲོས་ཀྱིས་རོ་ལངས་གསེར་དུ་བསྒྱུར། ཁྱེའུ་ཆུང་ལོ་ཙཱ་བས་ནམ་མཁའ་ལ་བྱ་འཕུར་བ་ཕྱག་གིས་འཛིན། དྲན་པ་ནམ་མཁས་བྱང་གི་འབྲོང་དགུག །རྨ་རིན་ཆེན་མཆོག་གི་ཕ་བོང་ཟས་སུ་ཟ། སྣ་ནམ་ཡེ་ཤེས་སྡེས་ནམ་མཁའ་ལ་འཕུར། འོ་བྲན་དབང་ཕྱུག་གིས་ཆུ་ལ་ཉ་ལྟར་འཕྱོ། ལྷ་ལུང་དཔལ་གྱི་རྡོ་རྗེས་རི་བྲག་ལ་ཐོགས་པ་མེད་པར་འཛུལ། ལང་གྲོ་དཀོན་མཆོག་འབྱུང་གནས་ཀྱིས་གནམ་ལྕགས་ཐོག་མདའ་འཕེན། ལ་གསུམ་རྒྱལ་བ་བྱང་ཆུབ་ཀྱིས་ནམ་མཁའ་ལ་རྡོ་རྗེ་སྐྱིལ་ཀྲུང་བཅའ་བ་ལ་སོགས་སོ་སོས་གྲུབ་རྟགས་མང་དུ་བསྟན་ཏོ། །ཕྱིས་སུ་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཆོས་སྡེ་རྒྱལ་པོའི་བླ་དཔེ་རྣམས་གཏེར་དུ་སྦེད་པར་གནང་ཞིང་། མ་འོངས་པ་ན་རྒྱལ་པོ་ཉིད། མངའ་བདག་ཉང་རལ་པ་ཅན་དང་། གུ་རུ་ཆོས་ཀྱི་དབང་ཕྱུག །འཇམ་དཔལ་(122བ)ཆོས་ཀྱི་བཤེས་གཉེན་ལ་སོགས་པར་སྐྱེ་བ་བཞེས་པའི་ཚེ། ཟབ་མོའི་གཏེར་ལ་སྤྱོད་པ་དང་། འགྲོ་དོན་རྒྱ་ཆེན་པོ་མཛད་པར་ལུང་བསྟན་གནང་ངོ་། གཞན་ཡང་རྗེ་འབངས་རྣམས་ལ་མན་ངག་ལྟ་བའི་ཕྲེང་བ་སོགས་ཟབ་རྒྱས་ཀྱི་ཆོས་འཁོར་དཔག་ཏུ་མེད་པ་བསྐོར་བས་མཚོན། བོད་དུ་སྨིན་གྲོལ་ལ་བཀོད་པར་མཛད་པའི་སློབ་མའི་རྣམ་གྲངས་བསམ་གྱིས་མི་ཁྱབ་ཀྱང་། སྔ་ཐོག་བསམ་ཡས་ས་འདུལ་མཛད་སྐབས་རྗེ་འབངས་ཉེར་གཅིག །བར་འདིར་རྗེ་འབངས་ཉེར་ལྔ་རྣམས་གཙོ་བོ་ཡིན་ལ། གཞན་ཡང་ཡེར་པའི་འོད་ལུས་གྲུབ་པ་བརྒྱད་ཅུ། ཆུ་བོ་རིའི་སྒོམ་ཆེན་བརྒྱ་དང་རྩ་བརྒྱད། ཡང་རྫོང་གི་སྔགས་པ་སུམ་ཅུ། ཤེལ་བྲག་གི་རྟོགས་ལྡན་ང་ལྔ། མཁའ་འགྲོ་མ་ཉི་ཤུ་རྩ་ལྔ། རྣལ་འབྱོར་མ་བདུན་ལ་སོགས་པ་རྣམས་དང་། ཨ་མེས་བྱང་ཆུབ་འདྲེ་བཀོལ། རྒྱུས་བྱང་ཆུབ་གཞོན་ནུ། རོག་བན་ནམ་མཁའ་ཡེ་ཤེས། ཉང་དེ་བཞིན་གཤེགས་པ། སྤང་རྗེ་བཙན་ཁྲོམ། ཤ་མི་གོ་ཆ། ངབ་མི་དང་ངབ་འདྲེ། ལྕེ་རྒྱ་མཚོ་གྲགས། འབྲེ་ཤེས་རབ་གྲགས་ལ་སོགས་པ་དང་། རླངས། རྔོག །འཁོན། རོག །འགོས། སྤང་། སོ། ཟུར། གནུབས། རྒྱུས། སྐྱོ་ལ་སོགས་པའི་གདུང་རིགས་གྲུབ་པ་ཐོབ་པ་རྣམས་(123ན)ཀྱི་མེས་པོ་ཐམས་ཅད་སློབ་དཔོན་ཆེན་པོའི་ཞལ་སློབ་ཏུ་གྱུར་པ་ཁོ་ནའོ། །དེ་ལྟར་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་བར་མཛད་པའི་སྐབས་ཤིག་ན། བཙུན་མོ་ཚེ་སྤོང་བཟའ་དང་། བློན་པོ་ཆོས་ལ་གནག་པ་རྣམས་སྙིང་རབ་ཏུ་ན་བར་གྱུར་ནས་གྲོས་བྱས་ཏེ། རྒྱལ་པོ་ཁྲོ་ཆུ་གདོང་དུ་སྤྱན་དྲངས་ནས། བཙུན་མོ་དང་། ཞང་རྒྱལ་ཚ་ལྷ་སྣང་། རྟ་ར་ཀླུ་གོང་། ཁྲི་འབྲང་ལྷ་ལོད་ལ་སོགས་པས་འདི་སྐད་དུ། རྗེ་ལགས། བདག་ཅག་ཡི་ཆད་དེ་མཆི་མ་བྲོ། རྒྱལ་པོ་ལ་ཐུགས་ནོར་བ་འདི་འདྲ་མཆིས་ལགས་ཏེ། ཡབ་ཀྱི་དཀོར་ནོར་རྣམས་འཇིམ་པ་ལ་བྱུག །ནོར་མེད་ན་རྒྱལ་པོ་རྨངས་སུ་འབབ། ལྷོ་བལ་གྱི་མཐའ་མི་ལ་ཐུགས་གཙིགས་ནན་ཏུར་ཆེ། མཐའ་མི་ངན་པས་རྒྱལ་པོ་སྐུ་ཚེ་བསྟུང་། རབ་བྱུང་ཡིན་ཟེར་ནས་བྲན་གཡོག་ཆེ་སར་འདོན། རྟེན་འབྲེལ་འཕྱུགས་པས་རྒྱལ་སྲིད་འཇིག་པའི་ཉེན་ཆེ། ཆོས་ཁྲིམས་འཛུག་པ་ཡིན་ཟེར་ནས་མཐའ་མིའི་སྤྱོད་པ་བྱེད། བོད་འབངས་བདེ་སྐྱིད་ལ་རང་གར་སྤྱོད་པའི་དབང་མེད། བདག་ཅག་བློན་པོ་རྣམས་ལ་གཙིགས་སུ་མི་བྱེད། གྲོས་ལ་མི་གསན་ན། ཕྱིའི་དགྲ་བྱུང་དུས་ཆོས་ཀྱིས་ཐུལ་ཅིག །ནང་གི་སོ་ཚིས་རབ་བྱུང་(123བ)བཙུན་པས་མཛོད། ངེད་ཅག་བློན་པོ་ཀུན་རང་རང་སོ་སོར་བྱེར་ནས་འགྲོ། སྒོ་ཁྱི་རི་ལ་ཤོར་ན་སྤྱང་ཀི་ཡིན། ཡང་རྒྱལ་བློན་འཛོམ་པ་དཔའ་བརྗིད་ཆེ་དགོངས་པ་གདའ་ན། མཐའི་བནྡྷེ་འདི་རྣམས་ཆབ་ལ་གསོལ་ཅིག་ཟེར་རོ། །བཙུན་མོ་ན་རེ། རྗེ་རྒྱལ་པོ་ལགས། རྗེའི་ཐུགས་དགོངས་མཐའ་མིས་བསྒྱུར། བློན་པོ་རྣམས་ཡི་ཆད་པ་ཡང་ཤིན་ཏུ་བདེན། མཐའི་ངན་སྔགས་མཁན་པོ་འདིས་འོ་སྐོལ་ཡབ་ཡུམ་བར་དུ་དབྱེན་འཛུད། རྒྱལ་པོའི་སྐུ་སྲོག་ཀྱང་གཅོད་པར་མཆིའོ། །སྔར་བཙུན་མོ་མཁར་ཆེན་བཟའ་དང་མཆིམས་བཟའ་གཉིས་ཀྱང་འཕྲོག །ད་རྒྱལ་སྲིད་འཕྲོག་པར་ཐེ་ཚོམ་མེད། རྗེ་ལ་བློན་པོ་མེད་ན་རྒྱལ་སྲིད་བཟུང་ཐབས་ག་ལ་ཡོད། མཐའ་མི་འཁྱམས་པོ་ཐམས་ཅད་མཐའ་ལ་སྤྱུགས་ལ། རང་རེ་རྒྱལ་བློན་ཀུན་གྲོས་འདུན་གཅིག་ཏུ་མཛོད་ཟེར་རོ། །དེ་ལ་རྒྱལ་པོ་ཐུགས་རབ་ཏུ་མུག་པར་གྱུར་ནས་སྤྱན་ཆབ་ཤོར་ཏེ། ཞལ་ནས་ངས་ཞག་གསུམ་ན་ལན་བཏང་གི་གསུངས་ནས་བཞུད། དེར་རྒྱལ་པོའི་ཐུགས་དགོངས་ལ། བློན་པོ་མེད་ན་མཐའི་དགྲ་མི་ཐུལ་བྱ་བ་བདེན། དེ་མིན་པ་དེ་ལྟ་བུའི་ཆོས་ལ་སྡང་བ་ཅི་སྙམ་ནས་ཐུགས་མ་བདེ། ཡང་དགོངས་པར། ད་ལྟ་སློབ་དཔོན་པདྨ་(124ན)ལྟ་བུ་དངོས་སུ་བཞུགས་པ་ཡིན། བཙུན་མོ་དང་བློན་པོའི་བར་ཆད་ཀྱིས་མི་ཚུགས་པ་ཡང་སྲིད་སྙམ་ནས། སློབ་དཔོན་གྱི་དྲུང་དུ་བྱོན་ནས་སྔར་གྱི་ལོ་རྒྱུས་ཞུས་པས། སློབ་དཔོན་གྱི་ཞལ་ན་རེ། མངའ་བདག་ཆེན་པོ། ཡེ་ཤེས་དང་མ་རིག་པའི་རང་མདངས་ལས། སྔོན་ཡང་སངས་རྒྱས་རེ་རེའི་དྲུང་དུ་བདུད་རེ་རེ་ལྷན་ཅིག་ཏུ་བྱུང་བར་གདའ། ཉིད་ཆོས་སྐྱོང་བའི་རྒྱལ་པོ་ཡིན་པའི་ཕྱིར་བློན་པོ་བདུད་དུ་བབས་པར་གདའ། དེ་དཔེར་བརྗོད་ན་ཡེ་ཤེས་ནི་རིག་པ་རང་གསལ་ནམ་མཁའ་དྭངས་པའི་ཀློང་ལྟ་བུ་ཡིན། མ་རིག་པ་ནི་སྤྲིན་དང་ན་བུན་ལྟ་བུ་ཡིན། དོན་དམ་པ་དང་ཀུན་རྫོབ་ཀྱི་ཁྱད་པར་ཡོད་པས། བདུད་ཀྱིས་སངས་རྒྱས་ཀྱི་ཡོན་ཏན་སྒྲིབ་པར་མི་ནུས། དེ་ལ་རྒྱལ་པོ་ཉིད་རང་ཐུགས་དགོངས་བཟང་པོ་མི་འགྱུར་བ་རྟེན་འབྲེལ་དུ་ཆེ། བློན་པོ་རྣམས་དང་བཙུན་མོ་ལ། ད་སྟེ་ཞག་གསུམ་ན་ལོ་པཎ་རྣམས་ལ་ངས་བསྙེན་བཀུར་ཆེན་པོ་བྱ་ཡི། ཁྱོད་རང་རྣམས་ཆབ་ལ་གསོལ་ཅིག །གལ་ཏེ་གསོད་པར་མི་ནུས་ན། འདི་རྣམས་ཀྱི་ངན་སྔགས་ཀྱིས་རང་རེ་རྣམས་ཀྱི་ཚེ་སྲོག་བསྟུང་ངེས་པས། ཕྱིན་ཆད་དེ་ལྟ་བུ་མི་བྱེད་པའི་འགན་བསྐུར་ལ་དམ་བདར་མཛོད། བློན་པོ་(124བ)རྣམས་ཀྱི་བར་ཆད་བདག་གིས་བཏུལ་གྱིས་གསུངས། དེ་ནས་རྒྱལ་པོས། བཙུན་མོ་དང་བློན་པོ་རྣམས་ལ་དེ་སྐད་གསུངས་པ་དང་། ཁོང་རྣམས་ཤིན་ཏུ་དགའ་ནས་རྒྱལ་པོས་ཇི་སྐད་གསུངས་པ་ལྟར་བྱས་པ་དང་། དེར་ཞག་གསུམ་ན་རྒྱལ་པོས་བུ་ཚབ་གསེར་ཁང་གླིང་དུ་ལོ་པཎ་རྣམས་སྤྱན་དྲངས་ཏེ་བསྙེན་བཀུར་བྱས། བཙུན་མོ་དང་བློན་པོ་རྣམས་ཀྱིས་ཉི་མ་ཤར་བ་དང་གཤེད་མ་བཀྱེས་པས། ལོ་པཎ་ཐམས་ཅད་སྤྱན་རས་གཟིགས་སུ་སོང་སྟེ། གཤེད་མ་རྣམས་ཀྱང་གསོད་པའི་འདུན་པ་བོར་ནས་ཕྱིར་ལོག །དེ་ནས་ཉིན་གུང་གཤེད་མ་བཀྱེས་པས། ཐམས་ཅད་རིན་པོ་ཆེ་འབར་བ་རེ་རུ་སོང་། གཤེད་མ་ལྟད་མོས་ཡེངས་ནས་སླར་ལོག ཉི་མ་དགོང་ཁར་བཀྱེས་པས། ལོ་པཎ་རྣམས་འཁོར་ལོས་བསྒྱུར་བའི་རྒྱལ་པོ་རེ་རེར་གྱུར་ཏེ། སོ་སོ་ལ་བཙུན་མོ་བློན་པོ་འཁོར་བསམ་གྱིས་མི་ཁྱབ་པ་ཡོད་པ་ཤ་སྟག་ཏུ་གྱུར་པས་བསད་པར་མ་ནུས། དེ་ནས་ནམ་སྲོད་ལ་བློན་པོ་རྣམས་རང་རང་གི་མཚོན་ཆ་ཐོགས་ཏེ་གཤེད་མའི་ཚོགས་ཀྱིས་བསྐོར་ནས་ཤིན་ཏུ་རྔམས་པའི་ང་རོས་རྒྱོབ་སོད་ཀྱི་སྒྲ་སྒྲོག་ཅིང་དེར་རྒྱུག་པ་ན། སློབ་དཔོན་པདྨས་བཞེངས་ཏེ་ཧཱུྃ་ཧཱུྃ་ཞེས་གསུངས་པས་ཁྲོ་བོ་མཐིང་ནག་གཅིག་ཏུ་སོང་། (125ན)བར་སྣང་ས་གཞི་ཐམས་ཅད་ཁྲོ་བོ་དང་མིའི་དམག་གིས་གང་ནས་ཐམས་ཅད་བསད་སོང་བའི་སྣང་བ་ཤར་ཏེ། བློན་པོ་གཤེད་མའི་ཚོགས་དང་བཅས་པ་བྲོས་ནས་བསམ་ཡས་ཀྱི་ལྕགས་རིའི་ཕྱི་རོལ་དུ་ཐོན་པ་ན་ཐམས་ཅད་འགྱེལ་ཏེ་རེངས་པར་གྱུར་ཏོ། །དེའི་ཚེ་དེ་དག་གི་བུ་སྨད་རྣམས་ཀྱིས་མ་བཟོད་པས་ནུབ་མོའི་རིང་དེར་ཀུ་ཅོ་ཙེ་རེ་བྱུང་། ནངས་པར་རྒྱལ་པོས་གཟིགས་ཙ་ན། གཤེད་མ་དང་བློན་པོ་རྣམས་རྒྱང་གྲགས་རེ་འདས་པའི་ས་ན་ཁ་ནས་ཁྲག་སྐྱུགས་ཏེ་འགྱེལ་ནས་འདུག །རྒྱལ་པོ་དགྱེས་ཏེ་གུ་རུའི་སྤྱན་སྔར་ཕྱིན་ནས་ཕྱག་འཚལ་ཏེ་ལོ་རྒྱུས་ཞུས་པས། སློབ་དཔོན་གྱིས་ས་སྦར་མོ་གང་གནང་ནས་འདི་གཤེད་མ་དང་བློན་པོ་རྣམས་ལ་འཐོར་དུ་ཐོང་། སྲོག་བཅད་ན་སྙིང་རྗེ་གསུངས། དེ་ལྟར་འཐོར་བ་ན་བློན་པོ་རྣམས་ག་ལེར་ལངས་ནས་ཁྱོམ་ཁྱོམ་དུ་བྱུང་སྟེ་ཐམས་ཅད་སྐྱེངས་ནས་དཔའ་ཞུམ་མེ་འདུག །དེ་ནས་བཟུང་སྟེ་ཕྱིན་ཆད་བཙུན་མོ་དང་བློན་པོའི་ཚོགས་ཀྱིས་བོད་ཀྱི་བསྟན་པ་ལ་རྒོལ་བར་མ་ནུས་པ་ཡིན་ནོ། །དེ་ནས་བོད་མེ་སྦྲུལ། སྤྱི་ལོ་༨༣༧པའི་ལོ་ཟད་ཟླ་ཟད་ཟེར་བའི་དུས་ལ་སླེབས་པ་ན། བོད་ཀྱི་ཆོས་རྒྱལ་ཆེན་པོའི་སྐུ་རིམ་དུ་བན་བོན་གཉིས་ཀ་བསམ་(125བ)ཡས་སུ་འཚོགས་པ་ལས། བོན་གྱི་མཁས་པ་མི་ལྔ་བསམ་ཡས་སུ་སླེབས་པས། སྐུ་གསུང་ཐུགས་རྟེན་རྣམས་ངོ་མ་ཤེས་ཤིང་ཆོས་དགེ་བ་བཅུ་བློར་མ་ཤོང་ནས། ཕྱག་དང་བསྐོར་བ་གང་ཡང་མི་བྱེད་པར་ལྷ་རྟེན་རྣམས་ལ་རྒྱབ་བརྟེན་ནས་གྲལ་བསྒྲིགས་པས། རྒྱལ་བློན་ཕལ་ཆེར་ཡི་མ་རང་། དེ་ནས་སང་ཚ་གོང་དུ་དབུ་རྩེ་རྣམ་སྣང་གི་མདུན་དུ་རྒྱལ་པོ་དང་བོན་རྣམས་མཇལ་འཕྲད་མཛད་པ་ན། བོན་རྣམས་ན་རེ། རྗེ་ལྷ་གཅིག་ལགས། དབུས་ཡ་གིར་དཔོན་པོ་གཅེར་ཧྲང་དུ་འདུག་པ། འཁོར་ཡང་གཅེར་ཧྲང་མི་བརྒྱད་ཀྱིས་བསྐོར་བ་འདི་སུ་ཞིག་ཡིན། འདི་རྣམས་གང་ནས་བྱུང་། རྒྱ་གར་གྱི་པཎྜི་ཏ་མིན་ནམ་ཞེས་ཟེར་བ་ལ། རྒྱལ་པོའི་ཞལ་ནས། དབུས་ཀྱི་གཙོ་བོ་འདི་རྣམ་པར་སྣང་མཛད་ཀྱི་སྐུ་ཡིན། འཁོར་རྣམས་སེམས་དཔའ་བརྒྱད་ཀྱི་སྐུ་ཡིན་ཏེ། འདི་ལ་ཕྱག་འཚལ་བ་དང་མཆོད་པ་ཕུལ་བས་ལས་མི་དགེ་བ་འཛད་ལ་དགེ་བའི་ཚོགས་གསོག་པ་ཡིན་གསུངས། ཡང་ན་རེ། མས་ཀྱི་སྒོ་འགག་ཏུ་ཨ་རྫི་བ་ཁྲོ་བོ་གཉིས་འདུག་པ་འདི་ཅི་ཡིན། མི་གསོད་མཁན་མ་ཡིན་ནམ། འདི་རྣམས་ཀྱི་རྒྱུ་ཅི་ལས་གྲུབ། དགོས་པ་ཅི་ཡོད་ན་ཟེར་བས། ཆོས་རྒྱལ་གྱིས། སྒོ་མ་གི་འདི་(126ན)གཉིས་ཁྲོ་ཆེན་ཀུན་གྱི་མཐུ་མངའ་བ་དཔལ་མགོན་ལེགས་ལྡན་ནག་པོ་ཡིན། དམ་ཉམས་པའི་གཤེད་མ་བྱེད། ཆོས་མཛད་ཀྱི་གྲོགས་བྱེད་མཁན་ཡིན། འདི་རྣམས་ཀྱི་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ། རྐྱེན་བཟོ་བོ་མཁས་པས་བཞེངས། རྒྱ་གར་གྱི་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་བྱིན་གྱིས་བརླབས། དགོས་པ་ནི་སངས་རྒྱས་ཀྱི་བསྟན་པ་དར་བ་དང་སེམས་ཅན་རྣམས་སྒྲིབ་པ་སྦྱོང་བའི་ཕྱིར་ཡིན་གསུངས་པས། ཁོང་ཚོ་ན་རེ། རྒྱུ་འཇིམ་པ་ལ་མི་མཁས་པས་བཅོས་པ་ལ་འོང་རྒྱུ་ཅི་ཡོད། རྒྱལ་པོ་ཁྱོད་རེ་བསླུས་ཟེར། དེ་ནས་ཕྱི་རོལ་དུ་སྐྱོ་བསང་ལ་སྐུ་འཆག་པ་ན་མཆོད་རྟེན་རྣམས་མཐོང་ནས་ན་རེ། ཕ་གི་རྩེ་མོ་བྱ་ཐུལ་ཅན། སྐེད་པ་གཉེར་མ་ཅན། རྩ་བ་ཁྱི་ལུད་སྤུངས་པ་འདྲ་བ་འདི་ཅི་ཡིན་ཟེར། རྒྱལ་པོས། ཕ་གི་བདེ་གཤེགས་ཀྱི་གདུང་ཞེས་བྱ་བ་འགྲོ་བ་ཡོངས་ཀྱི་མཆོད་པའི་རྟེན་ཡིན། རྩེ་མོ་ཆོས་འཁོར་རིམ་པ་བཅུ་གསུམ་ལ་གདུགས་དང་ཏོག་གིས་བརྒྱན་པ། སྐེད་པ་བུམ་པ་ཆོས་སྐུའི་གཞལ་ཡས་ཚད་མེད་བཞིས་མཚན་པ། རྩ་བ་སེང་ཁྲི་ཐེག་པས་བརྒྱན་པ་དགོས་འདོད་ནོར་བུའི་བང་མཛོད་ཡིན་གསུངས། བོན་ན་རེ། (126བ)དཀའ་བ་སྤྱད་ནས་བཟོས་པ་ལ་དགོས་པ་ཅི་ཡང་མེད། དཔའ་བོའི་འཐབ་ར་མི་ཉན་པ། སྡར་མའི་བྲོས་ས་མི་ཉན་པ་མཚར་སྡུག །རྒྱ་གར་བ་སྙིང་ནག་པས་རྒྱལ་པོ་ལ་ངན་བྱས་འདུག་ཅེས་ཟེར་བ་ལ་རྒྱལ་བློན་རྣམས་ཅུང་ཡི་མ་རང་། ཡང་སང་ངོ་མཚར་བའི་ལྟད་མོ། ཚོགས་རྫོགས་པའི་མཆོད་པ། ཡིད་ཆེས་པའི་གྲུབ་རྟགས་དངོས་སུ་བསྟན་ནུས་པ་ངེད་བོན་རྣམས་ལ་ཡོད་པ་ཡིན་ཟེར་ནས། བོན་རྣམས་ཇོ་མོ་གླིང་གསུམ་དུ་རྒྱལ་པོའི་སྐུ་རིམ་ལ་འདུས། མཁན་སློབ་པཎྜི་ཏ་རྣམས་རྟ་མགྲིན་གླིང་དུ་བཞུགས། བོན་རྣམས་ན་རེ། རྒྱལ་པོ་ཆེན་པོའི་སྐུ་རིམ་ཡིན་པས། ཤ་བ་ཕོ་རྭ་རྒྱས་དང་། ཡུ་མོ་གཡུ་མཐུར་ཅན། གཡག་ལུག་ར་གསུམ་ཕོ་སྟོང་མོ་སྟོང་། རྒྱལ་པོའི་སྐུ་ཆས་ཡོངས་རྫོགས། ཆང་སྣ་བརྒྱད་དང་འབྲུ་སྣ་དགུ། གཞན་ཡང་འཇིག་རྟེན་འདིར་སྲིད་ཚད་དགོས་ཟེར་བ་བཞིན་མྱུར་བར་བསྡུས་ཏེ་སྤྲད་པས། རྒྱལ་པོ་ཆེན་པོ་འཁོར་བཅས་བོན་མཇལ་བ་ལ་བྱོན་ཟེར། རྒྱལ་པོ་བཙུན་མོ་བློན་འབངས་འཁོར་དང་བཅས་པ་བྱོན་ནས་གཟིགས་པས། དབུས་དེར་བོན་མཁས་པ་མི་དགུ་གྲལ་བྱས། གཡས་གཡོན་དུ་མཐུ་ཆེན་མི་དགུ་དང་གཞན་རྣམས་གྲལ་བྱས། (127ན)མཆོད་གཡོག་པ་ཡིན་ཟེར་བའི་གཤེད་བོན་མང་པོས་གྲི་རེ་ཁྱེར། བཀྲུ་བོན་ཡིན་ཟེར་བ་མང་པོས་གསེར་སྐྱོགས་ནང་དུ་ཆུ་ཁྱེར་ནས་ཤ་བ་སོགས་སེམས་ཅན་རྣམས་ལ་ཁྲུས་བྱེད། ནག་བོན་ཡིན་ཟེར་བ་འགས་འབྲུ་སྣ་འདེབས། ཞུ་བོན་ཡིན་ཟེར་བ་འགས་ཞུ་བ་ཞུ་ལན་མང་པོ་དང་བཅས་གྲལ་རྣམས་བསྐོར། གཤེན་བོན་ཡིན་ཟེར་བ་རྣམས་ཀྱིས་ཤ་བ་རུ་རྒྱས་དེའི་སྐེ་བཅད་ནས་མཆོད། དེ་བཞིན་དུ་གཡག་ལུག་ར་སུམ་སྟོང་གི་སྐེ་དུས་གཅིག་ལ་བཅད་ནས་མཆོད། ཡུ་མོ་འབྲི་ལུག་ར་སོགས་མོ་རོགས་ཡིན་ཟེར་ནས་སུམ་སྟོང་མ་ཤི་བར་ལྤགས་པ་བཤུས་ཤིང་ཡན་ལག་བཞི་བྲེག་ནས་མཆོད། དེ་ནས་རྟ་གླང་མཛོ་དྲེའུ་ཁྱི་བྱ་ཕག་རྣམས་གསོད་ལུགས་མི་འདྲ་བ་མང་པོས་སྤུ་གཞོབ་ཀྱིས་བསམ་ཡས་ཁྱབ་པར་བྱས་ནས་ཤ་སྣས་མཆོད། བཤིག་བོན་ཡིན་ཟེར་བས་དེ་ཐམས་ཅད་སོ་སོར་བཤིག །གསེ་བོན་ཡིན་ཟེར་བས་ཤ་རུས་རྣམས་གསེ་ནས་དེར་གནས་ཐམས་ཅད་ལ་འགྱེད། གྲངས་བོན་ཡིན་ཟེར་བས་གྲངས་བརྩི། ཁྲག་བོན་ཡིན་ཟེར་བ་རྣམས་ཀྱིས་ཟངས་མང་པོ་ཁྲག་གིས་བཀང་བ་ལྤགས་པ་བཀྲམ་པའི་སྟེང་དུ་བསྒྲིགས། ཡང་ལྤགས་པ་ལ་ལའི་སྟེང་(127བ)དུ་ཤ་ཐམས་ཅད་སྤུངས་ནས་བོན་ཆོག་གྱེར་འདུག་པ་ན། ཁྲག་ལས་རླངས་པ་ཁོལ། རླངས་པ་ལས་འཇའ་འདྲ་བ་མང་པོ་འཁྱུག་ཅིང་། གཟུགས་མེད་ཀྱི་སྒྲ་ངན་པ་མང་དུ་གྲགས་པས། བོན་རྣམས་ཀྱིས་གཡུང་དྲུང་གི་ལྷ་གྲགས་ཕྱྭ་གྲགས་གཡང་གྲགས་སོགས་ཟེར་བ་ཡིན་ཅེས་ངོ་མཚར་ནས་ཤ་ཁྲག་ཐམས་ཅད་དམར་ཉོག་ཉོག་ཏུ་མཆོད་འདུག །དེར་རྒྱལ་པོས་མཆོད་པ་ལ་སྒྲ་ངན་པ་འདི་འདྲ་གྲགས་པ་ཅི་ཡིན་གསུངས་པས། འདི་རྒྱལ་པོ་ལ་ལེགས། ངེད་བོན་ལ་ཅུང་མ་བཟང་། རྒྱལ་པོ་ཆེན་པོ་ཐུགས་མ་ཆེས་སམ། ངོ་མི་མཚར་རམ་ཟེར། དེར་ཆོས་རྒྱལ་ནི་ཐུགས་ཡེ་མ་རང་། གཞན་རྣམས་ཀྱང་ཐེ་ཚོམ་མེ་བ་ལ་དབུ་རྩེར་ཕེབས། གོང་གི་དམར་མཆོད་དེ་ཐམས་ཅད་ལོ་པཎ་རྣམས་ཀྱིས་གཟིགས་པས། མཁན་ཆེན་བོ་དྷི་སཏྭའི་ཞལ་ནས། བསྟན་པ་གཅིག་ལ་སྟོན་པ་གཉིས་མི་གནས། །མེ་དང་ཆུ་གཉིས་གྲོགས་པོ་ག་ལ་འོང་། །སངས་རྒྱས་ཆོས་དང་མུ་སྟེགས་འདྲེས་དོན་མེད། །སྡིག་པའི་གྲོགས་པོ་རིང་དུ་སྤང་བར་བྱ། །ལོག་པར་ལྟ་དང་སྐད་ཅིག་ཙམ་མི་འགྲོགས། །དམ་ཉམས་གནས་པའི་ལུང་པའི་ཆུ་མི་བཏུང་། །དེས་ན་བས་མཐར་ཞི་བདེ་སྒྲུབ་ལ་བརྩོན། །(128ན)ཞེས་གསུངས་ཏེ། རྒྱལ་པོ་ལའང་ཡང་ན་བོད་ཡུལ་དུ་ཆོས་ཀྱི་བསྟན་པ་གནས་པ། ཡང་ན་བོན་རང་འཇགས་བྱེད་པ་ལས་མཉམ་དུ་སྐད་ཅིག་ཀྱང་མི་སྡོད་པའི་ཞུ་བ་དྲག་པོ་ལན་གསུམ་དུ་ཕུལ་བས། ལན་ཕྱི་མ་ལ་ཆོས་རྒྱལ་གྱིས་བློན་པོ་འབངས་དང་བཅས་པ་མདུན་དུ་བོས་ནས། ཀྱེ་མ་བོད་ཀྱི་བློན་འབངས་རྣམས་གསན་འཚལ། བོན་རྣམས་ཀྱིས་བྱེད་ལུགས་དང་། ཆོས་ཀྱི་མཛད་ལུགས་གཉིས་ནི་ལག་པ་ལྟོ་རྒྱབ་ལས་ཀྱང་སྤང་བླང་བཞག་ལེན་དུ་འདུག་པས་སུས་ཀྱང་ཡིད་ཆེས་མ་ཐོབ་ན། རྒྱ་གར་གྱི་མཁས་པ་རྣམས་དང་། བོད་ཀྱི་ལོ་ཙཱ་བ་རྣམས་དང་། སྟོང་སྡེ་གསུམ་གྱི་བན་གསར་ཀུན་ནས་གྲོས་འདི་ལྟ་བུ་འདེབས་འདུག་པས་ཅི་བྱ་ཞེས་གསུངས་པས། བོན་བློན་ཞང་རྣམས་ན་རེ། རྗེ་ལྷ་གཅིག་ལགས། ཆུ་དང་གྲམ་པ་མཉམ་དུ་ཆགས་ན་དགའ། སྔར་ཡང་འདི་འདྲ་བྱས་པས་ལོ་ཙཱ་བ་མང་པོ་སྤྱུགས་དགོས་པ་བྱུང་། ད་ཡང་འདི་ལྟར་བྱས་ནས་བོན་རང་མལ་དང་ཆོས་རང་མལ་མཛད་དང་བདེ་བར་འདུག་ཟེར། དེ་ལ་འགོས་རྒན་གྱིས་ཞལ་ལྕེ་བཅད་དེ། ད་བོན་དར་ན་རྒྱལ་པོའི་ཐུགས་མ་རང་བས་ཐེ་ཚོམ། ཆོས་དར་ན་བློན་(128བ)པོ་ཡིད་མ་ཆེས་པས་དོན་གཡེང་། གཉིས་ཀ་མཉམ་དུ་བཞག་ན་མེ་ཆུ་འདྲ་སྟེ་དགྲ་གཤེད་དུ་འགྱུར། དེས་ན་ལྷ་དགོས་ཉམ་ཐག་ཚར་ཆོད། བདེན་རྫུན་ཁྲིམས་རར་ཕྱེས། དྲང་བདེན་རྡེའུས་ཕྱེས། ཆོས་ཆོས་མིན་ལ་ཤན་ཕྱེས་ན་འབྱེད་པས་ན། ད་གཞན་ཅི་ཡང་བྱར་མེད་པས། སང་ནས་རྒྱལ་པོ་གུང་གྲལ་དུ་བཞུགས། བློན་འབངས་རྣམས་མདུན་གྲལ་གྱིས། ཆོས་པ་རྣམས་གཡས་གྲལ་གྱིས། བོན་པོ་རྣམས་གཡོན་གྲལ་གྱིས་ལ་རྩོད་པའི་མགོ་ཕུབ། གྲུབ་མཐའི་ཤན་ཕྱེས། བདེན་པ་ལ་སྐྱེམས་གསོལ། མ་བདེན་པ་ལ་རིས་ཆོད། བདེན་རྟགས་ཀྱི་རྫུ་འཕྲུལ་སྟོན། ནུས་པ་ཡི་རྩལ་རེ་དྲོངས། དེ་ནས་ཆོས་བདེན་ན་ཆོས་བསྐྱང་ལ་བོན་རྣམས་རྩ་བ་ནས་བསྣུབ། བོན་བདེན་ན་ཆོས་བསྣུབས་ལ་བོན་བཙུག་པའི་ཁྲིམས་ཤོམས་ཤིག །དེ་ལ་རྒྱལ་པོ་བོན་འབངས་བཙུན་མོ་གང་གིས་འཐེན་ན་ཁྲིམས་ལ་སྦྱོར་བས་ཐམས་ཅད་ཀྱིས་རང་དམ་ཆོས་ཤིག །ཅེས་ཟེར་བས། རྒྱལ་བློན་བཙུན་མོ་འབངས་དང་བཅས་པས་དེ་རང་འཐད་པར་གོ་ཞིང་དེ་བཞིན་བྱེད་པའི་དམ་བཅས། བོན་བློན་རྣམས་ཀྱིས་ཀྱང་དེ་ལྟར་བྱས་ན་ཅི་དང་གང་བྱས་ཀྱང་ནུས་པ་དང་རྫུ་འཕྲུལ་ལ་བོན་གྱི་དོ་ཡ་ཆོས་ཀྱིས་(129ན)མི་ཡོང་སྙམ་ནས་དེ་རང་འཐད་པར་གྲོས་བཏབ་བོ། །དེ་ནས་ཆོས་རྒྱལ་གྱིས་པཎྜི་ཏ་རྣམས་ལ་ལན་གསོལ་བ། །ཨེ་མ་མཁྱེན་དང་གྲུབ་པའི་བདག་ཉིད་ལྷ་རྣམས་དགོངས། །བན་བོན་གཉིས་ནི་གཤེད་མ་འཕྲད་དང་མཚུངས། །གཅིག་གིས་གཅིག་ལ་དག་ནི་མི་སྟེར་ན། །རྒྱལ་བློན་བཙུན་མོ་ཀུན་ཀྱང་ཡིད་མ་ཆེས། །ཆོས་བོན་གཉིས་ཀ་ཐེ་ཚོམ་དབང་གྱུར་པས། །དེས་ན་སང་ནས་ཆོས་བོན་རྩོད་པར་འཆམ། །བདེན་རྟགས་གྲུབ་རྟགས་རྫུ་འཕྲུལ་ནུས་པ་འགྲན། །རྒྱལ་བློན་ཡིད་ཆེའི་བདེན་པ་གང་ཐོབ་ལ། །དད་པ་བྱེད་ཅིང་དེ་ཡི་རྗེས་སུ་འཇུག །མི་བདེན་པ་ནི་ངེས་པར་སུན་ཕྱུངས་ནས། །མཐའ་འཁོབ་ཀླ་ཀློའི་ཡུལ་དུ་སྤྱུགས་པ་ཡི། །རྒྱལ་བློན་ཁྲིམས་བཅས་མཁྱེན་པས་དགོངས་མཛོད་ཅིག །ཅེས་གསུངས་པས་པཎྜི་ཏ་ཐམས་ཅད་དགྱེས་ཏེ་འདི་སྐད་དོ། །ལེགས་སོ་མི་དབང་ལྷ་ཡི་རྗེ་དམ་པ། །བྱེད་ལུགས་ཡིན་ནོ་ཆོས་རྒྱལ་ཀུན་གྱི་སྲོལ། །ཆོས་མ་ཡིན་རྣམས་ཆོས་ཀྱིས་བཅོམ་པ་དང་། །བདུད་དང་ལོག་པ་བདེན་པས་ངེས་པར་བཅོམ། །མཁས་དང་གྲུབ་པ་ཐམས་(129བ)ཅད་འདིར་མཆིས་པས། །རྡོ་རྗེ་གདན་ནའང་འདི་བས་ལྷག་སུ་ཞིག །སྔོན་ཚེ་མུ་སྟེགས་བདེན་པས་མང་བཅོམ་ན། །བོན་ཞེས་སྐྱེ་བོ་བཅོམ་ལ་ཅི་སྟེ་འཚེར། །གང་གིས་ཕམ་ན་ཕམ་ཐོག་ཆད་པས་ཕོག །ཡུལ་འདིར་མི་བཞག་གཞན་སྤྱུགས་ཁྲིམས་མཛད་ལེགས། །ཞེས་ཞུ་ལན་ཕུལ་བས་ཆོས་རྒྱལ་ཤིན་ཏུ་དགྱེས་སོ། །དེ་ནས་བོན་རྣམས་ལ་ཡང་དེ་དག་གི་ལོ་རྒྱུས་ཞིབ་པར་བཀྲོལ་ནས་འདིའི་གྲབ་ཤོམས་ཤིག་གསུངས་པས། མཁས་པ་མི་དགུས་ང་ཚོས་རྩོད་ན་ཐུབ་ཟེར་ནས་ཁས་བླངས། མཐུ་ཆེན་མི་དགུས་ང་ཚོས་ནུས་པས་ཐུབ་ཟེར་ནས་ཁས་བླངས། དེ་ནས་ས་རྟ་ལོ་གསར་གྱི་ཚེས་བཅོ་ལྔ་ལ་བསམ་ཡས་ཡོ་འབོག་ཐང་དཀྱིལ་དུ་རྒྱལ་པོས་ཁྲི་ཆེན་པོ་བཤམས་ནས། ཆོས་ཀྱི་དཔེ་རྣམས་གཡས་སུ་བརྩིགས་ཏེ་ལོ་པཎ་རྣམས་དེ་ཕྱོགས་སུ་བཞུགས་སུ་གསོལ། བོན་གྱི་དཔེ་རྣམས་གཡོན་དུ་བརྩིགས་ནས་བོན་པོ་རྣམས་དེ་ཕྱོགས་སུ་གྲལ་བསྒྲིག །བློན་འབངས་བྱིངས་རྣམས་མདུན་དུ་གྲལ་བྱས། གཞན་ཡང་བོད་རུ་བཞིའི་ཁྲོམ་དམར་ནག་ཏུ་འཁྱིལ་བར་བསགས་ཏེ། ཆོས་རྒྱལ་ཆེན་པོས་འདི་སྐད་དུ། ཧོ་བོད་ཡུལ་ངའི་(130ན)མངའ་འོག་ཏུ་འདུས་པ་དག །ལྷ་སྡེ། མི་སྡེ། ཆོས་སྡེ། བོན་སྡེ། བློན་བཙུན་འབངས་དང་བཅས་པ་རྣམས་ནས་དགོངས་འཚལ། སྔོན་ཆད་ཀྱི་རྒྱལ་པོ་རྣམས་ཀྱིས་ཆོས་བོན་འདྲེས་མར་བཙུག །བར་དུ་བོན་དར། ངས་ཀྱང་ཡབ་མེས་སྲོང་བཙན་གྱི་སྲོལ་ལྟར་ཆོས་བོན་ཟུང་དུ་བཙུག་པར་གྲབ་ཀྱང་། ཆོས་བོན་གཉིས་ནི་གཤེད་མ་ལྟར་འདུག་པས། སྤང་བླང་བཞག་ལེན་དུ་བྱུང་བས་རྒྱལ་བློན་རྣམས་ཐེ་ཚོམ་པས། ད་ནི་གྲུབ་མཐའ་ཤན་ཕྱེ་བ་ཡིན་པས་ཡིད་ཆེས་གང་ཐོབ་པ་དེའི་ལུགས་བྱེད་པ་མ་གཏོགས་གང་འཐེན་ན་དེ་ཉིད་ཁྲིམས་ཀྱིས་འཇིག་པ་ཡིན་ནོ། །ཆོས་བོན་གང་མ་བདེན་ན་ས་མཐར་སྤྱུགས་ནས་བོད་ཡུལ་དུ་མིང་ཙམ་ཡང་མི་གྲསས་པར་བསྣུབ་པའི་བཅའ་ཁྲིམས་ཡོད་པས་ཕམ་པོས་ཕམ་ཁ་ལོངས། རྒྱལ་ན་རྒྱལ་ཁ་རུ་བསྟོད་པ་བྱས་ནས་ཐམས་ཅད་དེའི་རྗེས་སུ་འཇུག་གོ །ཞེས་ལན་གསུམ་བསྒྲག །ཁྲིམས་ཡིག་རིང་མོ་ཡང་བློན་པོ་རྣམས་ཀྱིས་བསྒྲགས་ནས་ཐམས་ཅད་གནས་པ་ན། དེར་ཨོ་རྒྱན་ཆེན་པོ་ཉིད་ཤིང་ཏཱ་ལ་གང་གི་བར་སྣང་དུ་བཞུགས་ནས་བཀའ་བསྩལ་པ། ཀྱེ་བན་བོན་ཆོས་ཀྱི་(130བ)གྲུབ་མཐའ་ཕྱེ་བ་ལེགས་པས། ཐོག་མར་རྩོད་པ་ཀུན་གྱི་སྣ་འདྲེན་ཡིན་པས་ཤག་ཐོབ། བར་དུ་བརྒྱུད་པ་ཀུན་གྱི་སྤྲོ་བསྐྱེད་ཡིན་པས་བཤད་སྲོལ་གྱི་ཁོག་ཕུབ། མཐའ་མ་གྲུབ་མཐའི་ལ་ཤན་ཡིན་པས་རྩོད་པ་རྩོད་གཞི་འབྲས་རྩོད་པའི་བདེན་རྫུན་ཕྱེས། རྗེས་སུ་རྒྱལ་བློན་ཡིད་ཆེས་པའི་ཕྱིར་ནུས་པའི་རྩལ་འགྲན་པ་ཡིན་པས་གྲུབ་པའི་རྟགས་ཕྱུང་། ཞེས་གསུངས་ནས་སྐུའི་ངོ་བོ་ཤཱཀྱའི་དབང་པོ་ལྟར་བཞུགས། རྒྱལ་བློན་བོན་དང་བཅས་པ་གཟི་བརྗིད་ཀྱིས་ནོན། གསུང་གི་སྤྲུལ་པ་ཞིག་པཎྜི་ཏའི་ཚོགས་དཔོན་དུ་པདྨ་སཾ་བྷ་ཝར་བཞུགས་པས་ལོ་པཎ་རྣམས་ཀྱི་སྤོབས་པ་བསྐྱེད། ཐུགས་ཀྱི་སྤྲུལ་པ་རྡོ་རྗེ་གྲོ་ལོད་དུ་སྤྲུལ་ཏེ་ལོག་པར་ལྟ་བ་རྣམས་བཅོམ་ཞིང་རྫུ་འཕྲུལ་ཡ་མ་ཟུང་བསྟན་པས་བོན་རྣམས་ཀྱང་མི་ཕྱེད་པའི་དད་པས་ཨོ་རྒྱན་ལ་བསྔགས་པ་བརྗོད་པར་གྱུར་ཏོ། །དེ་ནས་ཨ་ཙ་ར་དཔལ་དབྱངས་དང་བོན་རྣམས་ཤག་ཀ་བཀྱེས་ནས་རྩོད་པས། ཤག་རྣམས་བོན་གྱིས་ཐོབ་པས། བོན་འཁོར་དང་བཅས་པས་དར་ཕྱར་ལྷ་གསོལ། རྒྱལ་པོས་སྐྱེམས་བཏང་བས་བོན་བློན་རྣམས་དགའ་སྟེ། བོན་ཤག་མཁན་རྣམས་ལ་བྱ་དགའ་(131ན)ཆེན་པོ་སྟེར། ཆོས་རྒྱལ་ཐུགས་མ་བདེ་བས། སློབ་དཔོན་གྱི་ཞལ་ནས། ཟ་སྔ་བ་སྡུག་མགྱོགས་པའི་སྔ་ལྟས་ཡིན། ཤག་ཀ་རྒྱལ་ཡང་ཆོས་ལ་མི་འགྲོ། ད་ནི་བོན་མཁས་པ་མི་དགུ་དང་པཎ་ཆེན་རྣམས་ཆོས་བགྲོ་གླེང་མཛོད་གསུངས་པས། མཁས་པ་ཆེན་པོ་བི་མ་མི་ཏྲ་གོང་གྲལ་ནས་བཞེངས་ཏེ། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་། །དེ་རྒྱུ་དེ་བཞིན་གཤེགས་པས་གསུངས། །རྒྱུ་ལ་འགོག་པ་གང་ཡིན་པ། །དགེ་སྦྱོང་ཆེན་པོས་འདི་སྐད་གསུངས། །སྡིག་པ་ཅི་ཡང་མི་བྱ་ཞིང་། །དགེ་བ་ཕུན་སུམ་ཚོགས་པར་སྤྱད། །རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཞེས་གསུངས་ནས་འོད་ཀྱི་ལེ་མཁའ་ལ་སྐྱིལ་ཀྲུང་དུ་བཞུགས་ཤིང་སེ་གོལ་ལན་གསུམ་གཏོགས་པས་མཐུ་ཆེན་མི་དགུ་བརྒྱལ་བར་གྱུར་ཏོ། །མཁས་པ་མི་དགུའི་སྨྲ་བའི་ལྕེ་ཆད་ནས་ལན་མེད་དུ་ཐོམ་མེ་བསྡད་དོ། །དེ་བཞིན་དུ་རྒྱ་གར་གྱི་མཁས་པ་ཉི་ཤུ་རྩ་ལྔ། བོད་ཀྱི་ལོ་ཙཱ་བ་བརྒྱ་རྩ་བརྒྱད་ཀྱི་མི་རེས་གཞུང་གི་བཤད་པས་འགོ་ཕུབ། རྩོད་པའི་གཞི་བསླངས། བདེན་པའི་གྲུབ་རྟགས་ཡ་མ་(131བ)ཟུང་བསྟན་པས། བོན་རྣམས་སྨྲ་བའི་ལྕེ་ཆད། བདེན་པའི་རྫུ་འཕྲུལ་མེད་པར་ནག་ཐོམ་མེར་ལུས་པས། དེར་བོན་བློན་རྣམས་ཀྱིས་ན་རེ། ད་རྩོད་པ་ལས་རྒྱལ་ཡང་རྫུ་འཕྲུལ་རེ་སྟོན་ཅིག །བནྡྷེ་རྣམས་བོད་ལྷ་མི་ཀུན་ངོ་མཚར་བའི་རྫུ་འཕྲུལ། གཏམ་སྙན་པའི་བགྲོ་གླེང་། ཡིད་སྤྲོ་བའི་རྣམ་འགྱུར། བག་དྲོ་བའི་བྱིན་འབེབས་འདི་འདྲ་བ་དངོས་སུ་འདུག་པ་ལ་ངེད་བློན་པོ་རྣམས་རེ་བསླུས། གྲུབ་རྟགས་དང་ནུས་པ་མཐུ་ངན་སྔགས་གང་བྱེད་རྒྱུ་ཡོད་ནའང་མྱུར་དུ་གྱིས་ཤིག །ཅེས་སེམས་ནི་སྡུག །ཁོང་ཁྲོ་ནི་སྐྱེས། ཚིག་པ་ཟ་བའི་ཚིག་དྲག་པོས་བསྐུལ་བས། བོན་རྣམས་ན་རེ། རྒྱ་གར་ཀླ་ཀློའི་མི་རིགས་ཀྱི་གྲིབ་བོན་ལྷ་གཡུང་དྲུང་རྣམས་ལ་ཕོག་འདུག་པས། ད་པཎྜི་ཏ་རྣམས་དང་མི་རྩོད། རྗེས་སོར་མཐུ་བྱེད་ནས་གསོད་པ་ཡིན། བོད་ཀྱི་མི་ཡིན་པས་ལོ་ཙཱ་བ་རྣམས་དང་རྩོད་པ་ཡིན་ཟེར། དེར་ཆོས་རྒྱལ་གྱིས་པཎ་ཆེན་རྣམས་ལ་གསེར་ཕྱེ་བྲེ་རེ། གསེར་གྱི་པ་ཏྲ་རེ། ཟ་འོག་གི་ན་བཟའ་རེ་ཕུལ་ནས་བསྟོད། ཆོས་ཀྱི་དར་ཕྱར། དུང་བུས། ཡ་མཚན་པའི་མེ་ཏོག་གི་ཆར་(132ན)དངོས་སུ་བབས་པས་བོད་འབངས་ཐམས་ཅད་ངོ་མཚར་ཞིང་ཆོས་ལ་དད་པའི་མཆི་མ་ཆར་དུ་བབས། བོན་པོའི་གྲལ་ཕྱོགས་སུ་སེར་བ་དང་རྡོ་ཆར་བབས་པས་བདེན་རྟགས་ལྷ་ཡིས་ཕྱེས་པ་ཡིན་འདུག་ཟེར་ནས་བོན་བློན་རྣམས་ཀྱིས་ཆོས་ལ་ཕྱག་བྱས། པཎྜི་ཏ་རྣམས་ཀྱི་ཞབས་སྤྱི་བོར་བླངས། ལོ་ཙཱ་བ་རྣམས་ལ་བཤགས་པ་ཕུལ། དེ་ནས་བོད་ཕལ་ཆེར་གྱིས་ད་ཆོས་རྣམས་རྒྱལ་ཁ་ཐོབ་ཟིན་ཐལ། ངོ་མཚར་ཡང་ཆོས་ཆེ། ངེད་རང་ཐམས་ཅད་ཆོས་བྱེད་དོ་ཟེར་ནས་གྱེས། དེར་ཆོས་རྒྱལ་གྱིས། ད་དུང་ལོ་ཙཱ་བ་རྣམས་དང་བོན་རྣམས་རྩོད་པ་ལ་ཤོམས་ཤིག་གསུངས་པས། ལོ་ཙཱ་བ་ཆེན་པོ་བཻ་རོ་ཙ་ན་དང་ཐང་ནག་གཉིས་རྩོད། ནམ་མཁའི་སྙིང་པོ་དང་སྟོང་རྒྱུས་གཉིས་རྩོད། དེ་བཞིན་དུ་ལོ་ཙཱ་བ་རེ་དང་བོན་རེ་རྩོད་པས། བོན་གང་གིས་ཀྱང་ལོ་ཙཱ་བའི་ཞལ་ཡ་མ་བྱུང་སྟེ། ཆོས་རྒྱལ་གྱིས་བདེན་པ་ལ་རྡེའུ་དཀར་པོ་བཞག །མ་བདེན་པ་ལ་རྡེའུ་ནག་པོ་བཞག་པས། བེེ་རོ་བདེན་པའི་རྡེལ་དཀར་དགུ་བརྒྱ། ཐང་ནག་རྫུན་པའི་རྡེལ་(132བ)ནག་ལྔ་སྟོང་ཕོག་པས་ལོ་ཙཱ་བ་རྣམས་ཀྱིས་བསྭོ་བཏང་ནས་དར་ཕྱར། ནམ་མཁའི་སྙིང་པོ་བདེན་པའི་རྡེལ་དཀར་སུམ་སྟོང་། སྟོང་རྒྱུས་རྫུན་པའི་རྡེལ་ནག་སུམ་ཁྲི་ཕོག་པས། ལོ་ཙཱ་བ་རྣམས་དར་ཕྱར། མཚོ་རྒྱལ་དང་གཡུང་དྲུང་བོན་མོ་མཚོ་གཉིས་རྩོད་པས། མཚོ་རྒྱལ་ནས་རྫུ་འཕྲུལ་ཡང་འོག་ནས་འབྱུང་བ་ལྟར་མཛད་པས་བོན་མོ་མཚོ་ཡང་སྨྲ་བ་འགག་པ་གྱུར་ཏོ། །དེ་བཞིན་དུ་ལོ་ཙཱ་བ་བརྒྱ་དང་ཉི་ཤུ་རྒྱལ་ཏེ། བོན་མཁས་པ་མི་དགུའི་གཙོས་པ་ཐམས་ཅད་ཕམ་ནས་སྨྲ་བའི་སྒོ་འགག །ལྕེ་རྩ་བ་ནས་འཁུམ། ཁ་རི་ཤོ་བས་གྱོང་། ངོ་རྡུལ། སྒྱིད་འདར། སྐད་ཡེ་མ་ཐོན་པར་གྱུར། དེ་ནས་གྲུབ་རྟགས་འགྲན་པའི་དུས་ལ་བབས་པས། མཆིམས་ཕུའི་གྲུབ་ཆེན་ཉེར་ལྔས་རང་རང་གི་གྲུབ་རྟགས་གོང་དུ་སྨོས་པ་ལྟར་དང་། གཞན་ཡང་ཡེར་པའི་གྲུབ་ཐོབ་བརྒྱ་རྩ། ཤེལ་བྲག་གི་སྔགས་པ་སུམ་ཅུ། ཡང་རྫོང་གི་རྟོགས་ལྡན་ང་ལྔ་སོགས་མི་རེས་གྲུབ་རྟགས་མི་འདྲ་བ་སྣ་ཚོགས་བསྟན་ཏེ། མེ་ཆུར་བསྒྱུར་བ་དང་། ཆུ་ཡང་མེར་བསྒྱུར་བ་(133ན)དང་། ནམ་མཁའ་ལ་འགྲོ་བ་དང་། རི་བྲག་ལ་ཟང་ཐལ་དང་། ཆུ་ལ་མི་བྱིང་བ་དང་། མང་པོ་ལ་ཉུང་ངུ་དང་། ཉུང་ངུ་ལ་མང་པོ་སོགས་བྱས་པས་བོད་ཐམས་ཅད་ཆོས་ལ་རང་དབང་མེད་པར་དད་ནས་བོན་རང་ཤུགས་ཀྱིས་ནུབ་བོ། །དེ་ལྟར་བོན་རྣམས་ཕམ་པས་ད་དུང་མ་བཟོད་དེ་བོན་རྣམས་ཀྱིས་སྲེ་མོང་སྦོས་མཐུ། ཁྱི་ཁ་ཟན་བོར། མར་མེ་ཁྲག་བསྣུབས། ཀོ་མཐུ་ནག་པོ། བཙན་འགྱེད་དང་བདུད་འགྱེད་སོགས་ངན་སྔགས་དགུ་བཏབ་པས་བན་ཕྲུག་དགུ་དུས་གཅིག་ལ་སྦུབས་ཤི་རུ་སོང་བས། དེ་ཐམས་ཅད་ལ་མཚོ་རྒྱལ་གྱིས་ཞལ་ཆབ་རེ་ཁར་བཏབ་པས་དེ་མ་ཐག་སོས་ཏེ་སྔར་བས་ཤེས་རབ་ཀྱི་རྩལ་རྣོ་བ་དགུ་བྱུང་། ཡང་མཚོ་རྒྱལ་གྱིས་སྡིགས་མཛུབ་མཐུ་ཆེན་མི་དགུ་ལ་གཏད་ནས་ཕཊ་དགུ་གསུངས་པས་རེངས་ནས་བརྒྱལ། ཧཱུྃ་དགུ་གསུངས་པས་སླར་སོས། དེ་སོགས་གྲུབ་རྟགས་མི་འདྲ་བ་མང་པོ་མཛད་པས། བོན་རྣམས་བུད་མེད་ཀྱི་ཞལ་ཡ་ཡང་མ་བྱུང་ཟེར་ནས་བོད་ཆེན་པོས་སྨད་ར་སྒྲོག་པར་གྱུར། དེ་ལྟར་བོན་རྣམས་ཕམ་ནས་(133བ)སྤྱུགས་པར་བྱེད་པ་ན་ཏ་ར་ཀླུ་གོང་སོགས་བོན་བློན་ཁས་བཙན་པས་འཕྲལ་མར་སྤྱུག་ཏུ་མ་བཏུབ་པ་ནས། སླར་ཁོང་ཚོ་འོམ་བུར་སོང་ནས་དཔལ་མོའི་ལས་ཕྲན་སྐོར་དགུ། ལས་ཆེན་སྐོར་དགུ། མེ་གཏད། ཆུ་གཏད། ས་གཏད། རླུང་འཁོར་སོགས་མཐུའི་རྩལ་ཕྱུངས་ཏེ་བོད་ཐམས་ཅད་ཕུང་བའི་ཤོམ་ཆེན་པོ་བྱས་པས། དེར་རྒྱལ་པོས་ལོ་ཙཱ་བ་དང་པཎྜི་ཏ་རྣམས་ལ་ལོ་རྒྱུས་གསུངས་ནས་བཟློག་པའི་ཐབས་ཞུས་པས། དེར་སློབ་དཔོན་གྱིས་མཚོ་རྒྱལ་སོང་ལ་རྒྱལ་པོའི་སྐུ་སྲུང་མཛོད་གསུངས་པས། མཚོ་རྒྱལ་གྱིས་བསམ་ཡས་དབུ་རྩེར་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ནས་བསྒྲུབས་པས་ཞག་བདུན་ན་ལྷ་ཚོགས་རྣམས་ཞལ་གཟིགས་ཏེ་ནུས་པའི་རྟགས་ཐོན། བྱད་མ་བོན་རྣམས་རང་གཤེད་རང་འཁོར་དུ་སོང་སྟེ་ཏ་ར་ཀླུ་གོང་སོགས་བོན་བློན་ཆོས་ལ་གནག་པ་བདུན་དུས་གཅིག་ཏུ་གུམ། མཐུ་ཆེན་མི་དགུའི་ནང་ནས་བརྒྱད་ཤི། གཅིག་ལུས། དེ་སོགས་བོན་གྲྭ་སྟོང་པར་གྱུར་ལ་ཁད་དུ་སོང་བ་ན། ཆོས་རྒྱལ་ཆེན་པོས་འཕྲལ་དུ་བོན་ཐམས་ཅད་བསམ་ཡས་སུ་བསྡུས། ཅུང་ཟད་ཁྲིམས་(134ན)ཀྱིས་མནར་བས། སློབ་དཔོན་ཆེན་པོའི་ཞལ་ནས། བོན་ནང་པ་འདི་རྣམས་ཆོས་དང་མཐུན་པས་རང་མལ་དུ་བཞག་མཛོད། ལོག་བོན་འདི་རྣམས་མུ་སྟེགས་པ་དང་ཁྱད་མེད། བསད་ན་མི་ཉན་པས་ཡུལ་མཐར་སྤྱུགས་ཤིག་གསུངས་པས། ཆོས་རྒྱལ་གྱིས་གུ་རུའི་གསུང་ལྟར་བོན་དཔེ་རྣམས་ཕྱི་ནང་ཕྱེས། ཕྱི་བོན་ཐམས་ཅད་ཀྱི་དཔེ་རྣམས་མེ་ལ་བསྲེག །ནང་བོན་གྱི་དཔེ་རྣམས་གཏེར་དུ་སྦས། དེ་ནས་བོན་ནང་པ་རྣམས་ཞང་ཞུང་སོགས་བོད་ཀྱི་ཡུལ་མཐར་སྤྱུག ཕྱི་བོན་རྣམས་ནི་སོག་པོ་སྤྲེ་ལྷག་ཅན་གྱི་ཡུལ་དུ་སྤྱུག་ནས། དེང་ཕྱིན་ཆད་རྒྱལ་བློན་འབངས་གསུམ་བོད་དང་བོད་མ་ཡིན་པ་ཆོས་རྒྱལ་གྱི་མངའ་འོག་ཏུ་གཏོགས་པ་ཐམས་ཅད་བོན་མི་བྱེད་པའི་ཁྲིམས་བཅས། ཆོས་བྱེད་པའི་ཁྲིམས་ལ་བརྟེན་ནས་བོད་ཁམས་དམ་པའི་ཆོས་ཀྱི་སྣང་བས་ཁྱབ་པར་གྱུར་ཏོ། །དེ་ནས་ཡང་རིང་པོར་མ་ལོན་པ་ཞིག་ན་མདོ་ཁམས་སྨད་ཀྱི་སྡེ་དཔོན་འུ་ར་བཀྲ་ཤིས་བྱ་བ་དམག་ཁྲི་ཚོ་ལྔ་ཡོད་པ་དེ་རྒྱ་ནག་ཐོ་ལ་ངོ་ལོག །མངའ་རིས་སྟོད་ན་ཞང་ཞུང་ཧ་ལ་འབར་(134བ)བྱ་བ་དེ་བོན་པོ་ལྔ་བརྒྱ་ཙམ་གྱི་དཔོན་ཡིན་པ་མུ་སྟེགས་གུ་ལང་ལ་ངོ་ལོག །རྗེའི་སྐུ་དགྲ་བྱེད་ཟེར། གཞན་ཡང་ལོག་པ་བྱས་པ་འགའ་བྱུང་བས། མངའ་བདག་བཙན་པོ་ཐུགས་མ་བདེ་སྟེ། སློབ་དཔོན་པདྨ་སྒྲགས་ཡང་རྫོང་ན་བཞུགས་པས་དེར་བྱོན་ནས། ཀྱཻ་སློབ་དཔོན་ཆེན་པོ་ལགས། བདག་རྒྱལ་པོས་མངའ་ཐང་ཆོས་བཞིན་བསྐྱངས་པས་མི་འཁྱོངས་པར། འབངས་བློ་ལོག་པས་རྒྱལ་ཁྲིམས་དང་སྲིད་འཇིག་པར་བྱེད་པ་ལ་ཇི་ལྟར་བགྱི་ཞེས་ཞུས་པས། མངའ་བདག་བཙན་པོ་གསོན་ཅིག །འབངས་ངོ་ལོག་བྱེད་པ་རྒྱལ་པོའི་དགྲ། སློབ་མ་དམ་ཉམས་བྱེད་པ་སློབ་དཔོན་གྱི་དགྲ། མ་རབས་འདབ་གཤོག་རྒྱས་པ་ཡ་རབས་ཀྱི་དགྲ་ཡིན་པས། དེ་ལ་གཤེད་ཀྱི་ཐོད་པ་འཚལ་ལོ་གསུངས། ཁམ་པ་ངོ་ལོག་གི་ལིངྒ་གྲི་ཁྲག་གིས་བྲིས་ནས་སྤྱང་ཀིའི་ཐོད་པར་བཅུག །བོན་པོའི་ལིང་ག་རམ་གྱིས་བྲིས་ཏེ་ཁྱི་ཐོད་དུ་བཅུག་ནས་མཁར་གྱི་རྨངས་སུ་སྦས། སྟེང་ནས་རྒྱལ་པོའི་ཕྱག་ལྷམ་གྱིས་མནན་པས་ཟླ་བ་གསུམ་སོང་བ་ན་དེ་གཉིས་ཀས་རྒྱལ་པོས་ཅི་གསུངས་ཉན་པའི་ཁས་ལེན་དང་དམ་བཅའ་བྱུང་། རྒྱལ་སྲིད་མཐའ་ནས་ཟགས་པ་རང་གི་དབང་དུ་འདུས་སོ། །ཡང་གཉལ་གྱི་(135ན)ཡུལ་དུ་གྲགས་པ་སོ་ཡོན་དང་། མགོན་པོ་ངོ་རལ་བྱ་བ་སྤུན་གཉིས་པའི་ནོར་གཞིས་ལ་མ་འཆམ་སྟེ། སུ་ཡིས་བསྡུམས་ཀྱང་མ་འདུམས། རྒྱལ་པོས་ཆད་པ་འབེབས་པའང་དཀའ་བར་བྱུང་བས། དེ་ལ་ཇི་ལྟར་བགྱི་ཞུས་པས། ཕ་དང་བུ་འཐབ་མ་དང་བུ་མོ་འཐབ། །དེ་ནི་ཕུང་སྲི་ཁྱིམ་དུ་ཞུགས་པ་ཡིན། །དེ་ལ་ཝ་དར་མའི་ཐོད་པ་འཚལ་ལོ་གསུངས་ཏེ། གྲོ་ག་ལ་སྤུན་ནང་འཐབ་པའི་གཟུགས་བྲིས་པ། བུང་བ་ཁྱོ་ཤུག་གཉིས་ཀྱི་རྭ་དང་ལྷན་དུ་བསྟུམས་ཏེ། རི་རྒྱུད་བཟང་པོའི་ས་འཇམ་པོ་ལ་སྦས་ནས་གྲོགས་མཛའ་མཐུན་གྱི་གོས་བླངས་ཏེ་མནན་པས། གཉལ་པ་སྤུན་གཉིས་འཐབ་འཁྲུགས་དམེ་ཤི་ལ་ཐུག་པ་དེ་སོས། སྔར་འཐབ་པ་ལ་འགྱོད་དེ་ཤིན་ཏུ་མཛའ་ཞིང་མཐུན་པར་གྱུར་ཏོ། །ཡང་སྔོན་བོད་ཀྱི་རྒྱལ་པོའི་སོ་མཚམས། ཤར་རྨ་རི་སྨུག་པོའི་རྒྱུན་ཚུན་ཆད། ལྷོ་གངས་རི་བརྩེགས་པའི་རྒྱུད་ཚུན་ཆད། ནུབ་སྟག་ཤ་དུང་གི་སྒོ་མོ་མན་ཆད། བྱང་ཆགས་པོ་གངས་ཀྱི་རབ་ཚུན་ཆད་ཡིན་པ་ལ། དཔལ་བསམ་ཡས་མངའ་གསོལ་གྲུབ་པ་དང་ཐམས་ཅད་དད་ཅིང་འདུན་པར་གྱུརཏེ། རྒྱ་དཀར་ནག །བལ་པོ་ཁ་ཆེ། སྟག་གཟིག་ལ་སོགས་པ་མང་པོ་དབང་དུ་འདུས། ཡབ་མེས་ཀྱི་མངའ་ཐང་(135བ)ལས་བདུན་འགྱུར་དུ་འཕེལ་བ་དང་། བྱང་གེ་སར་དམག་གི་རྒྱལ་པོ་ལི་ཧར་བྱ་བས། འཛམ་བུ་གླིང་ཐམས་ཅད་བོད་ཀྱི་རྒྱལ་པོས་མངའ་འོག་ཏུ་བསྡུས་ནས་གེ་སར་གྱི་ཡུལ་འཇོམས་སུ་འོང་བར་འདུག་ཅེས་ཐོས་ནས། ཡུལ་ཁམས་ཀྱི་དམག་བསྡུས། ཕྱོགས་བཞིར་རྐང་མགྱོགས་བཀྱེ་བས་རིགས་བཞིའི་རྒྱལ་པོ་དབང་དུ་མ་འདུས་པ་ཤེས་ནས་སོ་སོ་ལ་ལོ་དག་བསྐུར་ཏེ། ཤར་རྒྱ་ནག་རྩིས་ཀྱི་རྒྱལ་པོ། ལྷོ་རྒྱ་གར་ཆོས་ཀྱི་རྒྱལ་པོ། ནུབ་སྟག་གཟིག་ནོར་གྱི་རྒྱལ་པོ། བྱང་གེ་སར་དམག་གི་རྒྱལ་པོ་དང་བཞི་འཛམ་བུ་གླིང་ན་དབང་ཆེ་བ་ལ། བོད་མཐའ་འཁོབ་ཁ་བ་ཅན་གྱི་ཡུལ་བྱ་བ་ཞིག་ཆགས། དེར་གློ་བརྡོལ་གྱི་མི་གཅིག་ལ་རྒྱལ་པོའི་ཐ་སྙད་དུ་བཏགས་ནས། ད་ལྟ་ཕྱོགས་བཞིའི་རྒྱལ་པོའི་མངའ་ཐང་འཕྲོག །འདི་མྱུར་དུ་མ་བཏུལ་ན། སྤྲེའུ་གར་ཡན་དུ་བཏང་བས་དཔའ་བོ་སྟག་གི་གོང་དུ་རྒྱུག་པར་འདུག་པས་ཕྱོགས་བཞི་ནས་དམག་འཚོགས། ཞེས་པའི་ངན་བགྲོས་བྱས་ནས། ཤར་ཙོང་ཁ་ནས་རྒྱ་ནག་གི་དམག་འབུམ་ཕྲག་བརྒྱད་འཇུག་པ། ལྷོ་གཉལ་གྱི་གཏིང་ནས་རྒྱ་གར་ཤར་ཕྱོགས་ཀྱི་དམག་གོ་རྡོལ་གསུམ་འཇུག་པ། ནུབ་དམར་རི་ཉལ་བའི་ཤར་ནས་སྟག་གཟིག་གི་དམག་གར་ཕྲོམ་གྱི་འབུམ་ཕྲག་(136ན)བརྒྱད་འཇུག་པ། བྱང་ཆགས་པོ་རི་གངས་ཀྱི་ར་བའི་འདབས་ནས་ཁྲོམ་གེ་སར་གྱི་དམག་དུང་ཕྱུར་གཅིག་འཇུག་པ་ལ་གྲོས་ཐག་བཅད། དེར་ལྕགས་བྱ། སྤྱི་ལོ་༨༤༡དཔྱིད་ཟླ་ཐ་མ་ནས་དམག་སྐད་ཀྱིས་འུར་ལངས་པ་ན། བསམ་ཡས་སུ་རྒྱལ་བློན་ཀུན་ཚོགས་ཏེ་བཀའ་བགྲོས་པས་བློ་ཚབས་ནས་གྲོས་སྣ་ཚོགས་སུ་གྱུར་ཏེ། ལ་ལས་འཐབ་ཟེར། ལ་ལས་ངོ་ཕར་ལྟ་ཟེར། ཕལ་ཆེར་ལྷོ་བྲག་ལ་འབྲོས་ན་ཟེར། ཆོས་ཀྱི་བློན་པོ་འགོས་རྒན་ན་རེ། འཐབ་པས་མི་ཐུབ། བརྒྱ་གསོད་དམ་སྟོང་གསོད། འབྲོས་པས་མི་ཐར། སྟོང་འབྲོས་སམ་ཁྲི་འབྲོས། བོད་ཀྱི་རྒྱལ་ཁམས་ཀུན་འབྲོས་དགོས་པ་ལ། བློ་ཆུང་མི་བཅུ་ལྟ་བུའི་གྲོས་ཀྱིས་མི་ཡོང་། བོད་རྗེ་འབངས་ཀྱི་འདུན་མ་དཀོན་མཆོག་གསུམ་ལ་དྲིས་ཟེར་རོ། །དེར་བསམ་ཡས་མཆིམས་ཕུ་ན་སློབ་དཔོན་པདྨ་བཞུགས་པའི་སྤྱན་སྔར་བྱོན་ཏེ། གོང་གི་ལོ་རྒྱུས་ཞུས་པས། མངའ་བདག་གསོན་ཅིག །མཐའ་བཞི་དམག་ཏུ་རྒྱུག་ན་དབུས་ལ་ངན། གཅན་གཟན་དཔུང་ཆེན་འཐབ་ན་སྡེར་ཆགས་ཐམས་ཅད་བརླག །མང་པོ་གྲོས་སུ་མཐུན་ན་རི་བོ་རྨང་ནས་བཤིག་བྱ་བ་ཡིན། འདི་ལ་གཟབ་འཚལ་ལོ། །སེམས་ཅན་སྣ་ཚོགས་(136བ)ཀྱི་ཐོད་པ་འཚོལ་ཅིག་གསུངས། ཕྱོགས་བཞིའི་དམག་དཔོན་དང་དམག་མིའི་བླ་བྱང་བྲིས་ཏེ། རྒྱ་མི་མང་བོང་བུ་གྲྭ་པའི་ཐོད་པར་བཅུག་སྟེ་རབས་ཆད་ཀྱི་ཐོད་པས་མནན། ལྷོ་སོག་པོ་གར་ལོག་གི་དམག་དུག་སྦྲུལ་གྱི་ཐོད་པར་བཅུག་ནས་འུག་པའི་ཐོད་པས་མནན། ནུབ་སྟག་གཟིག་ཀློང་བརྡོལ་གྱི་དམག་སའི་ཐོད་པར་བཅུག་ནས་གླག་གི་ཐོད་པས་མནན། བྱང་གེ་སར་དཔའ་བོའི་དམག་གྲི་རྒོད་ཀྱི་ཐོད་པར་བཅུག་ནས་དྲེད་ཀྱི་ཐོད་པས་མནན་ཏེ་ཕྱོགས་བཞིའི་ངོ་ལོན་ཆེན་པོ་བཞི་ལ་སྦས་སོ། །ཇི་ཞིག་ན་མཐའ་བཞིའི་དམག་འགྱང་སྟེ། བོད་ཀྱི་རྒྱལ་པོའི་རིགས་གང་ཡིན། སྤྱོད་པ་ཅི་བྱེད་དྲིས་པས། རིགས་རྒྱ་གར་ཆོས་ཀྱི་རྒྱལ་པོའི་རིགས་ནས་ཆད། སྤྱོད་པ་དགེ་བའི་ལས་སྤྱོད་ཟེར་བ་ཐོས་པས། འོ་ན་ཁོང་རིགས་བཟང་། བློ་དཀོན་མཆོག་གསུམ་ལ་གཏད་ཡོད། མངའ་ཐང་ཡང་དཔུང་དང་གདུག་རྩུབ་ཀྱིས་མ་བསྡུས། མོས་ཤིང་དད་པས་འདུས་སོང་བར་འདུག་པས་གཞན་གྱིས་མི་ཐུབ། ད་དམག་རང་སར་གྱེས་ཟེར་རོ། །དེ་ནས་ཤིང་བྱི། སྤྱི་ལོ་༨༤༤པར་འཛམ་གླིང་རྒྱལ་པོ་རིགས་བཞིས་འབུལ་བ་དང་ཕྱག་མཆོད་བྱུང་སྟེ། འཛམ་བུ་གླིང་གི་སུམ་གཉིས་དབང་དུ་འདུས་(137ན)སོ། །དུས་དེར་སློབ་དཔོན་པདྨས་མ་འོངས་པ་ན་བོད་ལ་དགོས་པར་དགོངས་ནས་བོད་ལ་ཕན་པའི་མན་ངག་བརྒྱ་རྩ་བརྒྱད་མཛད་དེ་གཏེར་དུ་སྦས་སོ། །ཡང་སྐབས་ཤིག་ན་རྒྱལ་པོའི་སྲས་མོ་ལྷ་ལྕམ་པ་པདྨ་གསལ་གློ་བུར་དུ་ཚེའི་དུས་བྱས་པས། ཡབ་ཀྱིས་སྤུར་ཁྱེར་ཏེ་སློབ་དཔོན་ཆེན་པོ་མཆིམས་ཕུ་ན་བཞུགས་པའི་དྲུང་དུ་བྱོན་ནས་གསོལ་བ་བཏབ་པས། སློབ་དཔོན་གྱིས་རོ་ལ་རྣམ་ཤེས་བཀུག་སྟེ་སྨྲ་ཤེས་པར་བྱུང་བ་ལ། དབང་བསྐུར་དང་གདམས་པའི་གཏད་རྒྱ་མང་དུ་གནང་ནས་རྗེས་སུ་བཟུང་། མ་འོངས་པ་ན་ལས་འབྲེལ་རྩལ་དང་། དྲི་མེད་འོད་ཟེར། པདྨ་གླིང་པ་ལ་སོགས་པ་ཆོས་བདག་འགྲོ་དོན་སྟོབས་ཆེན་ཡོང་བར་བྱིན་གྱིས་བརླབས་ཏེ་ལུང་བསྟན་གནང་ངོ་། །དེ་ནས་ཇི་ཞིག་ན་རྒྱལ་པོས་སློབ་དཔོན་ཆེན་པོ་ལ་ཚོགས་ཀྱི་འཁོར་ལོ་བསྐོར་ནས་ཞུས་པ། བདག་བསོད་ནམས་རབ་ཏུ་གྱུར་པས་བསམ་པ་ཐམས་ཅད་འགྲུབ། ཁྱད་པར་དམ་པའི་ཆོས་ཉི་མ་ཤར་བ་ལྟ་བུ་བསྒྱུར་ཅིང་བཤད་པས་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། ད་དུང་བདག་ཚེ་ཡང་རབ་ཏུ་གྱུར་པའི་ཆོས་ཤིག་ཞུ་དགོས་ཞུས་པས། སློབ་དཔོན་གྱི་ཞལ་ནས། རྒྱལ་པོ་ལགས། བསོད་ནམས་མཆོག་ཏུ་གྱུར་(137བ)པ་ལ་ཚེ་ཡང་མཆོག་ཏུ་གྱུར་པ་ཡོང་བ་དཀའ་སྟེ། འོན་ཀྱང་ངས་ནི་རིག་འཛིན་ཚེའི་དངོས་གྲུབ་ཐོབ་པ་ཡིན་པས། ད་རྒྱལ་པོ་ཁྱོད་ཀྱི་ཚེ་ལོ་བརྒྱ་རྩ་ཐུབ་པར་བྱ་བའི་ཕྱིར་ངས་ཚེ་སྒྲུབ་གཅིག་བྱའོ་གསུངས་ཏེ། གཡའ་མ་ལུང་དུ་བྱོན་ནས་ཚེའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བསྒྲུབས་པས། ཞག་ཉེར་གཅིག་ཐེམས་པའི་ཐོ་རངས་ན། དཀྱིལ་འཁོར་དབུས་ཀྱི་བུམ་པའི་བདུད་རྩི་ཁོལ་ཞིང་ལུད། རླངས་པ་གྱེན་དུ་སོང་བ་འཇའ་འོད་དུ་འཁྲིགས་པའི་དབུས་ན་ཚེ་དཔག་མེད་ཀྱི་ཞལ་དངོས་སུ་བསྟན་ནས། ཚེ་ཡི་སྣོད་གྱུར་སྐལ་ལྡན་མི་རེ་དཀོན། །སྐལ་ལྡན་ཡོད་ན་དངོས་གྲུབ་ད་ལྟ་ལོངས། ། ཞེས་གསུངས་ཤིང་ཟིལ་པ་ཕྲོམ་ཕྲོམ་དུ་འདུག་པ་ན། དེ་མ་ཐག་སློབ་དཔོན་གྱིས་རྒྱལ་པོ་ཚེ་དབང་ཞུ་བར་བྱོན་ཅིག་ཅེས་ཕོ་ཉ་བཏང་བས། རྒྱལ་པོ་བཞེངས་ཏེ་ན་བཟའ་གསོལ། ཆིབས་པ་བཅིབས་ནས་ཕེབས་པའི་བཤུལ་ལམ་ན། ཏ་ར་ཀླུ་གོང་སོགས་བདུད་བློན་འགའ་ཞིག་གིས་རྗེས་བསྙེགས་ནས་ཟིན་པ་དང་། ཆིབས་ཀྱི་ཁ་རུ་ནས་འཇུས་ཏེ། རྗེའི་བསོད་ནམས་འདི་ཙམ་ཡིན་ཞིང་སྐུ་ཚེ་ཡང་མཐར་འཁྱོལ་བ་ཡིན། བདུད་རྩི་ཅིའི་བདུད་རྩི། རྒྱལ་སྲིད་འཕྲོག་པའི་ཕྱིར་མཐའི་མོན་བུ་འདིས་མོན་གྱི་དུག་ཆུ་དྲང་འདོད་པར་ཐག་ཆོད་བྱས་ཏེ་ཆིབས་ཁ་(138ན)བསྒྱུར་བས། རྒྱལ་པོས་དེ་འདྲ་མི་སྲིད་གསུངས་ཀྱང་། བློན་པོ་རྣམས་ཀྱིས་མ་ཉན་ཏེ་འབྱོན་པའི་དབང་མ་བྱུང་ནས་སླར་ཕོ་བྲང་དུ་ལོག །ཕོ་ཉ་བས་སློབ་དཔོན་ལ་བཙན་པོ་ནི་བློན་པོ་རྣམས་ཀྱིས་གཤེགས་སུ་མ་སྟེར་རོ་ཞུས་པས། སློབ་དཔོན་གྱིས་སེ་གོལ་གཅིག་བརྡབས་པས་ཚེ་དཔག་མེད་ཉིད་ཀྱི་ཐུགས་ཀར་བསྡུས། ཚེ་ཆུ་ཕྱེད་གསོལ་བས་སྐུའི་གཟི་འོད་ཀྱིས་གཡའ་མ་ལུང་ཐམས་ཅད་ཁྱབ། ཅུང་ཟད་ས་ལ་ཕོ་བས་དེར་མེ་ཏོག་སྐྱེས། ལྷག་མ་རྣམས་མ་འོང་པའི་དོན་དུ་གཏེར་ལ་སྦོས་ཤིག་ཅེས་རྫུ་འཕྲུལ་གྱིས་ཚེ་ཆུ་རིལ་བུ་ཧྲཱིཿརྒྱ་མར་ཕྱག་གིས་བསྒྲིལ་ཏེ་མཚོ་རྒྱལ་ལ་གཏེར་དུ་སྦེད་པར་གནང་ངོ་། །དེའི་ལོ་རྒྱུས་རྒྱལ་པོས་གསན་པས་ཐུགས་ཤིན་ཏུ་འགྱོད་དེ། སླར་ཡང་སློབ་དཔོན་གྱི་དྲུང་དུ་བྱོན་ནས་བདག་རང་ནི་ཐེ་ཚོམ་མེད་ཀྱང་བློན་པོ་ཆོས་ལ་གནག་པ་འདི་ཚོས་ཐད་ཀར་མ་བྱུང་བ་ལགས་ཏེ། སླར་ཡང་ཚེ་དབང་སྩོལ་བར་ཞུ་ཞེས་ནན་གྱིས་གསོལ་བས། ཚེ་ཆུ་གཏེར་དུ་སྦས་པའི་ལྷག་མ་ཅུང་ཟད་དེས་དབང་བསྐུར་བས་དགུང་ལོ་བཅུ་གསུམ་བསྲིང་ཞེས་གྲགས། གཞན་ཡང་སློབ་དཔོན་པདྨའི་ཞལ་ནས། བོད་སྐྱིད་པར་བགྱི་བས་བེེ་ཤྲ་མ་ཎཱ་ལས་ནོར་བླངས་ནས་ནོར་མེད་པ་ལ་ནོར་(138བ)སྦྱིན། འཛམ་བུའི་གླིང་གི་དཀོན་ནོར་གྱི་ཕུད་སྲིད་དོ་ཅོག་བོད་ཁམས་སུ་དབྱུང་བར་བྱ། ངམ་ཤོད་གྲ་དོལ་སྟག་ལ་ཤར་ནུབ་སོགས་ཆུ་དཀོན་པ་དང་ཉུང་བ་རྣམས་སུ་ཆུ་དབྱུང་། གྲམ་པ་ཐམས་ཅད་ཞིང་དུ་བྱས་ལ་ཞིང་གིས་བོད་ཀུན་འཚོ་བར་བྱ། གཙང་པོ་དང་མཚོ་ཀུན་སྒྲོམས་སུ་བཅུག་ལ་མིས་མཆོང་དུ་རུང་བར་བྱ། ངས་ཨོ་རྒྱན་དུ་གཙང་པོ་འདི་བས་ཆེ་བ་ཞིག་སྦུབས་སུ་བཅུག་པ་ཡིན་གསུངས། ངམ་ཤོད་ཀྱི་བྱེ་མ་ཐམས་ཅད་ཚལ་དང་ནེ་སིང་དུ་བསྒྱུར། བོད་ཡུལ་ངན་པ་ཀུན་ཀྱང་བཟང་པོར་བྱས་ཏེ་ཐམས་ཅད་ཉམས་དགའ་བར་བྱའོ་ཞེས་གསུངས་པ་དང་། འགྲུབ་བམ་མི་འགྲུབ་འདུན་ས་ཆུང་ངུ་ནས་རྗེ་བློན་བཀའ་གྲོས་མཛད་ནས་དེ་ལྟར་འོང་ངམ་མི་འོང་ཉམས་སད་པ་ལས། སློབ་དཔོན་གྱིས་སྔ་དྲོ་གཅིག་དགོངས་པ་གཏད་པས། མཚོ་མོ་མགུར་གྱི་བྱེ་མའི་ཐང་ནེ་སིང་དུ་སྔོ་ཕྱུར་རེ་ལ་བཏང་། དེའི་ཕྱི་འཕྲེད་བྲག་དམར་གླ་བའི་ཚལ་གྱི་སྨད་རྣམས་ནགས་སུ་བཏང་། ཀླུ་རྫིངས་སུ་ཆུ་བྱུང་། ད་དུང་ཉམས་སད་དང་བྱས་ནས་སྔ་དྲོ་གཅིག་བསྒོམས་པས་ཟུར་མཁར་ནས་ཆུ་རྒྱུན་ནར་གྱིས་བབས་ཏེ་ཆུ་མིག་བྱུང་བ་དང་། འོང་ངེས་པར་འདུག་པས། བློན་པོ་རྣམས་ན་རེ། བོད་ཡུལ་བཟང་པོར་བྱས་པའི་སྔགས་མཁན་(139ན)གྱི་མཐུ་དང་སྦྱར་ན། ཆབ་སྲིད་རྒྱ་གར་གྱིས་འཕྲོག་སྟེ་འགྲོ་ཞེས་འདུན་ས་ཆུང་ངུར་གྲོས་བྱས་ནས་འཕྲོ་འཇོག་པར་ཆད་དེ། སློབ་དཔོན་གྱིས་ད་ཞིང་བྱའོ་གསུངས་པས། ཞིང་ཡར་ཀླུང་གི་ཞིང་འདིས་ཆོག་ཟེར། སྔགས་མཁན་ལ་ཕྱག་བྱས་ཏེ་བྱ་དགའ་ཆེན་པོ་ཕུལ་ནས་སླར་རྒྱ་གར་དུ་བཞད་པར་ཞུ་བ་ཕུལ་མཛོད་ཟེར་བས། རྒྱལ་པོ་མ་དགྱེས་ནས་སློབ་དཔོན་ལ་གསེར་ཕྱེ་བྲེ་གང་ཕུལ་ཞིང་ཕྱག་དང་བསྐོར་བ་བྱས་ཏེ་སྔར་ལྟར་ཞུས་པས། སློབ་དཔོན་གྱི་ཞལ་ནས། ང་གསེར་འདོད་པ་མ་ཡིན་ཏེ་བོད་མཐའ་འཁོབ་ཏུ་འདྲེ་སྲིན་གདུག་པ་ཅན་བཏུལ་ལ་བཙན་པོ་ཆོས་བྱར་བཏུབ་པར་བྱ། བོད་ཡུལ་བཟང་པོར་བྱས་ཏེ་འབངས་བདེ་བ་ལ་འགོད་པའི་ཕྱིར་འོངས་ཀྱི། གསེར་འདོད་ན་འདི་ཙུག་བྱས་པས་ཆོག་གསུངས་ནས། རྡོ་དང་ཤིང་དང་རྩྭ་དང་བྱེ་མ་སོགས་ཕྱག་གིས་བཟུང་ཚད་རེག་ཚད་ཐམས་ཅད་གསེར་ཕྱེར་སོང་། བཙན་པོའི་ཐུགས་སྲུང་བའི་ཕྱིར་དུ་གསེར་ཕྱེ་ཁྱོར་བ་གང་བསྣམས་ནས་ལྷག་མ་བཙན་པོ་རང་ལ་ཕྱིར་གནང་། དེ་ལྟར་སློབ་དཔོན་བསམ་ཡས་སུ་ལོ་ཉེར་བརྒྱད་བཞུགས་རྗེས་བདུད་བློན་རྣམས་རང་རང་སྤྱོད་པ་ངན་པའི་གནོང་གིས་སློབ་དཔོན་གྱི་རྫུ་འཕྲུལ་(139བ)དང་མངོན་ཤེས་མ་བཟོད་པར་མཛད་པའི་འཕྲོ་བཤོལ་བར་ནན་དུ་གསོལ་བས། སྔར་བསམ་ཡས་བཞེངས་ཟིན་པ་ན་གུ་རུའི་ཞལ་ནས། ཆོས་དར་བའི་རབ་གནས་ལན་གསུམ། བདུད་ནུབ་པའི་སྦྱིན་སྲེག་ལན་གསུམ། རྒྱལ་བརྒྱུད་མངའ་ཐང་འཕེལ་བའི་ལྷ་ཀླུ་དམ་བཞག་ལན་གསུམ་རེ་བྱ་གསུངས་པས། རབ་གནས་གྲུབ། སྦྱིན་སྲེག་དང་དམ་བཞག་ཕྱི་མ་ཆོས་རྒྱལ་གཡེང་བས་ཁྱེར་ནས་མ་ཞུས་པས་གུ་རུས་ཀྱང་གནང་མ་གྲུབ། ད་མ་འོངས་ཙ་ན་ཆོས་དར་ཡང་བདུད་ཀྱང་དར་ལ་རྒྱལ་བརྒྱུད་ཀྱང་སིལ་བུར་འཐོར་བར་མཆི་གསུངས། འོན་ཀྱང་མ་འོངས་པ་མཁྱེན་པས་བསྟན་པ་སྲུང་བའི་དྲག་སྔགས་མང་པོ་གསུངས་ཤིང་། ཆོས་དང་ནོར་དང་དྲག་སྔགས་ཀྱི་གཏེར་ཁ་ཡང་དཔག་ཏུ་མེད་པ་ཞིག་རྫུ་འཕྲུལ་གྱི་བཀོད་པས་ཡུལ་ཐ་དད་དུ་སྦས་མཐར། སྨོན་ལམ་དང་སོ་སོར་ཞལ་གདམས་གསུངས་ནས་གློ་བུར་དུ་སྲིན་པོའི་ཁ་གནོན་ལ་གཤེགས་ཟེར། དེ་ནི་སྦ་བཞེད་སོགས་སུ་ཡུན་ཐུང་ངུ་ལས་མ་བཞུགས་པ་ལྟར་བཤད་པའི་ལུགས་ཏེ། སྡིག་བློན་རྣམས་ཀྱི་སྣང་ངོར་སྐུའི་བཀོད་པ་གཉིས་པ་ཞིག་བསྟན་ནས་དོང་བབ་འཕྲང་གི་ཕ་རོལ་རྒྱ་བོད་མཚམས་ཀྱི་རི་རྩེ་ནས་སྐྱེལ་མི་རྣམས་ཀྱིས་མཐོང་སར་ནམ་མཁའ་ལ་འཕུར་ཏེ་སྤྲིན་གསེབ་ནས་ཆོས་གོས་སྤུར་རེ་གསེག་ཤང་ཁྲོལ་ལེར་བཞུད་པ་ལྟར་མཛད་པ་དེ་ཡིན་ཅིང་། དོན་ལ་མཆོད་(140ན)ཡོན་ལྐོག་ཏུ་བཀའ་བགྲོས་ཏེ་རྒྱལ་པོ་མ་གྲོང་བར་དུ་སློབ་དཔོན་བཞུགས་པའི་ཆད་སོ་ཡོད་པ་བཞིན་སློབ་དཔོན་སྐུ་དངོས་མཚོ་རྒྱལ་སོགས་ལས་ཅན་གྱི་འཁོར་དང་བཅས་གཞོ་སྟོད་ཏི་སྒྲོ་ནས་བརྩམས་བོད་ཡུལ་གྱི་ས་གཞི་རྟ་རྨིག་ཙམ་ཡང་མ་ལུས་པར་ཞབས་ཀྱིས་བཅགས། རྫོགས་པ་ཆེན་པོ་མཁའ་འགྲོ་སྙིང་ཐིག་སོགས་ཟབ་རྒྱས་ཀྱི་གདམས་པ་དཔག་ཏུ་མེད་པ་གནང་། མངའ་རིས་སྐོར་དུ་གངས་བྲག་ཉི་ཤུ། དབུས་གཙང་དུ་སྒྲུབ་གནས་ཉེར་གཅིག །མདོ་ཁམས་སུ་གནས་ཆེན་ཉེར་ལྔ། སྟོད་སྨད་བར་གསུམ་གྱི་སྦས་ཡུལ་རྒྱལ་པོ་གསུམ། ལུང་ལྔ། ལྗོངས་གསུམ། གླིང་གཅིག དེ་རེ་རེ་ལའང་རྩ་བ་དང་ཡན་ལག་མེ་ཏོག་འབྲས་བུའི་ཚུལ་དུ་ཡོད་པ་ལ་སོགས་པ་གངས་བྲག་རི་མཚོ་ཐམས་ཅད་སྒྲུབ་གནས་སུ་བྱིན་གྱིས་བརླབས། ཕྱིས་སུ་དབོན་སྲས་བདུད་ཀྱི་སྤྲུལ་པས་བསྟན་པ་བསྣུབས་པར་མཁྱེན་ནས་རྒྱལ་པོ་ལ་མ་འོངས་པའི་ལུང་བསྟན་མང་པོ་སྩལ། གསང་སྔགས་ཀྱི་བསྟན་པ་མི་ནུབ་པ་དང་། རྟོག་གེ་བས་བསླད་ཅིང་བཅོས་སུ་མེད་པས་བྱིན་རླབས་མི་ཡལ་བ་དང་། གདུལ་བྱ་རིམ་པར་འབྱུང་བ་སོགས་ལ་དགོངས་ནས་རྒྱལ་པོའི་བླ་གཏེར་བརྒྱད་དང་། ཐུགས་གཏེར་ཆེན་པོ་ལྔ། ཟབ་པའི་གཏེར་ཆེན་ཉེར་ལྔ་གཙོ་བོར་གྱུར་པའི་མིང་ཅན་མིང་མེད་ཀྱི་གཏེར་ཁ་གྲངས་ལས་འདས་པ་སྦས། འདོན་པའི་དུས། འདོན་པ་པོའི་གང་ཟག །ལས་ཅན་ཆོས་བདག་སོགས་ལུང་(140བ)བསྟན་རེ་རེ་བཞིན་སྩལ། མོན་ཁ་ནེ་རིང་སེང་གེ་རྫོང་སོགས་སྟག་ཚང་མིང་ཅན་བཅུ་གསུམ་དུ་ཁྲོ་བོ་འཆོལ་བ་འཇིགས་སུ་རུང་བའི་སྐུར་བཞེངས་ནས། བོད་ཀྱི་ལྷ་སྲིན་དྲེགས་པ་ཅན་ཆེ་ཕྲ་ཐམས་ཅད་དམ་ལ་བཞག་ཅིང་གཏེར་གྱི་སྲུང་མར་གཉེར་དུ་གཏད། ཕྱི་རབས་ཡིད་ཆེས་པའི་ཕྱིར་དུ་བུམ་ཐང་རྡོ་རྗེ་བརྩེགས་པའི་བྲག་སོགས་ལ་སྐུ་རྗེས། གནམ་མཚོ་ཕྱུག་མོ་སོགས་གྲགས་པའི་མཚོ་ཆེན་བཞི་ལ་ཕྱག་རྗེས། སྤ་གྲོ་བྲག་དཀར་པོ་སོགས་ལ་ཞབས་རྗེས། གཞན་ཡང་སྒྲུབ་གནས་ཐམས་ཅད་དུ་གུ་རུ་ཡབ་ཡུམ་གྱི་ཕྱག་ཞབས་ཀྱི་རྗེས་སོགས་ངོ་མཚར་ཅན་གྱི་བཀོད་པ་གྲངས་ལས་འདས་པ་བཞག་པར་མཛད་དོ། །དེ་ནས་རྒྱལ་པོའི་དགོངས་པ་ལ། སྔོན་མ་ཞང་གྲོམ་པ་སྐྱེས་ལ་སོགས་པས་ཆོས་བཤིག་པ་ཐུགས་ལ་བཅགས་ནས། ཕྱིན་ཆད་དེ་ལྟ་བུ་མི་འབྱུང་བའི་ཕྱིར་བོད་ཆོས་སུས་ཀྱང་མི་བཤིག་པའི་བཀའ་གཙིགས་བཅས། དབུ་སྙུང་བཞེས། མནའ་བསྒགས་ཏེ། དེ་འདྲ་བ་ལན་གཉིས་མཛད་པའི་བཀའ་གཙིགས་དང་པོ་ནི། ༄། བཙན་པོ་ཁྲི་སྲོང་ལྡེའུ་བཙན་གྱི་སྐུ་རིང་ལ། ཤོག་བུ་མཐིང་ག་ལ་གསེར་གྱིས་བྲིས་ནས། གསེར་གྱི་སྒྲོམ་བུར་བསྩལ་བའི་བཀའ་གཙིགས་ཀྱི་ཡི་གེ་བསམ་ཡསལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་(141ན)གི་དཀོར་མཛོད་དུ་བཞག་པ་ལས་དཔེ་བགྱིས་ཏེ་བྲིས་པ། ༄། དཀོན་མཆོག་གསུམ་ནམ་དུ་ཡང་མི་བཏང་མ་ཞིག་པར་དགྱི་བའི་གཙིགས་སྒྲོམ་བུ་ནང་ན་མཆིས་པའི་དཔེ། དེ་བཞིན་གཤེགས་པའི་བཀའ་ལས་བྱུང་བ་དོན་ཐོག་ཏུ་སྦྱར་ན། ཡང་དག་པ་ཉིད་ཁོང་དུ་མ་ཆུད་པས་ཁམས་གསུམ་ཡང་སྡུག་བསྔལ་གྱི་གནས་སུ་གྱུར། ཐམས་ཅད་ཀྱང་གནའ་ནས་མ་སྐྱེས་པ་མེད། སྐྱེས་ནས་ནི་དོན་དང་དོན་མེད་པར་སྤྱོད། དེ་ནས་ཀྱང་ཤི་བར་འགྱུར། ཤི་ནས་ཀྱང་གནས་བཟང་ངན་དུ་ཕྱིར་སྐྱེ། དེ་ལ་ལེགས་སུ་སྟོན་པ་ནི་སངས་རྒྱས། མངོན་པར་དམིགས་པ་ནི་ཆོས་ཀྱི་ཡི་གེ །དགེ་བར་མཚོན་པ་ནི་དགེ་འདུན་རྣམས་ཏེ། གཏན་གྱི་སྐྱབས་དང་གླིང་དུ་བཟང་ངོ་། །དཀོནད་མཆོག་གསུམ་ནི་བྱིན་དུ་ཆེས་ཆེ་སྟེ། ཡབ་མེས་སྔ་མ་ཀུན་གྱི་རིང་ལ་ཡང་གདུང་རབས་རེ་རེ་ཞིང་ལུགས་སུ་མཛད་དེ། གཙུག་ལག་ཁང་གསར་རྙིང་དངོས་ཡོད་པ་ཡིན། བཙན་པོ་ཡབ་དགུང་དུ་གཤེགས་པའི་ཕྱི་ནས། པན་པུན་ཁྱེར་བའི་དཔེ་ཚུལ་ཡོད་པ་ནས། གཙུག་ལག་ཁང་ལྷུན་གྱིས་འགྲུབ་ཏུ། ལུག་གི་ལོ་ལ་དཔྱིད་ཟླ་ར་བའི་ཚེས་༡༧ལ་རྟེན་བཙུགས་པའི་ཚེ། ད་ནས་ཕན་ཆད། བོད་ཡུལ་དུ་དཀོན་(141བ)མཆོག་གསུམ་རྟེན་བཅས་ཏེ། སངས་རྒྱས་ཀྱི་ཆོས་མཛད་པ་མི་གཞིག་པར། བཙན་པོ་ཡབ་སྲས་དང་། སྲས་ཀྱི་ཡུམ་གྱིས་དབུ་སྙུང་བཟུང་ཞིང་ཡི་དམ་བཅས་པ་དང་། ཕྱི་ནང་གི་བློན་པོ་ཆེ་ཕྲ་མཐའ་དག་བྲོ་སྩལ་བའི་གཙིགས་ཀྱི་ཡི་གེར་བྲིས་པའོ། ། ༄ །ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། རྒྱ་བཏགས་ར་མོ་ཆེའི་གཙུག་ལག་ཁང་དང་། བྲག་དམར་གྱི་བསམ་ཡས་ལྷུན་གྱིས་འགྲུབ་ཀྱི་གཙུག་ལག་ཁང་དང་། ཁམས་གསུམ་མི་ལྡོག་སྒྲོལ་གྱི་གཙུག་ལག་ཁང་ལསྩོགས་ཏེ། བོད་ཀྱི་རིགས་སུ་བླ་ནས། དཀོན་མཆོག་གསུམ་གྱི་རྟེན་བཙུགས་ཏེ། བོད་ལས་ཀྱང་ཐར་པར་གཟུད་ཅིང་། སངས་རྒྱས་ཀྱི་ཆོས་མཛད་པ་འདི་ནམ་དུ་ཡང་། མི་བཏང་མ་ཞིག་པར་དགྱིའོ། །བོད་ལས་ཀྱང་ཐརད་པར་གཟུད་དོ། ། ༄།གཙུག་ལག་ཁང་དེ་རྣམས་སུ་དཀོན་མཆོག་གསུམ་གྱི་ཡོ་བྱད་སྦྱོར་བའི་རྐྱེན་ཀྱང་རན་པ་ཡོད་པར་དཔགས་ཏེ་བླ་ནས་ཕུལ་བ་ལས། ནམ་ཞར་ཀྱང་མྀ་དབྲྀ་མི་བསྐྱུང་བར་བགྱིས་སོ། །ད་ཕྱིན་ཆད་གདུང་རབས་རེ་རེ་ཡང་། བཙན་པོ་ཡབ་སྲས་འདི་བཞིན་དུ་ཡི་དམ་བཅའ་ཞིང་ཞལ་གྱིས་བཞེས་པར་བགྱིའོ། །བློན་པོ་ཐོག་ཐོག་ཀྱང་བྲོ་སྩལ་བར་བགྱིའོ། །༄།འདི་(142ན)ལྟར་ཡི་དམ་བཅས་པ། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། དམ་པའི་ཆོས་ཐམས་ཅད་དང་། བྱང་ཆུབ་སེམས་དཔའི་དགེ་འདུན་ཐམས་ཅད་དང་། རང་སངས་རྒྱས་དང་ཉན་ཐོས་ཐམས་ཅད་དང་། གནམ་སའི་རིམ་པ་ལྷ་འོ་ཅོག་དང་། བོད་ཡུལ་གྱི་སྐུ་ལྷ་དང་། ལྷ་དགུ་ཐམས་ཅད་དང་། ཀླུ་དང་། གནོད་སྦྱིན་དང་མི་མ་ཡིན་པ་ཐམས་ཅད་དཔང་དུ་གསོལ་ཏེ། གཙིགས་འདི་ལས་མི་འགྱུར་བར་མཁྱེན་པར་བགྱིས་སོ། །དེ་ལ་གཙིགས་ལྟར་མ་བགྱིས་ཏེ། དཀོན་མཆོག་གསུམ་གྱི་སྐུ་བསླུས་སམ་མནའ་ཁ་དབུད་བགྱིས་ན། སེམས་ཅན་དམྱལ་བར་སྐྱེས་ཤིག །འདི་བཞིན་དུ་མཛད་ཅིང་བགྱིས་ན། ཐམས་ཅད་ཀྱང་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་མངོན་པར་སངས་རྒྱས་པར་ཤོག་ཅིག །༄།སངས་རྒྱས་ཀྱི་ཆོས་བོད་ཡུལ་དུ། སྔ་ཕྱིར་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་གཅིག་ཀྱང་ཟླ་ལ་བཞག་གོ །༄།དཔེ་འདི་འདྲ་བ་བཅུ་གསུམ་བྲིས་ཏེ། གཅིག་ནི་ཕྱག་སྦལ་ན་བཞག་གོ །གཉིས་ནི་ཕྱག་རྒྱས་བཏབ་སྟེ། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། བྲག་དམར་གྱི་བསམ་ཡས་ལྷུན་གྱིས་འགྲུབ་ཀྱི་དགེ་འདུན་(142བ)ལ་རེ་རེ་བཞག་གོ །བཅུ་ནི་མཐར་ཕྱག་རྒྱས་བཏབ་སྟེ། ར་སའི་འཕྲུལ་སྣང་གཙུག་ལག་ཁང་དང་། བསམ་ཡས་ལྷུན་གྱིས་འགྲུབ་ཀྱི་གཙུག་ལག་ཁང་དང་། ཁྲ་འབྲུག་གི་བཀྲ་ཤིས་ལྷ་ཡུལ་གཙུག་ལག་ཁང་དང་། ཕོ་བྲང་འཁོར་གྱི་དགེ་འདུན་དང་། ར་སའི་རྒྱ་རྟགས་ར་མོ་ཆེ་དང་། བྲག་དམར་གྱི་ཁམས་སུམ་མི་ལྡོག་སྒྲོལ་དང་། བྲུ་ཤའི་ཡུལ་དང་། ཞང་ཞུང་ཡུལ་དང་། མདོ་སྨད་དང་། སྡེ་བློན་རིས་དང་། འདི་རྣམས་ཀྱི་གཙུག་ལག་ཁང་གི་དགེ་འདུན་ལ་དཔེ་རེ་རེ་འཆད་དུ་སྩལད་ཏོ། །༄།བྲོ་སྩལད་པ་ལ།༄། དབོན་འ་ཞ་རྗེ།༄། ཞང་བློན་ཆེན་པོ་བཀའ་ལ་གཏོགས་པ་ལ།༄། བློན་ཆེན་པོ་ཞང་རྒྱལ་གཟིགས་ཤུ་ཐེང་། བློན་སྟག་སྒྲ་ཀླུ་གོང་། ཞང་རྒྱལ་ཚན་ལྷ་སྣང་། བློན་རྒྱལ་སྒྲ་ལེགས་གཟིགས། བློན་བཙན་བཞེར་མདོ་ལོང་། ཞང་རྒྱལ་ཉེན་ཟླ་གོང་། བློན་ཁྲི་གདས་རྒྱ་གོང་། གཅེན་མཚོ་བཙན། ཞང་རྒྱལ་མཚན་ལེ་གོང་།༄། ནང་བློན་ལ།༄། བློན་གྲ་འཛིན་ཞང་རམས་ཤགས། ཞང་ཨ་སྲིན། ཞང་སྔ་ཁྲི་གཉེན། བློན་ཀླུ་གོང་། འོང་ཀ་ལྷ་མཚོ། བློན་ཤང་བཙན། བློན་སྲིན་སྐྱུག །བློན་འདུས་(143ན)སྟོན། ཞང་སྟག་ཚབ། ཞང་ལེགས་འདུས། ༄། ཕྱི་བློན་ལ། ཞང་བལ་བུ་སྟངས། ཞང་ལྷ་གཟིགས། བློན་ལ་ཀུན་རྩེ། བློན་སྦྲ་བཞིན། བློན་སྟོང་ཐུབ། བློན་ཟླ་གོང་། བློན་བཙུག་ཁྱུད་སླིང་། བློན་ལྷོས་པོ། ཞང་རྒྱལ་སྣང་། བློན་བྱིན་བྱིན། བློན་ལོད་པ། བློན་གཙང་ལོད། བློན་གཉན་ཀོང་། ༄། སྟོད་སྨད་ཀྱི་དབང་པོ་དང་དམག་དཔོན་ལ། བློན་སྐྱེས་བཟང་སྟག་སྣང་། བློན་སྣང་ཀོང་། བློན་ཁྱི་ཆུང་། བློན་ཀླུ་གཞེར། ཞང་མར་བུ། བློན་ལྷ་མཚོ། བློན་པ་ར་མི། བློན་ཤང་རྫོང་། བློན་མིག་ཆུང་ཚུད། བློན་ཞང་བུ། ཁུ་རྒྱ་བཙན། ཁུ་གཡུ་བཙན། བློན་མདོ་གཟིགས། བློན་ཁོང་ཁྲི། བློན་ཁོང་ལེགས། བློན་རྨང་ལ་སྐྱེས། བློན་མདོ་བཟང་། བློན་ཁྲི་གོང་། ཆོས་བོད་ཡུལ་དུ་སྔ་ཕྱིར་ཇི་ལྟར་བྱུང་བའི་བཀའ་མཆིད་ཀྱི་ཡི་གེ་གཅིག་ཀྱང་ཟླ་ལ་བཞག་གོ །བྲང་ཏི་ཤཱི་ལ་ཝརྨས་བྲིས། ཞེས་བྱུང་ངོ་། ། ༈ བཀའ་གཙིགས་གཉིས་པ་ནི། ༄། བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཆོས་འབྱུང་བའི་ལོ་དྲུང་གི་ཡི་གེ་ཟླ་ལ་བཞག་པ། ཕྲ་མྱེན་གྱིས་བྲིས་ཏེ་གསེར་གྱི་སྒྲོམ་བུར་བསྩལད་ནས། དཔལ་བསམ་ཡས་(143བ)ཀྱི་དཀོར་མཛོད་དུ་བཞག་པ་ལས་དཔེ་བགྱིས་ནས་བྲིས་པ། ༄། གནའ་ད་འཆད་བོད་ཡུལ་དུ་དཀོན་མཆོག་གསུམ་གྱི་རྟེན་བཅས་ཏེ། སངས་རྒྱས་ཀྱི་ཆོས་མཛད་པའི་ལོ་དྲུང་གི་ཡི་གེར་བྲིས་པ། སྒྲོམ་བུའི་ནང་ན་མཆིས་པའི་དཔེ།༄། བཙན་པོ་བཞི་མེས་ཁྲི་སྲོང་བཙན་གྱི་རིང་ལ། ར་སའི་པེ་ཧར་བརྩིགས་ཏེ་སངས་རྒྱས་ཀྱི་ཆོས་ཐོག་མ་མཛད་ཚུན་ཆད། བཙན་པོ་ཡབ་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ། བྲག་དམར་གྱི་ཀྭ་ཆུར་གཙུག་ལག་ཁང་བརྩིགས་ཏེ་སངས་རྒྱས་ཀྱི་ཆོས་མཛད་ཕན་ཆད་གདུང་རབས་ལྔ་ལོན་ནོ། །༄། བཙན་པོ་ཡབ་དགུང་དུ་གཤེགས་ཀྱི་འོག་ཏུ་ཞང་བློན་ཁ་ཅིག་གིས་ཧུར་འདུམས་ཀྱི་བློ་ཞིག་ཕྱུངས་ཏེ། ཡབ་མེས་ཀྱི་རིང་ཚུན་ཚད སངས་རྒྱས་ཀྱི་ཆོས་མཛད་མཛད་པ་ཡང་བཤིག་གོ །དེ་ནས་ཡང་སྙད་ནི་ལྷོ་བལ་གྱི་ལྷ་དང་ཆོས་བོད་ཡུལ་དུ་བགྱི་བའི་མྱི་རིགས་ཤེས། གཞན་ཡང་ཕྱིནད་ཆད་བགྱིད་དུ་མི་གནང་བར་བཀའ་ཁྲིམས་བྲིས་སོ། ། ༄། དེ་ནས་བཙན་པོའི་ཞལ་སྔ་ནས་ལོ་ཉི་ཤུ་བཞེས་པ་ན། ཐོག་མ་ནི་ཕྱག་སྤྲིང་དང་ལྟས་ཤིག་ངན་ཏེ། ཆོ་ག་ཅི་མཛད་པས་བཤད་ཀྱང་། དགུང་ཟླ་དུ་མར་ཕྱག་སྤྲིང་དང་ལྟས་ངན་ནས། སངས་རྒྱས་ཀྱི་(144ན)ཆོས་བགྱིད་དུ་མི་གནང་བའི་བཀའ་ཁྲིམས་ཀྱང་ཁྲིམས་སུ་མི་བགྱི་བར་དོར། དཀོན་མཆོག་གསུམ་གྱི་མཆོད་པ་ཡང་བགྱི་ཞེས་བགྱིས་ན་གཟོད་བཟང་པོར་གྱུར་ཏོ། །༄། དེ་ནས་དགེ་བའི་བཤེས་གཉེན་གྱིས་བསྟངས་ཏེ་ཆོས་ཀྱང་གསན། ཡི་གེ་ཡང་སྤྱན་སྔར་བྲིམས་ནས་སངས་རྒྱས་ཀྱི་ཆོས་སྤེལ་ཞིང་མཛད་པར་སྒྲོམས་སོ། །དེ་ན་བོད་ཀྱི་ཆོས་རྙིང་པ་མ་ལགས་ལ། སྐུ་ལྷ་གསོལ་བ་དང་ཆོ་ག་མྱི་མཐུན་པས། ཀུན་ཀྱང་མ་ལེགས་སུ་དོགས་ཏེ། ལ་ལ་ནི་སྐུ་ལ་དམར་ཡང་དོགས། ལ་ལ་ནི་ཆབ་སྲིད་གོད་ཀྱིས་ཀྱང་དོགས། ལ་ལ་ནི་མི་ནད་ཕྱུགས་ནད་བྱུང་གིས་ཀྱང་དོགས། ལ་ལ་ནི་མུ་གེ་ལངས་བབ་ཀྱིས་ཀྱང་དོགས་སོ། །༄། ཆོས་ཉིད་ཀྱི་ནང་དུ་བརྟགས་ན། ཆོས་ལས་འབྱུང་བ་ནི་འཇིག་རྟེན་གྱི་ཁམས་སུ་མྱེད་པ་ན། སེམས་ཅན་གྱི་ཁམས་གྲངས་མེད་པ། སྐྱེ་བ་རྣམ་བཞིའི་ནང་དུ་སྐྱེ་ཞིང་འཁོར་བ་ལ་གཏོགས་སོ་ཅོག །དང་པོའི་ཐོག་མ་མེད་པ་ནས། མཐའ་མའི་མཐའ་མྱེད་པའི་བར་དུ། རང་གི་ལས་ཀྱིས་དེ་བཞིན་དུ་སྲིད་པ་ལས། ལུས་དང་ངག་དང་ཡིད་གསུམ་ནས་ལེགས་པར་སྤྱད་དོ་ཅོག་ནི་དགེ་བར་འགྱུར། ཉེས་པ་སྤྱད་དོ་ཅོག་ནི་སྡིག་པར་འགྱུར། (144བ)ལེགས་ཉེས་མེད་པ་ནི་ལུང་དུ་མྱི་སྟོན་པར་འགྱུར། གཞན་ལ་ཕར་བྱས་པའི་འབྲས་བུ་ནི་བདག་ལ་སྨིན་ཏེ། གནམ་གྱི་རིམ་པའི་ལྷར་སྐྱེ་བ་དང་། སའི་སྟེང་གི་མྱི་དང་། ལྷ་མ་ཡིན་དང་། ཡི་དྭགས་དང་། བྱོལ་སོང་དང་། སའི་འོག་གི་སེམས་ཅན་དམྱལ་བ་དང་། འདི་དྲུག་སྐྱེའོ་ཅོག་ཀྱང་རང་གི་ལས་ཀྱིས་འགྱུར་རོ། །འཇིག་རྟེན་ལས་འདས་ཏེ་སངས་རྒྱས་བཅོམ་ལྡན་འདས་སུ་འགྱུར་བ་དང་། བྱང་ཆུབ་སེམས་དཔའ་དང་། རང་བྱང་ཆུབ་དང་། ཉན་ཐོས་ཀྱི་ས་རིམ་པར་འགྲུབ་པ་ཀུན་ཀྱང་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་རང་གིས་བསྩགས་པ་ལས་འགྱུར་རོ་ཞེས་འབྱུང་ངོ་། །དགེ་བ་གང་ཞེ་ན་དགེ་བ་བཅུ་ལསྩོགས་པའོ། །མྱི་དགེ་བ་གང་ཞེ་ན། མྱི་དགེ་བཅུ་ལསྩོགས་པའོ། །ལུང་དུ་མྱི་སྟོན་པ་གང་ཞེ་ན། སྤྱོད་ལམ་བཞི་ལསྩོགས་པའོ། །འཇིག་རྟེན་ལས་འདས་པའི་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གང་ཞེ་ན། དགེ་བ་བཅུའི་སྟེང་དུ་བདེན་པ་བཞི་དང་། རྐྱེནད་དང་འདུ་བ་ཚོགས་ཏེ་བྱུང་བའི་ཡན་ལག་བཅུ་གཉིས་དང་། བྱང་ཆུབ་ཀྱི་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་དང་། ཕ་རོལད་ཏུ་ཕྱིན་པ་བཅུ་ལསྩོགས་པའོ། །དེའི་འབྲས་བུ་ནི་མི་འཇིགས་པ་བཞི་(145ན)དང་། སོ་སོར་ཡང་དག་པར་ཤེས་པ་བཞི་དང་། སྟོབས་བཅུ་དང་། མ་འདྲེས་པའི་ཆོས་བཅོ་བརྒྱད་དང་། ཐུགས་རྗེ་ཆེན་པོ་སུམ་ཅུ་རྩ་གཉིས་ལསྩོགས་པར་འགྱུར་ཏེ། གཏན་ཚིགས་ཞིབ་ཏུ་མི་ཆོས་ཀྱི་ཡི་གེའི་ནང་ན་མཆིས་སོ། །༄། ཆོས་ཀྱི་ནང་ནས་བྱུང་བ་འདི་རྣམས་རྗེས་བཅད་ན། ཁ་ཅིག་ནི་ལེགས་ནོངས་ཀྱིས་དམྱིགས་འཕྲལ་དུ་མངོན་པ་ཡང་མཆིས། ཁ་ཅིག་འཕྲལ་དུ་མི་མངོན་པ་ཡང་མངོན་པར་གདའ་བ་རྣམས་ཀྱི་ཚུལ་ལས་དཔགས་ན། ངེས་པར་བཟུང་དུ་རུང་བ་ཡང་མཆིས་ཏེ། མདོ་སྡེ་རྣམས་དང་སྦྱར་ན། ཆོས་འདི་བཏང་ངམ་མཛད་དམ་ཅི་རིགས་ཤེས། འབངས་སུ་མངའ་བ་རྒྱལ་ཕྲན་འ་ཞ་རྗེ་ལསྩོགས་པ་དང་། ཕྱི་ནང་གི་བློན་པོ་རྣམས་ལ་བཀས་སྨྲས། བཀའ་གྲོས་སུ་མཛད་ནས། གཅིག་ཏུ་ན་སངས་རྒྱས་བཅོམ་ལྡན་འདས་ཀྱི་བཀའ་ལུང་ལ་བརྟེན། གཉིས་སུ་ན་ཡབ་མེས་ཀྱི་དཔེ་ལུགས་ལ་འཆེལ། གསུམ་དུ་ན་དགེ་བའི་བཤེས་གཉེན་གྱི་མཐུས་བསྟངས་པ་དང་ཡང་སྦྱར་ནས་མདོར་བརྟགས་ན། མྱི་དགེ་མ་ལེགས་པར་དོགས་པའི་རྣམས་ཀྱང་དེ་ལྟར་མྱི་འགྱུར་གྱི་སྟེང་དུ། ཆེད་ཆེ་བར་བཀའ་གྲོས་མཛད་དོ། །དེ་ལམ་ལེགས་པར་ནི་ཇི་ལྟར་མྱི་འགྱུར་ཆེད་(145བ)ནི་ཇི་ལྟ་ཆེ་ཞེ་ན། ཆོས་ཀྱི་མདོ་ནི་ལེགས་སུ་བགྱི་བས། བླ་ན་མེད་པའི་དོན་སྒྲུབ་པ་ལགས་ཏེ། ལེགས་པའི་མཐའ་ནོངས་པར་མི་འགྱུར་གྱིས་གཅིག །ཐམས་ཅད་ལ་ཡུན་དུ་དཔེན་པ་འདི་ལྟའོ། །ཚོད་དཔགས་ཙམ་གྱིས་དགོས་པ་གཞིག་ཏུ་མྱི་རུང་གིས་གཉིས། ཡབ་མེས་གདུང་རབས་དུ་མའི་བར་དུ་མཛད་ཀྱང་། མ་ལེགས་པ་མ་བྱུང་བ་དང་གསུམ་གྱིས་ད་ཡང་ནོངས་པར་མྱི་འགྱུར་ལ་ཆེད་ཆེའོ་ཞེས། །མཛད་པར་བཀའ་གྲོས་བརྟུལ་ཏེ་མཛད་དོ། །དེ་ལྟ་བས་ན་སངས་རྒྱས་ཀྱི་ཆོས་མཛད་པ་ཡང་། གཅིག་ཏུ་ན་ཡོང་གིས་བཟང་ལ་གཅེས། གཉིས་སུ་ན་སྔོན་བཤིག་པའི་དཔེ་བྱུང་བས་ཐུགས་ཡིད་དོགས་ཏེ། བརྟན་དུ་མི་གཞིག་པར་དབུ་སྙུང་བྲོ་མནའ་བོར་བ་ཡང་ཡི་གེར་བྲིས་སོ།། ཕྱིན་ཆད་ཀྱང་གདུང་རབས་གཅིག་ཅིང་། ཡི་དམ་མཛད་པ་དང་བློན་པོ་མན་ཆད་ཀྱང་བྲོ་སྩལ་བར་བགྱིས་སོ། །ཞེས་བྱུང་ངོ་། །འདི་དག་ནི་རྒྱས་པ་དཀོར་མཛོད་དུ་བཞག་པ་དེ་ཡིན་ལ། མདོར་བསྡུས་བསམ་ཡས་ཀྱི་རྡོ་རིང་ལ་བརྐོས་པའི་གཙིགས་ཡིག་ནི། ༄། ར་ས་བྲག་དམར་གྱི་གཙུག་ལག་ཁང་ལསྩོགས་པར་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། སངས་རྒྱས་ཀྱི་ཆོས་མཛད་(158ན)དང་། འཕགས་པ་རྣམ་སྣང་དང་། ཤཱཀྱ་ཐུབ་པ་དང་། འཇམ་དཔལ་དང་། བྱམས་པ་དང་། མི་གཡོ་མགོན་དང་། བྱང་ཆུབ་སེམས་དཔའ་བརྒྱད་ལ་བསྟོད་པ་སོགས་གཞུང་ཚན་ཆུང་བའི་བསྟན་བཅོས་དུ་མ་མཛད་དོ། །གཞན་ཡང་དགོངས་པ་ངེས་འགྲེལ་གྱི་མདོའི་འགྲེལ་པ་མུ་ཏིག་བཙན་པོས་མཛད་པ་དང་། ཇོ་མོ་བྱང་ཆུབ་རྗེའི་སྨོན་ལམ་སོགས་ལྷ་སྲས་དང་བཙུན་མོས་མཛད་པ་དང་། བཻ་རོ་ཙ་ནས་མཛད་པ་དོན་གསལ་སྒྲོན་མེ། རིག་པ་དྲུག་ཅུ་པ་ལས་བཏུས་ཏེ་མདོར་བཤད་པ་སྣང་མཐའི་མཚན་བརྗོད་ལ་སོགས་པ་དང་། དཔལ་དབྱངས་ཀྱིས་གཅེས་པ་བསྡུས་པའི་འཕྲིན་ཡིག །སྐ་བ་དཔལ་བརྩེགས་ཀྱིས་གསུང་རབ་རིན་པོ་ཆེའི་གཏམ། ཕྱིའི་ཡུལ་དྲན་རྒྱུད་དུ་ཡོད་པར་འདོད་པ་སེལ་བ། མཚན་ཉིད་གསུམ་མདོར་བསྟན། ཞང་ཡེ་ཤེས་སྡེས་ལྟ་བའི་ཁྱད་པར། བཟང་སྤྱོད་ཀྱི་འགྲེལ་པ་བཞིའི་དོན་བསྡུས། འཇིག་རྟེན་ཕ་རོལ་སྒྲུབ་པ། དགོངས་ལྡེམ་དགོངས་བཞིའི་བརྗེད་བྱང་། ཅོག་རོ་ཀླུའི་རྒྱལ་མཚན་གྱིས་དགོངས་པ་ངེས་འགྲེལ་ཕྱི་རྒྱ་ཆེར་འགྲེལ་བམ་པོ་བཞི་བཅུ་པ། ངེས་པའི་དོན་དབུ་མ། ཤེར་ཕྱིན་མདོར་བསྡུས། ཕྲེང་བའི་རྒྱན། ཆོས་གཏན་ལ་དབབ་པའི་གལ། (158བ)དཔལ་བརྩེགས་དང་ཀླུའི་རྒྱལ་མཚན་གྱིས་བརྒལ་ལན་བཞི་ཕྲུག །སློབ་དཔོན་ཤེས་རབ་སྙིང་པོས་དགོངས་འགྲེལ་བྱམས་ལེའི་བརྗེད་བྱང་། པྲ་ཤ་སེ་ནས་ཤེར་སྙིང་ཊཱིཀྐ །སློབ་དཔོན་བཀྲ་ཤིས་ཀྱིས་དབུ་མ་རྒྱན་གྱི་བརྗེད་བྱང་བམ་པོ་བཅུ་དང་། སྡོམ་པ་ཉི་ཤུའི་འགྲེལ་པ། དཔལ་གྱི་ལྷུན་པོས་དགེ་སློང་མའི་སོ་ཐར་གྱི་འགྲེལ་པ། ཨཱ་ཙརྱ་ཀ་ལ་ཡ་ན་དང་། རིན་ཆེན་ཟླ་བྱུང་དང་། ཀོང་ཨུཏྤལ། ཀོ་ཥ་སོགས་ཀྱི་དྲི་ལན། ལྕེ་ཁྱི་འབྲུག་གིས་སྒྲའི་གནས་བརྒྱད་རྩ་འགྲེལ་དང་། མ་བྱིན་ལེན་གྱི་སྐབས་ནས་མཁན་པོ་བཞིས་དཔྱད་པ་སོགས་ལོ་ཙཱ་བ་ཆེན་པོ་རྣམས་ཀྱིས་ཀྱང་བསྟན་བཅོས་མང་དུ་མཛད་ཅིང་། བེེ་རོ་ཙ་ན། ལྡན་མ་རྩེ་མང་། ཁ་ཆེ་ཨ་ནནྟ་སྟེ་ལོ་ཙཱ་བ་རྒན་པ་གསུམ་དང་། གཉགས་ཛྙཱ་ན་ཀུ་མཱ་ར། འཁོན་ཀླུའི་དབང་པོ། རྨ་རིན་ཆེན་མཆོག་སྟེ་བར་གསུམ། སྐ་བ་དཔལ་བརྩེགས། ཅོག་རོ་ཀླུའི་རྒྱལ་མཚན། ཞང་ཡེ་ཤེས་སྡེ་སྟེ་གཞོན་པ་གསུམ་བཅས་ལོ་ཙཱ་བ་རབ་དགུ་དང་། ཡང་ལ་ལས་བཻ་རོ་ཙ་ན་དང་ཡེ་ཤེས་སྡེ་མཚན་གྱི་རྣམ་གྲངས་སུའང་བཤད། དེ་སོགས་ཕྱིས་བརྒྱ་རྩ་བརྒྱད་ཚང་བར་བྱུང་བ་རབ་འབྲིང་ཐ་གསུམ་དུ་ཕྱེས་ནས། རབ་ཀྱིས་ཞུས་ཆེན། འབྲིང་གིས་བར་(159ན)ཞུས། ཐ་མས་མཆན་བུའི་ལོ་ཙཱ་བ་བྱེད་སྐད། དེ་ནས་རིང་ཞིག་འདས་པ་ན་མཁན་པོ་བོ་དྷི་སཏྭ་ཕོ་བྲང་རིམ་དགུའི་འོག་ཏུ་རྟས་ཕྲ་རྒྱབ་པས་བསྙུན་ཚུལ་བསྟན་ནས་ཞལ་ཆེམས་ཡེ་ཤེས་དབང་པོ་ལ་བཞག་སྟེ་སྐུ་གཤེགས། དེའི་སྤུར་ཧས་པོ་རིའི་རྒྱབ་ཏུ་བཞུགས་ནས་མཆོད་རྟེན་བཞེངས་སོ། །དེ་ནས་བཙན་པོས་ཡེ་ཤེས་དབང་པོ་ཆོས་ཀྱི་རིང་ལུགས་འཛིན་པའི་མཁན་པོར་བསྐོས་ཏེ་བླའི་གོང་དུ་བཏོན། ཇི་ཞིག་ནས་ཡེ་ཤེས་དབང་པོ་སྒོམ་པར་གསོལ་ཏེ་ལྷོ་བྲག་མཁར་ཆུ་བཙན་གྱི་བྲག་ཕུག་ཏུ་གཤེགས། ཤུལ་དུ་རྦ་དཔལ་དབྱངས་སམ་རཏྣ་ཆོས་ཀྱི་རིང་ལུགས་པར་བསྐོས། དུས་དེ་ཙམ་ན་རྒྱ་ནག་གི་ཧ་ཤང་མ་ཧཱ་ཡ་ན་བྱ་བ་ཞིག་བྲག་དམར་དུ་འོངས་ཏེ། ལུས་ངག་གི་དགེ་བ་བྱས་པས་འཚང་མི་རྒྱ། ཅི་ཡང་ཡིད་ལ་མི་བྱེད་པས་འཚང་རྒྱ་ཟེར་ནས་སྒོམ་བསླབས་པས་བོད་ཀྱི་བནྡྷེ་མང་པོ་ཞིག་ཁོའི་རྗེས་སུ་ཞུགས་ནས། སློབ་གཉེར་དང་ལུས་ངག་གི་དགེ་བ་རྒྱུན་ཆད། རྦ་རཏྣ་དང་བེེ་རོ་ཙ་ན་སོགས་ཉུང་ཤས་ཤིག་གིས་བོ་དྷི་སཏྭའི་ཆོས་སློབ་བོ། །དེར་ལྟ་བ་མ་མཐུན་ནས་རྩོད་དེ་འཁྲུགས་པས། བཙན་པོས་ཇི་ལྟར་མཛད་ཀྱང་མ་མཁྱེན་ཏེ། ལྷོ་བྲག་མཁར་ཆུ་ནས་ཡེ་ཤེས་དབང་པོ་འབོད་དུ་བཏང་བས་(159བ)ལན་དང་པོ་གཉིས་ལ་མ་ཁུག །མཐར་ནན་གྱིས་བསྒོས་ཏེ་ཕོ་བྲང་དུ་སླེབས་པར། རྒྱལ་པོས་སྔར་གྱི་བྱུང་ཚུལ་གསུངས་ནས་ད་ཇི་ལྟར་བྱ་ཞེས་གསུངས་པས། ཡེ་ཤེས་དབང་པོ་ན་རེ། དེ་ལ་བདག་འདིར་འགུག་མི་འཚལ། བདག་འདིར་མ་མཆིས་ཏེ་སྒོམ་པའི་བར་ཆད་མ་བྱུང་ན་བཙན་པོའི་སྐུ་ཚེ་དང་བདག་གི་ཚེ་ཡང་ཡུན་རིང་དུ་གནས། ལྷ་ཆོས་ཀྱང་བྱམས་པ་འབྱོན་གྱི་བར་དུ་གནས་པར་འགྱུར་བ་ཡིན་ནའང་བོད་སྐལ་བ་མ་མཆིས་པས་ལན། མཁན་པོ་འདའ་ཁར་འདི་སྐད་གསུངས་ཏེ། སངས་རྒྱས་ཀྱི་བསྟན་པ་གང་དུ་བྱུང་སར་མུ་སྟེགས་ཀྱི་རྒོལ་བ་རེ་འགྲན་ཟླར་འོང་བ་ཡིན་ན་ཡང་། བོད་ཡུལ་དུ་བསྟན་པ་ལྔ་བརྒྱའི་ཐ་མ་ལ་བྱུང་སྟེ་ཅུང་ཟད་རྒྱས་པར་གྱུར་པ་ལ་མུ་སྟེགས་དངོས་ཀྱི་རྒོལ་བ་ནི་མི་འབྱུང་མོད། སངས་རྒྱས་པ་ཉིད་ལྟ་བ་མ་མཐུན་ཏེ་རྩོད་པར་འགྱུར། དེ་ལྟ་བུ་བྱུང་ན་ངའི་སློབ་མ་ཀ་མ་ལ་ཤཱི་ལ་བྱ་བ་ཞིག་བལ་ཡུལ་ན་ཡོད་པ་དེ་སྤྱན་དྲོངས། དེ་དང་ཤེས་པ་འགྱེད་དུ་ཆུག་ལ་རྒྱལ་པོས་བསྡུམས་པར་གྱིས་ཤིག །རྩོད་པ་ཆོས་ཕྱོགས་སུ་འདུམ་པར་འགྱུར་རོ། །ཞེས་གསུང་གིས། ད་ཡང་དེ་ལྟར་མཛད་དུ་གསོལ་ཞེས་ཞུས་པ་དང་། རྒྱལ་པོས་དེ་མ་ཐག་ཀ་མ་ལ་ཤཱི་ལ་གདན་འདྲེན་པའི་ཕོ་ཉ་བཏང་། མི་རིང་བར་(160ན)གདན་དྲོངས་ཏེ་བྲག་དམར་དུ་ཕེབས་པ་ན། རྗེ་བློན་རྣམས་ཀྱིས་མདུན་བསུས། དེ་ནས་བྱང་ཆུབ་གླིང་དུ་སེང་གེའི་ཁྲི་བཅས་ཏེ་བཙན་པོ་དགུང་ལ་བཞུགས། ཧ་ཅང་གཡས་སུ་སེང་གེའི་ཁྲི་ལ་བཞག །མཇུག་ལ་སྟོན་མིན་གྱི་སློབ་མ་རྣམས་གྲལ་ལ་བསྒྲིགས་ཏེ་ཇོ་མོ་བྱང་ཆུབ་རྗེ་དང་སྲུ་ཡང་དག་དང་བནྡྷེ་ནམ་མཁའ་ལ་སོགས་པ་མང་བས་གྲལ་རིང་པོ་བྱུང་། ཀ་མ་ལ་ཤཱི་ལ་གཡོན་དུ་སེང་གེའི་ཁྲི་ལ་བཞག །རྗེས་ལ་བརྩེ་མིན་གྱི་སློབ་མ་ཡེ་ཤེས་དབང་པོ་དང་། རྦ་དཔལ་དབྱངས་དང་། བེེ་རོ་ཙ་ན་ལ་སོགས་པ་དགེ་སློང་ཉུང་ཤས་ཞིག་ལས་མ་བྱུང་། དེ་ནས་བཙན་པོས་མཁན་པོ་གཉིས་དང་སྟོན་བརྩེན་གྱི་བནྡྷེ་ཀུན་ལ་མེ་ཏོག་དཀར་པོའི་ཕྲེང་བ་རེ་རེ་ཕྱག་ཏུ་ཕུལ་ནས་བཀའ་བསྩལ་པ། ངའི་མངའ་རིས་ཀྱི་འབངས་བོད་ནག་པོ་ལ་ཞེན་པ་རྣམས་ཀྱི་དོན་དུ་རྒྱ་གར་ནས་བོ་དྷི་སཏྭ་སྤྱན་དྲངས་ཏེ་བོད་མི་ཉུང་ཤས་ཤིག་ཆོས་ལ་བཀོད། དད་པ་ཅན་རབ་ཏུ་བྱུང་། ལྷ་ཁང་བཞེངས་ཏེ་དཀོན་མཆོག་གསུམ་གྱི་རྟེན་བཙུགས་ནས་འབངས་ཀུན་ལ་ལྷ་ཆོས་སློབ་ཏུ་བཅུག་པ་ལས། དད་པ་ཅན་ཉུང་ཤས་ཤིག་རབ་ཏུ་བྱུང་བའི་འོག་ཏུ། ཧ་ཤང་མ་ཧཱ་ཡ་ན་འདིར་སླེབས་ནས། བོད་ཀྱི་བནྡྷེ་ཕལ་ཆེ་བ་ཞིག་ཧ་ཤང་ལ་(160བ)སློབ། ཁ་ཅིག་ནི་བོ་དྷི་སཏྭའི་སློབ་མ་ཡིན་པས་ཧ་ཤང་གི་ལྟ་བ་སློབ་ཏུ་མ་བཏུབ་སྟེ་སྟོན་བརྩེན་གཉིས་སུ་ཆད། དེ་གཉིས་མ་མཐུན་བར་འཁྲུགས་པ་ལ། ངའི་ཞལ་ལྕེས་ཧ་ཤང་གི་སློབ་མ་རྣམས་མ་རངས་ཏེ། ཉང་ཤ་མིས་རང་གི་ཤ་གཏུབ་ནས་ཤི །ཧ་ཤང་མེ་མགོས་རང་གི་མགོ་ལ་མེ་བཏང་ནས་ཤི །རྔོག་རིན་པོ་ཆེ་དང་སྙགས་བྱེ་མ་ལས་རང་གི་ཕོ་མཚན་བརྡུངས་ནས་ཤི །གཞན་རྣམས་ཀྱང་ཆུ་གྲི་རེ་བསྲེལ་ཞིང་བརྩེན་མིན་པ་གང་ཡོད་བསད་ལ། བདག་ཅག་ཀྱང་གཡུལ་ངོ་ལ་འཆི་ཟེར་ཏེ། ངས་དེ་ལྟར་བྱེད་དུ་མ་བཅུག་པར་བཀག་པ་ཡིན། བརྩེན་མིན་པའི་མཁན་པོ་བོ་དྷི་སཏྭ་ཡིན། དེའི་སློབ་མ་ཀ་མ་ལ་ཤཱི་ལ་ཡིན་པས། ཁྱོད་འདིར་བྱོན་པ་དང་། ཧ་ཤང་གཉིས་ཁ་བསྡུར་ལ་གཏན་ཚིགས་གང་བཟང་བ་ལ། སུ་གཏན་ཚིགས་ངན་པ་དེས་ང་རྒྱལ་མ་བྱེད་པར་ཆོས་བཞིན་དུ་མེ་ཏོག་གི་ཕྲེང་བ་ཕུལ་ཞིག་ཅེས་བཀའ་བསྩལ་བ་དང་། ཧ་ཤང་ན་རེ། ང་གཞི་ལ་སྔ་བས་ངས་འདྲིའམ་ལན་གདབ་ཟེར། ཀ་མ་ལ་ཤཱི་ལའི་ཞལ་ནས་ཁྱོད་ཀྱིས་དགོངས་པའི་ལྟ་བ་ལ་ཤགས་ཐོབ་ཅིག་གསུངས་པ་ན། ཧ་ཤང་ན་རེ། ཐམས་ཅད་སེམས་ཀྱི་རྣམ་པར་རྟོག་པས་བསྐྱེད་པའི་ལས་དགེ་མི་དགེས་མཐོ་རིས་དང་ངན་སོང་གི་འབྲས་བུ་མྱོང་(161ན)བཞིན་འཁོར་བ་ན་འཁོར་རོ། །གང་ཞིག་ཅི་ལ་ཡང་མི་སེམས་ཤིང་ཡིད་ལ་མི་བྱེད་པ་དེ་འཁོར་བ་ལས་ཡོངས་སུ་ཐར་བར་འགྱུར་རོ། །དེ་ལྟ་བས་ན་ཅི་ཡང་མི་བསམ་མོ་ཞེས་སོགས་སྨྲས་པ་དང་། ཨ་ཙརྱ་ཀ་མ་ལ་ཤཱི་ལས་གསུངས་པ། དེ་ལྟར་ཅི་ཡང་མི་བསམ་ཟེར་བ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་སྤངས་པ་ཡིན། ཆོས་ཐམས་ཅད་ཀྱི་རང་བཞིན་ཆོས་དབྱིངས་རྣམ་པར་མི་རྟོག་པ་དེ་ནི་སོ་སོར་རྟོག་པའི་ཤེས་རབ་ཀྱིས་རྟོགས་དགོས་པ་ཡིན། ཡང་དག་པའི་ཡེ་ཤེས་ཀྱི་རྩ་བ་ནི་སོ་སོར་རྟོག་པའི་ཤེས་རབ་ཡིན་ན། དེ་སྤངས་པས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་སམ་ཤེས་རབ་ཀྱང་སྤང་བར་འགྱུར་ཏེ། སོ་སོར་རྟོག་པའི་ཤེས་རབ་མེད་པར་རྣལ་འབྱོར་པའི་ཐབས་གང་གིས་རྣམ་པར་མི་རྟོག་པ་ལ་གནས་པར་འགྱུར། གལ་ཏེ་ཆོས་ཐམས་ཅད་དྲན་པ་མེད་ཅིང་ཡིད་ལ་བྱར་མེད་པ་ཡིན་ན་ཉམས་སུ་མྱོང་བ་རྣམས་མི་དྲན་ཞིང་ཡིད་ལ་མི་བྱ་བར་མི་ནུས་སོ། །གལ་ཏེ་བདག་གིས་ཆོས་གང་ཡང་དྲན་པར་མི་བྱ་ཡིད་ལ་མི་བྱའོ་སྙམ་ན་ནི་དེ་ཉིད་དྲན་པ་ཤིན་ཏུ་ཡིད་ལ་བྱས་པར་འགྱུར་རོ། །དྲན་པ་དང་ཡིད་ལ་བྱ་བ་མེད་པ་ཙམ་ལ་བྱེད་ན་མེད་པ་ནི་རྒྱུར་མི་རུང་སྟེ། དྲན་པ་མེད་པ་ཙམ་གྱིས་(161བ)རྣམ་པར་མི་རྟོག་པར་འགྱུར་ན་བརྒྱལ་བ་དང་། ར་རོ་བ་དང་། འབོག་པའི་དུས་སུ་ཡང་དྲན་པ་མེད་པས་རྣམ་པར་གྲོལ་བར་འགྱུར་རོ་ཞེས་སོགས་གསུངས་པས། ཧ་ཤང་གིས་ལན་མ་བྱུང་། ཡང་བཙན་པོའི་ཞལ་ནས། སྟོན་བརྩེན་ཤགས་གང་རྒྱལ་བའི་འཁོར་ཀུན་ཡང་མཆིད་ཤགས་ཐོབ་ཅིག །ཅེས་གསུངས་པས། དཔལ་དབྱངས་དང། ཡེ་ཤེས་དབང་པོས་ཀྱང་མཆིད་ཤགས་བཏབ་པས། སྟོན་མིན་པས་ཤགས་ལན་སྨྲ་བར་མ་སྤོབས་ཏེ་མེ་ཏོག་གཏད་ནས་ཕམ་པར་ཁས་བླངས་སོ། །དེའི་ཚེ་གཟིམ་མལ་བཅོ་རྨ་རྨས་རང་གིས་དབང་པོ་བརྡུངས་ནས་ལྕེབས་སོ། །དེ་ནས་བཙན་པོའི་ཞལ་ནས། ཧ་ཤང་གིས་ཆོས་སྟོན་མིན་པ་ཅིག་ཅར་དུ་འཇུག་ཟེར་ན་ནི་ཆོས་སྤྱོད་རྣམ་པ་བཅུ་ལ་སྐྱོན་བཀལ་ཏེ་མི་བགྱིད། གཞན་ཁྱོད་ཀྱི་འཁོར་རྣམས་དང་བོད་རྣམས་ད་སླན་ཆད་ལྟ་བ་ནཱ་ག་རྫུ་ནའི་ལུགས་ཟུངས། སྤྱོད་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ལ་གྱིས་ལ་ཆོས་སྤྱོད་རྣམ་པ་བཅུ་ཉམས་སུ་ལོང་། སྒོམ་པ་ཤེས་རབ་རྣམ་པ་གསུམ་ལ་བློ་སྦྱོངས་ལ་ཐབས་དང་ཤེས་རབ་ཟུང་དུ་འཇུག་པའི་ཞི་གནས་དང་ལྷག་མཐོང་སྒོམས་ཤིག །ད་སླན་ཆད་འོ་སྐོལ་བོད་རྗེ་བློན་འབངས་བཅས་ཆོས་བྱ་བ་རྣམས་ཀྱིས་ཀྱང་དེ་ལྟར་བྱ་སྟེ། སྤྱིར་བོད་(162ན)མཐའ་འཁོབ་ཏུ་གྱུར་པ་དང་། རིག་པ་བླུན་ཞིང་རང་ག་བ་མང་ལ། ཆོས་འདི་རྟོགས་པར་དཀའ་ཞིང་ཟབ་པས། རྒྱ་གར་གྱི་མཁས་པ་རབ་ཏུ་གྱུར་པར་གྲགས་པ་རྒྱལ་པོས་སྤྱན་དྲངས་ཏེ་ཡོན་བདག་བྱས། ལོ་ཙཱ་བ་མཁས་པས་གཏན་ལ་ཕབ་པའི་ཆོས་དེ་ལ་འཇུག་པར་བྱའོ། །རྒྱལ་པོས་ཡོན་བདག་མ་བྱས། ལོ་ཙཱ་བ་མཁས་པས་གཏན་ལ་མ་ཕབ་པའི་ཆོས་ལ་འཇུག་པར་མི་བྱའོ། །ཞེས་བཀའ་ནན་དྲག་ཏུ་བསྩལ་ནས་བཀའ་གཙིགས་ཀྱི་ཡི་གེ་ཞིབ་མོ་གསུམ་དུ་བྲིས་ཏེ་རྗེའི་དཀོར་མཛོད་དུ་བཞག་ཅིང་། ཆེ་ལོང་ཞིག་ནི་ཞང་བློན་རྣམས་ལ་དར་བར་མཛད་དོ། །དེ་ནས་ཧ་ཤང་མ་ཧཱ་ཡ་ན་སླར་རྒྱ་ནག་ཏུ་བརྫངས། བཙན་པོའི་ཐུགས་དགོངས་གྲུབ་ནས་འབངས་ཐམས་ཅད་ཆོས་ལ་བཙུད་ཅིང་ལྷ་ཆོས་མི་བགྱིད་དུ་མི་རུང་བའི་ཕྱིར་དབུས་མཐའ་ཐམས་ཅད་དུ་སློབ་དཔོན་བསྐོས། ཞང་བློན་གྱི་བུ་ཚ་དང་བཙུན་མོ་ཐམས་ཅད་ཀྱང་ཀ་ཝ་ལི་རེ་རེ་ཐོགས་ནས་ཆོས་སློབ་ཏུ་བཅུག་གོ །དེར་སློབ་དཔོན་ཀ་མ་ལ་ཤཱི་ལར། བཙན་པོས་ཆོས་ཐམས་ཅད་ཐོས་བསམ་སྒོམ་གསུམ་གྱིས་བདག་མེད་པར་གཏན་ལ་ཕབ་པའི་ཆོས་དེ་ཇི་ལྟར་ལགས་པ་ཡི་གེར་འགོད་པར་ཞུས་པས། སྒོམ་རིམ་དང་པོ་བརྩམས་ནས་གནང་། (162བ)རྗེས་གཟིགས་པས་དོན་དགོངས་ཏེ། ད་དེའི་དོན་སྟན་ཐོག་གཅིག་ཏུ་བསྒོམས་ན་ཇི་ལྟར་སྒོམ་ཞུས་པས། སྒོམ་རིམ་བར་བ་བརྩམས་ནས་གནང་། དེ་ལ་འབྲས་བུ་ཇི་ལྟར་མཆིས་ཞུས་པས། སྒོམ་རིམ་ཐ་མ་འབྲས་བུ་བསྟན་པ་བརྩམས་ནས་གནང་། འབྲས་བུ་བསྟན་པའི་ཞར་ལ་ཧ་ཤང་གི་ལྟ་བ་ནོར་བ་དེ་སུན་ཕྱུངས་ནས་གནང་། དེ་ལ་བཙན་པོ་ཤིན་ཏུ་དགྱེས་པས། དེའི་དོན་འགྲེལ་དུ་བོ་དྷི་སཏྭའི་དགོངས་པ་ལ་རྒོལ་བ་འབྱུང་གིས་དོགས་པའི་དོན་དུ་ལུང་དང་རིགས་པ་འབྲེལ་བར་དབུ་མ་སྣང་བ་བརྩམས་ནས་བཙན་པོ་ལ་གནང་ངོ་། །དེ་ནས་མི་རིང་བར་ཧ་ཤང་གིས་མངགས་པའི་རྒྱའི་བཤན་པ་མི་བཞིས་ཀ་མ་ལ་ཤཱི་ལ་ནུབ་མོ་སྒྲ་བསྒྱུར་གྱི་ཁང་པར་གཟིམས་མལ་དུ་མཁལ་མ་མཉེས་ནས་བཀྲོངས་སོ། །དེར་བཙན་པོའི་ཞལ་ནས། བར་དུ་མི་ཀུན་སྟོན་མིན་གྱི་ཚིག་ཉན་ཏེ་ཆོས་སློབ་པ་དང་དྷརྨའི་དཔེ་ལེན་དུ་ཡང་མ་བཏུབ། རྒྱ་གར་གྱི་ཆོས་དཔེ་ཡིད་ལ་མ་བཅགས་པ་ཙམ་དུ་བླངས་ཏེ་བསྒྱུར་ཟིན་ཡང་། ཤྲཱི་ན་ལེནྡྲར་རྒྱ་གར་གྱི་དྷརྨ་མེས་ཚིག་སྟེ་མ་ཚང་བ་རྒྱ་ནག་གི་ཡུལ་དུ་ཆོས་བྱུང་ནས་ལོ་སྟོང་དང་ཉིས་བརྒྱ་ལོན་ཏེ་གསུང་རབ་ཀྱི་དཔེ་ཚང་བར་བཞུགས་པ་ཐོས་པས་རྒྱའི་ཆོས་རྣམས་མ་བསྒྱུར་བ་ཡིད་ལ་བཅགས་གསུངས། (163ན)གཞན་ཡང་གཙུག་ལག་ཁང་བརྒྱ་རྩ་བརྒྱད་བཞེངས་པའི་ཐུགས་དམ་བཅས་ཏེ་བཞེངས་པ་ལས། སྟོན་བརྩེན་མ་མཐུན་པའི་སྐབས་སུ་ཅུང་ཟད་ཆག་ཀྱང་ཕྱིས་མཐར་ཕྱིན་པར་བཞེངས། ཆོས་འཁོར་གྱི་རྐྱེན་བླ་ནས་གནང་སྟེ། བཅོམ་ལྡན་འདས་ཀྱི་རིང་ལུགས་སམ། སྒྲུབ་གྲྭའི་སྒོམ་ཆེན། ཆོས་གྲྭའི་སློབ་དཔོན། མཚམས་ཀྱི་བནྡྷེ། སློབ་གཉེར་བ་དང་བཅས་པར་འཚོ་གོས་བཞོན་པ་སོགས་ཆ་བྱད་ཀྱིས་མི་ཕོངས་པ་དང་། དཀོན་མཆོག་གི་རྟེན་ཡུན་རིང་དུ་གནས་པའི་ཆེད་དུ་དཀོན་མཆོག་གི་རྟེན་ལ་འབངས་མི་ཁྱིམ་བརྒྱད་རེ། དགེ་འདུན་རེ་རེ་ལའང་འབངས་མི་ཁྱིམ་གསུམ་གསུམ་དུ་བཅད། འབངས་ལྷ་རིས་ལ་བླ་ནས་དབང་མི་བྱ་བར་ཆད་དེ་དབང་དགེ་འདུན་ལ་བསྐུར་ཞིང་། ལྷ་ཆོས་ཤིན་ཏུ་དར་བར་མཛད་པས། རྗེ་བཙན་པོ་འདིའི་ཕྱག་རིས་དང་བཀའ་དྲིནལ་སུས་ཀྱང་འགྲན་ཟླ་མེད་དོ། །དེ་ནས་མི་རིང་བར་ཡེ་ཤེས་དབང་པོ་འཕགས་པ་ལ་ཐེ་ཚོམ་ཞུ་ཞིང་ཡོད་པའི་དྲུང་དུ་བཙན་པོ་བྱོན་ནས་འབྲས་ཐུག་དྲངས་པ་གསོལ་ཏེ། རྗེ་ལྷ་གཅིག་གི་ཕམ་ཕབ་འདི་འཚལ་ནས་དེང་སླན་ཆད་ཕམ་ཕབ་ཀྱི་ཟས་སྤངས་ལ་ཏིང་ངེ་འཛིན་གྱི་ཟས་སུ་བརྗེའོ་ཞེས་གསུངས་ནས་སྐུ་འདས་(163བ)སོ། །དེ་དུས་ངོ་མཚར་བའི་ལྟས་མང་པོ་བྱུང་། དེའི་རིང་བསྲེལ་སྙིང་པོར་བཞུགས་པའི་མཆོད་རྟེན་བརྒྱ་རྩ་ཡང་བཞེངས་པར་མཛད་དོ། ། ༈ །རྗེ་ཁྲི་སྲོང་ལྡེའུ་བཙན་ལ་སྲས་གསུམ་ལས། ཡབ་ཀྱི་དགུང་ལོ་ཉེར་གཅིག་པ་ལྕགས་ཕོ་སྟག་གི་ལོར་བཙུན་མོ་ཚེ་སྤོང་བཟའ་མེ་ཏོག་སྒྲོན་ལ་ལྷ་སྲས་ཆེ་བ་མུ་ནེ་བཙན་པོ་འཁྲུངས། དེ་རྗེས་ཡབ་ཀྱི་དགུང་ལོ་ཉེར་གཉིས་པ་ལྕགས་མོ་ཡོས་ཀྱི་ལོར་ལྷ་སྲས་འབྲིང་པོ་མུ་རུབ་བཙན་པོའམ་དམ་འཛིན་ཡེ་ཤེས་རོལ་པ་རྩལ་འཁྲུངས། དེའི་རྗེས་སུ་ལྷ་ལྕམ་ནུས་འབྱིན་ས་ལེ་སྟེ་སྐུ་མཆེད་གསུམ་འཁྲུངས། ཡབ་ཀྱི་དགུང་ལོ་ང་དགུ་པས་ཕོ་འབྲུག་གི་ལོར་བཙུན་མོ་འབྲོ་བཟའ་ཁྲི་རྒྱལ་མོ་བཙུན་བྱང་ཆུབ་སྒྲོན་ལ་ཕྱིས་སུ་ལྷ་སྲས་གཞོན་པ་མུ་ཏིག་བཙན་པོའམ་མུ་ཁྲི་བཙན་པོ་སད་ན་ལེགས་མཇིང་གཡོན་དུ་གྲགས་པ་དང་། དེའི་གོང་གི་ཡབ་ཀྱི་ང་ལྔ་པ་ཤིང་བྱི་ལོར་ལྷ་ལྕམ་པདྨ་གསལ་ཏེ་ལྕམ་སྲིང་གཉིས་འཁྲུངས་སོ། །དེ་ལྟར་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་གངས་ཅན་བོད་དུ་སངས་རྒྱས་ཀྱི་བསྟན་པ་གཞིར་བཞེངས་སུ་བཙུགས་ཏེ་ཆོས་དང་སྲིད་ཀྱི་མཛད་པ་བླ་ནས་བླར་འདེགས་པར་མཛད་ནས། ད་ཨ་ཙ་རའི་གསུངས་དང་སྦྱར་ན་ཁོ་(164ན)བོའི་ཚེ་ཚད་ཀྱང་རིང་པོར་མི་ཐུབ་ཅེས་གསུངས་ནས། ལྷ་སྲས་ཀྱི་ཐུ་བོ་མུ་ནེ་བཙན་པོ་ལ་རྒྱལ་སྲིད་གཏད་པར་མཛད་དེ། རྗེ་རང་ཉིད་དགུང་གྲངས་རེ་བདུན་པ་མེ་ཕོ་བྱི་བའི་ལོར་དབེན་པ་ལ་ཐུགས་གཞོལ་བས་ཟུར་མཁར་སྨྱུག་མའི་ཚལ་དུ་སྒོམ་པར་གཤེགས་སོ། །དེ་ནས་མཐར་དགུང་གྲངས་དྲུག་ཅུ་རེ་དགུའི་ཐོག་ཏུ་སོན་པས་ཕོ་སྟག །སྤྱི་ལོ༨༥༨པར་གཟུགས་སྐུའི་བཀོད་པ་འཕགས་པ་འཇམ་དཔལ་དབྱངས་ཀྱི་ཐུགས་ཀར་བསྡུས་སོ། །དེ་ཡང་ལ་ལའི་མཐོང་སྣང་དུ་ཆོས་རྒྱལ་འདི་ཉིད་ཚད་པའི་བསྙུན་གྱིས་འདས་པ་དང་། ལ་ལས་ལོ་གསར་སྐབས་མཚན་མོ་རྟ་རྒྱུག་མཛད་དུས་ཆིབས་བརྡབ་ཤོར་ནས་འདས་པ་དང་། འགའ་ཞིག་གི་སྣང་བ་ལ་མཚན་མོ་མདའ་འཁྱར་ཕོག་ནས་འདས་པ་སོགས་དག་མ་དག་གི་མཐོང་སྣང་སྣ་ཚོགས་པ་བྱུང་སྣང་ངོ་། །དེའི་བང་སོ་མུ་ར་རི་ལ་བརྩིགས་ཏེ་དཀོར་ནོར་རིན་པོ་ཆེ་སྣ་ཚོགས་པས་བཀང་ནས་རྩ་བར་རྡོ་རིང་བཙུགས་པ་ལ་ཡི་གེ་བརྐོས་པར་བྱས་སོ། །འདི་ཡང་རྒྱལ་པོ་བཞུགས་དུས་ཉིད་ནས་བོད་བློན་རྣམས་ཀྱི་སེམས་བསྲུང་བའི་ཕྱིར་བརྩིགས་པར་ཡང་བཤད། དེ་ལྟར་ཡབ་ཀྱིས་རྒྱལ་སྲིད་སྤངས་ནས་ཟུང་མཁར་སྨྱུག་མའི་ཚལ་གྱི་ཕོ་(164བ)བྲང་དུ་སྒོམ་པར་གཤེགས་ཁར། སྲས་ཆེ་བ་མུ་ནེ་བཙན་པོ་དགུང་ལོ་བཞི་བཅུ་ཞེ་བདུན་པའི་ཐོག་ཏུ་སོན་པ་བོད་མེ་བྱི། སྤྱི་ལོ༨༥༦པར་རྒྱལ་སར་བཀོད། ཡབ་ཀྱི་བཙུན་མོ་ཕོ་ཡོང་བཟའ་ཉིད་ཡུམ་གྱི་སྐྱེ་བ་ཡིན་པ་ལ་ཐུགས་བརྩེ་དྲག་པས་སྲས་ལ་གཏད་གཉེར་མཛད་པ་བཞིན། བཙན་པོ་མུ་ནེས་ཕོ་ཡོང་བཟའ་རྒྱལ་མོ་བཙུན་ཁབ་ཏུ་བཞེས། རྒྱལ་པོ་འདིས་བསམ་ཡས་སུ་དྲིལ་ཕྲེང་བ་དན་དང་། འཕན་ཆེན་པོ་མང་པོ་འཕྱར། ལྷ་ས་དང་ཁྲ་འབྲུག་ཏུ་འདུལ་བ་དང་མངོན་པའི་མཆོད་པ། བསམ་ཡས་སུ་མདོ་སྡེ་དང་མངོན་པར་བྱང་ཆུབ་པའི་མཆོད་པ་སྟེ་མཆོད་ཆེན་བཞི་བཙུགས། མཆོད་པའི་རྒྱུར་འབངས་རྣམས་ཀྱིས་ཡོ་བྱད་ཕུལ་ཞིག་གསུངས་པས། ལ་ལས་གསེར་གཡུ་དང་ཟབ་ཆེན་སོགས་ཕུལ། དབུལ་པོ་རྣམས་ཀྱིས་གོས་ཧྲུལ་སོགས་ཕུལ་བས། ངའི་འབངས་རྣམས་དད་པའི་ཁྱད་འདི་ལྟ་བུ་འོང་བ་ཅི་ཡིན་གསུངས་པས། བློན་པོ་རྣམས་ཀྱིས་འབྱོར་པ་ཆེ་ཆུང་གི་ཁྱད་པར་ཡིན་ཞུས་པས། ངའི་འབངས་རྣམས་དབུལ་ཕྱུག་མི་མཉམ་པ་མི་འོས་གསུངས་ནས་དབུལ་ཕྱུག་སྙོམས། ཡང་དེ་མ་ཁད་སྔར་ལྟར་དབུལ་ཕྱུག་ཁྱད་ཞུགས་པས་དེ་ལྟར་ལན་གཉིས་སུ་དབུལ་ཕྱུག་སྙོམས་པར་མཛད། ཡང་དེ་(165ན)མ་ཐག་ཕྱུག་དབུལ་གྱི་ཁྱད་སྔར་ལྟར་ཞུགས་པས། འདི་ལྟ་བུ་འོང་བ་ཅི་ཡིན་གསུངས་པས། མཆོད་གནས་ལོ་པཎ་རྣམས་ཀྱིས་སྔར་གྱི་སྦྱིན་ཤུགས་ཡོད་མེད་ཀྱི་ཁྱད་ཡིན་ཞེས་རྒྱུ་འབྲས་སྙན་དུ་གསོལ་བས། ཤིན་ཏུ་ཐུགས་ཆེས་ཏེ་དཀོན་མཆོག་ལ་མཆོད་པ་རྒྱ་ཆེར་མཛད་དོ། །ཇི་ཞིག་ན་ཡབ་ཀྱི་བཙུན་མོ་ཕོ་ཡོང་བཟའ་ཁབ་ཏུ་བཞེས་ནས་བྱམས་པར་མཛད་པ་ལ། ཚེ་སྤོང་བཟའ་ཕྲག་དོག་སྐྱེས་ཏེ་སྔར་ནས་མ་རངས་པའི་རྒྱུ་དང་དབུལ་ཕྱུག་བསྙོམས་པ་བློན་པོ་ཁ་ཤས་ཀྱི་ཡིད་ལ་མ་འཐད་པའི་ཉེར་ལེན་གྱིས་དབྱེན་སྦྱོར་བྱས་པ་ལ་བརྟེན་ནས་སྐབས་དེར་ཕོ་ཡོང་བཟའ་ལ་གཤེད་མ་བསྐོས་ཏེ་གསོད་དུ་བཏང་བ་ན། སྲས་རྒྱལ་པོ་མུ་ནེས་བསྐྱབ་པས། ཚེ་སྤོང་བཟའ་ཁོང་ཁྲོ་ཆེན་པོ་བཟོད་མི་ཐུབ་པ་སྐྱེས་ཏེ་རང་གི་སྲས་རྒྱལ་པོ་མུ་ནེ་བཙན་པོ་ལ་དུག་ཅན་གྱི་ཟས་དྲངས་པས་དགུང་ལོ་ཞེ་བརྒྱད་པ་མེ་གླང་། སྤྱི་ལོ༨༥༧པར་ཕོ་བྲང་ཡུམ་བུར་སྐུ་གཤེགས་ཏེ་ཆབ་སྲིད་ལོ་གཅིག་དང་ཟླ་བ་དགུ་ལས་བསྐྱངས་མ་ཐུབ། དེའི་བང་སོ་མེས་ཨག་ཚོམ་གྱི་བང་སོའི་གཡས་ངོས་ཀྱི་མདུན་དུ་བརྩིགས་སོ། །དེ་ནས་ལྷ་སྲས་ཆུང་བ་མུ་ཁྲི་བཙན་པོ་སྔར་དགུང་ལོ་བཞི་པའི་སྐབས་ཉམས་སད་པའི་ཕྱིར་ཁྲིར་བཀོད་ནས་ཡབ་ཀྱི་ནོར་(165བ)བུའི་ཅོད་པན་བཅིངས་པས་བཀྲ་ཤིས་པའི་ལྟས་མང་དུ་བྱུང་ཞིང་དབུ་རྒྱན་ནོར་བུའི་ལྗིད་ཀྱིས་དབུ་ཅུང་ཟད་ཡོ་བས་སད་ན་ལེགས་མཇིང་ཡོན་དུ་གྲགས་པ་ཉིད་དགུང་ལོ་བཅུ་པའི་ཐོག་ཏུ་སོན་པ་གོང་གི་མེ་གླང་ལོར་གཅེན་གཤེགས་མ་ཐག་པའི་རྗེས་ཐོག་དེར་རྒྱལ་སར་བཀོད། ཡབ་མེས་ཀྱི་གཙུག་ལག་ཁང་རྣམས་ལ་མཆོད་པ། ཤུལ་ན་བཞུགས་པའི་ལོ་པཎ་རྣམས་ལ་ཕུལ་དུ་བྱུང་བའི་བསྙེན་བཀུར་དང་བཅས་ཏེ། སྔར་མ་འགྱུར་པའི་གསུང་རབ་འགའ་ཞིག་ཀྱང་བསྒྱུར། བོད་ཀྱི་རྒྱལ་པོ་ལ་ང་ཆེ་བས་ལྷ་ཁང་ཉི་མ་ཙམ་ཞིག་བརྩིག་གོ་གསུངས་པས། སློབ་དཔོན་མཛད་མཁན་གྱིས་ཉི་མའི་རྒྱར་དཔག་ཚད་ལྔ་བཅུ་རྩ་གཅིག་ཡོད་པས་བོད་འདིར་མི་ཤོང་ཞེས་ཞུས་པས། ཟླ་བ་ཙམ་ཞིག་བརྩིག་གསུངས་པར་དེ་ཡང་སྔར་དང་ཕལ་ཆེར་འདྲ་ཚུལ་ཞུས་པས། འོ་ན་སྐར་མ་ཙམ་ཞིག་བརྩིག་གསུངས་པར་རྒྱང་གྲགས་བཅོ་བརྒྱད་ཡོད་ཚུལ་ཞུས་པ་བཞིན་བྱང་འབྲོག་གི་ཐང་ཡངས་པ་ཞིག་ཏུ་བརྩིག་པར་བཀའ་གནང་བས། བློན་པོ་ཀུན་གྱིས་བྱང་ཐང་དུ་བརྩིགས་ན་ལྷ་ཁང་སྟོང་པར་ལུས་འགྲོ་ཚུལ་ཞུས་པ་དང་། སླར་རྗེ་འབངས་ཀུན་གྲོས་མཐུན་པར། རྒྱལ་སྡེ་སྐར་ཆུང་རྡོ་རྗེ་དབྱིངས་ཀྱི་ལྷ་ཁང་བཞེངས། བློན་འབངས་(166ན)ཐམས་ཅད་ལ་དམ་པའི་ཆོས་མི་གཞིག་ཅིང་དཀོན་མཆོག་གསུམ་དབང་བཙན་པར་བྱ་བའི་བཀའ་ཁྲིམས་བསྒྲགས་ཤིང་མནའ་བོར་དུ་བཅུག་པའི་བཀའ་གཙིགས་སླར་ཡང་འདི་ལྟར་བཅས་ཏེ། ༄། སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་ཤོག་བུ་ཐིང་ག་ལ་གསེར་གྱིས་བྲིས་ཏེ་ཕྲ་མྱེན་གྱི་སྒྲོམ་བུར་བསྩལ་ནས། བསམ་ཡས་ལྷུན་གྱིས་འགྲུབ་ཀྱི་གཙུག་ལག་ཁང་དུ་ཡབ་ཀྱི་ཟླ་ལ་བཞག་པ་ལས་དཔེ་བགྱིས་ཏེ་བྲིས་པ། ༄། དམ་པའི་ཆོས་ནམ་དུ་ཡང་མྱི་གཞིག་པར། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་ཐུགས་དམ་བཤེས་ཏེ། དབུ་སྙུང་བོར་ནས། ༄། གཙིགས་ཀྱི་ཡི་གེར་བྲིས་པ། གཙིགས་ཇི་ལྟར་གནང་བའི་གཏན་ཚིགས་མགོ་ནན་ལ་བྲིས་པ། བླ་ན་མེད་པའི་སངས་རྒྱས་ཀྱི་ཆོས་འདི། བཟང་ཞིང་ཆེད་ཆེ་སྟེ། མྱྀ་མཛད་མྱི་རུང་བར་ནི་དན་རྟགས་དང་གཏན་ཚིགས། ཡབ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་རིང་ལ། ཆོས་ནམ་དུ་ཡང་མྱི་གཞིག་པར་གཙིགས་མཛད་པའི་ཀླད་ནན་དང་། ཆོས་ཇི་ལྟར་བརྙེས་པའི་གཏམ་གྱི་ཡི་གེ་ལས་སྨྲོས་ཤིང་། ཆོས་ཀྱི་ཡི་གེ་ཉིད་ཞིབ་ཏུ་འབྱུང་བ་ཡིན་ནོ། །འདི་ལྟར་སངས་རྒྱས་ཀྱི་ཆོས་འདི་བཟང་ཞིང་ཆེད་ཆེ་སྟེ། མྱི་མཛད་དུ་(166བ)མྱྀ་རུང་བར། དང་པོ་མེས་སྲོང་བཙན་གྱིས་མཁྱེན་ནས། ལྷ་སའི་པེ་ཧར་བརྩིགས་པ་ཚུན་ཆད། ཡབ་ཁྲི་སྲོང་ལྡེ་བཙན་གྱིས། ཆོས་རྒྱ་ཆེར་ཐུགས་སུ་ཆུད་ནས། བསམ་ཡས་ལྷུན་གྱིས་གྲུབ་པ་ལསྩོགས་ཏེ། བོད་ཁམས་སུ་གཙུག་ལག་ཁང་མང་པོ་བརྩིགས་པ་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་ངའི་ཞལ་སྔ་ནས། ཆོས་ཐུགས་སུ་ཆུད་དེ་མཛད་པ་ཕན་ཆད། གདུང་རབས་བདུན་གྱི་བར་དུ་མཛད་ཀྱིས་ཀྱང་། མྱྀ་དགེ་བ་དང་མ་ལེགས་པ་མྱེད་པ་ལས། ཆོས་ཁོང་དུ་མ་ཆུད་པ་ཁ་ཅིག་གིས་མེས་ཁྲི་ལྡེ་གཙུག་བཙན་གྱི་རིང་ལ། བྲག་དམར་གྱི་ཀྭ་ཆུར་གཙུག་ལག་ཁང་བརྩིགས་ནས། ཆོས་མཛད་པ་ལས། ཡབ་ཁྲི་སྲོང་ལྡེ་བཙན་སྐུ་ཆུང་བའི་ཚེ་བཤིག་སྟེ། ཕྱིན་ཆད་ཆོས་བྱེད་དུ་མྱྀ་གནང་བར། བཀའ་ཁྲིམས་སུ་ཡང་བྲིས་པ་ལས། ཡབ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ལ་དངའ་བར་གྱུར་ནས། སླར་སངས་རྒྱས་ཀྱི་ཆོས་མཛད་པས་སྨན་པར་གྱུར་ཏེ། ཆོས་ཀྱང་རྒྱ་ཆེར་མཛད་དེ། ནམ་དུ་ཡང་ཆོས་མྱྀ་གཞིག་པར། གཙིགས་ཀྱང་དམ་དུ་བྲིས་པ་ལས། ཕྱིས་ཡབ་དགུང་དུ་གཤེགས་པའི་རྗེས་ལ། ངེད་རྗེ་བློན་གྱི་སྙན་དུ་མོ་དང་རྨྱིས་ལྟས་ལས་དཀྲིས་ཏེ། ཆོས་མཛད་(167ན)པ་འདི། བཙན་པོའི། སྐུ་དང་ཆབ་སྲིད་ལའང་དངོའ་སྟེ་མ་ལེགས་ཀྱིས། བཙན་པོའི། ཕོ་བྲང་ན་དཀོན་མཆོག་གསུམ་གྱི་རྟེན་བཙུག་པ་ཡང་གུད་དུ་སྤགས་ཏེ། བསྐར་ཞིང་ཆོས་མཛད་པའི་མྱྀ་རིགས་ཅེས་གསོལད་པ་དག་ཀྱང་བྱུང་ནས། མོ་དང་རྨྱིས་ལྟས་ལྟ་བུ་བརྫུན་པ་ན། མཐའ་ཡུན་དུ་ཡང་མི་དགེ་ཞིང་། མ་ལེགས། རྗེ་བློན་སྔ་རབས་ཀྱིས་དམ་གཙིགས་བཞེས་པའི་དབུ་སྙུང་དང་ཡང་འགལ་ནས། སྔ་རབས་ཀྱི་རིང་ལ་གདུ་ཏེ། ཡབ་ཀྱི་རིང་ལ་དབུ་སྙུང་གཙིགས་མཛད་པ་རྣམས་དང་། ངའི་ཐུགས་ལ་དགོངས་ཏེ། གཙིགས་གསར་དུ་བསྣན་ནས། ཡི་གེ་འདི་ལས་བྱུང་བ་རྣམས། ནམ་ཞར་འདི་བཞིན་དུ་མྱི་མཛད་རེ་ཞེས། ངའི་ཞ་སྔ་ནས་དབུ་སྙུང་བོར་ཏེ། ཐུགས་དམ་བཞེས། ཕྱི་ནང་གི་བློན་པོ་ཆེ་ཕྲས་ཀྱང་མནའ་བོར་ཏེ་གཙིགས་ཀྱི་ཡི་གེར་བྲིས་པའོ། ། ༄། ཐུགས་དམ་དང་དབུའ་སྙུང་བཞེས་ཏེ་གཙིགས་སུ་མཛད་པས། ཆོས་མཛད་པ་འདི་གཅེས་(167བ)སྤྲས་ཅི་ལ་ཡང་སྡིག་གོ་ཞེ་ནམ། མ་ལེགས་སོ་ཞེས་མོ་དང་རྨི་ལྟས་ལས་སོགས་ཏེ་ཅིའི་ཕྱིར་ཡང་རུང་སྟེ། དཀོན་མཆོག་གསུམ་གཞིག་རེ་སྤངས་རེ། དེ་སྐད་ཅེས་ཆེ་ཆུང་དུ་གསོལ་གྱིས་ཀྱང་དེ་ལྟར་མཛད་དེ། བཙན་པོ། དབོན་སྲས་སྐུ་ཆུང་ངུར་བཞུགས་པ་ཡན་ཆད། ཆབ་སྲིད་ཀྱི་མངའ་བདག་མཛད་པ་མན་ཆད་ཀྱང་དགེ་སློང་ལས་དགེ་བའི་བཤེས་གཉེན་བསྐོས་ཏེ། ཆོས་ཐུགས་སུ་ཅི་ཆུད་ཆུད་དུ་བསླབ་ཅིང་། བོད་ཡོངས་ཀྱིས་ཀྱང་ཆོས་སློབ་ཅིང་སྤྱད་པའི་སྒོ་བཅད་དེ། ནམ་དུ་ཡང་བོད་ཡ་རབས་མནད་ཅད་བོད་འབངས་ལས་ཐར་པར་གཟུང་བའི་སྒོང་མི་བགག་པར། དད་པའི་རྣམས་ལས་ཐར་པར་བཙུད་དེ། དེའི་ནང་ནས་ནུས་པ་ལས། བཅོམ་ལྡན་འདས་ཀྱི་རིང་ལུགས་རྟག་ཏུ་བསྐོ་ཞིང་། བཅོམ་ལྡན་འདས་ཀྱི་རིང་ལུགས་བྱེད་པའི་རྣམས། ཆོས་འཁོར་ནས་བྱའོ་ཅོག་གི་བཀའ་ལ་ཡང་གཏོགས་ཏེ། ཆོས་འཁོར་གྱི་ལས་དང་དབང་བྱེད་ཅིང་། དགེ་བའི་བཤེས་གཉེན་བྱེད་པར་མྱི་བསྐོ་རེ། རབ་ཏུ་བྱུང་བའི་རྣམས་གཞན་གྱི་བྲན་དུ་མི་སྦྱིན། ནན་གྱིས་མི་དབབ། ཁྱིམ་པའི་ཕྲིན་ལ་བཏགས་ཏེ་གྱོད་ལ་མི་གདགས་ཅིང་། ངས་ཡབ་སྲས་ཀྱིས་མཆོད་གནས་སུ་གནང་པ་བཞིན་དུ་བྱས་ཏེ། བཙན་པོའི། ཕོ་བྲང་ན་(168ན)དཀོན་མཆོག་གསུམ་གྱི་རྟེན་བཙུགས་ཤིང་། མཆོད་པ་ཡང་གུད་དུ་སྤང་ཞིང་བསྐར་རེ། མཆོད་གནས་སུ་མྱི་བྱ་རེ། མདོར་ན། བཙན་པོའི། ཕོ་བྲང་དང་བོད་ཁམས་ན། དཀོན་མཆོག་གསུམ་མེད་པ་དང་། སྤངས་བའི་ཐབས་ཅི་ཡང་བྱ་རེ། ཡབ་མེས་དབོན་སྲས་གང་གི་རིང་ལ་ཡང་རུང་སྟེ། དཀོན་མཆོག་གསུམ་གྱི་རྐྱེན་བཅད་པའི་རྣམས་ཀྱང་། མ་དམས་མ་ཞིག་པའི་ཆོས་སུ་མི་བྱ་རེ། འདི་ལྟ་བསྙུང་བཞེས་དགོས་པའམ། ཕྱིས་ཇོ་མོའམ། ཆབ་སྲིད་ཀྱི་བློན་པོ་ལསྩོགས་པ་གསར་དུ་བསྐོས་ཤིང་ཆུད་པ་ཞིག་ཡོད་ལ། མནས་བསྒག་པའི་རིགས་པ་ལས། མནའ་མ་བོར་བ་ཞིག་ཡོད་ན། དེ་བཞིན་དུ་མནའ་མི་བསྒག་སྟེ། ༄། ཇོ་མོ་མཆེད་བྲོ་སྩལ་པ། ཇོ་མོ་འབྲི་བཟའ་ཁྲི་མོ་ལེགས། ཇོ་མོ་མཆིམས་རྒྱལ་བཟའ་ལེགས་མོ་བཙན། ཇོ་མོ་ཅོག་རོ་བཟའ་བཙན་རྒྱལ། ༄། རྒྱལ་ཕྲན་བྲི་སྩལ་པ། དབོན་འ་ཞ་རྗེ་དུད་ཀྱི་བྲུལ་ཞི་ཁུད་པོར་མ་ག་ཐོ་ཡོ་གོན་ཁ་གན། རྐོང་ཀར་པོ་མང་པོ་རྗེ། མྱང་བཙུན་ཁྲི་བོ། ༄། ཆབ་སྲིད་(168བ)ཀྱི་བློན་པོ་མན་ཆད་བློན་པོ་ཆེ་ཕྲ་བྲོ་སྩལ་པ་ལ། བན་དེ་བཀའ་ཆེན་པོ་ལ་གཏོགས་པ། བན་དེ་བྲན་ཀ་ཡོན་ཏན། བན་དེ་མྱང་ཏིང་འཛིན། ༄། ཆབ་སྲིད་ཀྱི་བློན་པོ་བཀའ་ཆེན་པོ་ལ་གཏོགས་པ། བློན་ཆེན་པོ་ཞང་འབྲོ་ཁྲི་གཟུ་རམ་ཤགས། ཞང་མཆིམས་རྒྱལ་བཙན་བཞེར་ལེགས་གཟིགས། དབའ་བློན་མང་རྗེ་ལྷ་ལོད། དབས་བློན་ཁྲི་སུམ་བཞེར་མདོ་བཙན། ཞང་མཆིམས་རྒྱལ་ལྷ་ཞེར་ནེ་ཤགས། རླང་བློན་ཁྲི་སུམ་རྗེ། སྦེག་ལྷ། ༄། ནང་བློན་ལ། ཞང་སྣ་ནམ་ཁྲི་སྒྲ་རྒྱལ། ཞང་ཚེ་སྤོང་མདོ་བཞེར་ཕེས་པོ། ཞང་ཚེ་སྤོང་ལྷ་བཟང་ཀླུ་དཔལ། ཞང་སྣ་ནམ་རྒྱལ་ལེགས་དགེ་ཚུག །ཞང་སྣ་ནམ་ལྷ་བཞེར་སྦེ་བཙན། བྲན་ཀ་བློན་རྒྱལ་བཟང་འདུས་ཀོང་། མྱང་བློན་ཁྲི་བཟང་ལེགས་འདུས། ལེའུ་བློན་ལྷ་བཟང་བྱིན་བྱིན། ཏོང་བློན་སྟག་སླེབས། ཞང་མཆིམས་རྒྱལ་མདོ་གཟིགས། རླང་བློན་བསམ་སྐྱེས། ཞང་ཚེ་སྤོང་ལྷ་ལུང་སྟོ། ཞང་སྣ་ནམ་གཉན་ལོད། འོང་ཀ་ལྷ་སྦྱིན། འབྲིང་ཡས་བློན་སྟག་རྨ། རྩང་རྗེ་བློན་ཁྱེའུ་ཅུང་། འབལ་བློན་འབྲོ་མ། སྙ་ཤུར་བློན་ད་ཙུག་སྙས། ༄། སྣམ་ཕྱི་བ་ལ། ཁར་བ་རྗེ་བློན་བཙན་སླེབས། ཁུ་སྟག་ཚབ། (169ན)ཞ་སྔ་གཅན་སྟག་ལོད། ཁྱུང་པོ་བློན་རྒྱལ་འབྱུང་། ཤུད་བུ་བློན་ཁོང་ཁྲི། ལེའུ་བློན་ཀླུ་གཞེར། ཞང་ཚེ་སྤོང་ཀླུ་མཚོ་སྟོ། པ་ཙབ་བློན་འཚོ་གཟིགས། མྱང་བློན་ལེགས་བཙན། རླང་བློན་གསས་སླེབས། དབའ་བློན་ལྷ་བོ་བཙན། བྲན་ཀ་བློན་བསམ་པ། ཉི་བ་བློན་ལྡོན་ཀོང་། ཤུད་བུ་བློན་སྟག་སླེབས། ཞ་སྔ་གསས་བཙན། ཞུ་ཐོག་བཙན། སྣ་ནམ་ལྷ་འབངས། ༄། དབང་པོ་དང་། དམག་དཔོན་དང་། ཕྱི་བློན་བཀའ་ལ་གཏོགས་པ་ལ། ལྷོ་བློན་ཁྲི་བཟང་གཡུ་བཙན། དབས་བློན་ཁྲོམ་གཞེར། ཞང་མཆིམས་རྒྱལ་སྟོང་སྙ་སྨོན་བཙན། ཞང་ཚེ་སྤོང་ཁྲི་གཟིགས་སྤུང་རེ་ཙུང་། ཞང་མཆིམས་རྒྱལ་སྟག་བཞེར་རྒྱལ་སླེབས། ཞང་སྣ་ནམ་བཙན་སྒྲ་ཁྲི་སླེབས། འབྲོམ་བློན་རྒྱལ་བ་བཞེར་ཁར་ཙི། ལྷ་ལུང་བློན་མང་པོ་རྗེ་སྐར་ཀོང་། ཞང་འབྲོ་སྟག་བཞེར་པྲ་བལ་སྟང་། དབས་རྒྱལ་ཏོ་རེ་སྟག་སྙ། ཅོག་རོ་བློན་ལྷོ་གོང་། ལོང་གྲོ་བློན་ཁྲོམ་ལེགས། དབའ་བློན་མདོ་བཙན། ལེའུ་བློན་ཀུ་རྨ། ཞང་འབྲོ་སྟག་སྟང་། མང་སྒྲ་བློན་ཀླུ་རྨ། ཞང་མཆིམས་རྨ་བཙན། རྩ་འབྲོམ་བློན་སྒ་འགུ། ཁྱུང་པོ་བློན་མེས་ཀོལ། པ་ཚབ་(169བ)བློན་སྤེ་མ། འབྲོམ་སེ་རི་སྟང་། དབས་བློན་ཕན་ལེགས། དབས་བློན་ཁྲོམ་ལེགས། སྐ་བ་བློན་མཚོ་ལོད། ཅོག་རོ་བློན་གུང་ཀེང་། དབས་བློན་མྱེ་སླེབས། ཁུ་མེ་གཟིགས། ཞ་སྔ་མུ་གཉེན། ཞང་འབྲོ་གུང་སྟང་། ཞང་མཆིམས་རྒྱལ་མ་རྨིན་བརྩེ། ཞང་ཚེ་སྤོང་རྨ་བཙན། ཅོག་རོ་བརྟན་ཀོང་། གནང་ཡུལ་བཟུང་། ཅོག་རོ་ཁྱི་བཙན། སྦྲང་མོ་རྨ། འབྲོ་ལྡོག་སྲོང་སྟོན། འབྲོམ་ཡང་གཟིགས། ཞེས་དང་། ༈སྐར་ཆུང་རྒྱལ་སྡེའི་རྡོ་རིང་གི་ཡི་གེ། འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། དམ་པའི་ཆོས་ཡུན་དུ་བརྟན་པའི་གཙིགས་བསྣན་པ། ༄། འཕྲུལ་གྱི་ལྷ་བཙན་པོ་མེས་ཁྲི་སྲོང་བཙན་གྱི་རིང་ལ། སངས་རྒྱས་ཀྱི་ཆོས་མཛད་དེ། ར་སའི་གཙུག་ལག་ཁང་ལ་སོགས་པ་བརྩིགས་ཏེ་དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། མེས་ཁྲི་སྲོང་འདུས་སྲོང་གི་རིང་ལ། གླིང་གི་ཁྲི་རྩེ་ལ་སོགས་པར་གཙུག་ལག་ཁང་བརྩིགས་ཏེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། མེས་ཁྲི་གཙུག་བརྟན་གྱི་རིང་ལ། བྲག་དམར་གྱི་ཀ་ཅུ་དང་། འཆིང་ཕུར་གཙུག་ལག་ཁང་བརྩིགས་ཏེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་(170ན)པ་དང་། ཡབ་ཁྲི་སྲོང་ལྡེའུ་བཙན་གྱི་རིང་ལ། བྲག་དམར་གྱི་བསམ་ཡས་ལ་སོགས་པར། དབུང་མཐར་གཙུག་ལག་ཁང་བརྩིགས་པ་དང་། ལྷ་མུ་ཁྲི་བཙན་པོའི་རིང་ལ་ཡང་། སྐར་ཅུང་གཙུག་ལག་ཁང་ལ་སོགས་པ་བརྩིགས་ཏེ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་ལ་སོགས་པ། གདུང་རབས་རྒྱུད་ཀྱིས་འདི་ལྟར་ཆོས་མཛད་པ་འདི། ནམ་དུ་ཡང་མ་གཞིག་མ་བཏང་ན། ལེགས་པ་དཔག་ཏུ་མེད་པར་འགྱུར། བཏང་སྟེ་ཞིག་ནས་མེད་པར་འགྱུར་ན། སྡིག་པ་གྲངས་མེད་པ་འོང་བས། ད་ཕྱིན་ཆད། ནམ་ནམ། གཞར་གཞར། འཕྲུལ་གྱི་ལྷ་བཙན་པོ་ཡབ་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། དཀོན་མཆོག་གསུམ་གྱི་རྟེན་བཙུགས་པ་དང་། སངས་རྒྱས་ཀྱི་ཆོས་མཛད་པ་མི་བཏང་། མ་ཞིག་པར། གདུང་རབས་རྒྱུད་ཀྱིས་ཡི་དམ་བཅའོ་ཞེས་འབྱུང་བ་ལ་སོགས་པ། བཙན་པོ་ཡབ་སྲས་རྗེ་བློན་ཀུན་གྱིས་དབུ་སྙུང་དང་བྲོ་བོར་ཏེ། གཙིགས་ཀྱི་ཡི་གེ་དང་། རྡོ་རིང་ལ་བྲིས་པ་བཞིན་མཛད་དོ། །འདི་ལྟར་ཡབ་མེས་རྒྱུད་ཀྱིས། དཀོན་མཆོག་གསུམ་གྱི་རྟེན་བཙུགས་ཤིང་། སངས་རྒྱས་ཀྱི་ཆོས་མཛད་པ་འདི་(170བ)གཅེས་སྤྲས། སྤྱི་ལ་ཡང་སྡིག་གོ་ཞེའམ། མི་ལེགས་སོ་ཞེས། མོ་དང་རྨི་ལྟས་ལ་སོགས་ཏེ། ཅིའི་ཕྱིར་ཡང་རུང་། མི་གཞིག་གོ །མི་སྤང་ངོ་། །དེ་སྐད་ཅེས་ཆེ་ཆུང་སུས་གསོལ་གྱིས་ཀྱང་དེ་ལྟར་མི་མཛད་དོ། །བཙན་པོ་དབོན་སྲས་ཆུང་ངུར་བཞུགས་པ་ཡན་ཆད། ཆབ་སྲིད་ཀྱི་མངའ་བདག་མཛད་པ་མན་ཆད་ཀྱང་། དགེ་སློང་ལས་དགེ་བའི་བཤེས་གཉེན་བསྐོས་ཏེ། ཆོས་ཐུགས་སུ་ཅི་ཆུད་ཆུད་སློབ་ཅིང་། བོད་ཡོངས་ཀྱི་ཆོས་བསླབ་ཅིང་སྤྱད་པའི་སྒོ་མི་བཅད། ནམ་དུ་ཡང་བོད་ཡ་རབས་མན་ཆད། བོད་འབངས་ལས་ཐར་པར་གཟུད་པའི་སྒོ་མི་དགག་པར། དད་པ་རྣམས་ལས་ཐར་པར་བཙུད་དེ། དེའི་ནང་ན་ནུས་པ་ལས། བཅོམ་ལྡན་འདས་ཀྱི་རིང་ལུགས་རྟག་ཏུ་འདོམས་ཤིང་། བཅོམ་ལྡན་འདས་ཀྱི་རིང་ལུགས་བྱེད་པའི་གཏམ། ཆོས་འཁོར་ནས་བྱའོ་ཅོག་གི་བཀའ་ལ་ཡང་བརྟགས་ཏེ་ཆོས་འཁོར་གྱི་ལས་དང་དབང་བྱེད་ཅིང་། དགེ་བའི་བཤེས་གཉེན་པ་བྱེད་པ་བསྐོའོ། །རབ་ཏུ་བྱུང་བ་རྣམས་ངེད་ཡབ་སྲས་ཀྱི་མཆོད་གནས་སུ་གནང་བ་བཞིན་བྱ་སྟེ། བཙན་པོའི་ཕོ་བྲང་ན་གནས་སུ་བགྱིའོ། །མདོར་ན་བཙན་པོའི་ཕོ་(171ན)བྲང་དང་། བོད་ཁམས་ན། དཀོན་མཆོག་གསུམ་མེད་པ་དང་། དཀོན་མཆོག་གསུམ་གྱི་རྐྱེན་བཅད་པ་རྣམས་ཀྱང་། མ་སྨད་མ་ཞིག་པའི་ཆོས་སོ་ཞེས། ལྷ་རིས་ཀྱི་ཁྱིམ་ཡི་གེ་མགོ་མནན་ལས་བྱུང་བ་བཞིན་དུ་མི་མཛོད། ད་ཕྱིན་ཆད། གདུང་རབས་རེ་རེ་བཞིན་ཡང་། བཙན་པོ་ཡབ་སྲས་ཀྱི་འདི་བཞིན་དུ་ཡི་དམ་བཅའོ། །འདི་ལས་མནའ་ཁ་བུད་པ་དག་མི་བྱ། མི་བགྱི། མི་སྒྱུར་བར། འཇིག་རྟེན་ལས་འདས་པ་དང་། འཇིག་རྟེན་གྱི་མི་མ་ཡིན་པ་ཐམས་ཅད་ཀྱང་དཔང་དུ་གསོལ་ཏེ། བཙན་པོ་རྗེ་བློན་ཀུན་གྱིས་ཀྱང་། དབུ་སྙུང་དང་བྲོ་བོར་རོ། །གཙིགས་བསྟན་པའི་ཡི་གེ་ཞིབ་མོ་ནི། ཡབ་ཀྱི་རིང་ལ་གཙིགས་ཀྱི་ཡི་གེ་བྲིས་པའི་ཟླ་ལ་བཞག་གོ །ཞེས་སྣང་། བཀའ་གཙིགས་གོང་འོག་གི་ཡིག་སྡེབས་འཕུལ་རྟེན་སོགས་ཀྱང་རྡོ་རིང་གི་ཡིག་རྙིང་ཁོ་ན་ངོ་བཤུས་བྱས་པ་ཡིན་པས་ནོར་བར་མ་དོགས་ཤིག །དེ་དག་ནི་དམ་པའི་ཆོས་ལ་དཀའ་བ་འདི་ལྟ་བུ་མཛད་དོ་ཞེས་ཆོས་ཀྱི་ཆེ་བ་དང་། རྒྱལ་པོ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ཡོན་ཏན་ཤེས་ཤིང་དེས་དད་པ་འཕེལ་བའི་དགོས་པ་མཐོང་ནས་བཀའ་གཙིགས་རྙེད་ཚད་འདིར་བྲིས་པ་(171བ)ཡིན་ནོ། །དུས་སྐབས་དེ་དག་གི་ཚེ་རྗེ་འབངས་ཉི་ཤུ་རྩ་གཅིག་ལ་སོགས་པ་ཡོན་མཆོད་རྣམས་ཁྲ་འབྲུག་ཏུ་བྱོན་ཏེ་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་སྒྲུབ་ཆེན་གནང་། སློབ་དཔོན་གྱིས་རྒྱལ་སྲས་ལྷ་རྗེ་འདིར་ཁྲིད་ཤོག་གསུངས་ཏེ། ལྟ་བ་རྫོགས་ཆེན་པདྨ་སྙིང་ཐིག །ཡི་དམ་བཀའ་འདུས་ཆོས་ཀྱི་རྒྱ་མཚོ། བླ་མ་བསྟན་གཉིས་སྐོར་གསུམ་གྱི་ཆོས་བདག་ཏུ་དབང་བསྐུར་ཏེ་གཏེར་སྟོན་ཨོ་རྒྱན་གླིང་པར་ལུང་བསྟན། རྒྱལ་སྲས་འདི་སྐྱེ་བ་བདུན་པ་ཡིན་པས་སྐུ་གདུང་གཏེར་དུ་སྦོས་གསུངས་ཏེ་དགུང་ལོ་བཅོ་ལྔ་པ་ལ་གཤེགས་པ་ན་གཏེར་དུ་སྦས་པར་གསུངས། དེ་ནས་མི་རིང་བར་སྲིན་ཡུལ་དུ་གཤེགས་པར་བཞེད་དེ། རྗེ་འབངས་རྣམས་ཀྱིས་བཤོལ་བཏབ་ཀྱང་མ་གསན། སློབ་དཔོན་ཆེན་པོའི་ཞལ་ནས། ངས་བོད་ཡུལ་དུ་ལྷ་སྲིན་དམ་འདོགས་ལན་གསུམ་བགྱིད་ཐུབ་པ་བྱུང་ན་ཆོས་རྒྱལ་གྱི་ཆབ་སྲིད་མཐའ་ནས་རྒྱས་ཤིང་། བོད་ཁམས་བདེ་སྐྱིད་ཡུན་དུ་གནས་པ་ཞིག་འབྱུང་བ་ཡིན་པ་ལ། བདུད་བློན་རྣམས་ཀྱིས་མཛད་པའི་འཕྲོ་བཤོལ་བར་བསྐུལ་བའི་དབང་གིས་ལྷ་ཀླུ་དམ་བཞག་གསུམ་པ་དང་། བོད་ཀྱི་རྒྱལ་བརྒྱུད་(172ན)མངའ་ཐང་འཕེལ་བའི་སྦྱིན་སྲེག་རྣམས་མ་འགྲུབ་པར་འཕྲོ་ལ་ལུས་པས། མ་འོངས་པ་ན་ལྷ་སྲིན་སྡེ་བརྒྱད་རྣམས་ཁེངས་ལོག་ནས་མཐའི་འགོང་པོ་དང་བསྡོངས་ཏེ་རྒྱལ་ཁྲིམས་དང་ཆོས་ཁྲིམས་བཤིག །མཐའ་མ་བོད་ཁམས་ཧོར་གྱི་མངའ་འོག་ཏུ་ཚུད་ནས་སྡུག་བསྔལ་བཟོད་དཀའ་བས་མནར་བར་འགྱུར་ལ། འོན་ཀྱང་ངའི་སྤྲུལ་པ་རྣམས་ཀྱིས་ཅུང་ཟད་རེ་ཕྱིར་བསྲིང་བར་འགྱུར་རོ། །ཞེས་དང་། བོད་ལ་དྲིན་ཆེར་བྱས་ཀྱང་དྲིན་མི་དྲན༔ དྲིན་དུ་ཚོར་ན་གསོལ་བ་སྙིང་ནས་ཐོབ༔ དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ༔ རྒྱུ་འབྲས་རྟེན་འབྲེལ་སྨོན་ལམ་ཁྱད་པར་གྱིས༔ སངས་རྒྱས་གཞན་བས་བདག་ཉིད་ཐུགས་རྗེ་མྱུར༔ བསླུས་ན་པད་འབྱུང་གཞན་ནོ་རྗེ་འབངས་ཀུན༔ ང་ལ་མོས་ན་ཚེས་བཅུའི་མཆོད་རྒྱུན་ཟུངས༔ བཀའ་བཞིན་བསྒྲུབས་པས་བོད་འབངས་བདེ་ལ་འགོད༔ ཐུགས་ལ་བཏགས་སོ་ལས་ཅན་ལྷ་ཡི་སྲས༔ ང་དང་མཇལ་གྱི་རྗེ་འབངས་ཐུགས་མ་ཆད༔ ཅེས་སོགས་ཕྱི་མཐའི་ཐ་ཚིག་གི་བསླབ་བྱ་མང་དུ་བསྩལ་ནས་གཤེགས་ཏེ། བཤོལ་མ་ཐེབས་པའི་ཕྱི་བཞིན་དུ་རྗེ་འབངས་རྣམས་བསྙེགས་ནས་མང་ཡུལ་གུང་(172བ)ཐང་གི་བར་དུ་སྐྱེལ་མ་ཞུས་པར་སོ་སོ་ལ་ཞལ་གྱི་གདམས་པ་གནང་། གུང་ཐང་ལ་ཐོག་ནས་ང་འགྲོ་གསུངས་པས་ཐམས་ཅད་སྙིང་བཏོན་པ་ལྟར་གྱུར་ཏེ་སློབ་དཔོན་གྱི་ཞལ་ལ་བལྟ་ཞིང་སྨྲེ་ངག་འབྱིན་པ་ན་མགུར་མང་པོ་གསུངས་ཤིང་། ད་ལྟ་སྨྲེ་ངག་འདོན་མི་འཚལ། །ཁྱེད་རྣམས་ཟོ་མདོག་བདེ་དུས་འདིར། །ང་འགྲོ་སྲིན་པོ་འདུལ་དུ་འགྲོ། །ད་ལྟ་སྲིན་པོ་མ་བཏུལ་ན། །འཛམ་གླིང་སྲིན་གྱིས་སྟོང་པར་བྱེད། །དེ་ཕྱིར་སྲིན་པོ་འདུལ་དུ་འགྲོ། །བོད་རྣམས་སྐུ་ཁམས་ཅི་བདེར་བཞུགས། །ཞེས་སོགས་དང་། ནངས་རེ་དགོང་རེ་བོད་ཀྱི་དོན་ལ་འབྱོན༔ ཉི་ཟེར་འཆར་སྡུད་མདངས་ལ་ཆིབས་ཏེ་འབྱོན༔ ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་འབྱོན༔ མདོར་ན་ང་ཡི་རྗེས་འཇུག་དད་ལྡན་རྣམས༔ སྤོད་ལྡན་ཚོགས་གཏོར་རིན་ཆེན་འབར་བ་བཤམས༔ ཚིག་བདུན་གསོལ་འདེབས་གདུང་བའི་དབྱངས་དང་བཅས༔ ཐོད་པ་ལྟག་སྤྲོད་རོལ་མོའི་སྒྲས་བསྐུལ་ན༔ ཨོ་རྒྱན་ང་ཉིད་རྔ་ཡབ་དཔལ་རི་ནས༔ གཅེས་པའི་བུ་དུས་མ་ཡིས་མི་བཟོད་ལྟར༔ བྱིན་གྱིས་རློབས་འབྱོན་དམ་ཚིག་ན་ར་ཀན༔ ཞེས་ཞལ་གྱིས་བཞེས་ཏེ་སྤྱན་བར་སྣང་ལ་གཟིགས་པས་སྤྲིན་གྱི་གསེབ་ནས་རྟ་མཆོག་རིན་པོ་(173ན)ཆེ་བྱུང་སྟེ་སློབ་དཔོན་དེ་ལ་ཆིབས། ལྷ་མང་པོས་མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་པས་མཆོད་ཅིང་ལྷའི་རོལ་མོ་གླུ་དབྱངས་དུ་མས་བསྟོད་པ་དང་བཅས་ཏེ་ཡིད་ལྟར་མྱུར་བའི་རྫུ་འཕྲུལ་གྱིས་སྲིན་ཡུལ་རྔ་ཡབ་གླིང་དུ་གཤེགས་ཏེ་ཟངས་མདོག་དཔལ་རིའི་ཕོ་བྲང་དུ་འཇའ་ལུས་རྡོ་རྗེའི་སྐུ་འཇིག་རྟེན་འདྲེན་པའི་དེད་དཔོན་དུ་འཁོར་བ་ཇི་སྲིད་བར་དུ་བཞུགས་པར་མཛད་དོ། །སྤྱིར་སློབ་དཔོན་ཆེན་པོ་འདི་ཉིད་སངས་རྒྱས་ཀྱི་འདས་ལོ་ལྔ་པ་ཤིང་སྤྲེལ་ལ་པད་སྡོང་སྦུབས་ལས་སྐུ་བལྟམས་པ་ནས་བཟུང་རྒྱ་བལ་གནས་ཡུལ་དུར་ཁྲིད་རྣམས་སུ་གཤེགས་བཞུགས་ཕྲིན་ལས་བསྐྱངས་པའི་ཡུན་ལ་ལོ་ཧྲིལ་པོ་ཆིག་སྟོང་དྲུག་བརྒྱ་བརྒྱད་ཅུ་གྱ་ལྔ། འདི་དག་སྔ་རབས་པས་བགྲོད་པ་རེ་ལ་ལོ་རེ་བརྩི་བའི་སྲོལ་བྱུང་འདུག་པ་ལྟར་བརྩིས་ཏེ་ལོ་སུམ་སྟོང་སུམ་བརྒྱ་སོགས་སུ་བཀོད་པར་སྣང་། ཁྲི་སྲོང་དགུང་ལོ་ཉེར་གཅིག་པ་ལྕགས་ཕོ་སྟག་གི་ལོར་བོད་དུ་ཕེབས། རྒྱལ་པོ་དགུང་ལོ་དྲུག་ཅུ་རེ་དགུ་པ་ས་ཕོ་སྟག་གི་ལོར་སྐུ་གཤེགས་ཀྱི་བར་ལ་ལོ་བཞི་ཅུ་ཞེ་དགུ། གཤེགས་རྗེས་ལོ་ལྔ་དང་ཟླ་བ་དྲུག་སྟེ་ཁྱོན་བོད་དུ་ལོ་ཧྲིལ་པོ་ལྔ་བཅུ་ང་བཞི་དང་ཟླ་བ་དྲུག་བཞུགས་ནས། ཤིང་(173བ)སྤྲེལ་སྤྲེལ་ཟླའི་ཚེས་བཅུ་ལ་སྲིན་ཡུལ་དུ་གཤེགས་པ་ཡིན་ནོ། །དེ་ནས་རྗེ་འབངས་རྣམས་གུང་ཐང་ལ་ནས་ཚུར་ལོག་བྱོན། ལྷ་སྲས་མུ་ཁྲི་ཟབ་བུ་ལ་འབྱོན་པར་བཞེད་ཀྱང་བློན་པོ་རྣམས་ཀྱིས་བསམ་ཡས་སུ་སྤྱན་དྲངས། ཡབ་མེས་ཀྱི་མཛད་སྲོལ་བཟང་པོས་མངའ་འབངས་ཆོས་བཞིན་དུ་བསྐྱངས་ནས་བོད་ཁམས་བདེ་བ་ལ་བཀོད། སངས་རྒྱས་བསྟན་པའི་ཞབས་ཏོག་རྒྱ་ཆེར་མཛད་བཞིན་ལོ་ཉེར་གཅིག་གི་བར་དུ་སྲིད་བསྐྱངས་ཏེ། དགུང་གྲངས་སུམ་ཅུ་པ་མེ་མོ་བྱ། སྤྱི་ལོ༨༧༧པར་སྒྲགས་ཀྱི་ཕུར་སྐུ་གཤེགས། བང་སོ་འཕྲུལ་རྒྱལ་མདུན་དུ་བརྩིགས་སོ། །ཞར་ལ་དཔེ་རྙེད་པ་ཀོང་པོ་ལྷ་རི་གྱང་མཐོའི་འགྲམ་གྱི་རྡོ་རིང་ལ། ༄། ལྷ་བཙན་པོ་ཁྲི་སྲོང་ལྡེ་བཙན་དང་། ལྡེ་སྲོང་བཙན་ཡབ་སྲས་ཀྱི་རིང་ལ། རྐོང་དཀར་པོ་ལ་གཙིགས་སྣང་བ། ༄། དཀར་པོ་མང་པོ་རྗེ་དང་། བློན་པོ་ལྷའི་ཟུང་གིས་གསོལ་དཔའ། ཐོག་མར་ཕྱག་ཡ་བླ་བདག་དྲུག་གི་སྲས་ལས། གཉའ་ཁྲི་བཙན་པོ་མི་ཡུལ་གྱི་རྗེར། ལྷ་རི་གྱང་མཐོར་གཤེགས་པ་ཚུན་ཆད། གྲི་གུམ་བཙན་པོ་ཕན་ཆད། གདུང་རབས་བདུན་གྱི་བར་དུ། ཕྱིང་བ་སྟག་རྩེ་ན་བཞུགས་བཞུགས། གྲི་གུམ་བཙན་(174ན)པོའི་སྲས། གཅུང་བྱ་ཁྲི་ནི་ལྷ་བཙན་པོ། གཅེན་ཤ་ཁྲི་ནི་རྐོང་ཡུལ་དུ་བཞུགས་ཏེ། གཅེན་དཀར་པོ་ནི། ཐོག་མར་ཡས་གཤེགས་པའི་ཚེ། མཆེད་གཉིས་ཀྱིས། སྐུ་ལྷ་གཉན་པོ་གསོལ་བ་དང་། སྐུ་ལྷ་དེ་མོ་དང་བཤོས་པའི་ལྷ་བདག་བགྱིད་གྱིས་ཀྱང་། ལྷ་སྲས་ཀྱིས། སྐུའི་རིམ་གྲོ་ལ། བདག་གི་སྲོག་ལ་བབ་པ་མན་ཆད་ཀྱི་ཆོ་གར་མཛད་པ། སྲོག་འཕངས་མ་བགྱིད་ཏེ། ལྷ་སྲས་ཀྱི་ཆབ་སྲིད་འདི་ལྟར་མཐོ། དབུ་རྨོག་བཙན། ཡོངས་ལྷ་སྲས་གན་དང་འདྲ་བའི་ཆགས་འོག་ན། གན་ཀོལ་དུ་གནང་བའང་། ཅི་བས་ཞིག་མཆིས་ན། བདག་ཅག་ལྟ་ཞིག །ཐོག་མ་མཆེད་གྱེས་པ་ནས། ཕ་མྱེས་དང་པོ་ལྷ་མྱི་མ་བྱེ་བ་ཚུན་ཆད། བདེ་སྐྱིད་ཅིང་། ཆུ་སྲིད་གཡུང་དྲུང་དང་འདྲ་བར་གནང་གིས་ཀྱང་། དེང་སང་དུ། ཁབ་སོ་དཔོན་སྣ་དག་གིས། ཁྲལ་གྱི་སྣ་འཆིལ་ཏེ་གཙེས་ཤིང་མཆིས་ན། ནམ་དུའང་བདེ་བར་ཐུགས་དཔག་མཛད་པའི། གཙིགས་ཙམ་ཞིག་ཅི་གནང་ཞེས་གསོལ་ནས། དེ་བཞིན་དུ་གནང་སྟེ། གཙིགས་ཕྲ་མེན་སྒྲོམ་བུར་སྩལད་པའི་དཔེར་བྲིས་པ། ཞེས་འདི་ཡན་རྡོ་རིང་གི་སྟོད་ཆ་དང་། ཡང་དེའི་(174བ)སྨད་དུ། ༄། བཙན་པོ་ལྷ་སྲས་ཁྲི་སྲོང་ལྡེ་བཙན་གྱི་རིང་ལ། དཀར་པོའི་གཙིགས་གནང་བ་ལ། ལྷ་སྲས་ལྡེ་སྲོང་གི་སྐུ་རིང་ལ། གཙིགས་སྔ་མ་བས་བསྐྱེད་པར་བཀས་གནང་བ། ནམ་ཞར་ཀྱང་། རྐོང་དཀར་པོའི་རྒྱལ་པོར་གཞན་མྱི་གཞུག་པར། དཀར་པོ་མང་པོ་རྗེའི་བུ་ཚྩ་འཕེལ་རྒྱུད་ལས་སྩལ་བར་གནང་ངོ་། །དཀར་པོ་མང་པོ་རྗེའི་རྒྱུད་རབ་ཆད་ན་གཅེན་རྒྱལ་པོ་དཀར་པོའི་མིང་མི་རླན་པར་རྒྱལ་པོར་ཡང་དཀར་པོ་རྒྱལ་བཙན་གྱི་རྒྱུད་ལས་བསྐོའོ། །རྒྱལ་བཙན་གྱི་རྒྱུད་ཀྱང་རབ་ཆད་ན། ཉེ་མཆིས་ལས། ཁ་ཆེམས་ཀྱིས། གང་གསོལ་པའི་ནང་ནས། ཡུས་དང་སྦྱར་ཏེ། གང་འོས་པ་༡སྩལ་བར་གནང་ངོ་། ། ༄། རྐོང་དཀར་པོའི་བྲན་དང་། ཞིང་འབྲོག །སླན་ཆད་མི་དབྲི་ཞིང་། རྗེ་བླངས་དང་། དཔྲ་ཁྲལ་བླ་སྐྱེས་མི་དབབ་པ་དང་། སྩང་ར་ཕྱྭ་ནས་དང་། འབྲས་གང་འབུལ་ཡང་རུང་། འབུལ་བའི་ས་ཚིགས། ད་ལྟར་གྱི་ལས་མི་བསྲིང་བར། ལྷ་སྲས་ཡབ་ཀྱིས་བཀས་གནང་བ་བཞིན། དུ། ལྷ་སྲས་ལྡེ་སྲོང་གི་སྐུ་རིང་ལ། རྒྱལ་བློན་མོ་ལ་ཏེ་བཀས་གནང་ངོ་། །ཞེས་སྣང་། བཀའ་གཙིགས་འདི་ཉིད་ཀོང་པོ་ཉང་ཁ་ལྷ་རི་གྱང་མཐོའི་མདུན་གྱི་རི་ཐང་མཚམས་སུ་རྡོ་རིང་(175ན)ཆེན་པོ་ཐོག་སོ་གཅིག་ཙམ་གྱི་ལོག་མཁར་རྔ་འདྲ་བ་ལ་བརྐོས་ནས་སྣང་བ་ལས་ཞལ་བཤུས་པ་སྟེ། འདི་ཉིད་སྔར་གྲི་གུམ་བཙན་པོའི་སྲས་གསུམ་གྱི་གཅེན་ཤ་ཁྲི་དང་གཅུང་ཉ་ཁྲི་གཉིས་ཀྱིས་ཀོང་དཀར་པོར་མངའ་མཛད་སྐབས་ཕོ་བྲང་ཡང་ལྷ་རི་གྱང་མཐོའི་མདུན་འདིར་ཡོད་འདུག་ཅིང་། བཀའ་གཙིགས་འང་རྡོ་རིང་འདིའང་རྗེ་ཁྲི་སྲོང་ཡབ་སྲས་ཀྱི་དུས་ན་བཙུགས་ངེས་སུ་སྣང་། སྐབས་དེའི་མངའ་རིས་ཀྱི་དབང་ཚད་ཀྱང་སྟོད་ཀྱི་ཀོང་པོ་བ་ལ་དང་ནུ་མ་རི་མན་ཆད་ནས། སྨད་ཀྱི་ཀོང་ལྷ་དཀར་པོ་དང་ཀོང་བཙུན་དེ་མོའི་རྟེན་གནས་བྲེ་སྣ་དང་རྒྱལ་སེང་འདམ་ཡན་གྱི་ཀོང་པོ་ཡུལ་ལྗོངས་ཡོངས་རྫོགས་ལ་མངའ་དབང་བསྒྱུར། ཇི་ཞིག་ནས་གཅུང་ཉ་ཁྲིའི་རྒྱུད་པ་ཀོང་སྟོད་ནས་ཡར་དྭགས་པོའི་ཕྱོགས་སུ་གནས་འཕོས་ཏེ་དེར་མཁར་ཆགས་པ་ལ་ལྷ་རྒྱ་རི་བ་ཞེས་གྲགས། གཅེན་ཤ་ཁྲིའི་རྒྱུད་པ་དེ་ཉིད་ཕྱིས་སུ་རྒྱ་དོར་རྟའི་དམག་སོགས་ཕྱི་ནང་འཁྲུགས་ཟིང་དུ་མས་མངའ་རིས་དབང་ཚད་རིམ་བཞིན་བྲི་ཞིང་མཐར་ཕོ་བྲང་ཡང་བཏང་སྟེ་ཀོང་པོ་ཉང་ཁ་གཞུང་བརྒྱུད་ལོང་པོའི་ཁུལ་དུ་གནས་ཆགས་པ་ལ་སྡེ་པ་ང་ཕོད་པར་གྲགས་སོ། །ལྷ་སྲས་བར་པ་བྱ་ཁྲི་ནི་གོང་དུ་སྨོས་པ་ལྟར་བོད་ཀྱི་རྒྱལ་(175བ)སར་མ་ཕེབས་གོང་སྤུ་བོ་རུ་བཞུགས་སྐབས་མཚོ་སྨན་བུ་མོར་འཁྲུངས་པའི་སྲས་དེ་ཉིད་གཞན་ལས་ཁྱད་དུ་འཕགས་པའི་ངོ་མཚར་ཅན་ཞིག་བྱུང་བ་ལ་ཕྱོགས་དེའི་སྐྱེ་འགྲོ་ཀུན་གྱི་སྤྱི་བོར་བཀུར་ཏེ་རྗེར་མངའ་གསོལ། ཀཿགནམ་ཟེ་བ་རྫོང་ཞེས་རི་རིན་པོ་ཆེ་སྤུངས་པ་འདྲ་བ་ན་ཕོ་བྲང་བརྩིག །རང་བཞིན་གྱིས་དབང་འདུས་པའི་སྣོད་བཅུད་མངའ་རིས་ཀྱི་དབང་ཚད་ཀྱང་སྤུ་བོ་སྟོད་སྨད་བར་གསུམ། ཡིད་བྲག་རོང་གསུམ། སྙེ་བོ་གངས་ཀྱི་ར་བ་དང་པདྨ་ཤེལ་རི་ནས་ཀློ་ཡུལ་སྟོད་སྨད། པདྨ་བཀོད་ཀྱི་མཐར་ཐུག་པ་ཀློ་སྨད་མོ་བུབ་ཞེས་རྒྱ་གར་ཤར་ཕྱོགས་དིབ་རུ་སྒར་ནས་ཉིན་ལམ་གཅིག་གི་སའི་བར་ཡན་ཆད་ཏེ་སྤྱིར་བཏང་ཡོངས་གྲགས་སུ་ལྷོ་ཡུལ་ཆེན་བཅོ་བརྒྱད་ཅེས་གྲགས་པ་ལ་དབང་བསྒྱུར། དེའི་གདུང་རབས་ཉེར་ལྔ་ཉེར་དྲུག་ཙམ་གྱི་སྐབས་དང་རྗེ་ཁྲི་སྲོང་ཡབ་སྲས་དུས་མཉམ་བྱུང་ལ། རྗེ་ཁྲི་སྲོང་གིས་རང་གི་གཅེན་བརྒྱུད་ལ་བརྩེ་གདུང་གུས་བཀུར་ཚད་མེད་དང་འབྲེལ་བཀའ་གཙིགས་ཀྱི་རྡོ་རིང་ཆེན་པོ་ཞིག་ཟེ་བ་རྫོང་གི་རི་འགྲམ་དུ་བཙུགས་ནས་ཡོད་པ་ཉིད། ཕྱིས་རྒྱ་དོར་རྟ་ནག་པོའི་དམག་དཔུང་ཁྱུང་ཐོ་ལ་ནས་བརྡོལ་ཏེ་སྤུ་བོའི་གཞུང་བཀབ་པའི་ཚེ་ཟེ་བ་རྫོང་གི་ཕོ་བྲང་མེ་ལ་(176ན)བསྲེགས། རྡོ་རིང་གཏོར་ཏེ་གཙང་པོར་བསྐྱུར། ཕྱིན་ཆད་ཟེ་བ་རྫོང་དུ་མཁར་སཱཙྪའི་ཁང་པ་ཙམ་རྒྱག་མི་ཆོག་པའི་ཁྲིམས་བསྒྲགས། དེར་གདུང་བརྒྱུད་སྲས་མཆེད་རྣམས་བྲོས་ཏེ་སྤུ་སྨད་ཐང་སྟོད་ཞེས་པར་སླེབས་པ་ན་ཡུལ་དེའི་མི་རྣམས་ཀྱིས་ད་བྲོས་མི་འཚལ། རྒྱ་དམག་རྣམས་གློ་བུར་དུ་ཕྱིར་ལོག་ཟིན། འོན་ཀྱང་ཀཿགནམ་དུ་ཕོ་བྲང་མེད་སྟབས་འདིར་བཞུགས་དང་ངེད་རྣམས་ཀྱིས་ཞབས་ཏོག་བགྱིའོ་ཞེས་བཤོལ་བཏབ་པ་ན་དེར་བཞུགས་ཤིང་། རྒྱལ་ས་དེར་མཛད་པས་རྒྱལ་སའི་མིང་ལའང་བཤོལ་བ་ཁ་ཞེས་གྲགས། ཕྱིས་རྒྱ་སོག་གི་དམག་བསྐྱར་ལངས་སྔ་རྗེས་ཟིང་འཁྲུགས་ཁ་ཤས་བྱུང་ཡང་ཆབ་སྲིད་ལ་ཉེས་སྐྱོན་མ་བྱུང་། རྒྱལ་མཆོག་ལྔ་པ་ཆེན་པོའི་སྐབས་གཟིགས་བཟོས་ཆེ་བས་མངའ་ཐང་རང་འཇགས་ཀྱི་ཤེ་བམ་ཆེན་མོ་སྩལ་ཞིང་། རྒྱལ་མཆོག་བདུན་པས་ཀྱང་གཏན་ཚིག་རྒྱབ་གནོན་གནང་། གདུང་རྒྱུད་མང་དུ་འཕེལ་ཞིང་ཕྱིས་ཀྱི་བར་ཆབ་སྲིད་མ་ཉམས་པར་ཡོད་ནའང་། དུས་ཕྱིས་རབ་བྱུང་བཅོ་ལྔ་པའི་མེ་སྟག །སྤྱི་ལོ༡༩༢༦པར་འགོང་པོའི་ཆོ་འཕྲུལ་གྱིས་སྤུ་བོད་ནང་འཁྲུགས་ལངས་པ་ལ་བརྟེན་ནས་ལྷ་བཙན་པོ་བྱ་ཁྲིའི་གདུང་རྒྱུད་ཀཿགནམ་གྱི་(176བ)རྒྱལ་སྲིད་དབང་གཞུའི་གུར་ཁྱིམ་གྱི་རྗེས་སུ་སོང་ངོ་། ། ༈ མུ་ཁྲི་བཙན་པོ་སད་ན་ལེགས་མཇིང་ཡོན་ལ་སྲས་གཙང་མ། ལྷ་རྗེ། ལྷུན་གྲུབ། ཁྲི་གཙུག་ལྡེ་བཙན་ནམ་རལ་པ་ཅན། ཁྲི་དར་མ་ཨུ་དུམ་བཙན་དང་ལྔ་ལས། གཅེན་ལྷ་སྲས་གཙང་མ་ནི་ཆོས་ལ་དགྱེས་པས་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་སྟེ་དགེ་འདུན་གྱི་ནང་ན་བཞུགས་པར་མཛད། གཉིས་པ་ལྷ་རྗེ་ནི་དགུང་ལོ་བཅོ་ལྔ་པ་ལ་གཤེགས་པའི་སྤུར་སྐྱེ་བ་བདུན་པ་ཡར་ཀླུངས་ཤེལ་གྱི་བྲག་ལ་རྒྱས་གཏབ། གསུམ་པ་ལྷུན་གྲུབ་ཆུང་ངུ་ནས་གཤེགས་པས་བང་སོ་མེད། བཞི་པ་ཁྲི་གཙུག་ལྡེ་རལ་པ་ཅན་ནི་ཕྱག་ན་རྡོ་རྗེའི་རྣམ་འཕྲུལ་དུ་གྲགས་ཤིང་མེ་ཕོ་ཁྱི། སྤྱི་ལོ་༨༦༦པར་སྐུ་འཁྲུངས་ཏེ་གཞོན་ནུའི་དུས་ནས་སྔོན་གྱི་བག་ཆགས་བཟང་པོ་སད། དགུང་ལོ་བཅུ་གཉིས་པ་མེ་མོ་བྱའི་ལོར་ཡབ་གཤེགས་པའི་རྗེས་ཐོག་དེ་ཉིད་ལ་རྒྱལ་སར་བཀོད། བློན་པོ་བྲན་ཁ་དཔལ་གྱི་ཡོན་ཏན་གྱིས་བྱས། ཇི་ཞིག་ན་རྒྱ་ནག་གི་རྒྱལ་པོ་དང་དབོན་ཞང་མ་མཐུན་ཏེ་བོད་ཀྱི་རུ་རེ་ནས་དམག་སྟོང་སྡེ་བཅོ་བརྒྱད་རེ་ངར་ཚབས་ཁྲིག་གེ་བ་ཁྲིད་དེ་རྒྱའི་དམག་དཔོན་རྣམས་བཀུམ་ནས་རྒྱ་ཡུལ་ཆམ་ལ་ཕབ། དབོན་པོ་མཉེས་པའི་སྐྱེས་ཕུལ། བོད་(177ན)ཀྱི་མཆོད་གནས་ལོ་པཎ་རྣམས་དང་རྒྱའི་ཧ་ཤང་རྣམས་ཀྱིས་དཔང་པོ་མཛད་ནས། རྒྱའི་གོང་གུ་རྨེ་རུ་ཞེས་བྱ་བར་བོད་རྒྱའི་ས་མཚམས་བྱས་ཏེ། དེར་བོད་བཙན་པོའི་གཙུག་ལག་ཁང་ཞིག་བརྩིགས། གནམ་ལ་ཉི་ཟླ་ཟུང་གཅིག་དང་། ས་ལ་བཙན་པོ་དབོནཞང་ལས་མེད་དོ་བར་བགྲོས་ནས་ཕ་བོང་ལ་ཉི་ཟླའི་གཟུགས་བྱས། ཕྱིན་ཆད་བོད་བོད་ཡུལ་ན་བདེ། རྒྱ་རྒྱ་ཡུལ་ན་བདེ། སོ་མཚམས་རྨེ་རུ་མནལ་བོད་ཀྱིས་དམག་མི་དྲངས། གལ་ཏེ་དྲངས་ན་རྒྱ་རྗེའི་ཕོ་བྲང་གི་མདུན་གྱི་རྡོ་རིང་གི་ཡི་གེ་ལན་གསུམ་ཀློག་པས་བོད་འབངས་ཐམས་ཅད་ཕུང་བར་གྱུར་ཅིག །རྨེ་རུ་ཡན་ལ་རྒྱས་དམག་མི་དྲངས། གལ་ཏེ་དྲངས་ན་ལྷ་སའི་རྡོ་རིང་གི་ཡི་གེ་ལན་གསུམ་ཀློག་པས་རྒྱ་ཐམས་ཅད་ཕུང་བར་གྱུར་ཅིག་ཅེས་བཙན་པོ་དབོན་ཞང་གིས་བདེན་པ་བཙུགས་ཏེ་དམོད་པ་བོར། བོད་རྒྱའི་ཕོ་བྲང་གི་མདུན་སོ་སོ་དང་། ས་མཚམས་རྨེ་རུ་དང་གསུམ་དུ་རྡོ་རིང་རེ་རེ་བཙུགས་ཏེ། ངོས་ཆེ་བ་གཉིས་ལ་བཙན་པོ་དབོན་ཞང་གི་གཙིགས་ཡིག་དང་བྲོ་ཚིག །ངོས་ཆུང་བ་གཉིས་ལ་བོད་རྒྱའི་བློན་པོ་བཀའ་ལ་གཏོགས་པ་རྣམས་ཀྱིས་གཙིགས་ཡིག་དང་བྲོ་ཚིག་བྲིས་ཏེ། དཀོན་མཆོག་གསུམ་དང་ལྷ་ཀླུ་གཟའ་སྐར་སྐུ་ལྷ་ཐམས་ཅད་དཔང་དུ་བཙུགས་ནས་བཙན་པོ་དབོན་ཞང་གིས་དབུ་སྙུང་མཛད། བཙན་པོ་དགུང་ལོ་བཅུ་བདུནབཞེས་ཤིང་། རྒྱ་རྗེ་མུ་རྫུང་(177བ)གིས་རྒྱལ་ས་བྱས་ནས་ལོ་བཅུ་བཞི་པ་ཆུ་ཕོ་སྟག་གི་ལོ་ལ་ཆད་མལ་བྲོ་བོར་བ་རྣམས་བྱས་ཤིང་། བོད་ཀྱི་མནའ་ཆད་ནི་ཆུ་ཕོ་སྟག །སྤྱི་ལོ་༨༨༢དབྱར་ཟླ་འབྲིང་པོའི་ཚེས་དྲུག་ལ་དཀྱིལ་འཁོར་ལ་འཛེགས་ཏེ་བོད་ཀྱི་གཙིགས་སུ་བཟུང་ངོ་། །དེ་ལྟར་བཀའ་གཙིགས་ཀྱི་ཡི་གེ་ལྷ་སའི་རྡོ་རིང་ལས་བཤུས་པ་ནི། ༄། འཕྲུལ་གྱི་ལྷ་བཙན་པོ་ཁྲི་གཙུག་ལྡེ་བཙན་དང་། རལ་པ་ཅན་རྒྱ་རྗེ་བུན་བུ་ཧེའུ་རིག་ཧང་དེ་གཉིས་ཆབ་སྲིད་གཅིག་ཏུ་མོལ་ཏེ་མཇལ་དུམས་མཛད་པའི་ཚེ། བོད་རྒྱ་གཉིས་ཀྱི་ཚུལ་ཅི་འདྲ་བ་དང་། མཇལ་དུམས་མཛད་པའི་གཏན་ཚིགས་རྡོ་རིང་ལ་བྲིས་པའོ། །འཕྲུལ་གྱི་ལྷ་བཙན་པོ་འོད་ལྡེ་སྤུ་རྒྱལ་གཉའ་ཁྲི་བཙན་པོ། ཡུལ་བྱུང་བ་དོད་ཚུན་ཆད། གདུང་མ་འགྱུར་བར་བོད་ཀྱི་རྒྱལ་པོ་ཆེན་པོ་མཛད་པ་ཡང་། གངས་རི་མཐོན་པོའི་ནི་ངོགས། ཆུ་བོ་ཆེན་པོའི་ནི་འགོ །ཡུལ་མཐོ། ས་གཙང་། ཞེས་གནམ་གྱི་ལྷ་ལས་མིའི་རྗེ་བོར་གཤེགས་ཏེ། གཙུག་ལག་ཆེན་པོས་ནི་ཡུན་གྱི་སྲིད་བཙུགས། ཆོས་ཁྲིམས་བཟང་པོས་ནི་མིའི་ལུགས་བསྲངས། བྱམས་པའི་བཀའ་དྲིན་གྱིས་ནི་ནང་གི་ཚིས་སྦྱར། དགྲ་ཐབས་མཁས་པས་ནི་ཕྱིའི་དགྲ་བཏུལ་ཏེ། ཆབ་སྲིད་ནི་ཕྱིར་ཞིང་ཆེ། (178ན)དབུ་རྨོག་ནི་སླར་བཙན་ཞིང་བཙན་པས་ནམ་ཞར་གཙུག་མི་འགྱུར། བྱིན་མི་ཉམས་པའི་གཡུང་དྲུང་གི་རྒྱལ་པོ་ཡིན། དེའི་ཕྱིར། ལྷོ་ཕྱོགས་ཀྱི་རྒྱ་གར་དང་། ནུབ་ཕྱོགས་ཀྱི་ཏ་ཞིག་དང་། བྱང་ཕྱོགས་ཀྱི་གྲུ་གུ་ནོ་ནེམ་ལ་སོགས་པ། གཡས་གཡོའི་རྒྱལ་པོ་སྡེ་ཆེན་པོར་བྱ་བ་ཀུན་ཀྱང་། འཕྲུལ་གྱི་ལྷ་བཙན་པོའི་དབུ་རྨོག་བཙན་པོ་དང་། ལུགས་བཟང་པོ་ལ་མི་ཕྱོགས་མི་གུས་པ་ནི་མེད་དེ། ཕན་ཚུན་དགྱེས་ཤིང་། བཀའ་བསྩལད་ཏོ་ཅོག་ཉན་པ་ཡིན། ཤར་ཕྱོགས་ན་རྒྱ་འདུག་པ། ཕྱིའི་རྒྱ་མཚོ་ཆེན་པོའི་བར། ཉི་མ་ཤར་ལོགས་ཀྱི་རྒྱལ་པོ་སྟེ། ལྷོ་བལ་གཞན་དང་མི་འདྲ་བར། སྲིད་དང་ལུགས་བཟང་། གཙུག་ལས་ཆེ་བས། བོད་དང་ཡང་འཐབ་ཀྱི་ཟླ། གཉེན་གྱི་ལྡེ། དང་པོ་རྒྱ་རྗེ་ལི་རྒྱལ་སར་བཞུགས་ནས། དེའི་ཏང་གི་སྲིད་ལ་རྩ་གསུམ་ལོན། རྒྱལ་རབས་གཅིག་གི་འོག་ཏུ། འཕྲུལ་གྱི་ལྷ་བཙན་པོ་ཁྲི་སྲོང་བཙན་དང་། སྲོང་བཙན་སྒམ་པོ། རྒྱ་རྗེ་ཐིའི་རྫུང་བུ་ཤང་ཧད། ཐང་ཞུན། དེ་གཉིས་ཆབ་སྲིད་གཅིག་ཏུ་མོལ་ནས། ཅང་ཀྲན་གྱི་ལོ་ལ་ཀུན་ཤིང་ཀོང་ཇོ་བཙན་པོའི་ཁབ་ཏུ་བླངས། ཕྱིས་འཕྲུལ་གྱི་ལྷ་བཙན་པོ་ཁྲི་ལྡེ་གཙུག་བཙན་དང་། མེས་ཨག་ཚོམ། རྒྱ་རྗེ་ས་ལང་ཁེའ་འགྲན་(178བ)ཤེང་བུན་ཤིན་བུ་ཧའང་དེ་དང་ཆབ་སྲིད་གཅིག་ཏུ་མོལ་ཏེ། གཉེན་བརྩེགས། ཀེང་ལུང་གི་ལོ་ལ་མ་ཤང་ཀོང་ཇོ་བཙན་པོའི་ཁབ་ཏུ་བླངས་ནས། དབོན་ཞང་དུ་གྱུར་ཏེ་དགྱེས་པ་ལས། བར་འགའ། ཕན་ཚུན་གྱི་སོ་སོའི་བློན་པོས་གནོད་པ་དག་བརྟུལ་(བརྩོན)གྱིས་ཀྱང་། གཉེན་པའི་ཆབ་གང་དུ་བྱ་བ། ཐུགས་དཀྱེལ་ཆེན་པོ་དག་གི་ཚེ། དམག་སྟོངས་ཀྱིས་ཕན་ཐོགས་པར་བྱས་པ་དང་། ཕན་ཚུན་ཐུགས་ནོངས་བྱུང་ངོ་ཅོག་ལ། དགྱེས་གནང་དག་ཀྱང་མ་ཆད་པར་བསྲིངས་ཏེ། འདི་ལྟར་ཉེ་ཞིང་གཉེན་པ་ཡིན་ན། དབོན་ཞང་གི་ཚུལ་ཁོ་ན་ལྟར་ཐུགས་ཡིད་མ་ཕེབས་པ་ལས། བཙན་པོ་ཡབ་ལྷ་འཕྲུལ་ཁྲི་སྲོང་ལྡེ་བཙན་(སད་ན་ལེགས།) གྱི་ཞལ་སྔ་ནས། སྒམ་དཀྱེལ་ཆེན་པོས་ནི་ཕྱི་ནང་མེད་པར་ཕྱོགས་བརྒྱད་ཁྱབ་སྟེ། མཐའ་བཞིའི་རྒྱལ་པོ་ཀུན་དང་ཡང་མཇལ་ཞིང་འདུན་པར་ཡང་མཛད་ན། རྒྱལ་ལྷ་ཞིག །གཉེན་བརྩེགས་མ་ཡིན་པས། ལྷག་པར་ཆབ་སྲིད་གཅིག་ཏུ་དགྱེས་ཏེ། ཕན་ཚུན་དབོན་ཞང་དགོངས་པ་མཐུན་ནས། རྒྱ་རྗེ་ཞེང་ཤིན་བུན་བུྰ་ཧྭང་ཏི་དང་མཇལ་དུམ་མོལ་ཏེ། བཀའ་བོན་རྙིང་པ་ནི་སྦྱངས་ཤིང་བསལ། དགྱེས་པ་གསར་པ་ནི་སླར་ཞིང་བསྡུར། དེ་ཚུན་ཆད་བཙན་པོ་དབོན་ནི་སྐུ་ཚེ་གཅིག །རྒྱ་རྗེ་ཞང་(179ན)ནི་གདུང་རབས་གསུམ་གྱི་བར་དུ། བཀའ་འཁོན་གྱི་གཅུགས་ནི་མ་བྱུང་། དགྱེས་པའི་སྲི་ཞུ་ནི་ཕན་ཚུན་ཕྲད་དེ། ཕོ་ཉ་ཅེས་པ་ལས་བཀའ་ཕྲིན་སྙན་པ་དང་། དཀོར་ནོར་བཟང་པོས་ནི་རྒྱུན་དུ་འགྲུལ་ན། མཇལ་དུམ་གྱི་མདོ་ཆེན་པོ་བརྩིགས་པ་བཅའ་བ་ལྟ་བུ་ཡང་མ་གྲུབ། དབོན་ཞང་མོལ་བའི་རྗེས་ཀྱང་ཚར་མ་ཕྱིན་པར་ཐུགས་ནོངས་ཀྱིས་བསྩལ་ཏེ། བར་གྱི་གཅུགས་རྙིང་པ་ཕྲན་ཚེགས་ཀྱི་དྭོགས་འཕྲིག་གིས་ལེགས་པ་ཆེན་པོའི་སྐུ་དོན་ཕྱི་ལྕིགས(བཤོལ)ཤེ་དེ་དག་ཏུ་གྱུར་ནས། དགྲ་ཆོས་ཀྱི་ཐབས་དང་དམག་བཙན་པོ་དག་ཀྱང་མི་བརྟུལ(བརྩོན)དུ་མི་རུང་སྟེ། དགྲ་རྐུན་གྱི་ཚུལ་དུ་གྱུར་གྱིས་ཀྱང་། ཡོང་ཉེ་ཞིང་གཉེན་ལ། འཕྲུལ་གྱི་ལྷ་བཙན་པོ་ཁྲི་གཙུག་ལྡེ་བཙན(རལ་པ་ཅན)གྱི་ཞལ་སྔ་ནས། མཁྱེན་པ་ནི་འཕྲུལ་གྱི་ཚུལ་ཆགས། མཛད་པ་ནི་ལྷའི་ལུགས་དང་མཐུན་ཏེ། བཀའ་དྲིན་ཆེན་པོས་ཕྱི་ནང་གཉིས་སུ་སྙོམས་ཤིང་། དབུ་རྨོག་བཙན། བཀའ་ལུང་གཉན་ཏེ། རྒྱ་རྗེ་བུན་བུྰ་ཧེའུ་ཏིག་ཧང་དེ་དང་དབོན་ཞང་གཉིས། འཕྲུལ་གྱི་དགོངས་པ་ནི་མཐུན། ལེགས་པའི་ཆབ་སྲིད་ནི་གཅིག་སྟེ། བོད་རྒྱ་སྤུན་གཉིས་ཀྱི་ལེགས་ཉེས་ཅི་ཡང་མཁྱེན། ཐུགས་རྗེ་ཆེན་པོས་ནི་བཀའ་དྲིན་གྱིས་དགབ་པ་ལ་ཕྱི་ནང་མེད་པས། (179བ)མང་པོ་ཀུན་བདེ་ཞིང་སྐྱིད་པར་བྱ་བ་ནི་དགོངས་པ་གཅིག །ཡུན་རིང་པོ་ལེགས་པའི་དོན་ཆེན་པོ་ལ་ནི་བཀའ་གྲོས་མཐུན་ཏེ། གཉེན་པའི་སྲི་ཞུ་ནི་བསྡུད། ཁྱིམ་མཚེས་དགྱེས་པའི་ཚང་ཁ་ནི་བརྩེགས་མར་མོལ་ནས། མཇལ་དུམ་ཆེན་པོ་མཛད་དེ། བོད་རྒྱ་གཉིས། ད་ལྟར་སུ་མངའ་བའི་ཡུལ་དང་མཚམས་སྲུང་ཞིང་། དེའི་ཤར་ཕྱོགས་ཐམས་ཅད་རྒྱ་ཆེན་པོའི་ཡུལ། ནུབ་ཕྱོགས་ཐམས་ཅད་ནི་ཡང་དག་པར་བོད་ཆེན་པོའི་ཡུལ་ཏེ། དེ་ལས་ཕན་ཚུན་དགྲར་མི་འཐབ། དམག་མི་དྲངས། ཡུལ་གྱི་མི་མང་རྣམས་ཡིད་མི་ཆེས་པ་ཞིག་ཡོད་ན། མི་གཟུང་ཞིང་། གཏམ་དྲིས་ཏེ། ཕྱིན་བཏང་(བརྫངས)ངོ་། ཆབ་སྲིད་གཅིག་ཅིང་། མཇལ་དུམ་ཆེན་པོ་འདི་ལྟར་མཛད་པས། དབོན་ཞང་དགྱེས་པའི་བཀའ་ཕྲིན་སྙན་པས་ཀྱང་འདུལ་དགོས་ཏེ་ཕན་ཚུན་གྱི་ཕོ་ཉ་འདོང་བ་ཡང་། ལམ་རྙིང་པར་བྱུང་ན། སྔར་ལུགས་བཞིན་བོད་རྒྱ་གཉིས་ཀྱི་བར། ཙང་ཀུན་ཡོག་ཏུ་རྟ་རྗེས་ལ། རྩི་ཞུང་ཆོག་ཏུ་རྒྱ་དང་ཕྲད་པ་མན་ཆད་ནི་རྒྱས་ཕུ་དུད་བྱ། རྩེང་ཤུ་རྒྱན་དུ་ཕྲད་པ་ཡན་ཆད་ནི། བོད་ཀྱི་ཕུ་དུད་བྱ་སྟེ། དབོན་ཞང་ཉེ་ཞིང་གཉེན་པའི་ཚུལ་བཞིན་དུ། སྲི་ཞུ་དང་བཀུར་སྟིའི་ལུགས་ཡོད་པར་སྦྱར་ཏེ། ཡུལ་གཉིས་ཀྱི་བར་ན་དུད་(180ན)བརྟུལ་མི་སྣང་། བློ་བུར་དུ་དངངས་པ་དང་། དགྲའི་མིང་མི་གྲགས་ཏེ། ས་མཚམས་སྲུང་བའི་མི་དང་ཡང་། དྭོགས་ཤིང་འཇིགས་པ་མེད་པར། ས་མལ་ན་བག་བརྐྱང་སྟེ། བདེ་བར་འཁོད་ཅིང་། སྐྱིད་པའི་བཀའ་དྲིན་ནི་རབ་ཁྲིའི་བར་དུ་ཐོབ། སྙན་པའི་སྒྲ་སྐད་ནི་ཉི་ཟླས་སླེབས་སོ་ཅོག་ཏུ་ཁྱབ་སྟེ། བོད་བོད་ཡུལ་ན་སྐྱིད། རྒྱ་རྒྱ་ཡུལ་ན་སྐྱིད་པའི་སྲིད་ཆེན་པོ་སྦྱར་ནས། རྩིག་བཅས་པ་འདི། ནམ་ཞར་མི་འགྱུར་བར། ༈དཀོན་མཆོག་གསུམ་དང་། འཕགས་པ་རྣམས་དང་། ཉི་ཟླ་དང་། གཟའ་སྐར་གཉིས་རབས་ཁྲིར། བདེ་ཞིང་སྐྱིད་པའི་མཇལ་དུམ་ཆེན་པོ་མཛད་ནས། རྒྱ་ཡུལ་དུ་ནི་ཀེ་ཤིའི་ནུབ་ཕྱོགས། སང་ཤིའི་དྲུང་དུ། བོད་ཆེན་པོའི་ལོའི་མིང་། སྐྱིད་རྟག་ལོ་བདུན། རྒྱ་ཆེན་པོའི་ལོའི་མིང་། ཅང་ཀེང་པོ་དང་པོ། ལྕགས་མོ་གླང་གི་ལོའི་དགུན་ཟླ་ར་བའི་ཚེས་བཅུ་ལ། དཀྱིལ་འཁོར་ལ་འཛེགས་ཏེ་རྒྱས་གཙིགས་བཟུང་ངོ་། །བོད་ཡུལ་དུ་ནི། ཕོ་བྲང་ལྷ་སའི་ཤར་ཕྱོགས། སྦྲ་སྟོད་ཚལ་དུ། བོད་ཆེན་པོའི་ལོའི་མིང་། སྐྱིད་རྟག་ལོ་བརྒྱད། རྒྱ་ཆེན་པོའི་ལོའི་མིང་། ཅང་ཀེང་ལོ་གཉིས། ཆུ་ཕོ་སྟག་ལོའི་དབྱར་ཟླ་འབྲིང་པོའི་ཚེས་དྲུག་ལ། དཀྱིལ་(180བ)འཁོར་ལ་འཛེགས་ཏེ། བོད་ཀྱིས་རྩིགས་བཟུང་ངོ་། །རྩིགས་ཀྱི་རྡོ་རིང་ལ་བྲིས་པ་འདི་ཡང་། བོད་ཆེན་པོའི་ལོའི་མིང་། སྐྱིད་རྟག་ལོ་དགུ། རྒྱ་ཆེན་པོའི་ལོའི་མིང་། ཅང་ཀེང་ལོ་གསུམ། ཆུ་མོ་ཡོས་ལོའི་དཔྱིད་ཟླ་འབྲིང་པོའི་ཚེས་བཅུ་བཞི་ལ། རྡོ་རིང་ལ་ཡི་གེར་བྲིས་སོ། །རྡོ་རིང་འདི་བྲིས་པའི་སྤྱན་ཡང་། རྒྱའི་ཕོ་ཉ་ཐབས་ཅུང་ཤིང་ཡོད་པ་དོ་རྩེའི་དང་། ཐབས་ཙན་ཤན་དེ་བུྰ་ཡོད་པ། ལི་ཀྲིའུ་ལ་སོགས་པས་བྱས་སོ། །རྩིགས་ཀྱི་རྡོ་རིང་ལ་འདི་འདྲ་གཅིག །རྒྱའི་ཡུལ་ཀོང་ཤིར་ཡང་བཙུགས་སོ། །འདི་ཡན་ཤར་ལོགས་ཀྱི་ཡི་གེ་ཡིག་ཕྲེང་བདུན་ཅུ་དོན་གཅིག་འདུག །ནུབ་ལོགས་ལ། ༄། བོད་ཀྱི་རྒྱལ་པོ་འཕྲུལ་གྱི་ལྷ་བཙན་པོ་དང་། རྒྱའི་རྒྱལ་པོ་ཆེན་པོ་རྒྱ་རྗེ་ཧྭང་དེ། དབོན་ཞང་གཉིས་ཆབ་སྲིད་གཅིག་ཏུ་མོལ་ཏེ། མཇལ་དུམ་ཆེན་པོ་མཛད་ཅིང་། རྩིགས་བཅས་པ། ནམ་ཞར་ཡང་མི་འགྱུར་བར། ལྷ་མི་ཀུན་གྱིས་ཤེས་ཤིང་དཔང་བྱས་ཏེ། ཚེ་ཚེ་རབས་རབས་སུ། བརྗོད་ཡོད། ཞིར་རྩིགས་ཀྱི་མིང་། རྡོ་རིང་ལ་བྲིས་པའོ། །འཕྲུལ་གྱི་བཙན་པོ་ཁྲི་གཙུག་ལྡེ་བཙན་(རལ་པ་ཅན)གྱི་ཞལ་སྔ་ནས། རྒྱ་རྗེ་བུྰན་བུྰ་ཧེའུ་ཏིག་ཧང་དེ། འཕྲུལ་བོན་ཞང་གཉིས། སྒམ་(181ན)དཀྱེལ་ཆེན་པོས་ནི། འཕྲལ་ལ་ཡང་དཔང་དུ་གསོལ་ཏེ། ཐ་ཚིག་རྣམས་ཀྱང་བཤད། སྲོག་ཆགས་བསད་དེ། མནའ་ཡང་བོར་ནས། རྩིགས་བཅས་སོ། །རྩིགས་འདི་བཞིན་དུ་མ་བྱས་སམ། བཤིག་ན། བོད་རྒྱ་གཉིས་གང་གིས་སྔར་ཉེས་པ་ལ་བསྡིག་ཅིང་། ལན་དུ་བརྐུ་རྒྱུ་བྱས་ཀྱང་རྩིགས་བཤིག་པ་ལ་མ་གཏོགས་སོ། །འདི་ལྟར་བོད་རྒྱ་གཉིས་ཀྱི་རྒྱལ་བློན་གྱི་ཞལ་གྱིས་གཤེགས། མནའ་བོར་ཏེ། རྩིགས་ཀྱི་ཡི་གེ་ཞིབ་མོར་བྲིས་ནས་རྒྱལ་པོ་ཆེན་པོ་གཉིས་ཀྱིས་ནི་ཕྱག་རྒྱས་བཏབ། བློན་པོ་རྩིགས་འཛིན་པ་ལ་གཏོགས་པ་རྣམས་ཀྱིས་ནི་ལག་ཡིག་ཏུ་བྲིས། རྩིགས་ཀྱི་ཡི་གེ་སོ་སོའི་ཕྱག་སྦལ་དུ་བཞག་གོ །ཞེས་བྱུང་ངོ་། །རྡོ་རིང་འདིའི་ལྷོ་ཕྱོགས་ལ་རྒྱའི་བློན་པོའི་མིང་རྣམས་དང་། བྱང་ཕྱོགས་ལ་བོད་ཀྱི་བློན་པོའི་མིང་རྣམས་འདུག་གོ །སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཆོས་ཀྱི་བརྡ་བོད་སྐད་ལ་མ་གྲགས་པ་མང་ཞིག་བྱུང་ཞིང་། རྒྱ་ནག་དང་། ལི་དང་། ཡུལ་དབུས་དང་། ཟ་ཧོར་དང་། ཁ་ཆེ་སོགས་སྣ་ཚོགས་ནས་བསྒྱུར་བས་བརྡ་མི་འདྲ་བ་མང་པོས་དོན་མི་གོ་ཞིང་བསླབ་དཀའ་བར་གཟིགས་ནས། ཉི་འོག་གི་མཁན་པོ་ཨཱ་ཙརྱ་ཛི་ན་མི་ཏྲ་དང་། (181བ)སུ་རནྡྲ་བོ་དྷི་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་། དྷརྨ་ཏཱ་ཤཱི་ལ་དང་། ལོ་ཙཱ་བ་མཁས་པ་ཛྙཱན་སེ་ན་དང་། ཛ་ཡ་རཀྵ་ཏ་དང་། མཉྫུ་ཤྲཱི་ཝརྨ་དང་། རཏྣིནྡྲ་ཤཱི་ལ་ལ་སོགས་པས་ཐེག་པ་ཆེ་ཆུང་གི་ཆོས་རྣམས། རྒྱ་གར་གྱི་ཡུལ་དབུས་ལས་བྱུང་བའི་བརྡ་དང་མཐུན་པར་བསྒྱུར་ཞིང་། ཀུན་གྱིས་བསླབ་ཏུ་རུང་ལ་ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་བ་དང་། ཆད་ལྷག་སྤང་བའི་ཕྱིར་དཀར་ཆག་ཀྱང་བྲིས་ཤིག་ཅེས་བཀའ་བསྩལ་ཏེ། ལོ་པཎ་དེ་རྣམས་དང་། ཁྱད་པར་དྲིན་ཅན་གྱི་ལོ་པཎ་གསུམ་ཞེས་གྲགས་པ་ཛིན་མི་ཏྲ་དང་། དཱ་ན་ཤཱི་ལ་དང་། ཞང་ཡེ་ཤེས་སྡེ་གསུམ་གྱིས་སྔར་བསྒྱུར་བ་ཐམས་ཅད་སྐད་གསར་བཅད་ཀྱིས་གཏན་ལ་ཕབ་སྟེ་གནའ་བོའི་བརྡ་གོ་དཀའ་བ་རྣམས་དོར་ཏེ་ཡུལ་དུས་དང་མཐུན་པར་གོ་སླ་ཞིང་འདོན་བདེ་བར་བྱས། ཡི་གེ་ཉུང་བའི་ཆེད་དུ་མ་མྱ། ད་དྲག །རྐྱང་པའི་རྟེན་སོགས་དོར། གཞུང་ཚད་རྣམས་ཀྱང་བམ་གྲངས་སོགས་ངེས་པར་དཀར་ཆག་ཏུ་བསྣན་ཏེ། སྤྱིར་ཁྲི་སྲོང་གི་དུས་ཀྱི་དཀར་ཆག་ཕོ་བྲང་ལྡན་དཀར་མ་དང་། ཕྱིས་མཆིམས་ཕུ་མ་དང་། འཕང་ཐང་མ་སྟེ་གསུམ་དུ་བྱུང་ལ། དེ་དག་དཀོར་མཛོད་དུ་བཀའ་གཙིགས་ཀྱི་ཟླ་ལ་གཅེས་སྤྲས་སུ་འཇོག་གོ །(182ན)དེ་ལྟར་ཡང་སྒྲ་སྦྱོར་བམ་པོ་གཉིས་པ་ལས་འདི་སྐད་དུ། རྟའི(ཁྲི་སྲོང་དགུང་གྲངས་བཞི་བཅུ་ཞེ་དགུ་པ་ས་ཕོ་རྟ། མཆན།)ལོ་ལ་བཙན་པོ་ཁྲི་ལྡེ་སྲོང་བཙན་ཕོ་བྲང་འོན་ལྗང་རྡོ་ན་བཞུགས། སྟོད་སྨད་ཀྱི་དམག་རྗེ་དང་རྐུན་ཆེན་བཏུལ། གར་ལོག་གི་ཕོ་ཉས་ཕྱག་འཚལ། བློན་ཆེན་པོ་ཞང་ཁྲི་ཟུར་རམ་ཤགས་དང་། བློན་མང་རྗེ་ལྷ་ལོད་ལ་སོགས་པས་བྱ་ལས་མང་པོ་བཅད་དེ། རྔ་རྟ་དང་བ་མར་ཕལ་མོ་ཆེ་ཕྱག་ཏུ་ཕུལ། ཞང་བློན་མན་ཆད་སོ་སོར་བྱས། དགའ་སྩལ་བའི་ལན་ལ་ཉི་འོག་གི་མཁན་པོ་ཨཱཙརྱ་ཛི་ན་མི་ཏྲ་དང་། སུ་རནྡྲ་བོ་དྷི་དང་། ཤཱི་ལེནྡྲ་བོ་དྷི་དང་། དྷ་ན་ཤཱི་ལ་དང་། བོ་དྷི་མི་ཏྲ་དང་། བོད་ཀྱི་མཁན་པོ་རཏྣ་རཀྵི་ཏ་དང་། དྷརྨ་ཏ་ཤཱི་ལ་དང་། ལོ་ཙཱ་བ་མཁས་པར་ཚུད་པ་ཛྙཱ་ན་སེ་ན་དང་། ཛ་ཡ་རཀྵི་ཏ་དང་། མཉྫུ་ཤྲཱི་ཝརྨ་དང་། རཏྣེནྡྲ་ཤཱི་ལ་ལ་སོགས་པས། ཐེག་པ་ཆེ་ཆུང་ལས་བྱུང་བའི་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་འགྱུར་ཞིང་མིང་དུ་བཏགས་པ་རྣམས་དཀར་ཆག་ཏུ་བྲིས་ཏེ། ནམ་དུ་ཡང་གཞུང་ལུགས་དེ་ལས་མི་བསྒྱུར་ཞིང་ཀུན་གྱིས་སློབ་ཏུ་རུང་བར་གྱིས་ཤིག་ཅེས་བཀའ་བསྩལ་ནས། སྔོན་ལྷ་སྲས་ཡབ་ཀྱི་རིང་ལ་ཨཱཙརྱ་བོ་དྷི་སཏྭ་དང་། ཡེ་ཤེས་དབང་པོ་དང་། ཞང་རྒྱལ་ཉེན་ནམ་བཟང་དང་། བློན་(182བ)ཁྲི་ཞེར་སང་ཤི་དང་། ལོ་ཙཱ་བ་སྙི་དེ་ཝ་ཀོ་ཥ་དང་། ལྕེ་ཁྱི་འབྲུག་དང་། བྲམ་ཟེ་ཨ་ནནྟ་ལ་སོགས་པས་ཆོས་ཀྱི་སྐད་བོད་ལ་མ་གྲགས་པ་ལས་མིང་དུ་བཏགས་པ་དག་གཅིག་མཆིས་པའི་ནང་ནས། ཁ་ཅིག་ཆོས་ཀྱི་གཞུང་དང་། བྱ་ཀ་ར་ཎའི་ལུགས་དང་མི་མཐུན་ཏེ། མི་བཅོས་སུ་མི་རུང་བ་རྣམས་ཀྱང་བཅོས། སྐད་ཀྱི་མིང་གཅེས་སོ་འཚལ་གྱིས་ཀྱང་བསྣན་ནས། ཐེག་པ་ཆེ་ཆུང་གི་གཞུང་ལས་ཇི་སྐད་བྱུང་བ་དང་། གནའི་མཁན་པོ་ཆེན་པོ་ནཱ་ག་རྫུ་ན་དང་། བ་སུ་བནྡྷུ་ལ་སོགས་པས་ཇི་ལྟར་བཤད་པ་དང་། བྱ་ཀ་ར་ཎའི་ལུགས་ལས་ཇི་སྐད་དུ་འདྲེན་པ་དང་ཡང་བསྟུན་ཏེ། འཇལ་དཀའ་བ་རྣམས་ཀྱང་ཚིག་སོ་སོར་ཕྲལ་ནས་གཏན་ཚིགས་ཀྱིས་བཤད་དེ་གཞུང་དུ་བྲིས། སྐད་རྐྱང་པ་བཤད་མི་འཚལ་བ་སྒྲ་བཞིན་དུ་བསྒྱུར་བའི་རིགས་རྣམས་ཀྱང་སྒྲ་བཙན་པར་བགྱིས་ཏེ་མིང་དུ་བཏགས། སྐད་ཁ་ཅིག་དོན་བཞིན་དུ་གདགས་པའི་རིགས་རྣམས་ཀྱང་དོན་བཙན་པར་བགྱིས་ཏེ་མིང་དུ་བཏགས་ནས། བཙན་པོའི་སྤྱན་སྔར་བནྡེ་ཆེན་པོ་ཡོན་ཏན་དང་། བནྡེ་ཆེན་པོ་ཏིང་ངེ་འཛིན་ལ་སོགས་པའང་ཚོགས་ཏེ། རྗེ་བློན་གདན་འཛོམ་པ་ལ་ཞུས་ནས། དྷརྨ་བསྒྱུར་བའི་ཐབས་དང་རྒྱ་གར་གྱི་སྐད་ལས་བོད་ཀྱི་སྐད་དུ་མིང་གདགས་པའི་རྣམ་བཞག་གཏན་ལ་ཕབ་སྟེ་བཀས་བཅད་པ། (183ན)དམ་པའི་ཆོས་བསྒྱུར་བའི་ལུགས་ནི་སྒྲ་དང་མཐུན་ལ། དོན་དང་ཡང་མི་འགལ་པ་ལ། བོད་སྐད་ལས་ཀྱང་གར་བདེ་བར་གྱིས་ཤིག །དྷརྨ་བསྒྱུར་བ་ལ་རྒྱ་གར་གྱི་སྐད་གོ་རིམ་ལས་མི་སྣོར་བར་བོད་ཀྱི་སྐད་དུ་བསྒྱུར་ན་དོན་དང་ཚིག་ཏུ་འབྲེལ་ཞིང་བདེ་ན་མ་ནོར་བ་བསྒྱུར་ཅིག །སྣོར་ན་བདེ་ཞིང་གོ་བའི་སྐྱེད་ཅིག་ཡོད་ན། ཚིགས་བཅད་ལ་ནི་རྩ་བ་བཞི་པའི་དྲུག་པའང་རུང་སྟེ། ཚིགས་སུ་བཅད་པ་གཅིག་གི་ནང་གང་བདེ་བར་སྣོར་ཅིང་སྒྱུར་ཅིག །རྐྱང་པ་ལ་ནི་དོན་གར་སྙེགས་ཡན་ཆད་ཀྱི་ཚིགས་དང་དོན་གཉིས་ཀ་ལ་གར་བདེ་བར་སྣོར་ཅིང་སྒྱུར་ཅིག སྐད་གཅིག་ལ་མིང་དུ་མར་འདྲེན་པ་ནི་ལྟག་འོག་དང་བསྟུན་ལ་གར་སྙེགས་པ་བཞིན་དུ་མིང་ཐོགས་ཤིག །གོོ་ཏ་མ་ལྟ་བུ། གོའི་སྒྲ་ལས་ཚིགས་དང་། ཕྱོགས་དང་། ས་དང་། འོད་དང་། རྡོ་རྗེ་དང་། བ་གླང་དང་། མཐོ་རིས་ལ་སོགས་པ་རྣམ་པ་དུ་མར་སྙེགས་པ་དང་། ཀོ་ཤི་ཀ་ལྟ་བུ། རྩ་ཀུ་ཤ་ཐོགས་པ་ལྟ་བུ། མཁས་པ་དང་། པདྨ་ལ་དགའ་བ་དང་། འུག་པ་དང་། མཛོད་ལྡན་ལ་སོགས་པ་སྒྲའི་ལུགས་ལས་དྲངས་ཤིང་བསྒྱུར་ན་རྣམ་གྲངས་མང་པོ་ཞིག་ཏུ་སྙེགས་ལ། བསྒྱུར་བ་རྣམས་གཅིག་གི་ནང་དུ་ནི་རྣམ་གྲངས་དེ་ཀུན་བསྡུར་(183བ)ཡང་མི་བཏུབ་སྟེ། གཅིག་ཏུ་ཆད་པར་བྱུང་ཡང་། གཏན་ཚིགས་ཆེན་པོ་མེད་པ་རྣམས་ནི་མི་བསྒྱུར་བར་རྒྱ་གར་གྱི་སྐད་ཁོ་ན་ཞོག་ཅིག །གར་ཡང་དྲང་དུ་རུང་བའི་ཚིག་བྱུང་ན་ཕྱོགས་གཅིག་ཏུ་ཆད་པར་མི་བསྒྱུར་བར་སྤྱིར་སྙེགས་སུ་རུང་བར་གྱིས་ཤིག །ཡུལ་དང་སེམས་ཅན་དང་། མེ་ཏོག་དང་རྩི་ཤིང་ལ་སོགས་པའི་མིང་བསྒྱུར་བ་མི་གོ་ཞིང་ཚིག་མི་བདེ་བ་དང་། འོལ་ཕྱིར་བསྒྱུར་དུ་རུང་ཡང་། དོན་དུ་དེ་ལྟར་ཡིན་ནམ་མིན་གཏོལ་མེད་པ་རྣམས་ནི་འགོ་ལ་ཡུལ་ཞེས་སམ། མེ་ཏོག་ཅེས་བྱ་བ་ལ་སོགས་གང་ལ་བྱ་བའི་མིང་གཅིག་སླ་ཐབས་སུ་བསྣོན་ལ་རྒྱ་གར་གྱི་སྐད་སོ་ན་ཞོག་ཅིག །གྲངས་ལ་རྒྱ་གར་གྱི་སྐད་བཞིན་དུ་བསྒྱུར་ན་དགེ་སློང་བརྒྱ་ཕྲག་ཕྱེད་དང་བཅུ་གསུམ་ཞེས་འབྱུང་བ་ལ་སོགས་པ་ནི། སྟོང་ཉིས་བརྒྱ་ལྔ་བཅུ་ཞེས་ཐ་མལ་པར་བོད་སྐད་ཀྱི་ལུགས་བཞིན་དུ་བསྒྱུར་ན་དོན་དང་མི་འགལ་ལ་བོད་ཀྱི་སྐད་ལ་ཡང་དེ་བས་གྲངས་སྡོམ་དུ་རུང་བ་རྣམས་བོད་ཀྱི་སྐད་ཀྱི་ལུགས་བཞིན་དུ་ཐོགས་ཤིག །པ་རི་དང་། སམ་དང་། ཨུ་པ་ལྟ་བུ་ལ་སོགས་ཏེ། ཚིག་གི་ཕྲད་དང་རྒྱན་ལྟ་བུར་འབྱུང་བ་རྣམས་བསྒྱུར་ན་དོན་མཐུན་ཞིང་འབྱོར་བའི་ཐབས་ནི། ཡོངས་སུ་ཞེའམ། ཉེ་བ་ཞེས་སྒྲ་བཞིན་དུ་སྒྱུར་ཞིག །དོན་ལྷག་པར་སྙེགས་ས་མེད་པ་རྣམས་ནི་(184ན)ཚིག་གི་ལྷད་ཀྱིས་བསྣན་མི་དགོས་ཀྱི་དོན་བཞིན་དུ་ཐོགས་ཤིག །རྣམ་གྲངས་སུ་གཏོགས་པའི་ཚིག་རྣམས་ནི་མ་འདོམ་ན་མིང་གང་བོད་སྐད་དུ་སྤྱིར་གདགས་ཤིང་ཚིག་ཏུ་གང་བདེ་བར་གདགས་སོ། །འདོམ་ན་སོ་སོར་བཏགས་པ་བཞིན་དུ་ཐོགས་ཤིག །སངས་རྒྱས་དང་། བྱང་ཆུབ་སེམས་དཔའ་དང་། ཉན་ཐོས་ལ་སོགས་པ་ལ་ཞེ་ས་དང་། ཀོ་ལོང་གི་ཚིག་གི་རིམ་པ་ནི། སངས་རྒྱས་ལ་ཞེ་སའི་ཚིག་ཏུ་བསྒྱུར། གཞན་ལ་ཚིག་འབྲིང་པོ་མན་ཆད་ཙམ་དུ་བྱ་སྟེ། སྔོན་ལྷ་སྲས་ཡབ་ཀྱི་སྤྱན་སྔར་མཁན་པོ་དང་། ལོ་ཙཱ་བ་མཁས་པ་ཚོགས་པས། དྷརྨ་དཀོན་མཆོག་སྤྲིན་དང་། ལངྐར་གཤེགས་པ་བསྒྱུར་ཏེ་གཏན་ལ་ཕབ་པའི་ལུགས་བཞིན་དུ་སྒྱུར་ཅིག །སྐད་ཀྱི་ལུགས་འདི་ལྟར་བཀས་བཅད་པ་ལས། སོ་སོ་ནས་སུ་ཡང་འཆོས་ཤིང་འོག་ཏུ་མིང་གསར་དུ་གདགས་སུ་མི་སྣང་གི །བསྒྱུར་བ་དང་འཆད་པའི་སྒྲ་སོ་སོ་ནས་སྐད་གསར་དུ་མིང་གདགས་དགོས་པ་ཞིག་ན། སོ་སོའི་གྲྭ་གྲྭར་མིང་ཆད་པར་མ་གདགས་པར་ཆོས་ཀྱི་གཞུང་དང་སྒྲའི་ལུགས་ལས་ཇི་སྐད་འགྱུར་བའི་གཏན་ཚིགས་དང་ཆོས་ལ་ཇི་སྐད་དུ་གདགས་པར་དཔྱད་དེ། ཕོ་བྲང་དུ་བཅོམ་ལྡན་འདས་ཀྱི་རིང་ལུགས་ཀྱི་འདུན་ས་དང་། དྷརྨ་ཞུས་ཆེན་ཚལ་(184བ)པའི་གྲྭར་ཕུལ་ལ་སྙན་དུ་ཞུས་ཏེ་བཀས་བཅད་ནས་སྐད་ཀྱི་དཀར་ཆག་གི་དཀྱུས་སུ་བསྣན་ནོ། །གསང་སྔགས་ཀྱི་རྒྱུད་རྣམས་གཞུང་གིས་གསང་བར་བྱ་བ་ཡིན་ཏེ། སྣོད་དུ་མ་གྱུར་པ་རྣམས་ལ་བཤད་ཅིང་བསྟན་དུ་ཡང་མི་རུང་ལ། བར་དུ་བསྒྱུར་ཞིང་སྤྱོད་དུ་གནང་གིས་ཀྱང་། ལྡེམ་པོའི་ངག་ཏུ་བཤད་པ་མ་ཁྲོལ་ནས། སྒྲ་ཇི་བཞིན་དུ་འཛིན་ཅིང་ལོག་པར་སྤྱོད་པ་དག་ཀྱང་འབྱུང་། སྔགས་ཀྱི་རྒྱུད་ནི་ནང་ནས་འཐུ་ཞིང་བོད་སྐད་དུ་བསྒྱུར་བ་དག་ཀྱང་འབྱུང་ཞེས་འདས་ཀྱི། ཕྱིན་ཆད་གཟུངས་སྔགས་དང་། བླ་ནས་བཀའ་བསྩལ་ཏེ་བསྒྱུར་དུ་བཅུག་པ་མ་གཏོགས་གསང་སྔགས་ཀྱི་རྒྱུད་དང་། སྔགས་ཀྱི་ཚིག་འཐུ་ཞིང་བསྒྱུར་དུ་མི་སྣང་(གནང་)ངོ་། །ཞེས་གསུངས་པ་ལས་གསལ་བར་མཐོང་ཞིང་ལུང་རྒྱས་པར་བྲིས་པ་ནི་ཆོས་བསྒྱུར་པོ་དག་ལ་གུས་པ་བསྐྱེད་པའི་ཆེད་དུའོ། །གཞན་ཡང་རྒྱལ་པོས་བཀས་བཅད་པ་རྣམ་པ་གསུམ་དུ་མཛད་དེ། གཞི་ཐམས་ཅད་ཡོད་པར་སྨྲ་བ་ལས་གཞན་པའི་སྡེ་པ་མི་གཟུག་ཅིང་། དེ་དག་གི་སྡེ་སྣོད་མི་བསྒྱུར། སྔགས་མ་རྒྱུད་རྣམས་མ་སྒྱུར་ཞིག་ཅེས་བཀའ་བསྩལ། བྲེ་སྲང་དང་ཞོ་ཆ་ཚུན་རྒྱ་གར་དབུས་འགྱུར་ཚལ་དང་མཐུན་པར་བཅོས། རབ་ཏུ་བྱུང་བ་རེ་རེ་ལ་འབངས་མི་ཁྱིམ་བདུན་(185ན)བདུན་ཕུལ་བར་མཛད། རང་ཉིད་དབུ་སྐྲ་ཆབ་ཀྱིས་བསིལ་བ་སོགས་ལ་མི་མཉེས་པས་དབུ་སྐྲ་རལ་པར་ཆགས་ཏེ་བཙན་པོ་རལ་པ་ཅན་དུ་མཚན་ཐོགས། རྒྱལ་པོ་དགུང་ལ་བཞུགས། གཡས་གཡོན་ལ་དགེ་འདུན་གྱི་སྟན་བཟང་པོ་བཤམས། དབུ་རལ་ཚན་པ་གཉིས་སུ་བྱས་པའི་སྣེ་རེ་ལ་དར་ཡུག་བཏགས་པ་དགེ་འདུན་གྱི་སྟན་གྱི་སྟེང་དུ་བཀྲམ་པ་ལ་ཕྱོགས་གཅིག་ཏུ་དགེ་འདུན་ངུར་སྨྲིག་གི་སྡེ་དང་། ཕྱོགས་གཅིག་ལ་གོས་དཀར་ལྕང་ལོའི་སྡེ་རྣམས་བཞུགས་སུ་གསོལ་ཏེ་དབུ་གཙུག་ཏུ་འཁུར་བས་དབུའི་མཆོད་གནས་དགེ་འདུན་སྡེ་གཉིས་ཞེས་གྲགས། ཐུགས་དམ་གྱི་རྟེན་དུའུ་ཤང་རྡོ་དཔེ་མེད་བཀྲ་ཤིས་དགེ་འཕེལ་གྱི་གཙུག་ལག་ཁང་བཞེངས། དེའི་ས་ཕུད་ལས་ལྷ་སར་བྱམས་པ་ཆོས་འཁོར་གྱི་སྒོ་སྲུང་ཚངས་པ་དང་བརྒྱ་བྱིན་བཞེངས། ཤིང་ཕུད་ལས་གནམ་ཡང་ཀ་བ་བཞི་རིན་པོ་ཆེས་བརྒྱན་ཏེ་ཕུལ། བྲིས་ཕུད་དུ་བེ་བུམ་བརྒྱ་དང་རྩ་བརྒྱད་གསོས། ལུགས་མའི་ཕུད་ལ་ཅོང་གི་དྲིལ་ཆེན་ཕུལ། ཡང་ཕུད་ལ་ཡེར་པར་མཆོད་རྟེན་བཞེངས། རྒྱ་བལ་གྱི་བཟོ་བོ་མཁས་པ་མང་པོས་ལྷ་ཁང་དངོས་ཐོག་སོ་དགུ་ལྡན་འཕྲུལ་སྣང་གི་ཚད་ཙམ་དུ་བཞེངས་ཏེ། འོག་གི་ཐོག་གསུམ་རྡོ་ལས་བརྩིགས་ཏེ་དེ་ན་རྗེ་བློན་(185བ)རྣམས་བཞུགས། བར་ཐོག་གསུམ་སོ་ཕག་གིས་བརྩིགས་ཏེ་ལོ་པཎ་དགེ་འདུན་རྣམས་བཞུགས། སྟེང་ཐོག་གསུམ་ཤིང་གི་འཕྲུལ་གྱིས་བཏེགས་ཏེ་ཐུགས་དམ་གྱི་རྟེན་གསུམ་བཞུགས། སྐུའི་རྟེན་ཐམས་ཅད་རྒྱ་གར་དབུས་ཀྱི་ལྷ་ལ་དཔེ་བྱས་ནས། ལི་དཀར་དམར་ལས་ལུགས་སུ་བླུགས་པ་འཛམྦུ་ཆུ་བོའི་གསེར་གྱིས་གཡོགས་པ་འབའ་ཞིག་ཏུ་མཛད། ཐོག་རེ་རེ་བཞིན་ཐིང་གི་བྱ་འདབ་དང་ཕ་གུ་དྲ་ཕྱེད་ཤར་བུ་མདའ་ཡབ་དང་བཅས་པ། བྱ་འདབ་ཀྱི་བར་རེ་རེ་བཞིན་ལོ་པཎ་རྣམས་ཀྱིས་ཆོས་བསྒྱུར་བ་དང་འཆད་རྩོམ་བྱེད་པ། ཐོག་རེ་རེ་བཞིན་གླི་འབུར་གྱི་སྒོ་དང་སྒོ་ཁྱམས་རྟ་བབས་ཀྱིས་མཛེས་པ། ཡང་རྩེའི་བྱ་འདབ་ཀྱི་རྩེར་གསེར་གྱི་གཉྫི་ར་རྩེ་མོ་རྒྱབ་རི་མདུན་མའི་རྩེ་དང་མཉམ་པའི་གཡས་གཡོན་དུ་གཡུ་འབྲུག་གིས་སྤྲས་པ། ཡང་རྩེའི་རྒྱ་ཕུབ་རླུང་གིས་བསྐྱོད་པ་ནམ་མཁའ་ལ་གདུགས་ལྟར་འཁོར་བ། རླུང་ཧ་ཅང་ཆེ་བ་ན་ཟུག་བཞིར་ལྕགས་ཐག་གིས་རྡོའི་སེང་གེ་ལ་བཏོད་པའམ་མཆོད་རྟེན་ཆེན་པོ་བཞིའི་ངོས་སུ་གདགས་སྐད། རིན་པོ་ཆེའི་ཕྲེང་བ་དང་། གདུགས་དང་། རྒྱལ་མཚན་དང་། འཕན་དང་། གསེར་གྱི་དྲིལ་ཕྲེང་ཕྱོགས་ཀུན་ནས་འཁྲོལ་བ། ལྟ་བས་ཆོག་མི་ཤེས་པ་(186ན)འཛམ་བུ་གླིང་ཙམ་ན་འགྲན་ཟླ་དང་བྲལ་བར་བཞེངས་སོ། །སྤྱིར་འདི་ཡན་ལ་བོད་ཀྱི་རྒྱལ་པོ་རྣམས་ཀྱིས་གཙུག་ལག་ཁང་སྟོང་དང་བརྒྱད་བཞེངས་པར་གྲགས་སོ། །གཞན་ཡང་དེའི་ཚེ་བློན་པོ་འགའ་དང་ཉང་བན་ཤའི་སྤྱན་ལྡན་ལ་སོགས་པས་ལྷ་སར་ཤར་དུ་དཀར་རུ་དང་དམེ་རུ་གཉིས། ལྷོར་དགའ་བ་དང་དགའ་བའི་འོད། ནུབ་ཏུ་བྲན་ཁང་དང་བྲན་ཁང་ཐ་མ་ལ་སོགས་པའི་ལྷ་ཁང་བྱས་སོ། །དེའང་སྔར་མེས་སྲོང་བཙན་དང་ཁྲི་སྲོང་གི་བཀའ་གཙིགས་ཁྲིམས་སྲོལ་བཟང་པོའི་གཞུང་བསྲངས་ཤིང་། གཞན་ཡང་སྨན་གྱི་བཅོས་ལུགས་བཞི། དཔྱད་མཁན་གྱི་གབ་རྩེ་ལྔ། ཡ་རབས་ཀྱི་རྐྱེན་བདུན། མཛངས་པའི་མིག་བཅུ་གཉིས། ཕོ་ལྟང་གི་ཉེར་བརྒྱད། མོ་ལྟང་གི་ཉེར་བཅུ་གཉིས། ཕྱག་རྒྱ་དྲུག །རྒྱལ་པོའི་གདན་བཞི། བློན་པོ་གྲལ་བརྒྱད། ཕྱག་རྐ་རྩ་བུ་བརྒྱད། མཛའ་སྡུམ་བཞི་སོགས་བོད་འབངས་ཀྱི་གཏམ་དང་ཡིག་ཚང་དུ་གྲགས་ཤིང་། ལག་ཏུ་སྟེར་འོས་པ་རྣམས་ལེན་པའི་སྲོལ་ཆོས་ཀྱི་རྒྱལ་པོ་འདི་ཡན་དུ་མ་ཉམས་པར་གནས་པ་ཡིན་ལ། དེ་ལྟར་ལུགས་གཉིས་ཀྱི་བཀའ་ཁྲིམས་བཟང་པོས་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས་པས། བོད་འབངས་ཐམས་ཅད་དགེ་བ་བཅུ་ལ་(186བ)ལོངས་སྤྱོད། བདེ་སྐྱིད་ལྷ་དང་མཚུངས། ཆབ་འབངས་རྒྱ་ཆེ་སྟེ། སྔར་ཡབ་མེས་ཀྱི་སྐུ་རིང་ལ་མ་འདུས་པ་ཤར་སྐར་མ་སྨིན་དྲུག་འཆར་བའི་འོག་རྒྱ་ནག་པོ་ལོན་ཤན་གྱི་རི་བརྒྱུད་དར་གྱི་ཡོལ་བ་འདྲ་བ་ལ་གཏུགས། བྱང་ཧོར་གྱི་ས་མཚམས་བྱེ་མ་སྐད་རིང་ཉ་རྨང་མའི་རྒྱབ་འདྲ་བ་ལ་གཏུགས། ནུབ་སྟག་གཟིག་གི་ས་མཚམས་སྦ་སྟག་ཤ་དུང་གི་སྒོ་མོ་ལ་གཏུགས། ལྷོ་ཕྱོགས་བྲམ་ཟེའི་ཡུལ་ལས་བརྒལ་བ་ཆུ་བོ་གངྒཱའི་འགྲམ་དུ་གཏུགས་ཏེ། འཛམ་གླིང་སུམ་གཉིས་ལས་ཆེས་ལྷག་པར་མངའ་དབང་མཛད་དོ། །ལྷ་ཐོ་ཐོ་རི་ནས་རྒྱལ་པོ་འདིའི་བར་ལ་སྐྱིད་པའི་གདུང་རབས་ཕྱེད་དང་བཅུ་གསུམ་ཞེས་གླེང་སྟེ། མུ་ནེ་བཙན་པོ་ཡུན་ཐུང་བས་ཕྱེད་དུ་བྱས་ནས། གུང་རིམ་བགྲངས་པས་དེ་ལྟར་གྲགས་ལ། མེས་ཨག་ཚོམ་ནས་འདིའི་བར་ཤིན་ཏུ་སྐྱིད་པའི་གདུང་རབས་ལྔ་ཞེས་གྲགས། རྒྱ་གར་དུ་གྲུབ་པའི་སྤྱི་རྗེ་ཏི་ལླི་ཤེས་རབ་བཟང་པོ་དང་། སློབ་དཔོན་ནཱ་རོ་པ་གཉིས་ཀྱང་ཆོས་རྒྱལ་ཁྲི་རལ་ཅན་འདིའི་སྐུ་རིང་ཙམ་ལ་བྱོན་པར་སྣང་། ལོ་ཙཱ་བ་སྐ་ཅོག་ཞང་གསུམ་ཡང་འུ་ཤང་རྡོའི་ལྷ་ཁང་ཚར་བའི་སྐབས་དེ་ཤེད་དུ་མྱ་ངན་ལས་འདས་ནས་མཆོད་རྟེན་ཧས་པོ་རིའི་སྐོར་དུ་བརྩིགས་སོ། །དེར་ཆོས་ཁྲིམས་ཤིན་ཏུ་དམ་(187ན)པས་བློན་པོ་སྡིག་ལ་དགའ་བ་རྣམས་སྐྱོ་སྟེ། རང་ཅག་འདི་ཙམ་དུ་གུ་དོག་པ་ཅིས་ལན་ཟེར་བ་ལ། འགའ་ཞིག་གིས་རབ་ཏུ་བྱུང་བ་ལ་སྡང་མིག་བལྟས་ཤིང་མཛུབ་མོ་ཀེར་ཏེ་འདི་རྣམས་ཀྱིས་ལན་ཟེར། དེ་རྒྱལ་པོས་གསན་པས། དཀོན་མཆོག་ལ་དེ་ལྟར་བྱེད་པ་མི་རིགས་ཀྱི། ཕྱིན་ཆད་སུས་བྱས་ནའང་དེའི་མིག་ཕྱུངས་ལ་མཛུབ་མོ་ཆོད་ཅིག་ཅེས་བཀའ་བསྩལ་ཏོ། །དེ་ནས་ནང་བློན་གདུག་པ་ཅན་འགས་ཆོས་ཁྲིམས་བཤིག་པར་གྲོས་བྱས་པས། རྒྱལ་པོ་མ་བཀྲོངས་ན་ཆོས་ཁྲིམས་བཤིག་པར་བྱེད་མི་ནུས་ཟེར། ལ་ལ་ན་རེ་རྒྱལ་པོ་བཀྲོངས་ཀྱང་ལྷ་སྲས་གཙང་མ་དང་། བཙུན་མོ་ངང་ཚུལ་མ་དང་། བྲན་ཁ་ཆེན་པོ་རྣམས་ཡོད་པས་བཤིག་མི་ནུས་ཟེར། དེར་རབས་སྟག་སྣ་ཅན་ན་རེ། སྔོན་དུ་དེ་དག་མེད་པར་བྱས་ལ། དེ་ནས་རྒྱལ་པོ་བཀྲོངས་ཟེར་ནས་མོ་མ་ཕྱྭ་མཁན་རྣམས་ལ་བརྔན་པ་བྱིན་ཏེ། ལྷ་སྲས་གཙང་མ་འདིར་བཞུགས་ན་རྒྱལ་ཁྲིམས་འཇིག་པས་སྤྱུག་དགོས་ཟེར་དུ་བཅུག །དེ་ཀུན་ཏུ་གྲགས་པ་ན་རྒྱལ་པོའི་སྙན་དུ་གསོལ་ནས་མོན་དུ་སྤྱུག་པར་བྱས་པའི་ཚེ། དགེ་འདུན་ལོ་པཎ་རྣམས་ཀྱིས་གཙང་པོའི་ཆིབ་ཁ་བར་བསྐྱར་བར་མཛད་པས། ལྷ་སྲས་གཙང་(187བ)མའི་ཞལ་ནས། རྒྱལ་བློན་ཐམས་ཅད་བཀའ་ཡིས་བགྲོས་པ་ལགས། །བདག་ལ་སྡོད་པའི་དབང་མེད་ས་མཐར་འགྲོ། །ཉེས་པ་མེད་པར་སྐྲོད་ལ་ཐབས་ཅི་ཡོད། །དགེ་འདུན་ཐུགས་བདེ་འདི་ནས་ལྡོག་པར་ཞུ། །སེམས་ཐག་ཆད་ཟིན་གྲུ་ཡི་ཉག་ཐག་ཐོངས། །ཞེས་གསུངས་ཏེ་མོན་ཡུལ་ཕྱོགས་སུ་བྱོན་ནོ། །དེ་ནས་དབས་སྟག་སྣ་ཅན་གྱིས། །བཙུན་མོ་ངང་ཚུལ་མ་དང་ཆོས་བློན་བྲན་ཁ་དཔལ་ཡོན་མཛའ་འོ་ཞེས་སྙན་ཕྲ་གསོལ་བས། རྒྱལ་པོས་ཁྲིམས་ལ་སྦྱོར་ཞིག་ཅེས་གསུངས་པ་ན། བཙུན་མོ་ངང་ཚུལ་མ་ཤིན་ཏུ་སྡུག་བསྔལ་ཏེ་རང་གིས་ལྕེབས་ནས་ཤི །བློན་ཆེན་བྲན་ཁ་དཔལ་ཡོན་གྱིས་ཁོ་རང་བསད་ན་རྒྱལ་པོ་བཀྲོང་གིས་དོགས་ཏེ་བྱང་དུ་བྲོས་ནས་ས་འོག་ཏུ་ལྕགས་ཀྱི་སྲོག་རྩ་བསྒྲུབས་པས་སྤྱི་བོར་སོར་བཞི་ཙམ་མ་གཏོགས་གྲུབ་པའི་ཚེ། ལོང་བ་ལོང་ཁྲིད་དང་བཅས་པ་ཞིག་ས་ཕྱོགས་དེར་སླེབས་ནས། ལོང་བས་ཡུལ་འདི་ཇི་སྐད་བྱ་བ་ཡིན་དྲིས་པར། ལོང་ཁྲིད་ཀྱིས་ལུང་སྟོང་ཡིན་ཞེས་སྨྲས་པས། འོན་དུ་བའི་དྲི་བསྣམ་པས་མི་ཡོང་པར་ངེས་ཀྱི་ཚོལ་ཞིག་ཟེར། ཡང་ལོང་བས་ས་ལ་མནམ་ནས་འདི་ན་འདུག་ཟེར་བ་ལ་ལོང་ཁྲིད་ཀྱིས་བལྟས་པས་སེར་ཀ་ལས་དུ་བ་བྱུང་རྗེས་མཐོང་། (188ན)ལོང་བས་དྲི་ལ་བརྟགས་པས་སྒོ་རྙེད་ནས་ཟས་སྐོམ་བླངས། བྲན་ཁས་གཞན་ལ་མི་སྨྲ་བའི་བརྔན་པར་གོས་རེ་བྱིན་པས། ལོང་བས་ཁོའི་གོས་རྩུབ་པར་ཤེས་ནས་གཞན་ལ་སྨྲས་པས་དབས་སྟག་སྣ་ཅན་ལ་སོགས་པས་ཐོས་ཏེ། བློན་ཆེན་དཔལ་ཡོན་བཟུང་ནས་མཚོན་ཅི་ཙམ་བཏབ་ཀྱང་མ་ཕེད། དེའི་ཚེ་བློན་ཆེན་དཔལ་ཡོན་ཤིན་ཏུ་སྡུག་ཡུན་རིང་བ་ན་སྐྱོ་སྟེ། ཁོ་རང་ན་རེ། སྤྱི་བོ་ན་སོར་བཞི་ལྕགས་སུ་མ་གྲུབ་པར་ཡོད་པས་དེར་ཁབ་ཚུགས་ལ་སོད་ཅིག་ཅེས་སྨྲས་པ་ལྟར་བྱས་པས་ལྟག་པ་གུར་གྱིས་སོང་སྟེ་ཤི །དེའི་པགས་པ་བླུད་བུར་བཤུས་ཏེ་གསོབ་ཏུ་བརྒྱངས། ཉེ་དུ་རྣམས་ཀྱིས་རོ་ལྷག་མ་བསྡུས་ཏེ་ཡེར་པར་བསྲེགས་པས། དུ་བའི་ནང་ནས་འོད་དཀར་པོ་རྫ་མ་ཙམ་ཞིག་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་བ་ན། ཁོ་རང་གི་སྲིང་མོ་ཞིག་གིས་དུས་ཏེ་བློན་ཆེན་པོ་ཁྱེད་གར་བྱོན། དགྲས་ཁྱེད་ཉེས་མེད་དུ་བསད་པ་ལ་ལན་མི་འཇལ་ལམ་ཞེས་བོས་པས། འོད་དེ་ཇེ་དམའ་རུ་བབས་ཏེ་རླུང་དམར་ཆེན་པོ་ཞིག་ཏུ་གྱུར་ནས་ས་རྡོ་རི་བྲག་ལྡེག་པ་ཙམ་དུ་བྱུང་ཞིང་། དེ་མ་ཐག་ལས་ཀྱི་གནོད་སྦྱིན་ཆེན་པོ་འཇིགས་སུ་རུང་བ་ཞིག་ཏུ་སྐྱེས། ཕྱིས་ཇོ་བོ་རྗེས་བཏུལ་(188བ)ནས་ཡེར་པ་རྫི་ཁང་གླིང་གི་སྲུང་མ་བྱེད་ཅིང་། གསོབ་ཀྱང་སྙེ་ཐང་རྒྱ་རོང་ན་འཕྱམས་སྐུ་རུ་ཡོད་ལ་ཁུལ་དེའི་ཡུལ་ལྷ་བྱེད་དོ། །དེ་ནས་མངའ་བདག་ཁྲི་རལ་པ་ཅན་དགུང་ལོ་སོ་དྲུག་ཏུ་སོན་པ་ལྕགས་མོ་བྱ། སྤྱི་ལོ༩༠༡པར་མལ་གྲོ་ཞམ་པའི་ཕོ་བྲང་ན་རྒུན་ཆང་མྱོས་པར་གསོལ་ཏེ་གསེར་ཁྲི་ལ་གཟིམས་པ་ལ། དབས་སྟག་སྣ་ཅན་དང་། ཅོག་རོ་ལྷ་ལོད་དང་། ལེགས་ཤུགས་བཙན་ཏེ་སྡིག་བློན་གསུམ་གྱིས་དབུ་ལྟག་པར་བསྐོར་ནས་བཀྲོངས། བང་སོ་དོན་མཁར་མདའི་གཡོན་ཕྱོགས་སུ་བརྩིགས་སོ། །གོང་སྨོས་ལྷ་སྲས་གཙང་མ་ལྷོ་བྲག་ཆོས་འབྱུང་དུ་མཁོ་མཐིང་བར་དུ་བྱོན་ནས། དེར་སྣ་ནམ་བཟའ་མང་རྗེས་དུག་གིས་བཀྲོངས་པར་བཤད་སྣང་ཡང་འདི་མ་དག་པ་འདྲ་སྟེ། ས་སྐྱའི་རྒྱལ་རབས་གསལ་བའི་མེ་ལོང་དུ་མོན་སྤ་གྲོར་སྤྱུགས་ཚུལ་སྣང་བ་མ་ཟད། སྤ་གྲོ་ནས་མོན་ཡུལ་ཤར་ཕྱོགས་ཁེངས་པ་སྔ་ཚང་དང་ཕྱི་ཚང་ཞེས་པའི་ཡུལ་བརྒྱུད་ཤར་བཀྲ་ཤིས་སྒང་དུ་བྱོན་ཏེ། དེར་གདུལ་བྱ་ཡོད་མེད་བརྟག་ཕྱིར་མདའ་གསེར་ལྟོང་མ་གཅིག་དང་། དངུལ་ལྟོང་མ་གཅིག་འཕངས་པའི་ཤུལ་དུ་ཆུ་མིག་རེ་བརྡོལ་བར་ད་ལྟ་གསེར་ཆུ་དང་དངུལ་ཆུར་གྲགས་པ་བཀྲ་ཤིས་སྒང་གི་མུག་བཏང་མཁར་ཞེས་པའི་ས་(189ན)གནས་སུ་ཡོད། ཡུལ་དེའི་སྐྱེ་བོ་ཀུན་གྱིས་ཡིད་དུ་འོང་བར་མཐོང་ནས་ངེད་ཀྱི་རྗེ་བོ་མཛད་དེ་འདིར་བཞུགས་པར་ཞུས་པ་ན། ལྷ་སྲས་ཀྱིས་ང་སྡོད་པ་ལ་མཁར་དགོས་གསུངས་པས། དེ་དག་གིས་མཁར་བརྩིག་པ་འཇམ་ཞེས་ཁས་བླངས་ཏེ་བཞེངས་པའི་ཕོ་བྲང་ལ་མིང་ཡང་འཇམ་མཁར་དུ་ཐོགས། དེར་བཞུགས་ནས་སྲས་བརྒྱུད་ཀྱང་མང་དུ་འཕེལ་བ་བཀྲ་ཤིས་སྒང་དང་གདུང་བསམ་ཕྱོགས་སུ་ཁོ་ཆེན་དཔོན་གྱི་རྒྱུད་པ་ཞེས་དུས་ཕྱིས་ཀྱི་བར་དུ་སྣང་ལ། སྲས་ཆུང་བ་བཞུགས་པའི་སྐུ་མཁར་ལོགས་སུ་མཛད་པ་ལ་ཆུང་མཁར་པ་ཞེས་གྲགས་ཤིང་། ཡབ་སྲས་དེ་དག་གིས་རྒྱ་གར་ཤར་བརྒྱུད་གྷོ་ཧ་ཊིའི་བར་མངའ་འོག་ཏུ་འདུས་པའི་ལོ་རྒྱུས་ཁུངས་ལྡན་གྱི་ཡིག་རྙིང་ཞིག་མཐོང་ཡང་འདིར་དེ་ཙམ་མོ། །དེ་ལྟར་ཁྲི་རལ་བཀྲོངས་པའི་རྗེས་ཐོག་ལྕགས་བྱའི་ལོ་མཇུག་དེར་དར་མ་ཨུ་དུམ་བཙན་པོ་རང་ལོ་ཉེར་ལྔར་སླེབས་པ་རྒྱལ་སར་བཏོན། འདི་མེ་བྱ་ལོ་པ་སྐྱེས་ཏེ་ཟླ་བ་གཉིས་ནས་ཡབ་གཤེགས། ནར་སོན་པ་ན་བ་གླང་གི་ཤ་ཚུགས་འདྲ་ཞིང་མཁྱེན་པ་ཆུང་ལ་རྒྱུད་གྱོང་བས་འབངས་རྣམས་ཀྱིས་གླང་དར་མའམ་བེའུ་དར་མར་བཏགས། དེའི་བློན་པོ་དབས་སྟག་སྣ་ཅན་གྱིས་བྱས། དེ་ནས་གཅེན་གྱིས་འུ་ཤང་རྡོའི་(189བ)གཙུག་ལག་ཁང་བཞེངས་པའི་གྲོགས་སྟོབས་ཀྱིས། དར་མས་ཀྱང་འབྲི་ཡི་གཙུག་ལག་ཁང་སོགས་བཞེངས། ཉེར་ལྔ་པ་ལྕགས་བྱ་ལ་རྒྱལ་སྲིད་ཐོབ་ནས་འཇིག་རྟེན་ཕལ་སྤྱོད་རྣལ་མ་ལོ་གཅིག་དང་། དེ་ནས་སྡིག་པའི་གྲོགས་པོས་བསྐྱོད་ཅིང་ནག་ཕྱོགས་གདོན་གྱིས་བསྐུལ་ནས་ཚུལ་ངན་ལ་སྤྱོད་པ་ལོ་གཉིས་དང་ཟླ་བ་དྲུག །དེ་ནས་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འཚེ་བ་ཁོ་ན་ལྷུར་ལེན་པ་ལོ་གཅིག་དང་ཟླ་བ་ཕྱེད་གཉིས་བྱས་པ་སྟེ། དེའི་ཚེ་ཆོས་བསྣུབ་པར་བསམ་ཡང་སྙད་འདོགས་ས་མ་རྙེད་པའི་སྐབས་སུ། བོད་ཡུལ་ན་སད་སེར་མུ་གེ་ནད་ཡམས་འགའ་ཞིག་བྱུང་བ་ལ་བསྙད་དེ། འབངས་རྣམས་ལ་རྒྱུ་མཚན་དྲིས་པས་མི་ཤེས་ཟེར་བར། བཙད་པོས་རྒྱ་མོ་ཀོང་ཇོ་ཞེས་བྱ་བས་གནོད་སྦྱིན་གྱི་ལྷ་ཤཱཀྱ་མུ་ནེ་བྱ་བ་བོད་དུ་ཁྱེར་འོང་བས་ལན་ཏེ། དེ་ཡང་དང་པོར་ལྷ་འདི་རི་རབ་ཀྱི་རྩེར་འོངས་པས་ལྷ་རྣམས་ཀྱི་གཡུལ་ཕམ། དེ་ནས་ཨོ་རྒྱན་དང་། མ་ག་དྷ་དང་། རྒྱ་ནག་སོགས་སུ་རིམ་གྱིས་འོངས་པས། དེ་རྣམས་སུ་མི་ཤིས་པ་བྱུང་ཚུལ་སོགས་ཡིད་གདོན་གྱིས་བརླམས་པའི་གཏམ་མང་པོ་སྨྲས། གཙུག་ལག་ཁང་རྣམས་བཤིག་པའི་ཐོག་མ་འཕྲུལ་སྣང་ནས་བྱ་བར་བརྩམས་ཏེ། ལྷ་སའི་མར་(190ན)མེ་མཛད་ཀྱི་སྒོ་སྲུང་ཕྱག་རྡོར་གྱི་མགུལ་པ་ལ་ཐག་པ་བཏགས་པས། དེ་མ་ཐག་འདོགས་མཁན་དེ་ཁ་ནས་ཁྲག་སྐྱུགས་ཏེ་དེ་གར་ཤི་བས་བཤིག་མ་ནུས། དེས་ན་སྨེ་བརྩེགས་དང་འདི་གཉིས་ཀྱིས་ལྷ་ས་འཇིག་ཐེང་རེ་བསྐྱབས་པས་བྱིན་རླབས་ལྷག་པར་ཆེའོ། །ཡང་ཇོ་བོ་རྣམ་གཉིས་དང་བྱམས་པ་ཆོས་འཁོར་ཆུ་ལ་སྐྱུར་ཅིག་ཟེར་བ་ལ། བློན་པོ་ཆོས་ལ་དགའ་བ་འགས་བསྐྱུར་ཟིན་པ་སྐད་བྱས་ནས་སོ་སོའི་ཁྲི་འོག་ཏུ་སྦས་ཤིང་། གཙང་ཁང་གི་སྒོ་བརྩིགས་ནས་བཙུན་པ་ཆང་འཐུང་བའི་རི་མོ་བྲིས་ཏེ་བཞག །བསམ་ཡས་བཤིག་པར་བསྒོས་ནས། ཁམས་གསུམ་དང་དབུ་རྩེའི་བར་ན་མཆོད་རྟེན་ནག་པོ་ཆུང་དུ་ཞིག་ཡོད་ཀྱང་ཟེར་མཆོད་རྟེན་འོད་འབར་ཡིན་ཡང་ཟེར་ཏེ། དེ་བཤིག་པས་ཐོག་བབས་ནས་བཤིག་མཁན་རྣམས་ཤི་བས་བཤིག་འཕྲོ་བཅད། ལྷ་ས་བསམ་ཡས་གཉིས་ཀར་དང་པོར་བཤས་ཁང་བྱས། ཕྱིས་ཝ་ཚང་དང་སྤྱང་ཚང་བཅས། གཞན་ཡང་ལྷ་ཁང་མང་དུ་བཤིག གསུང་རབ་གང་རྙེད་མེར་བསྲེགས། ལ་ལ་ཆུར་བསྐྱུར། ལ་ལ་སའི་འོག་ཏུ་སྦས། ལོ་པཎ་ཕལ་ཆེར་ཡུལ་གཞན་དུ་བྲོས་ཤིང་། མ་ཐར་བ་འགའ་ཞིག་བཀུམ། རབ་ཏུ་(190བ)བྱུང་བ་ཕལ་ཆེར་ས་མཐར་བྲོས་ཤིང་། མ་ཐར་བ་རྣམས་ཁྱིམ་པར་ཕབ། མ་ཉན་པ་རྣམས་བསད། ལ་ལ་ཁྲིད་ནས་རྒྱལ་བློན་རྣམས་ཀྱིས་རྟ་བབས་འཛེག་གི་ཚེ་སྒུར་དུ་བཅུག་ནས་སྟེགས་བྱེད། ལ་ལ་མདའ་གཞུ་བསྐུར་ཏེ་རྔོན་པ་བྱེད་དུ་བཅུག །འདི་སྐབས་རྦ་རཏྣའི་མཁན་བུ་སྨར་ཤཱཀྱ་མུ་ནེ། གཡོ་དགེ་འབྱུང་། གཙང་རབ་གསལ་གསུམ་གྱིས་འདུལ་བ་དྲེལ་ཁལ་གཅིག་བཀལ་ནས་ཁམས་ཕྱོགས་སུ་བྲོས་ནས་བྱོན། དེར་རྒྱལ་པོས་ད་ནི་ཆོས་ཐམས་ཅད་ངས་བསྣུབས་སོ་ཞེས་ང་རྒྱལ་དུ་མུ་ཅོར་སྨྲས་པས། བཙུན་མོ་ཆུན་མ་ན་རེ། ད་དུང་གཙང་རོང་གནུབས་ཡུལ་ན་གནུབས་སངས་རྒྱས་ཡེ་ཤེས་བྱ་བའི་སྔགས་པ་ནུས་པ་ཅན་འཁོར་ལྔ་བརྒྱ་དང་བཅས་ཡོད་དེ། རྒྱལ་པོས་སྔར་བསད་སྤྱུག་ཕབ་པ་ཐམས་ཅད་ལས་དེ་ལྷག་གོ་ཞེས་སྨྲས་པས། ཁོ་ཁྲོས་ཏེ་ཕོ་ཉ་བཏང་ནས་བཀུག་པས། གནུབས་སངས་རྒྱས་ཡེ་ཤེས་བྱུང་བ་ལ། ཁྱོད་སུ་ཡིན་ལས་སུ་ཅི་བྱེད་པ་ཡིན་དྲིས་པས། ང་དཀོན་མཆོག་སྔགས་པ་བྱ་བ་ཡིན། ལས་སུ་སངས་རྒྱས་ཀྱི་བསྟན་པ་སྲུང་བ་ཡིན་བྱས་པས། འོ་ན་བསྟན་པ་ངས་བཤིག་ཟིན་གྱི་ཁྱོད་ལ་ད་ནུས་པ་ཅི་ཡོད་ཟེར་བས། ངས་སྔགས་ཙམ་(191ན)བཟླས་པའི་ནུས་པ་འདི་ལ་གཟིགས་ཤིག་ཅེས་སྡིགས་མཛུབ་གནམ་དུ་ཕྱར་བས། སྡིགས་མཛུབ་ཀྱི་སྟེང་ན་ལྕགས་ཀྱི་སྡིག་པ་ནག་པོ་གཡག་གྲུས་ཕོ་ཙམ་པ་དགུ་བརྩེགས་སུ་འདུག་པ་མཐོང་བས། རྒྱལ་པོ་སྐྲག་སྟེ་དཀོན་མཆོག་སྔགས་པའི་སྐུ་ལ་མི་བདོའོ། །ཆོས་མཛོད་ཅིག་ཟེར། ད་དུང་ནུས་པ་འདི་ལ་གཟིགས་ཤིག་ཟེར་ནས་སྡིགས་མཛུབ་ཀྱིས་ཐོག་ཕབ་སྟེ་ཕ་རིའི་བྲག་ལ་བསྣུན་པས་ཚལ་པར་སོང་། དེར་རྒྱལ་པོ་ཤིན་ཏུ་འཇིགས་ཤིང་སྐྲག་ནས་ཁྱོད་འཁོར་བཅས་ལ་གནོད་པ་མི་བྱེད་དོ་ཟེར་ནས་བཏང་། འདིས་སངས་རྒྱས་ཀྱི་བསྟན་པ་སྤྱི་དང་ཁྱད་པར་གསང་སྔགས་བླ་མེད་ནང་རྒྱུད་སྡེ་གསུམ་གྱི་སྨིན་གྲོལ་མན་ངག་རྒྱ་མཚོའི་སྲོག་བཟུང་བས་ན་བཀའ་དྲིན་ཤིན་ཏུ་ཆེ། ཚེའི་རིག་འཛིན་བརྙེས་པས་མངའ་བདག་དཔལ་འཁོར་བཙན་གྱི་བར་དུ་བཞུགས་པར་གྲགས། གཞན་ཡང་ཁུ་ལུང་པ་ཡོན་ཏན་རྒྱ་མཚོ། མཁར་ཆེན་དཔལ་གྱི་དབང་ཕྱུག །སོ་ཡེ་ཤེས་དབང་ཕྱུག་སོགས་གྲུབ་བརྙེས་སྔགས་པ་ཁྱིམ་པའི་རྟེན་ཅན་རྣམས་ཀྱིས་རང་རང་གི་ཁྱིམ་དང་དབེན་པའི་རི་སུལ་རྣམས་སུ་བསྐྱེད་རྫོགས་ཀྱི་སྒྲུབ་པ་ལ་བརྩོན་པར་བྱས་ཤིང་། སྔར་མེས་དབོན་རྣམ་གསུམ་གྱི་དུས་སུ་བསྒྱུར་བའི་བཀའ་(191བ)བསྟན་མདོ་རྒྱུད་ཀྱི་གླེགས་བམ་རྣམས་གསང་ཐབས་ཀྱིས་ལེགས་པར་བསྲུང་ཞིང་བཀའ་བབས་བུ་ཆེན་རྣམས་ནས་སྨིན་གྲོལ་མན་ངག་གི་སྲོག་བཟུང་བའི་བཀའ་དྲིན་ལས། སྔ་འགྱུར་གྱི་མདོ་རྒྱུད་མན་ངག་མཐའ་དག་ད་ལྟའི་བར་དུ་ལོངས་སྤྱོད་དུ་ཡོད་པ་འདི་ཉིད་བྱུང་བར་སྣང་ངོ་། །དེ་ལྟར་སྡིག་ཅན་རྒྱལ་བློན་རྣམས་ནས་ཡབ་མེས་ཀྱི་ཆོས་ཁྲིམས་བཤིག་པས་ལྷ་སྲིན་ཐམས་ཅད་འཁྲུགས་ནས་རྒྱལ་ཁྲིམས་འཇིག་པའི་ལྟས་ངན་སྣ་ཚོགས་བྱུང་སྟེ། ས་ཆེར་གཡོས། ཕྱོགས་ཚིགས་ཏེ་ནམ་མཁར་ཁྲག་མདོག་ཏུ་གྱུར། སྐར་མདའ་འཁྲུག །བོད་རྒྱའི་མཚམས་སི་ཧ་ཙིའུ་ལ་ཐང་དཀྱིལ་ན་བོད་དབང་བའི་རི་བརྩིགས་ཡོད་པ་འགྱེལ་བས་ཀླུང་ཆུ་ཞག་གསུམ་བགགས་ཏེ་བསྐྱིལ་ནས་གྱེན་དུ་ལོག །ཆུ་ནང་ནས་འོད་དང་སྒྲ་ཆེན་པོ་དང་ཐོག་འབབ་པ་བྱུང་། དེའི་ཚེ་ཤཱཀྱའི་དགེ་སློང་རྡོ་རྗེ་འཛིན་པ་ལྷ་ལུང་དཔལ་གྱི་རྡོ་རྗེ་ཉིད་ཡེར་པ་བྲག་ལྷར་རྩེ་གཅིག་ཏུ་སྒོམ་པར་མཛད་ནས་བཞུགས་པ་ན། སྐབས་དེར་འོད་དང་སྒྲ་དང་ས་གཡོས་མང་པོ་བྱུང་བས་ཐེ་ཚོམ་དུ་གྱུར་ཏེ་ཕྱི་རོལ་དུ་གཟིགས་པས། བཙུན་པས་མདའ་གཞུ་ཐོགས་ཏེ་ཁྱི་ཁྲིད་ནས་ལིངས་བྱེད་པ་མཐོང་བས། རྒྱལ་པོས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པར་ཤེས་ཏེ་དེ་ལ་(192ན)སྙིང་རྗེ་ཁྱད་པར་ཅན་སྐྱེས། དེའི་ཚེ་དཔལ་མགོན་པོ་དང་། མ་གཅིག་དཔལ་ལྷ་དང་། གྲིབ་ཀྱི་རྫོང་བཙན་གསུམ་གྱིས། ལྷ་ལུང་དཔལ་རྡོར་ལ་སངས་རྒྱས་ཀྱི་བསྟན་པ་བསྲུང་བའི་ཕྱིར་རྒྱལ་པོ་སྡིག་ཅན་སྒྲོལ་ཞིག་དང་བདག་ཅག་གིས་གྲོགས་བྱའོ་ཞེས་ཡང་ཡང་བསྐུལ་བས་དུས་ལ་བབས་དགོངས་ཏེ། ཕོད་ཀ་ཕྱི་ནག་ལ་ནང་དཀར་བ་དང་། ཞྭ་ནང་དཀར་ལ་ཕྱི་ནག་པོ་བྱས་པ་གྱོན། གདོང་ལ་སོལ་སྣུམ་བྱུགས། ཕུ་དུང་དུ་ལྕགས་མདའ་ལྕགས་གཞུ་བཅུག །རྟ་དཀར་པོ་སོལ་བས་བྱུགས་པ་ལ་ཞོན་ནས་ལྷ་སར་གཏད་དེ་ཕྱིན། དེའི་ཚེ་བློན་འབངས་ཆོས་ལ་དགའ་བ་ཐམས་ཅད་འདུས་ནས། རྒྱལ་པོ་ཆེན་པོ་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་ལ་འདི་ལྟ་བུ་མཛད་པ་མི་རིགས། ཡབ་མེས་ཀྱི་ཡིག་ཚང་དང་། དཀོར་མཛོད་ཀྱི་སྒྲོམ་བུ། རྡོ་རིང་གི་ཡི་གེ་ཐམས་ཅད་ལ་གཟིགས་ཤིག་ཅེས་མགྲིན་གཅིག་ཏུ་མྱ་ངན་གྱིས་ངུ་འབོད་ཆེན་པོ་བྱས་པས། རྒྱལ་པོ་ནུབ་ཕྱོགས་གླ་བའི་ཚལ་དུ་མིག་མང་རྩེ་ཞིང་ཡོད་པ་ལ། འབངས་རྣམས་ཀྱིས་ངུ་འབོད་བྱས་པ་ཐོས་པས་སེམས་མ་བདེ་སྟེ་ལྷ་སའི་རྡོ་རིང་གི་ཡི་གེ་ཀློག་ཅིང་ཡོད་པ་ན། མགོན་པོ་ནག་པོ་བྱུང་ཟེར་བ་སྐད་བྱས་ཏེ་ལྷ་ལུང་དཔལ་(192བ)རྡོར་གྱིས་དེར་རྟ་བབས། རྒྱལ་པོ་རྡོ་རིང་གི་རུས་སྦལ་ལ་རྐུབ་སྟེགས་བྱས་ནས་འདུག་པ་ལ་ཕྱག་བྱེད་པ་ལྟར་བཅོས་ཏེ། ཕྱག་དང་པོ་ལ་ཕུ་དུང་གི་ནང་དུ་མཐེབ་ལྟོང་སྤྲད། གཉིས་པ་ལ་མདའ་བཀང་། གསུམ་པ་ལ་འཕངས་པས། རྒྱལ་པོའི་སྨིན་མཚམས་སུ་ཕོག་སྟེ་མདེའུ་ལྟག་པར་ཕྱུང་། དེར་རྒྱལ་པོས་ང་བསད་པ་ཡང་ན་ལོ་གསུམ་གྱིས་སྔས། ཡང་ན་ལོ་གསུམ་གྱི་ཕྱིས་ཞེས་པ་ཁ་ནས་ཤོར་ཏེ་ལག་གཉིས་མདའ་ལ་འཇུས་བཞིན་པར་གྲོངས་སོ། །དེར་ལྷ་ལུང་དཔལ་རྡོར་གྱིས་སླར་རྟ་ལ་ཞོན་ཏེ། ང་བདུད་ཡབ་གཞེར་ནག་པོ་བྱ་བ་ཡིན། རྒྱལ་པོ་སྡིག་ཅན་གསོད་ན་དེ་ལྟར་གསོད་པ་ཡིན་ཟེར་ནས་བྲོས་པ་ན། བློན་པོ་ཐམས་ཅད་ཀྱིས་རྗེས་བསྙེགས་པས། གྲིབ་ཀྱི་མཚོ་ལ་རྟ་བཤན་པས་སོལ་བ་དག་སྟེ་རྟ་དཀར་པོར་སོང་། གདོང་གི་སོལ་སྣུམ་བཀྲུས། བེར་དང་ཞྭ་ཕྱི་ནང་ལྡོག་སྟེ། ང་ལྷ་གནམ་ཐེལ་དཀར་པོ་ཡིན་ཟེར་ནས་བྲོས་པས། མི་མ་ཡིན་པར་དོགས་ནས་འདེད་མི་རྣམས་ཚམ་ཚོམས་ཀྱིས་རྒྱང་དེ་ནས་དེད་པས། ཕྱོགས་བཞི་ཀ་ནས་འདེད་རྒྱུ་རེ་བྱུང་སྟེ། ཤར་ལ་འདེད་མི་རྣམས་དགའ་མོ་གདོང་ནས་ས་སྲོས་ཏེ་ཟིན་ལ་ཁད་ཙམ་ན་ཤོར་ཟེར། ལྷོ་པ་རྣམས་གྲིབ་ཀྱི་ཆུ་འགྲམ། ནུབ་པ་རྣམས་ཤུན་གྱི་འཕྲང་། (193ན)བྱང་པ་རྣམས་མདོང་མཁར་གདོང་ནས་ས་སྲོས་ཏེ་ཤོར་ཟེར་སྐད། དེར་བློན་རྣམས་གྲོས་བགྲོས་པས། འདི་རྫུ་འཕྲུལ་དང་ལྡན་པ་ཞིག་འདུག་པས་ཡེར་པའི་ལྷ་ལུང་དཔལ་རྡོར་ཡིན་ངེས་ཟེར་ནས་བལྟ་བར་བཏང་བས། ལྷ་ལུང་དཔལ་རྡོར་གྱིས་ཀྱང་ཡེར་པར་ལོག་སྟེ་སྒྲུབ་ཁང་དུ་ཕུག་རོན་གྱི་རྐང་པ་ནས་བཟུངས་ཏེ་འཕུར་སྟངས་བྱེད་དུ་བཅུག་པས་རྡུལ་ཕབ། མུག་མ་སྤར་གང་གཏོར་ཏེ་འགྲོ་འོང་གི་རྗེས་མེད་པར་བྱས་ནས་བཞུགས་པས། ལྟ་མཁན་རྣམས་ཀྱིས་འདི་ན་མི་ཕར་ཚུར་དུ་ཕྱིན་པའི་རྗེས་མི་འདུག་ཟེར་ནས་ལོག་མོད། མི་རིག་པ་ཅན་ཞིག་ནང་དུ་ག་ལེར་བྱུང་ནས་ཁོང་གི་སྙིང་གར་ལག་པ་བཞག་པས། སྐྲག་སྟེ་སྙིང་འཕར་བ་ཤེས་ནས། ནག་ཅན་གྱི་མི་འདི་ན་འདུག་སྟེ། སྤྱིའི་ཐ་བ་ལ་སྒོས་ཀྱི་གཤོལ་མི་གཅོག་ཟེར་ནས་སོང་བས། ཁོང་ཤིན་ཏུ་སྐྲག་སྟེ་སྐད་ཅིག་ཀྱང་སྡོད་པའི་ལོང་མེད་པར་མདོ་ཁམས་སུ་བྲོས་ནས་འདན་ཞེས་བྱ་བའི་ཡུལ་དུ་བཞུགས་སོ། །ལྷ་ལུང་དཔལ་རྡོར་འདི་ཉིད་གཉགས་ཛྙཱ་ན་ཀུ་མཱ་རའི་སློབ་མ་དཔལ་གྱི་མིང་ཅན་བརྒྱད་ཀྱི་ཡ་གྱལ་ཡིན་པར་ཡོངས་གྲགས་དང་། མེ་ཕོ་སྟག་གི་ལོ་ལ་སྐུ་འཁྲུངས་ནས། དགུང་ལོ་བཅུ་བདུན་པ་ཆུ་ཕོ་རྟའི་ལོར་མོན་སྤ་གྲོ་སྟག་ཚང་དུ་སློབ་དཔོན་(193བ)པདྨའི་ཞལ་མཇལ་ཞིང་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་རྗེས་སུ་བཟུང་། གདམས་ངག་གི་བཀའ་བབས་ཏེ་ཡི་དམ་གྱི་ལྷ་དང་བླ་མས་བདུད་འདུལ་དཔའ་བོར་ལུང་བསྟན་པས་མཚན་ཡང་ལྷ་ལུང་དཔལ་གྱི་རྡོ་རྗེར་གྲགས། རྒྱལ་པོ་སྡིག་ཅན་སྒྲོལ་དུས་དགུང་ལོ་དྲུག་ཅུ་རེ་གཅིག་ངོ་མཐོང་ཙམ་དུ་ཕེབས་པ་དང་། དེ་རྗེས་ཁམས་སུ་བླ་ཆེན་དགེ་བ་རབ་གསལ་གྱི་བསྙེན་པར་རྫོགས་པའི་ཁ་སྐོང་གི་དགེ་སློང་རྒྱ་ནག་ནས་ཧ་ཤང་གཉིས་འབད་པས་བཙལ་བའི་གྲོགས་ཀྱང་མཛད་ཅིང་། དུས་ཕྱིས་གནམ་ལྡེ་འོད་སྲུང་ལ་སྨན་བླ་བདེ་གཤེགས་བདུན་གྱི་མདོ་ཆོག་གི་ལུང་བྱིན་པར་ཡང་བཤད་པས་སྐུ་ཚེ་ལོ་བརྒྱད་ཅུ་ལྷག་ངེས་ཞིག་བཞུགས་པར་སྣང་ལ། གངས་ཅན་འདིར་རྒྱལ་བསྟན་རིན་པོ་ཆེ་མི་ནུབ་པའི་རྒྱལ་མཚན་དུ་སྒྲེང་བ་པོ་འདི་ཁོ་ན་སྟེ་བཀའ་དྲིན་རྣམ་པ་ཀུན་ཏུ་དྲན་པའི་གནས་སོ། །དེ་ལྟར་བཙན་པོ་གླང་དར་མས་རྒྱལ་ས་ལོ་ལྔ་བྱས་ཏེ་རང་ལོ་སུམ་ཅུ་པ་མེ་ཕོ་སྟག །སྤྱི་ལོ༩༠༦པར་བཀྲོངས། དེའི་བང་སོ་འཕྲུལ་དང་རྒྱལ་ཆེན་བར་དུ་བརྩིག་པ་འཕྲོར་ལུས་སྐད། སྤྱིར་ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱལ་ས་ལན་གཉིས་མཛད་པ་སོ་སོར་བགྲངས་ན་འདི་ཡན་ལ་རྒྱལ་པོ་བཞི་བཅུ་རྩ་གཉིས་སོང་ངོ་། །འདི་མན་ཆད་བོད་སྤྱི་ལ་དབང་བའི་རྒྱལ་(194ན)པོ་མ་བྱུང་བས་སྨད་སིལ་ཆད་དུ་འཆད་པ་ཞེས་གྲགས་ཏེ། རྒྱལ་པོ་གླང་དར་མ་ལ་བཙུན་མོ་གཉིས་ཡོད་པའི་ཆུན་མ་ཚེ་སྤོང་བཟའ་བཙན་མོ་འཕན་ལ་མེ་སྟག་ལོར་མངལ་དུ་སྲིད་ཆགས་ནས་མེ་ཡོས་འཆར་བ་ན་ཁྱེའུ་མཚན་དང་ལྡན་པ་ཞིག་བཙས། དེ་ཉིད་ཆེན་མས་བསད་དམ་འཕྲོག་གིས་དོགས་ནས་མཚན་མོ་མར་མེའི་འོད་དང་མ་བྲལ་བར་མེལ་ཚེ་བྱས་ནས་བསྲུངས་པས་དེ་ལ་མཚན་ཡང་གནམ་ལྡེ་འོད་སྲུང་དུ་ཐོགས། འདི་སྤྱོད་ལམ་ལེགས་ཤིང་ངང་ཚུལ་བཟང་བས་དེ་སྐབས་བློན་པོ་འགས་ཁྲི་རལ་གྱི་སྲས་ཡིན་པར་ཡང་བྱས་སྐད། དེའི་ཚེ་ཆེན་མ་སྣ་ནམ་བཟས་ཀྱང་མདང་དགུང་ང་ལ་འདི་སྐྱེས་སོ་ཞེས་བུ་ཆུང་སོ་སྐྱེས་པ་ཞིག་བསྟན་པས། བློན་པོ་རྣམས་ན་རེ། མདང་སྐྱེས་ཀྱི་བུ་ཆུང་ལ་སོ་ནི་གདའ། འོན་ཀྱང་ཡུམ་གྱི་བཀའ་བརྟན་དུ་ཆུག་ཟེར་བས་དེ་ལ་མཚན་ཁྲི་ལྡེ་ཡུམ་བརྟན་དུ་ཐོགས། ནག་ཕྱོགས་ཀྱི་རྣམ་པར་འཕྲུལ་པའི་སྡིག་བློན་རྣམས་ཀྱིས་རྒྱལ་པོ་གླང་དར་གཤེགས་རྗེས་ཀྱང་བསྟན་པ་ལ་འཚེ་བ་མང་དུ་བརྩམས་རུང་རྒྱལ་པོའི་སྐབས་ལྡར་ངག་མི་བཙན་ཞིང་མི་རིང་བར་ལུས་ཚལ་པར་ཞིག་པ་སོགས་བཀའ་ཆད་མི་འདྲ་བ་མང་པོས་གུམ་པས་མི་རྣམས་སྔངས་ཤིང་། ཆོས་ལ་དཀར་བའི་བློན་པོ་རྣམས་(194བ)ཀྱིས་ཀྱང་བསྐུལ་བས་ཆོས་བཤིག་པས་ལན་པར་ཁ་འཆམ་སྟེ་ས་འབྲུག་ལོ་མཇུག་ནས་ཆོས་ལ་འཚེ་བའི་འཕྲོ་ཆད། ཇོ་བོ་མཆེད་གཉིས། བྱམས་པ་ཆོས་འཁོར་རྣམས་ཁྲི་ཐོག་ཏུ་སྤྱན་དྲངས་ནས་མཆོད་པ་བྱས། རབ་བྱུང་ཡིན་ཞེས་རྟགས་རང་གིས་བླངས་ནས་ཤམ་ཐབས་གོང་པ་ཅན་གྱོན། སྐྲ་གཞན་བྲེགས་ཤིང་གཙུག་ཕུད་བཞག་སྟེ་དབྱར་ཟླ་གསུམ་ལ་དབྱར་གནས་བྱེད་ཟེར་ནས་གཙུག་ལག་ཁང་དུ་བསྡད་དེ་གཏན་ཁྲིམས་ལྔ་བཟུང་། དེ་ནས་དགག་དབྱེ་བྱེད་ཟེར་ནས་གྲོང་དུ་ཁྱིམ་ཐབས་བྱེད། མིང་དགྲ་བཅོམ་གཙུག་ཕུད་ཅན་ཟེར་བ་མང་པོ་བྱུང་ནས་སྐྱེ་བོའི་ཚོགས་ཀྱིས་མཆོད་གནས་བྱས། མི་དར་མ་ཤི་ན་འབུམ། གཞོན་པ་ལ་ཉི་ཁྲི། བྱིས་པ་ལ་བརྒྱད་སྟོང་པ་འདོན། ཀློག་མཁན་ཤེས་རབ་ཆེ་བ་འགའ་ཟུང་གིས་ཊི་ཀ་བཀླགས་ནས་དམར་པོ་འདི་དོན་བསྡུས་པ་རེ་ཡིན་པར་འདུག །ནག་པོ་འདིས་དེ་རྒྱས་སུ་འཆད་པར་འདུག །ཡིག་ཆུང་འདིས་དེ་ལ་དོགས་པ་དཔྱད་པར་འདུག་ཟེར་ནས་རྩལ་བཤད་བྱེད་པ་བག་རེ་བྱུང་། སྔགས་པ་ཡིན་ཅེས་སྒྲུབ་ཐབས་འཆད་པ་དང་སྒོམ་པ་མེད་པར་བོན་པོའི་ཆོ་ག་ལ་མིག་ལྟོས་བྱས་ཏེ་སྒྲུབ་གཞུང་ངག་འདོན་དུ་གྱེར་ནས་གྲོང་ཆོག་འགྲིམ་པའང་བྱུང་སྐད། ས་སྦྲུལ་ལ་འོད་སྲུང་དང་ཡུམ་བརྟན་ཡང་རྟེན་གྱི་སྤྱན་སྔར་སྐྱབས་འགྲོ་བླངས་ནས་དཀོན་(195ན)མཆོག་གི་རྟེན་ལ་མཆོད་པ་བྱས། རྒྱལ་བུ་དེ་གཉིས་ཅུང་ཟད་ནར་སོན་ནས་བཙུན་མོ་གཉིས་སོ་སོའི་ཕྱོགས་བློན་འབངས་ཐ་དད་ཀྱིས་བཟུང་སྟེ། ཡུམ་བརྟན་གྱིས་དབུ་རུ་དང་། འོད་སྲུང་གིས་གཡོ་རུ་བཟུང་ཞིང་། ཇི་ཞིག་ནས་དབུ་གཡོར་གཉིས་པོ་འཁྲུགས་པ་ལངས་པས། དེའི་བག་ཤན་བོད་ཡུལ་ཕལ་ཆེར་ལ་ཁྱབ་སྟེ་ཡུལ་གྲུ་རེ་རེར་ཡང་ཆེ་སྲིད་དང་ཆུང་སྲིད། མང་ཚན་དང་ཉུང་ཚན། གསེར་པ་དང་གཡུ་པ། ཤ་ཟན་དང་རྩམ་ཟན་ཞེས་སྡེ་གཉིས་གཉིས་སུ་ཆད་དེ་རྩོད། དེ་ནས་བཙན་པོ་གཉིས་ལོ་ཉེར་གསུམ་རེ་ལོན་པའི་ས་གླང་ནས་བཟུང་འབངས་ཀྱིས་ཁེངས་ལོག་རྣམས་རིམ་པར་བྱུང་སྟེ། དེ་ཡང་བར་སྣང་གི་བྱ་གཅིག་ལ་ཀུན་གྱིས་རུབ་པ་མཐོང་བ་ལ་དཔེ་བྱས། དང་པོ་དབས་ཁོ་ཞེར་ལེགས་སྟོང་གིས་ལག་དཔོན་བྱས་ཏེ་མདོ་ཁམས་སུ་ཁེངས་ལོག་བྱུང་། དེ་ནས་དབུ་རུར་བྲོ་དབས་འཁྲུགས་པ་ལ་བརྟེན་ནས་དབས་ལོ་ཕོ་ལོ་ཆུང་གིས་ལག་དཔོན་བྱས་ཏེ་ཁེངས་ལོག་བྱུང་། དེ་ནས་དབུ་རུར་ཞང་རྗེ་གསས་སྣེ་བཙན་གྱིས་དཔོན་གཡུ་སྣེ་བསད། ཆི་མགུལ་ལ་ཡུར་བ་བཅོས། འབེ་བཟའ་འ་མོ་སྐྱིད་བཙུན་མོར་མ་བསུས་པས། དེས་རི་མགུལ་ལས་མི་མགུལ་གཅོད་པ་སླ་ཞེས་སྨྲས་ཏེ་མཆིམས་ཀོང་མི་དྲུག་གིས་(195བ)ལག་དཔོན་བྱས། སྟར་ཁའི་མེ་ཏོག་སྲོད་ལ་འཆར་བ་ལྟ་བར་བསྙད་ནས་འོད་འབར་ཁེངས་ལོག་ཏུ་གྲགས་པ་བྱས། དེ་ནས་ཀོང་ཡུལ་བྲེ་སྣ་འབེ་བཟའ་མོའི་གཡོ་སྒྱུས་ཕབ་བོ། །དེ་ཐམས་ཅད་ཀྱང་བློན་པོ་བྲན་ཁ་དཔལ་ཡོན་ཉེས་མེད་ཁྲིམས་ལ་སྦྱར་བའི་རྐྱེན་གྱིས་གནོད་སྦྱིན་དུ་སྐྱེས་ནས་བསྐུལ་བ་པོ་བྱས་པ་སྟེ། ཇི་སྐད་དུ། ཁེངས་ལོག་བྱེད་པའི་ཕྱྭ་མཁན་མེས་པོ་ནི། བྲན་ཁ་དཔལ་གྱི་ཡོན་ཏན་ཁོ་ཡིས་བྱས། །མི་བས་སས་ཀྱང་རྗེ་རུ་མ་ཐེག་ནས། །སྤྱིར་ན་ལྷ་འདྲེ་ཕ་ཚན་ཀུན་གྱིས་བྱས། །མནའ་ཐོ་འུག་པ་ཐད་དུ་འདུན་མ་ཚོགས། །དེ་ཚེ་བྲན་ཁ་དཔལ་གྱི་ཡོན་ཏན་ཁོ། །ལྕགས་ཀྱི་སྤྱང་ཀི་སྔོན་པོ་ཞོན་ནས་ནི། །ལྕགས་ཀྱི་བེར་ཀས་ས་ལ་བརྡུང་བཞིན་དུ། །ལྷ་འདྲེ་ཀུན་ལ་ཞུ་བ་འདི་སྐད་གསོལ། །རྗེ་དཔོན་གཅིག་ཀྱང་མ་ལུས་བསད་པར་ཞུ། །ཡང་ན་སོ་ཁ་བརྒྱད་དུ་གཏོར་བར་ཞུས། །དེ་ཚེ་ཡར་ལྷ་ཤམ་པོ་ལ་སོགས་པས། །དཔལ་གྱི་ཡོན་ཏན་ཁོ་ལ་ཞུ་བ་ཕུལ། །ལྷ་རེའི་རྩ་རུ་རྗེ་དཔོན་ཚན་རེ་ཞུས། །ལྷ་འདྲེ་ཕ་ཚན་འདུན་མ་དེ་ལ་འཆམས། །གཙང་ལྷ་བུ་དར་ལྷ་ཡིས་ཞུ་བ་བྱས། །གྲོམ་པ་ལྷ་རྩེ་བཙན་པོའི་མཁར་ལ་བརྟེན། །འབྲོ་དང་ཅོག་རོ་གཉིས་ཀྱིས་མ་ཕྱར་བྱས། །གཙང་སྟོད་ཡུལ་དུ་རྗེ་དཔོན་ཚན་གཅིག་ཆགས། །ཁ་རག་(196ན)ཁྱུང་བཙུན་ལྷ་ཡིས་ཞུ་བ་བྱས། །འབྲང་མཁར་བྱེ་བཙན་བཙན་པོའི་མཁར་ལ་བརྟེན། །མྱང་དང་སྣང་གིས་མ་ཕྱར་བྱས་ནས་ནི། །རུ་མཚམས་གཞུ་སྙེར་རྗེ་དཔོན་ཚན་གཅིག་ཆགས། །ཐང་ལྷ་ཡར་བཞུད་ལྷ་ཡིས་ཞུ་བ་བྱས། །ཟྭ་དང་དོམ་པ་བཙན་པོའི་མཁར་ལ་བརྟེན། །སྒྲོ་དང་རྨ་ཡིས་མ་ཕྱར་བྱས་ནས་ནི། །འཕན་ཡུལ་ཟ་གང་རྗེ་དཔོན་ཆེན་གཅིག་ཆགས། །ཡར་ལྷ་ཤམ་པོ་ལྷ་ཡིས་ཞུ་བ་བྱས། །སྣ་མོ་ཡར་རྩེ་མར་རྩེ་གཉིས་ལ་བརྟེན། །མཆིམས་གཉགས་གཉིས་ཀྱིས་མ་ཕྱར་བྱས་ནས་སུ། །ཡར་ལུང་སྟོད་དུ་རྗེ་དཔོན་ཚན་གཅིག་ཆགས། །གནམ་ལྷ་སྤུན་དགུ་ལྷ་ཡིས་ཞུ་བ་བྱས། །བྱ་ཚང་གུང་སྣང་བཙན་པོའི་མཁར་ལ་བརྟེན། །སྙི་བ་ཤུད་བུས་མ་ཕྱར་བྱས་ནས་ནི། །གཏམ་ཤུལ་ལྷོ་བྲག་རྗེ་དཔོན་ཚན་གཅིག་ཆགས། །འཆོས་ལྷ་དཀོན་པ་ལྷ་ཡིས་ཞུ་བ་བྱས། །ཕུ་གུད་ཅོ་མཁར་བཙན་པའི་མཁར་ལ་བརྟེན། །ཁུ་གཉགས་གཉིས་ཀྱིས་མ་ཕྱར་བྱས་ནས་ནི། །འཆོས་སུ་རྗེ་དཔོན་ཚན་གཅིག་ཆགས་སོ་སྐད། །ཅེས་སོགས་ནས། དེ་ལྟར་རྗེ་དཔོན་རྗེ་ཚན་རྣམ་པ་དགུ། །ཆོས་འཁོར་རྐྱེན་དུ་རྗེ་ལྷུ་གཅིག་དང་བཅུ། །ལྷ་ཡིས་ཞུ་བ་བྱས་ནས་ཆགས་པ་ཡིན། །དེ་ནས་བྲན་ཁ་དཔལ་གྱི་ཡོན་ཏན་གྱིས། སྙི་བ་(196བ)བསམ་པོར་སྤྲུལ་ནས་རྗེ་འབངས་འདུམས། །ཞེས་ལོ་རྒྱུས་ཆེན་མོར་སྣང་ངོ་། །ཁེངས་ལོག་ནས་ལོ་དགུ་པ་མེ་བྱ་ལ་ཤུད་བུ་སྟག་རྩེ་སོགས་བཞིས་གྲོས་བྱས་ནས་བང་སོ་རྣམས་བགོ་བཤའ་བྱས་ཏེ་བྲུས་ཚུལ་ཡང་། གཉགས་ཀྱིས་དོན་མཁར་མདའ་ཡི་བང་སོ་བྲུས། །ཚེ་སྤོང་ཞང་གིས་རྒྱལ་ཆེན་བང་སོ་བྲུས། །ཤུད་བུས་སེང་གེ་ཅན་གྱི་བང་སོ་བྲུས། །འཕྲུལ་རྒྱལ་བང་སོ་གྲེང་ཆོས་ཁུ་ཡིས་བྲུས། །སྔོ་བཞེར་སྙི་བས་ཐོབ་སྟེ་འབྲུ་འཕྲོར་ལུས། །སྲོང་བཙན་འབྲོ་ཅོག་གཉིས་ཀྱིས་ཐོབ་སྟེ་ལུས། །ཞེས་སྣང་། དེ་ནས་ཁྲི་ལྡེ་ཡུམ་བརྟན་གྱི་སྲས་ཁྲི་ལྡེ་མགོན་གཉེན། །དེའི་སྲས་ཁྲི་ལྡེ་རིག་པ་མགོན་དང་། ཉི་མ་མགོན། ཉི་མགོན་གྱི་སྲས་ཉི་འོད་དཔལ་མགོན། དེའི་བརྒྱུད་ཀླུང་ཤོད་འཕན་ཡུལ་རྡོ་སྟོད་ན་མང་ངོ་། །གཅེན་རིག་པ་མགོན་གྱི་སྲས་ལྡེ་པོ་རྡོ་རྗེ་འབར། དེ་ལ་སྲས་གཉིས་ཏེ་གཅེན་ཁྲི་དབང་ཕྱུག་བཙན། གཅུང་ཁྲི་པ། གཅེན་གྱི་སྲས་ལྷ་བཙན་པོ་ལོ་ཙཱ་བ་ཡེ་ཤེས་རྒྱལ་མཚན་ཏེ། དེ་ནི་ལེགས་སྦྱར་ལ་ཤིན་ཏུ་བྱང་བས་ཁ་རག་གཉོས་ཀྱི་ལོ་ཙཱ་ཡང་ཁོང་གི་སློབ་མ་ཡིན། ཇོ་བོ་མ་ཕེབས་གོང་གི་ཉི་ཤུའི་སྐབས་ཙམ་ལ་པཎྜི་ཏ་པདྨ་གསང་བ་བྱོན་དུས་ཞབས་ལུགས་གྲོལ་ཏིག་སོགས་བསྒྱུར་བའི་ལོ་ཙཱ་མཛད། ཁྲི་དབང་ཕྱུག་བཙན་ཡབ་སྲས་(197ན)ཀྱི་སྐུ་རིང་ལ་བསམ་ཡས་ལ་ཞབས་ཏོག་ཆེར་མཛད་ཅིང་། དབུས་གཙང་མི་བཅུས་སོ་ཐར་གྱི་སྡོམ་རྒྱུན་ནོད་དེ་བསྟན་པ་ཕྱི་དར་དབུ་ཚུགས་པ་ལའང་བདག་རྐྱེན་མཛད་པས་བཀའ་དྲིན་ཆེ་བ་ཡིན། གཅུང་ཁྲི་པའི་སྲས་ཨ་ཙ་ར། དགེ་སློང་། བླ་མ། བོ་དྷི་རཱ་ཛ་བཞི་སྟེ། ཇོ་བོ་བསམ་ཡས་སུ་ཕེབས་སྐབས་དང་ཁོང་དུས་མཚུངས། དང་པོའི་བརྒྱུད་འཕྲེང་པོ་བ། ལྕང་རྒྱབ་པ། བླག་པ་ལམ་པ། གྲིམ་པ། སྙེ་ཐང་པ། ལུང་པ་རྩང་པོ་སོགས་སོ། །བར་པ་གཉིས་ཀྱིས་བརྒྱུད་མ་སྤེལ་ཞིང་། ཐ་ཆུང་བོ་དྷི་རཱ་ཛའི་བརྒྱུད་བླ་དག་ཏུ་ལྷ་བཙུན་སྔོན་མོ་ཞེས་མཚན་དངོས་ལྷ་དབང་རྒྱ་མཚོའམ་བློ་གྲོས་སྡེ་ཞེས་བསམ་ཡས་དབུ་རྩེ་ནས་འཆི་བདག་སྲོག་འཁོར་གཏེར་ནས་འདོན་པ་པོ་དེ་དང་། སྨྱུག་རུམ་པ། ལྷ་འབྲི་སྒང་པ་སོགས་ཏེ། འོན། རྡོ། ཆབ་ཐང་། བསམ་ཡས་སོགས་དང་། ཁམས་ཕྱོགས་སུའང་མང་དུ་ཡོད་པར་གྲགས་པ་དང་། ཀོང་པོ་རྐྱེན་པ་རྒྱལ་པོའང་ཡུམ་བརྟན་གྱི་རྒྱུད་ཡིན་ཀྱང་། དེང་སང་རུས་འཐོར་ཏེ་རྒྱུན་མ་ཆད་ཙམ་ཡོད་ཟེར་ཡང་ངོས་ཟིན་པ་མི་སྣང་། མངའ་བདག་གནམ་ལྡེ་འོད་སྲུང་ཞེས་རྒྱལ་བརྒྱུད་རྩོད་པ་མེད་པ་དེ་ནི་ཕོ་བྲང་ཡུམ་བུ་བླ་སྒང་དུ་འཁྲུངས། ཅུང་ཟད་ནར་སོན་ནས་(197བ)རྟེན་གྱི་སྤྱན་སྔར་སྐྱབས་འགྲོ་བླངས་ཤིང་དཀོན་མཆོག་གི་རྟེན་ལ་མཆོད་པ་རྒྱ་ཆེན་པོ་ཕུལ། ལྷ་ལུང་དཔལ་རྡོར་ཁམས་ནས་ཕེབས་པ་ལ་སྨན་བླའི་མདོ་ཆོག་གི་ལུང་གསན་ཏེ་འདི་ཁོ་ན་ལ་ཡི་དམ་གྱི་སྙིང་པོ་མཛད། བཙུན་མོ་ཅོག་རོ་བཟའ་རྒྱལ་མོ་ལ་ཡབ་ཀྱི་བཅུ་དགུ་པ་ཤིང་བྱ་ལ་མངའ་བདག་དཔལ་འཁོར་བཙན་འཁྲུངས། ཡབ་གནམ་ལྡེ་འོད་སྲུང་དགུང་གྲངས་སོ་དགུ་པ་ཤིང་སྦྲུལ་ལ་ཕོ་བྲང་འཕང་ཐང་དུ་སྐུ་གཤེགས། བང་སོ་འཕྲུལ་རྒྱལ་རྒྱབ་ཏུ་བརྩིགས་ཤིང་། དེ་ནས་བང་སོ་བརྩིགས་པའི་སྲོལ་ནུབ། སྲས་དཔལ་འཁོར་བཙན་དགུང་གྲངས་ཉེར་གཅིག་པ་ཤིང་སྦྲུལ། སྤྱི་ལོ༩༤༥པར་ཡབ་གཤེགས་པའི་རྗེས་ཐོག་དེར་རྒྱལ་ས་མཛད། བློན་པོ་འབྲོ་གཙུག་དགྲ་ལྷ་སྣང་དང་ཅང་འང་འཕོ་གཉིས་ཀྱིས་བྱས། སྨན་ལུང་ལ་སོགས་པ་ལྷ་ཁང་བརྒྱད་བཞེངས། སྐབས་འདིའི་ཆུ་གླང་། སྤྱི་ལོ༩༥༣པར་བླ་ཆེན་དགོངས་པ་རབ་གསལ་དང་དབུས་གཙང་གི་མི་བཅུས་ཁམས་ནས་དབུས་སུ་བསྟན་པ་ཕྱི་དར་གྱི་འགོ་ཚུགས་པ་ལ་བསྟོད་བཀུར་ཚད་མེད་པ་མཛད། དགུང་གྲངས་སོ་གཅིག་པ་ཤིང་ཡོས་ལ་སྐུ་གཤེགས་སོ། །གླིང་རྗེ་གེ་སར་དུ་གྲགས་པ་ཡང་མངའ་བདག་དཔལ་འཁོར་བཙན་ཡབ་སྲས་ཀྱི་རིང་ཙམ་ལ་བྱུང་བར་(198ན)མངོན་ནོ། །དཔལ་འཁོར་བཙན་ལ་བཙུན་མོ་ཆེན་ཆུན་གཉིས་ལས། ཆེན་མ་སྣ་ནམ་བཟའ་ལེགས་བཙུན་གྱི་སྲས་གཅུང་སྐྱིད་ལྡེ་ཉི་མ་མགོན། ཆུན་མ་མཆིམས་བཟའ་བཙུན་ནེའི་སྲས་གཅེན་བཀྲ་ཤིས་བརྩེགས་པ་དཔལ་ལོ། །འདི་གཉིས་ཀྱི་ཆབ་སྲིད་ཕལ་ཆེར་ཡུམ་བརྟན་གྱིས་འཕྲོག་པས་སྟོད་དུ་བྱོན་ཏེ། གཙན་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱིས་གཙང་མྱང་སྟོད་རྒྱལ་མཁར་རྩེ་བཟུང་། གཅུང་ཉི་མ་མགོན་མངའ་རིས་སུ་བྱོན་པ་ན། བློན་པོ་ཞང་པ་ཚབ་རིན་ཆེན་ལྡེ་དང་། ཅོག་རོ་ལེགས་སྒྲ་ལྷ་ལེགས་གཉིས་ཀྱིས་བྱེ་མ་གཡུང་དྲུང་དུ་བསྐྱལ་ནས། པ་ཚབ་ཀྱིས་སྤྱང་ཐུལ་གྱི་ན་བཟའ་དང་། ཅོག་རོས་དྲེའུ་གཅིག་ཕུལ་ནས་ངུས། དེར་ཉི་མ་མགོན་གྱིས་ཕྱིས་སུ་ངས་མངའ་རིས་སུ་རྒྱལ་སྲིད་འདྲ་ཟིན་སྲིད་ན་ཁྱེད་གཉིས་ཀྱིས་བུ་མོ་རེ་རྫོང་བར་ཞུ་གསུངས་ནས་བྱོན། ཇི་སྐད་དུ། རིགས་ནི་སྤྱོད་པས་སྟོན་པར་བྱེད། །ཅེས་གྲགས་པ་ལྟར་སྤྱོད་པ་ལེགས་ཤིང་བློ་གྲོས་ཆེ་བས་མངའ་རིས་སྐོར་གསུམ་གྱི་མི་རྣམས་མགུ་སྟེ་རྗེར་ཞུས། སྤུ་རངས་སུ་སྐུ་མཁར་ཉི་མ་བཟུང་བརྩིགས། དེ་གྲུབ་པའི་ཞལ་བསྲོ་མངའ་གསོལ་གྱི་སྐབས་སུ་ནམ་མཁའ་ནས་ལུང་བསྟན་པའི་སྒྲ་འདི་སྐད་དུ། སེམས་ཅན་(198བ)སྤྱི་མཐུན་ལས་ལས་ལེགས་གྲུབ་པ། །ཉི་མ་ཞེས་བྱ་དེ་ཡི་གྲོགས་སུ་ནི། །སྤུ་རངས་ཞེས་བྱར་བོད་ཀྱི་རྒྱལ་ཁབ་བྱུང་། །སངས་རྒྱས་བསྟན་པའི་ཉི་མ་དེང་འདིར་ཤར། །ཞེས་ཀུན་གྱིས་ཐོས་པར་གྲགས་པ་དང་། གཞན་ཡང་བཀྲ་ཤིས་པའི་ལྟས་ངོ་མཚར་ཅན་མང་དུ་བྱུང་། སྟོད་དུ་རྒྱལ་ཁྲིམས་ཞྭ་ཙམ་ཆགས་ཞེས་གྲགས། གོང་གི་བློན་པོ་གཉིས་ཀྱི་བུ་མོ་རེ་བཙུན་མོར་ཕུལ་བ་ལས། ཅོག་རོ་བཟའ་ལ་སྲས་སྟོད་ཀྱི་མགོན་གསུམ་དུ་གྲགས་པ་བྱུང་སྟེ། ཆེ་བ་དཔལ་གྱི་ལྡེ་རིག་པ་མགོན་གྱིས་མང་ཡུལ་བྲུ་ཤའི་བར་བཟུང་། བར་པ་བཀྲ་ཤིས་ལྡེ་མགོན་གྱིས་ཞང་ཞུང་ཡ་རྩེ་དང་བཅས་པ་བཟུང་། ཆུང་བ་ལྡེ་གཙུག་མགོན་གྱིས་པི་ཏི་ཅོག་ལ་ཟངས་དཀར་སྒོ་གསུམ་བཅས་བཟུང་། ལྡེ་གཙུག་མགོན་གྱི་སྲས་སྲོང་ངེ་དང་། ཁོ་རེ་གཉིས། འདི་གཉིས་ཀྱི་མཚན་དངོས་གཞི་དྲང་སྲོང་ལྡེ་དང་། འཁོར་ལོ་ལྡེ་ཡིན་ཅེས་མངའ་རིས་གུ ང་ཐང་དུ་དཔེ་ཧྲུལ་ཀ་ཎི་ཀ་རྙིང་པར་བརྫངས་པ་ཞིག་ཏུ་འདུག་པ་འཐད་ངེས་སུ་སྣང་། སྲོང་ངེས་གུ་གེ་དང་། ཁོ་རེས་སྤུ་རངས་བཟུང་། སྲོང་ངེས་དང་པོར་ཁབ་བཞེས་པའི་སྲས་ནཱ་ག་རཱ་ཛ་དང་། དེ་ཝ་རཱ་ཛ་གཉིས་ཡིན། ཕྱིས་ཡབ་མེས་ཀྱི་ཡིག་ཚང་གཟིགས་པས་ཐུགས་སྐྱོ་ནས་རང་གི་རྒྱལ་སྲིད་གཅུང་ཁོ་རེ་ལ་གཏད་དེ་ཡབ་སྲས་(199ན)གསུམ་ག་རབ་ཏུ་བྱུང་། ཡབ་ལ་ལྷ་བླ་མ་ཡེ་ཤེས་འོད་དུ་གྲགས། སྲས་ནཱ་ག་རཱ་ཛ་ལ་བྱང་ཆུབ་འོད་དང་། དེ་ཝ་རཱ་ཛ་ལ་ཞི་བ་འོད་ཅེས་གྲགས། མཐོ་ལྡིང་དཔལ་གྱི་ལྷ་ཁང་བཞེངས། ཁྱེའུ་བློ་རྣོ་བ་ཉེར་གཅིག་རྒྱ་གར་དུ་བརྫངས་པས། དེ་རྣམས་ལས་ལོ་ཆེན་རིན་ཆེན་བཟང་པོ་དང་། ལོ་ཆུང་གྲགས་འབྱོར་ཤེས་རབ་གཉིས་ལོག་སྟེ་བསྟན་པ་ལ་ཤིན་ཏུ་ཕན་པ་བྱུང་། པཎྜི་ཏ་ཤྲ་དྷ་ཀ་ར་ཝརྨ་དང་། དྷརྨ་པཱ་ལ་དང་། པྲཛྙཱ་པཱ་ལ་སྤྱན་དྲངས། དྷརྨ་པཱ་ལ་ནས་སྟོད་འདུལ་དང་། ལྷ་བླ་མ་འདིས་ཇོ་བོ་རྗེ་སྤྱན་འདྲེན་པའི་ཕྱིར་སྐུ་ལུས་གར་ལོག་གི་རྒྱལ་པོ་ལ་བཏང་ནས་འདས། གཅུང་ཁོ་རེས་ཀྱང་ཁ་ཆར་གྱི་ལྷ་ཁང་བཞེངས། འདིའི་སྲས་ལྷ་ལྡེ། དེས་པཎྜི་ཏ་སུ་བྷུ་ཏི་ཤྲཱི་ཤཱནྟི་སྤྱན་དྲངས། ལྷ་ལྡེའི་སྲས་འོད་སྡེ་དང་། ཕོ་བྲང་ཞི་བ་འོད། བཙུན་པ་བྱང་ཆུབ་འོད་གསུམ་ལས། ཆུང་བ་ལྷ་བྱང་ཆུབ་འོད་ཀྱིས་ཇོ་བོ་རྗེ་བོད་དུ་སྤྱན་དྲངས། བློན་པོ་ས་འོག་གི་གཏེར་མཐོང་བའི་མིག་ཅན་ཞིག་ཀྱང་ཡོད་དེ། དེས་ཇོ་བོ་རྗེ་སྤྱན་འདྲེན་པའི་ཡོ་བྱད་གསེར་ལིང་བ་གཅིག་ལ་ཤིང་སྲང་བཅུ་དྲུག་ཡོད་པ་ལ་སོགས་པ་ཟད་མེད་དུ་བྱུང་། སངས་རྒྱས་ཀྱི་བསྟན་པ་ཉམས་པ་གསོས་ཏེ་ཤིན་ཏུ་རྒྱས་པར་(199བ)མཛད། གཅེན་འོད་ལྡེས་ཁ་ཆེ་པཎྜི་ཏ་ཛྙཱ་ན་ཤྲི་སོགས་སྤྱན་དྲངས། དེའི་སྲས་རྩེ་ལྡེས་པཎྜི་ཏ་ཞི་བ་བཟང་པོ་སོགས་སྤྱན་དྲངས། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་རྒྱ་གར་དུ་བརྫངས་ཏེ་བསྟན་པ་ལ་ཤིན་ཏུ་ཕན་པར་མཛད། གོང་གི་ཆུ་གླང་ལ་བསྟན་པ་ཕྱི་དར་གྱི་འགོ་ཚུགས་ནས་ལོ་བདུན་བཅུ་དོན་བཞི་འདས་པ་མེ་མོ་ཡོས། སྤྱི་ལོ༡༠༢༧པར་དུས་འཁོར་རྒྱུད་འགྲེལ་བོད་དུ་ཐོག་མར་ཕེབས་པ་ནས་རབ་བྱུང་དང་པོའི་རྩིས་འགོ་ཚུགས། རབ་བྱུང་དང་པོ་འདིའི་ནང་དུ་མཉམ་མེད་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ་ཡབ་སྲས་ཀྱི་ཆོས་བརྒྱུད་ལས་ཆོས་མིང་བརྒྱུད་འཛིན་ལ་ཐོགས་ཏེ་བཀའ་གདམས་པ་ཞེས་པའི་རིང་ལུགས་ཐོག་མར་བྱུང་ཞིང་། སློབ་དཔོན་ཆེན་པོའི་དངོས་སློབ་འཁོན་ཀླུ་དབང་སྲུང་བ་ནས་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ཀྱི་བར་གདུང་རྒྱུད་བཅུ་ཙམ་གྱི་རིང་ལ་སྔགས་རྙིང་མ་བ་ཡིན་ཀྱང་། འཁོན་དཀོན་མཆོག་རྒྱལ་པོས་འབྲོག་མི་ཤཱཀྱ་ཡེ་ཤེས་སོགས་གསར་མའི་ལོ་ཙཱ་བ་ལས་ཆོས་མང་པོ་གསན་པ་ནས་སྔགས་གསར་མ་བར་གནས་འགྱུར་ཏེ། དེ་ཉིད་ཀྱིས་སྤང་པོ་རིའི་ངོས་འགྲམ་ས་དཀར་དབུས་ཀྱི་ལོགས་སུ་རབ་བྱུང་དང་པོའི་ཆུ་གླང་ལོར་སྒོ་རུམ་གྱི་གཙུག་ལག་ཁང་བཏབ་པ་ནས་བཟུང་ཡུལ་མིང་ཆོས་ལ་ཐོགས་ནས་ས་སྐྱ་པ་ཞེས་པའི་རིང་ལུགས་དེ་བྱུང་། (200ན)འདི་དང་དུས་ཐོག་མཚུངས་པར་དཔལ་ལྡན་མར་པ་ལོ་ཙཱ་བས་རྒྱ་གར་གྱི་པཎ་གྲུབ་ཆེན་པོ་ནཱ་རོ་པའི་ཐུགས་བཅུད་བཀའ་བརྒྱུད་བསྟན་པའི་ཆུ་འགོ་བོད་དུ་དྲངས་སོ། །རྩེ་ལྡེའི་སྲས་འབར་ལྡེ། དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་བྷ་ནེ། དེའི་སྲས་ནཱ་ག་དེ་ཝ་རྣམས་ནས་མངའ་རིས་ཀྱི་བཙན་པོ་ཕལ་ཆེར་བྱུང་། ནཱ་ག་དེ་ཝའི་སྲས་བཙན་ཕྱུག་ལྡེས་ཡ་རྩེའི་མངའ་བདག་མཛད། དེའི་སྲས་བཀྲ་ཤིས་ལྡེ། དེའི་སྲས་གྲགས་བཙན་ལྡེ། དེའི་སྲས་གྲགས་པ་ལྡེས་གསེར་ཕྱེ་བྲེ་བདུན་ལས་འཇམ་དབྱངས་ཀྱི་སྐུ་དང་། དངུལ་བྲེ་སྟོང་ཕྲག་བཅུ་གཉིས་ཀྱིས་བྱམས་པ་སོགས་སྐུ་གསུང་ཐུགས་རྟེན་མང་དུ་བཞེངས། དེའི་སྲས་ཨ་སོ་ལྡེས་རྒྱ་གར་རྡོ་རྗེ་གདན་དུ་མཆོད་པའི་རྒྱུན་བཙུགས། དེའི་སྲས་རྫི་ཐར་རྨལ་དང་། ཨ་ནན་རྨལ་གཉིས་ཀྱི་ཕུ་བོས་དངུལ་གྱི་དགྱེས་རྡོར་བཞེངས། ནུ་བོས་གསེར་གྱི་བཀའ་འགྱུར་བཞེངས། འདི་ཡན་འབྲི་གུང་བའི་སྦྱིན་བདག་ཡིན། ཨ་ནན་རྨལ་གྱི་སྲས་རེའུ་རྨལ་གྱིས་རྒྱ་གར་གྱི་རྒྱལ་ཁམས་མང་པོའི་བདག་པོ་བྱས། དངུལ་ལས་བདེ་གཤེགས་བརྒྱད་བཞེངས། ལྷ་སར་གཙང་ཁང་དབུས་མའི་གསེར་ཐོག་ཕུབ། དེའི་སྲས་སདྒྷ་རྨལ། དེའི་སྲས་ཛི་མཐར་རྨལ། དེའི་སྲས་ཨ་འཛིད་(200བ)རྨལ་གྱིས་རྒྱལ་ས་མ་ཐོབ་གོང་དུ་ས་སྐྱར་རབ་བྱུང་མཛད། ཕྱིས་རྒྱལ་ས་བྱས་ཤིང་། དེའི་སྲས་ཀ་ལན་རྨལ། དེའི་སྲས་བར་བཏབ་རྨལ། འདི་ནས་ཡ་རྩེའི་རྒྱལ་རྒྱུད་ཆད་དེ། སྤུ་རངས་ནས་མངའ་བདག་བསོད་ནམས་ལྡེ་སྤྱན་དྲངས་ཏེ་སྲིད་བཟུང་བས་པུཎྱ་རྨལ་དུ་གྲགས། དེའི་སྲས་པྲི་ཏི་སྨལ་དང་བློན་པོ་དཔལ་ལྡན་གྲགས་པས་ས་སྐྱའི་ཆོས་ཁྲི་དང་། ལྷ་སར་བཅུ་གཅིག་ཞལ་ལ་གསེར་ཐོག་ཕུལ་ལོ། །དེ་ནས་ཡ་རྩེའི་གདུང་རྫོགས་ཏེ་མོན་གྱི་བློན་པོ་བ་ལི་རཱ་ཛ་བྱ་བས་རྒྱལ་སྲིད་ཐོབ་པ་ད་ལྟ་ཛུམ་ལིར་གྲགས་པ་འདི་ཡིན། སྤུ་རངས་གདུང་རབས་རིང་དུ་བྱུང་ཞིང་། མཐར་རབ་བྱུང་བཅུ་གཅིག་པའི་ནང་དུ་གདུང་རིགས་ཀྱི་རྒྱུད་རྫོགས་པ་ཡིན་ཞེས་ཟེར། ཞང་ཞུང་གི་མཐིལ་གུ་གེར་གདུང་རབས་རིམ་ཅན་བྱུང་བའི་མཐའ་མ་མངའ་བདག་པདྨ་བློ་བཟང་བཀྲ་ཤིས་ཏེ། དེ་རབ་བྱུང་བཅུ་གཉིས་པའི་མཐའ་ལ་ཉེ་བ་ཆུ་ཕག་ལོར་གཤེགས་པ་དེ་ནས་གུ་གེའི་གདུང་རྒྱུད་ཆད། ། ༈ མང་ཡུལ་བདག་པོ་རིག་པ་མགོན་ལ་སྲས་མང་དུ་བྱུང་བའི་རྒྱུད་ནི་ལ་དྭགས་རྒྱལ་པོ་ཡིན་ལ། འདིའི་གདུང་རབས་རིམ་ཅན་བྱུང་བའི་མཐའ་མ་ད་ལྟའི་དུས་སུ་མངའ་རིས་སྟོབས་འབྱོར་གྱི་ཅུང་ཟད་ཉམས་དམས་པར་བྱས་ཀྱང་རིགས་རྒྱུད་རྩོད་པ་མེད་(191ན)པའི་སྲས་མ་ཆེད་ཟུང་གཅིག་འཚོ་གཞེས་སུ་སྣང་བ་འདིའོ། ། ༈ མངའ་བདག་དཔལ་འཁོར་བཙན་གྱི་སྲས་གཅེན་ཁྲི་བཀྲ་ཤིས་བརྩེགས་པ་དཔལ་གྱིས་ཅོག་རོ་བཟའ་མགོན་ཁབ་ཏུ་བཞེས་པ་ལ་སྲས་དཔལ་ལྡེ། འོད་ལྡེ། སྐྱིད་ལྡེ་སྟེ་སྨད་ཀྱི་ལྡེ་གསུམ་དུ་གྲགས་པ་བྱུང་། གཅེན་དཔལ་ལྡེས་ཅོག་རོ་བཟའ་འབའ་རེ་ཁབ་ཏུ་བཞེས་པ་ལ་སྲས་འོད་དཔལ་ལྡེ་དང་། དྷརྨ་ཙཀྲ་གཉིས། གཅེན་འོད་དཔལ་ལྡེ་གུང་ཐང་དུ་ཕེབས་ནས་རྒྱལ་ས་བཟུང་བས་གུང་ཐང་རྒྱལ་པོའི་རབས་རིང་ཞིག་ཏུ་བྱུང་བ་རྣམ་གྲངས་མདོར་བྱས་ན་འདི་སྐད་ཅེས། འོད་དཔལ་གུང་ཐང་ཕེབས་སྲས་འོད་ཟེར་ལྡེ། །དེ་ནས་རིམ་བཞིན་བདེ་སྤྱོད་བདེ་དབང་བདེ། །བཙན་ལྡེ་དེ་སྲས་གསུམ་མངའ་གཅེན་འོད་ལྡེ། །འདི་དང་མི་ལའི་སྐུ་ཚེ་སྨད་དུས་མཚུངས། །དེ་སྲས་རིམ་པས་དབང་ཕྱུག་ལྡེ་སྐྱོབས་ལྡེ། །མགོན་ལྡེ་བཙུན་ལྡེ་དེ་ཡི་བཙུན་མོ་རུ། །ཆོས་རྒྱལ་འཕགས་པའི་གཅེན་མོ་ཉི་འབུམ་སྟེ། །དེ་ལ་ཆོས་རྒྱལ་འབུམ་ལྡེ་མགོན་ཞེས་བལྟམས། །དེ་སྲས་གསུམ་གྱི་བར་པ་རིན་ཆེན་བཟང་། །དེ་སྲས་ཆོས་སྐྱོང་ལྡེ་སྟེ་གུང་ཐང་དུ། །ཆགས་པའི་གདུང་རབས་བཅུ་གསུམ་དུས་ཡིན་ཞེས། །གུ་རུའི་ལུང་དང་འདི་ཉིད་(191བ)མཐུན་པར་འགྲིགས། །ཆོས་སྐྱོང་དེ་སྲས་བཀྲ་ཤིས་ལྡེ་ཞེས་པ། །གཏེར་སྟོན་རྒོད་ལྡེམ་ཆོས་བདག་ཉིད་མཚུངས་ཡིན། །དེ་ནས་ཕུན་ཚོགས་ལྡེ་དང་བསོད་ནམས་ལྡེ། །ལྷ་དབང་རྒྱལ་མཚན་མངའ་བདག་རྣམ་རྒྱལ་ལྡེ། །བསམ་ལྡེ་ཀུན་དགའ་བློ་གྲོས་ཀུན་བཟང་གྲགས། །བསམ་ལྡེ་ཕྱི་མ་དེ་སྲས་བསོད་དབང་ལྡེ། །དེ་ལྟར་མཆེད་དང་ཁྲི་རབས་མ་བགྲངས་པར། །ཡབ་སྲས་རྐྱང་བགྲངས་རྒྱལ་རབས་ཉེར་གསུམ་མཐར། །རབ་བྱུང་བཅུ་པའི་ལྕགས་ཕོ་སྤྲེལ་ལོ་ལ། །གཙང་པ་རྒྱལ་པོའི་དཔུང་གིས་གུང་ཐང་བླངས། །གུ་རུས་བསྔགས་པ་གུང་ཐང་རྒྱལ་པོའི་གདུང་། །གངས་ཅན་བསོད་ནམས་བགོ་སྐལ་དེ་ཙམ་གྱུར། །ཅེས་དང་། འདིའི་མངའ་རིས་ཀྱི་དབང་ཚད་ཀྱང་། གུང་ཐང་སྐྱིད་གྲོང་ནུབ་རི་གསུམ། །མ་ཞང་རྒྱ་ཚང་པ་དང་བཞི། །རྩ་བའི་མི་སྡེ་རྣམ་བཞི་ཡིན། །གློ་སྟོད་གློ་སྨད་དོལ་གྲུ་བཞི། །བཟང་རྒྱུད་པ་དང་རྣམ་པ་བཞི། །རལ་གྲིས་བཅད་པའི་སྡེ་བཞི་ཡིན། །གཉོས་དངུལ་གཉིས་དང་ཕུ་རི་མཚོ་འཁོར་དང་། །གཙང་པོ་བཟང་ཚ་བ་སྟེ་རྣམ་པ་བཞི། །གུས་པས་བཏུད་པའི་མི་སྡེ་ཡིན། །ཕ་བཞི་ཆགས་ཀྱི་བརྒྱ་སྐོར་གཅིག །ལྕམ་གྱི་རྫོང་ལ་བྱུང་བ་སྟེ། །བརྒྱ་ཚོ་བཅུ་གསུམ་དེ་ལྟར་གྲགས། །ཞེས་(192ན)སོ། །འདི་བརྒྱ་ཚོ་བགྲང་ཚུལ་བཅུ་ཚོ་བརྒྱ་ལ་གཅིག་ཏུ་བྱས་པ་སྟོང་ཕྲག་ལ་བཞག་པ་ཡིན་འདུག་གོ །གཅུང་དྷརྨ་ཙཀྲའི་རྒྱུད་སྔོན་པོ་ཚོན་པོར་ཐུག་སྟེ། ཁབ་གུང་ཐང་པ། ཀླུ་རྒྱལ་བ། སྤྱི་པ། ལྷ་རྩེ་བ། གླང་ལུང་རྩེ་སྐོར་བ་སོགས་ཡིན། ལྡེ་གསུམ་གྱི་ཐ་ཆུང་གཅུང་སྐྱིད་ལྡེ་འཇད་རྟ་ནག་ཏུ་ཕོག །སྲས་དྲུག་ལས་ལྔ་བྱང་དུ་བྱོན་ཏེ་གཡས་རུ་དང་རུ་ལག་གི་བཙན་པོ་རྣམས་ཡིན། ལྡེ་གསུམ་གྱི་འབྲིང་པོ་འོད་ལྡེ་ལ་སྲས་བཞི་ལས། དང་པོ་ཕ་བ་དེ་སེའི་རྒྱུད་གཙང་རོང་གནུབས་ཡུལ་དང་མྱང་སྟོད་སོགས་ན་ཡོད། གཉིས་པ་ཁྲི་ལྡེ་མདོ་ཁམས་སུ་བྱོན་ཏེ་ཙོང་ཁ་ཡུལ་ཆེན་བཅོ་བརྒྱད་ལ་སོགས་མདོ་སྨད་ཕལ་ཆེར་ལ་མངའ་མཛད་པས་སྨད་དུ་རྒྱལ་ཁྲིམས་ལྷམ་ཙམ་ཆགས་ཞེས་གྲགས་ཤིང་། སྤྱན་སྔ་དོན་ཆེན་ལ་སོགས་པའི་རྒྱལ་རྒྱུད་བྱུང་། གསུམ་པ་ཉག་ལྡེའི་རྒྱུད་གཡས་རུའི་སྤྱི་མཁར་བཙན་པོ་ལ་ཐུག །བཞི་པ་ཁྲི་ཆུང་གིས་ཡར་ཀླུངས་སུ་བྱོན། འབངས་ཀྱིས་ཕོ་བྲང་བརྩིགས་ནས་ཕུལ་བའི་འབངས་བརྩིགས་དང་། སྐུ་མཁར་མཆིང་ང་སྟག་རྩེ་བཟུང་། དེའི་སྲས་འོད་སྐྱིད་འབར། དེ་ལ་སྲས་བདུན་གྱི། གཅེན་ཞང་རྗེ་ཚ་ཁྲི་ལྡེ་འབར། གཅུང་གཙང་ཚ་སྤུན་དྲུག་ཅེས་པ་ལྷ་སྤྱན་གཡུ་ཅན་(192བ)གཉིས། ད་ར་ལྷུན་པོ་གཉིས། འོད་བཙན་གུང་བཙན་གཉིས་ཏེ་དྲུག་གོ །གཅེན་ལ་སྲས་དྲུག་གི །གཡུ་ཐོག་གི་རྒྱུད་སྣ་མོ་བ། མཆིང་ང་བ། དོན་མཁར་བ། ཐང་ཁོར་བ་རྣམས་སོ། །བྱེ་ཆུང་ལྷ་སྒོམ། གུང་ལྡེ། ཁྲི་ཐོག་ཐག་གསུམ་གདུང་ཆད། ཟླ་བའི་རྒྱུད་རྟ་ཤགས་པ་དང་བྲ་སྣ་བའོ། །བཞེངས་ཅན་འབར་གྱི་རྒྱུད་མོན་མཁར་བ། ཞང་མངའ་བ། སྤུན་བདུན་ཐང་པ། ལྷ་སྟོན་དཀར་མོའི་རྒྱུད་བྱེ་ཆུང་པའོ། །གཙང་ཚ་དྲུག་གི་ཕྱི་མ་བཞི་ལས་ཁྲ་འབྲུག་གྱིང་གྱར་གྱི་བཙན་པོ་རྣམས་འཕེལ་ལོ། །བཙན་པོ་གཡུ་ཅན་གར་མི་ཡོན་ཏན་གཡུང་དྲུང་གིས་བྱ་སར་སྤྱན་དྲངས། དེའི་སྲས་ཇོ་དགའ། དེའི་སྲས་གསུམ་གྱི་ཆེ་བ་བྱ་ས་ལྷ་ཆེན་གྱིས་བྱ་སའི་ལྷ་ཁང་སོ་མ་བཞེངས། རྒྱ་མའི་དཔོན་སྟོན་གྱིས་རབ་གནས་མཛད། དཔལ་ཕག་མོ་གྲུ་པ་བླ་མར་བསྟེན། གཅུང་པོའང་རབ་ཏུ་བྱུང་སྟེ་ལྷ་ཞི་བར་གྲགས་ཏེ་ལོ་མོ་སྒོམ་ཁང་དུ་བཞུགས། བར་པ་ལ་ཁྲི་དར་མ་གཙུག་ལྡེ། ཁྲི་གཙུག་ལྡེ། རྣལ་འབྱོར། སྨོན་ལམ་སྟེ་སྲས་བཞི་ལས། ཁྲི་གཙུག་གིས་བྱ་ས་དང་དོ་སྔོན་སོགས་བཟུང་སྟེ་ཡར་ཟླའི་བཙན་པོ་རྣམས་བྱུང་། སྨོན་ལམ་རབ་ཏུ་བྱུང་སྟེ་པུ་གུ་དོའི་གཟིམ་ཁང་དཀར་པོ་བརྩིགས་ཏེ་ཆོས་ཁྲིམས་དང་བསྟན་པའི་བྱ་བ་དུ་མ་(193ན)མཛད། ཇོ་བོ་རྣལ་འབྱོར་གྱིས་འབངས་བརྩིགས་སུ་རྒྱལ་ས་བཟུང་སྟེ། མཆེད་འདི་རྣམས་ཀྱིས་རྗེ་སྤྱན་སྔ་བ་དང་རྒྱལ་བ་ཐོག་རྡུགས་པའི་སྦྱིན་བདག་བྱས། རྣལ་འབྱོར་གྱི་སྲས་གསུམ་ལས། བར་པ་རབ་ཏུ་བྱུང་ནས་ལྕིལ་བུའི་གདན་ས་མཛད་དེ་ལྷ་ཆེན་པོའམ་ལྷ་ལུང་གི་དབང་ཕྱུག་ཏུ་གྲགས། གཅུང་པོ་འབྲི་གུང་གཅུང་རིན་པོ་ཆེ་ལས་ལྷ་བཙུན་མཛད་དེ་ལྷ་ངམ་ཤོད་པར་གྲགས། གཅེན་ཇོ་འབག་གིས་རྒྱལ་ས་མཛད་པའི་སྲས་ལྔ་ལས། གཉིས་པ་རབ་ཏུ་བྱུང་བ་ལྷ་འགྲོ་མགོན་དུ་གྲགས་ཏེ་ལྕིལ་བུའི་གདན་ས་མཛད་ནས་ངོ་མཚར་མཐའ་ཡས་པ་མངའ། གསུམ་པ་ལྡེ་པོས་འབངས་བརྩིགས་བཟུང་། དེའི་སྲས་ཤཱཀྱ་རྒྱལ་གྱིས་གཡེ་ཆེ་ཆུང་ལ་དབང་མཛད། དེའི་སྲས་ཤཱཀྱ་དཔལ་གྱི་བློ་གྲོས་བཟང་པོས་བླ་མ་འཕགས་པ་ལས་རབ་ཏུ་བྱུང་སྟེ་ཉེ་གནས་མཛད། བཞི་པ་ལྡེ་ཆུང་སྐུ་གཞོན་ནུར་གཤེགས། ལྔ་པ་ཇོ་རྒྱལ་པུ་ལུར་ཕོག །དེའི་སྲས་ཇོ་འཕེལ། དེའི་སྲས་ཆེ་བ་ལྷ་ཟུར་ཁང་པ་སྟེ་དེས་ལྕིལ་བུ་བཟུང་། གཅུང་པོའི་རྒྱུད་ཁྲོམ་པོ་བ་རྣམས་ཡིན། ཇོ་འབག་གི་སྲས་ཆེ་བ་ཤཱཀྱ་མགོན། གཅུང་རྣམས་སོ་སོར་ཕོག །ཕོ་བྲང་གནས་ཆུང་བཏབ། ས་སྐྱ་པཎྜི་ཏའི་སྦྱིན་བདག་བྱས། དེའི་སྲས་ཤཱཀྱ་བཀྲ་ཤིས་(193བ)ཀྱིས་ཕོ་བྲང་རྙིང་མ་བཏབ། དེའི་སྲས་ཆེ་བ་ལྕིལ་བུའི་ལྷ་བྲག་ཁ་བ་ཡིན། ཆུང་བ་གྲགས་པ་རིན་ཆེན་གྱིས་རྒྱལ་བ་ཐོག་རྡུགས་པའི་ཉེ་གནས་མཛད། ཕྱིས་བླ་མ་འཕགས་པའི་ཉེ་གནས་ཀྱང་མཛད། སེ་ཆེན་གྱི་དམ་ཁ་བླངས་ཏེ་ཕོ་བྲང་བྲག་ཁ་སོགས་བཏབ། སྐུ་གསུང་ཐུགས་རྟེན་འགའ་བཞེངས་ཤིང་ཇོ་གདན་ཚོགས་པའི་ཆོས་གཞི་གཏན་དུ་འདེགས་པའི་སྲོལ་འཛུག་མཛད། དགུང་ལོ་ང་གསུམ་པར་སྲས་ཤཱཀྱ་མགོན་པོ་ལ་རྒྱལ་ས་གཏད་ནས་ཐུགས་དམ་མཛད་དེ་བདུན་ཅུ་རྩ་བཞི་པ་ལ་སྐུ་གཤེགས། དེའི་སྲས་བཞིའི་ཆེ་བ་ལྕིལ་བུ་བ་བློ་གྲོས་འོད་ཡིན། གསུམ་པ་ཕག་མོ་གྲུ་པར་རབ་ཏུ་བྱུང་སྟེ་ལྷ་བཙུན་ཚུལ་ཁྲིམས་བཟང་པོར་ཐོགས། བཞི་པ་འབལ་གཞོན་ནུར་འདས། གཉིས་པ་ཤཱཀྱ་མགོན་པོས་རང་གི་སྲིད་བསྐྱངས་ཏེ་ཡར་ཀླུངས་ལོ་ཙཱ་བ་གྲགས་པ་རྒྱལ་མཚན་བསྟེན། ཕོ་བྲང་ཡུམ་བུ་བླ་སྒང་དུ་གཙུག་ལག་ཁང་བཞེངས། ཆོས་འཁོར་དུ་མའི་སྦྱིན་བདག་མཛད་ནས་བསྟན་པ་ལ་ཕན་པར་མཛད། དེའི་སྲས་ཆོས་རྗེ་བཙན་པོ་ཤཱཀྱ་རིན་ཆེན་ལྡེ་སྟེ། འདི་ཡན་ཆད་ཀྱི་ནང་ནས་གླང་དར་མ་མ་གཏོགས་གཞན་སྲོང་བཙན་མན་ཆད་ལྷ་བཙན་པོའི་གདུང་རྒྱུད་ཐམས་ཅད་ཀྱིས་དཀོན་མཆོག་གསུམ་ལ་བླ་མར་བཀུར་ཞིང་། (194ན)རྒྱལ་ཁམས་ཡོངས་ལ་ཕན་བདེའི་སྣང་བས་ཁྱབ་པར་མཛད་དོ། །འདི་མན་ཆད་ཀྱི་ལོ་རྒྱུས་ཧ་ཅང་ཁ་འཐོར་དུ་སོང་བས་ཐམས་ཅད་བསྡུ་རུ་མ་ལངས་ཤིང་དགོས་པའང་དེ་ཙམ་ཆེ་བར་མ་མཐོང་ནས་འདིར་འགོད་པའི་སྤྲོས་པ་བསྐྱུངས་པར་བྱས་སོ། །དེ་ལྟར་བཤད་པའི་ཁུངས་ནི། སྲོང་བཙན་གྱི་བཀའ་ཆེམས་སྐོར་དང་། ཇོ་བོ་རྗེའི་གཏེར་མ་ཀ་བཀོལ་མ། བསམ་ཡས་ཀྱི་དཀར་ཆག་ཆེན་མོའམ། སྦ་བཞེད་ཆེ་འབྲིང་། ཐང་ཡིག་སྔ་ཕྱི་དང་། བཻ་རོའི་འདྲ་འབག །ཁུ་སྟོན་གྱི་ལོ་རྒྱུས་ཆེན་མོ། ཡར་ཀླུངས་ཇོ་བོའི་རྒྱལ་རབས། ཚལ་པའི་དེབ་དམར། ས་སྐྱའི་རྒྱལ་རབས་གསལ་བའི་མེ་ལོང་། འགོས་ལོའི་དེབ་ཐེར་སྔོན་པོ། གཙུག་ལག་ཕྲེང་བའི་ཆོས་འབྱུང་མཁས་པའི་དགའ་སྟོན། རྒྱལ་མཆོག་ལྔ་པའི་དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན། ཚེ་དབང་ནོར་བུའི་ལྷ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་ལ་ཡིད་ཀྱི་མེ་ལོང་བཅས་གོ་བསྡུར་ཏེ་ཞལ་མཐུན་པ་གཙོ་བོར་བྱས་ནས་བཀོད་པའོ། །གངས་ཅན་བོད་ཆེན་པོའི་རྒྱལ་རབས་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ལས། སྔ་དར་ཆོས་རྒྱལ་གོང་མའི་གདུང་རབས་བཤད་པའི་སྐབས་ཏེ་དུམ་བུ་དང་པོའོ།། །། (195ན)༄༅། ། ༈ བོད་ཀྱི་རྒྱལ་རབས་དུམ་བུ་གཉིས་པ་བར་དར་སྐོར་ལ། དེ་ལྟར་བོད་རྗེ་གླང་དར་དེ་ཉིད་མེ་ཕོ་སྟག །སྤྱི་ལོ་༩༠༦པར་བཀྲོངས་པའི་རྗེས། དེའི་སྲས་འོད་སྲུང་དང་ཡུམ་བརྟན་གཉིས་མ་མཐུན་པས་བློན་འབངས་རྣམས་ཀྱང་སོ་སོར་གྱེས་ཏེ་ཆབ་སྲིད་ལོགས་སུ་བསྐྱངས་པས་ཕྱོགས་གཉིས་སུ་གྱེས་པའི་ཁར། གླང་དར་བཀྲོངས་ནས་ལོ་ཉེར་གསུམ་འདས་པ་ས་མོ་གླང་། སྤྱི་ལོ་༩༢༩པར་ཁེངས་ལོག་རྣམས་རིམ་པར་བྱུང་སྟེ་བོད་ཀྱི་རྒྱལ་ས་སིལ་བུར་འཐོར་ནས་བོད་སྤྱི་ལ་(195བ)དབང་བའི་རྒྱལ་པོ་མེད་པར་རྒྱལ་ཕྲན་སིལ་མར་གནས་པའི་ཡུན་ལ་ལོ་ཉིས་བརྒྱ་སུམ་ཅུ་སོ་བདུན། རབ་བྱུང་གསུམ་པའི་ཤིང་མོ་བྱ། སྤྱི་ལོ་༡༡༦༥པར་ཧོར་གོ་ཏན་རྒྱལ་པོའམ་ཧོར་ཇིང་གིར་རྒྱལ་པོའི་དམག་དཔོན་དོར་རྟ་ནག་པོ་དང་རྒྱལ་སྨན་གཉིས་ཀྱི་དམག་བོད་དུ་ལྷགས་ཏེ། བོད་དང་བོད་ཆེན་པོའི་རྒྱལ་ཁམས་ཐམས་ཅད་སྤ་བཀོང་བར་བྱས་ནས་བོད་ཤིང་སྒོ་ཅན་ཕལ་ཆེར་གྱི་བབས་བླངས། ཤར་ཀོང་པོའི་ཡུལ་ཡན་ཆད་ནས། ནུབ་བལ་པོ་དང་། ལྷོ་མོན་གྱི་མཐར་ཐུག་པ་ཚུན་ཆད་ཀྱི་བཙན་པོའི་མཁར་རྣམས་བསྒྱེལ་ཞིང་། གོང་མ་རྒྱལ་པོའི་ལུང་ལས་མི་འདའ་བའི་ཧོར་ཁྲིམས་བཙན་པོས་གཉའ་བ་མནན་ཏེ་གནས་པའི་ཡུན་ལ་ལོ་བརྒྱད་ཅུ་གྱ་བརྒྱད། དེ་ནས་རབ་བྱུང་བཞི་པའི་ཆུ་གླང་། སྤྱི་ལོ་༡༢༥༣པར་ཧོར་གྱི་རྒྱལ་པོ་རྣམ་དཀར་གྱི་ལས་ལ་འཇུག་པའི་བསམ་པ་སྐྱེས་ཏེ་ཆོས་རྗེ་ས་སྐྱ་པཎྜི་ཏ་ཁུ་དབོན་དབུའི་མཆོད་གནས་སུ་བཀུར་ཞིང་། བོད་ཡོངས་རྫོགས་ལ་དབང་བསྒྱུར་བའི་ལུང་ཕུལ་བ་ལ་བརྟེན་ནས་བོད་ཀྱི་རྒྱལ་ཁྲིམས་ཆབ་སྲིད་བླ་མས་སྐྱོང་བའི་ལམ་སྲོལ་འདི་ནས་ཚུགས་པ་ཡིན་ཏེ། དེ་ཡང་གནས་ལས་མཚན་དུ་གྲགས་པ་བླ་ཆེན་ས་སྐྱ་པའི་རིགས་ནི། ཐོག་མར་(196ན)གནམ་ལྷ་སྤྱི་རིང་། གནམ་ལྷ་གཡུ་རིང་། གནམ་ལྷ་དབུ་སེ་སྟེ། མཆེད་གསུམ་པོ་ལ་སྟོད་མངའ་རིས་ཀྱི་མཚམས་སུ་བྱོན། གདུང་རྒྱུད་ནི། ལྡོང་རུས་ཆེན་བཅོ་བརྒྱད་འདུལ་མཁན་གྱི་གཙོ་བོ་གནམ་ལྷ་གཡུ་རིང་ནས་དེད་པའི་ལྷ་ལ་ཐུག་པས་འོད་གསལ་ལྷ་རིགས་ཞེས་གྲགས། གནམ་ལྷ་གཡུ་རིང་གིས་དམུའི་བུ་མོ་དམུ་བཟའ་ལྡེམ་བུ་ཁབ་ཏུ་བཞེས་པ་ལ། མ་སངས་སྤུན་བདུན་སྐྱེས་པའི་གཅེན་དྲུག་ལྷ་ཡུལ་དུ་གཤེགས། གཅུང་གིས་ཐོག་ལྷ་འོད་ཆེན་གྱི་བུ་མོ་ཐོག་ལྕམ་ཟུར་མ་ཁབ་ཏུ་བཞེས་པ་ལ་སྲས་ཐོག་ཚད་དཔའ་བོ་སྟག །དེས་ཀླུའི་བུ་མོ་ཀླུ་ལྕམ་ཁབ་ཏུ་བཞེས་པའི་སྲས་ཀླུ་ཚ་སྟག་པོ་འོད་ཆེན། དེས་མོན་བཟའ་མཚོ་མོ་ཁབ་ཏུ་བཞེས་པའི་སྲས་གཡའ་དང་སྤང་གི་མཚམས་སུ་སྐྱེས་པས་མི་གཡའ་སྤང་སྐྱེས་གཅིག་ཏུ་གྲགས་པ་སྙིང་སྟོབས་དང་སྒྱུ་རྩལ་ཕུལ་དུ་ཕྱིན་པ་ཞིག་བྱུང་། དེས་སྲིན་པོ་སྐྱ་རིང་ཁྲག་མིག་བསད་ནས། སྲིན་པོའི་ཆུང་མ་མཚར་སྡུག་ཅན་གཡའ་འབྲུམ་སི་ལི་སྨན་བྱ་བ་བཙུན་མོར་བསུས། དེ་ལ་སྲས་གཅིག་སྐྱེས་པ་སྲིན་པོ་དང་འཁོན་པའི་བར་དུ་བྱུང་བས་མིང་འཁོན་པར་སྐྱེས་ཞེས་བཏགས། དེ་ནས་བཟུང་འཁོན་གྱི་གདུང་རུས་སུ་མིང་ཆགས། འཁོན་པར་སྐྱེས་ཀྱིས་བཙན་བཟའ་ལྕམ་བུ་སྒྲོན་ཁབ་ཏུ་བཞེས་(196བ)པ་ལ། སྲས་བློ་དང་རིགས་གཟུགས་ཕུན་སུམ་ཚོགས་པ་ཞིག་བྱུང་། འདི་ལྟ་བུ་མི་ཡུལ་དུ་སྐྱེ་བ་དཀོན་ཟེར་ནས་མིང་དཀོན་པ་རྗེ་གུང་སྟག་བཙན་དུ་གྲགས། དཀོན་པ་རྗེ་གུང་གིས་བོད་རྗེ་ཁྲི་སྲོང་ལྡེའུ་བཙན་གྱི་བློན་པོ་བྱས། རང་གི་ཡོན་ཏན་དང་མཚུངས་པར་ཕྱིས་མཚན་འཁོན་དཔལ་བོ་ཆེར་གྲགས། འཁོན་དཔལ་བོ་ཆེས་རླངས་ཁམ་པ་གོ་ཆའི་ལྕམ་མོ་རླངས་བཟའ་ནེ་ཆུང་ཁབ་ཏུ་བཞེས་པའི་སྲས་དང་པོ་ཁྲི་མཛེས་ལྷ་ལེགས། གཉིས་པ་ཚེ་ལ་དབང་ཕྱུག །གསུམ་པ་ཀླུའི་དབང་པོ་སྲུང་བ། བཞི་པ་ཚེ་འཛིན་རྣམས་ལས། ཀླུའི་དབང་པོ་སྲུང་བ་མཁན་ཆེན་ཞི་བ་འཚོ་ལས་རབ་ཏུ་བྱུང་སྟེ་བོད་ཀྱི་རབ་བྱུང་ཐོག་མ་སད་མི་མི་བདུན་གྱི་གྲས་ཡིན། དེས་སློབ་དཔོན་པདྨ་འབྱུང་གནས་ཀྱི་ཞབས་ལ་གཏུགས། ལོ་ཙཱ་བ་ཆེན་པོར་གྱུར་ཏེ་རྒྱ་གར་ནས་ཆོས་མང་པོ་བོད་དུ་བསྒྱུར། བཞི་པ་ཚེ་འཛིན་གྱི་སྲས་འཁོན་སྟོན་རྡོ་རྗེ་རིན་ཆེན་དུ་གྲགས་པ་སློབ་དཔོན་པདྨའི་དངོས་སློབ་གྲུབ་པའི་དབང་ཕྱུག་ཆེན་པོ་དེས་འབྲོ་དགྲ་འདུལ་གྱི་བུ་མོ་འབྲོ་གཡང་ལོན་སྐྱིད་ཁབ་ཏུ་བཞེས་པ་ལ་སྲས་འབྲོ་ཚ་སྤུན་དྲུག་བྱུང་བའི་ལྔ་པ་ཡན་གྱི་རུས་ཚོ་མང་དུ་གྱེས་ཤིང་། དྲུག་པ་ཤེས་རབ་ཡོན་ཏན་ལ་སྲས་གཉིས་བྱུང་བའི་ཆུང་བ་བྱང་དུ་ཆད་པར་འཁོན་ཚོ་སྟོད་སྨད་དུ་གྱེས། ཆེ་བ་ཡོན་ཏན་(197ན)འབྱུང་གནས་ལ་སྲས་གསུམ་བྱུང་བའི་བར་པ་ཚུལ་ཁྲིམས་རྒྱལ་པོ། དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་རྡོ་རྗེ་གཙུག་ཏོར་ཤེས་རབ། དེ་ལ་སྲས་བདུན་བྱུང་བའི་ཆུང་བ་དགེ་སྐྱབས། དེ་ལ་སྲས་གཉིས་བྱུང་བའི་ཆེ་བ་འཁོན་དགེ་མཐོང་འདིས་ཤབ་ཏུ་བཞུགས་ཤིང་། གཅུང་འཁོན་སྟོན་བལ་པོ་བས་ཡབ་མེས་ཀྱི་ཡི་དམ་ཡང་ཕུར་གྱི་ཞལ་མཐོང་། བྲག་ལ་ཕུར་པ་བཏབ་པ་སོགས་མཁས་གྲུབ་ཀྱི་ཡོན་ཏན་དང་ལྡན། དེའི་སྲས་ཤཱཀྱ་བློ་གྲོས་ཀྱིས་གཡའ་ལུང་འཇག་གཤོངས་བཏབ། དེ་ལ་སྲས་ཆེ་ཆུང་གཉིས་ལས། ཆེ་བ་འཁོན་རོག་ཤེས་རབ་ཚུལ་ཁྲིམས་ལ་ཕུར་པའི་ཞལ་གཟིགས་ཤིང་རྫུ་འཕྲུལ་ཆེ། མཁས་བཙུན་བཟང་གསུམ་གྱི་གྲགས་པ་ཐོན། གཅུང་དཀོན་མཆོག་རྒྱལ་པོ་ཆུང་ངུའི་དུས་ནས་ཡབ་མེས་ཀྱི་ཆོས་ལ་སྦྱངས་པ་རྒྱ་ཆེར་མཛད། ཁྱད་པར་གསང་སྔགས་གསར་མ་ལ་ཐུགས་སྤྲོ་བར་གྱུར་ཅིང་གཅེན་པོས་ཀྱང་བསྐུལ་ནས། འབྲོག་མི་ཤཱཀྱ་ཡེ་ཤེས་དང་། འགོས་ཁུག་པ་ལྷས་བཙས་སོགས་ལས་གསར་མའི་ཆོས་མང་པོ་གསན། གྲ་བོ་ལུང་པར་དགོན་པ་ཞིག་བཏབ་པས་ས་སྐྱ་གོག་པོར་གྲགས་ཤིང་། དེའི་ཚེ་རི་རྩེ་ནས་གཟིགས་པས་སྤང་པོ་རིའི་ངོས་འགྲམ་ན་ས་དཀར་པོ་གདུགས་ཀྱི་དབྱིབས་(197བ)འདྲ་བ་སོགས་དགེ་མཚན་གྱི་རྟགས་དུ་མ་སྣང་བའི་རྟེན་འབྲེལ་གྱིས། དེར་རྒྱུད་སྡེ་དང་མཐུན་པའི་ས་ཆོག་སོགས་མཛད་དེ་རབ་བྱུང་དང་པོའི་ཆུ་མོ་གླང་གི་ལོར་སྒོ་རུམ་གྱི་གཞལ་མེད་ཁང་ཆེན་པོ་བཞེངས། སྔོན་མཉམ་མེད་ཇོ་བོ་དཱི་པཾ་ཀ་ར་ཤྲཱི་ཛྙཱ་ནས་དབུས་སུ་བྱོན་པའི་ལམ་ཞོར་དུ་ས་སྐྱའི་ཕྱག་འཚལ་སྒང་དུ་ཕེབས་སྐབས་དེར་སྤང་པོ་རིའི་ས་དཀར་ཟླ་བའི་རྒྱབ་ཡོལ་འདྲ་བའི་ངོས་སུ་ཡི་གེ་ཧྲཱིཿགཅིག་དྷཱིཿབདུན་ཧཱུྃ་གཅིག་བཅས་གཟིགས་པས། གནས་འདིར་རིགས་གསུམ་མགོན་པོའི་སྤྲུལ་པ་དགུ་རིམ་པར་བྱོན་ཏེ་གངས་ཅན་བསྟན་འགྲོའི་གསོས་སུ་འགྱུར་བར་ལུང་བསྟན་པ་བཞིན། དཀོན་མཆོག་རྒྱལ་པོ་དང་ལྕམ་ཆུང་བ་གུ་ར་བའི་སྲིང་མ་གཅིག་ཞང་མོ་བྱ་བའི་སྲས་སུ། རབ་བྱུང་གཉིས་པའི་ཆུ་སྤྲེལ། སྤྱི་ལོ་༡༠༩༢པར་ས་ཆེན་ཀུན་དགའ་སྙིང་པོ་སྐུ་བལྟམས། སྔོན་གྱི་བག་ཆགས་བཟང་པོ་མངོན་དུ་སད་དེ་ཐུན་མོང་རིག་པའི་གནས་དང་ཐུན་མིན་མདོ་སྔགས་གཞུང་ལུགས་རྒྱ་མཚོའི་ཕ་རོལ་དུ་སོན། ཁྱད་པར་རྗེ་དགོན་པ་བ་ལས་གསང་སྔགས་རྡོ་རྗེ་ཐེག་པའི་སྙིང་པོ་ལམ་འབྲས་བུ་དང་བཅས་པའི་མན་ངག་ཟབ་མོ་གསན་ཅིང་ཐུགས་ཉམས་སུ་བཞེས་ནས་གྲུབ་པའི་གོ་འཕང་མཐོན་པོར་གཤེགས། རྗེ་བཙུན་འཇམ་དཔལ་དབྱངས་མངོན་སུམ་དུ་མཇལ་ནས་(198ན)དཀའ་གནད་དོགས་གཅོད་མཛད་པ་སོགས་ངོ་མཚར་བའི་རྣམ་ཐར་མང་། དགུང་ལོ་ཉི་ཤུ་པ་ལྕགས་ཡོས། སྤྱི་ལོ་༡༡༡༡པར་ས་སྐྱའི་ཁྲིར་ཕེབས། སྟོད་སྨད་བར་གསུམ་གྱི་གདུལ་བྱ་ཤིན་ཏུ་མང་པོར་ཟབ་རྒྱས་ཀྱི་ཆོས་འཁོར་བསྐོར། རྗེ་བཙུན་སྐུ་མཆེད་ཀྱིས་གཙོས་མཁས་གྲུབ་ཀྱི་སློབ་མ་མང་། མཐར་དགུང་ལོ་དྲུག་ཅུ་རེ་བདུན་པ་རབ་བྱུང་གསུམ་པའི་ས་ཕོ་སྟག །སྤྱི་ལོ་༡༡༥༨ཐ་སྐར་ཟླ་བའི་ཡར་ཚེས་བཅུ་བཞིའི་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། དམ་པ་འདི་ལ་སྲས་བཞི་ཡོད་པ་ལས། ཆེ་བ་ཀུན་དགའ་འབར་རྒྱ་གར་དུ་བྱོན་པ་ཚད་པའི་བསྙུན་གྱིས་དགུང་ལོ་ཉེར་གཉིས་པར་གཤེགས། དེ་འོག་སློབ་དཔོན་བསོད་ནམས་རྩེ་མོ་ནི། རབ་བྱུང་གཉིས་པའི་ཆུ་ཕོ་ཁྱི། སྤྱི་ལོ་༡༡༤༢པར་སྐུ་བལྟམས། འདི་ཉིད་རྒྱ་གར་གྱི་སློབ་དཔོན་མི་ཐུབ་ཟླ་བའི་སྤྲུལ་པར་གྲགས་ཤིང་མཁྱེན་རབ་ཕུལ་དུ་ཕྱིན་པས་ཆུ་བོ་གངྒཱ་ཚུན་ལ་མཁས་པའི་གྲགས་པས་ཁྱབ། དེའི་ཚེ་རྡོ་རྗེ་གདན་གྱི་ཡ་ཐེམ་ལ་འཇམ་དཔལ་དབྱངས་ཀྱི་སྤྲུལ་པ་མཁན་པོ་བསོད་ནམས་རྩེ་མོ་རྡོ་རྗེ་ཐེག་པ་མཐའ་དག་གི་དབང་ཕྱུག་དམ་པ་ས་སྐྱར་སྐྱེས་སོ་ཞེས་མཁའ་འགྲོ་མས་ཡི་གེར་བྲིས་པ། ཀོོ་ཤཱམྦྷིའི་(198བ)པཎྜི་ཏ་དེ་བ་མ་ཏིས་ཕྱོགས་ཀུན་ཏུ་རྩད་བཅད་པས། བོད་ཡུལ་ས་སྐྱའི་བསོད་ནམས་རྩེ་མོ་ཡིན་པར་རྩད་ཆོད་སྐད། སྐུའི་རྣམ་འཕྲུལ་དུ་མས་པོ་ཏ་ལ་དང་། དཔལ་གྱི་རི་དང་། ཨོ་ཌི་ཡ་ན་སོགས་སུ་དཔའ་བོ་དང་མཁའ་འགྲོ་མ་རྣམས་ཀྱི་ཚོགས་དཔོན་མཛད་པ་སོགས་གྲུབ་པའི་སྤྱོད་པ་མཐའ་ཡས། འཆད་རྩོད་རྩོམ་གསུམ་གྱིས་སངས་རྒྱས་ཀྱི་བསྟན་པ་རྒྱ་ཆེར་གསལ་བར་མཛད་དེ་དགུང་གྲངས་ཞེ་གཅིག་པ་ཆུ་སྟག །སྤྱི་ལོ་༡༡༨༢སྨལ་པོ་ཟླ་བའི་ཡར་ཚེས་བཅུ་གཅིག་གི་སྔ་དྲོ་སྒྱུ་ལུས་མ་སྤངས་བར་བདེ་བ་ཅན་དུ་གཤེགས། དེའི་གཅུང་རྗེ་བཙུན་གྲགས་པ་རྒྱལ་མཚན་ནི། རབ་བྱུང་གསུམ་པའི་མེ་ཡོས། སྤྱི་ལོ་༡༡༤༧པར་སྐུ་བལྟམས། དགུང་ལོ་བཅུ་གཉིས་བཞེས་པ་ན་ཐོ་རངས་ཀྱི་ཆ་ལ་དགྱེས་པ་རྡོ་རྗེའི་རྒྱུད་གསུམ་གྱི་པོ་ཏི་ཞལ་དུ་གསོལ་ཞིང་ཁོང་དུ་མིད་པའི་མནལ་ལམ་བྱུང་བས་ཆོས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་ཐུགས་སུ་ཆུད། ལོ་འདིར་ཡབ་ཀུན་དགའ་སྙིང་པོ་སྐུ་གཤེགས་པས། དེའི་དགོངས་རྫོགས་སུ་ཕྱོགས་ཀྱི་དགེ་བའི་བཤེས་གཉེན་མང་པོ་གདན་དྲངས་ནས་ཆོས་འཁོར་དང་སྦྱིན་གཏོང་རྒྱ་ཆེན་པོ་མཛད་པའི་སྐབས་སུ། འདུས་པ་རྒྱ་མཚོའི་དབུས་སུ་བརྟག་པ་གཉིས་པ་ཐུགས་(199ན)ཐོག་ནས་གསུངས་པས། དེར་འདུས་པ་ཐམས་ཅད་ངོ་མཚར་སྐྱེས་ཏེ་སོ་སོ་སྐྱེ་བོ་ལ་འདི་ལྟ་བུའི་བློ་གྲོས་འོད་མི་སྲིད་པས། འདི་ནི་འཇམ་དཔལ་དབྱངས་ཀྱི་རྣམ་འཕྲུལ་དུ་ངེས་སོ་ཞེས་གླེང་། རྒྱལ་བའི་བཀའ་འགྱུར་རོ་ཅོག་གི་གླེགས་བམ་གསེར། དངུལ། ཟངས། མཚལ། སྣག་རྣམས་ཀྱིས་སོ་སོར་བྲིས་པ་བཅས་སྔ་ཕྱི་བསྡོམས་གླེགས་བམ་སྟོང་ཕྲག་བརྒལ་བ་བཞེངས། མཁས་གྲུབ་ཀྱི་བླ་མ་དུ་མ་བསྟེན་ནས་བསྟན་པ་ཡོངས་རྫོགས་ཀྱི་མངའ་བདག་ཆེན་པོར་གྱུར། དགུང་ལོ་ཉེར་དྲུག་པ་ཆུ་འབྲུག །སྤྱི་ལོ་༡༡༧༢པ་ནས་ས་སྐྱའི་གདན་ས་བསྐྱངས། དེ་ལ་ཆོས་རྗེ་ས་པཎ་ལ་སོགས་པའི་མཁས་གྲུབ་ཀྱི་སློབ་མ་གྲངས་ལས་འདས། བླ་མ་དང་ཡི་དམ་གྱི་ཞལ་གཟིགས་མང་། སྐབས་ཤིག་གི་ཚེ་ཁ་ཆེའི་པཎ་ཆེན་གྱིས་ཉི་ཟླ་གཟའ་འཛིན་བྱུང་བར་གསུངས་དུས། རྗེ་བཙུན་གྲགས་པས་རྩ་རླུང་ལ་གཟིར་བས་མ་བྱུང་བར་གྲགས། གཞན་ཡང་རྡོ་རྗེ་དྲིལ་བུ་ནམ་མཁར་འཇོག་ཅིང་རང་སྒྲ་འཁྲོལ་བ། མ་མགོན་ལྕམ་དྲལ་བྲན་དུ་བཀོལ་བ། སྐུ་ཚེ་ཐེང་གསུམ་བསྲིངས་བ་སོགས་སོ་སྐྱེའི་སྤྱོད་ཡུལ་ལས་འདས་པའི་རྣམ་ཐར་ངོ་མཚར་ཅན་མང་པོ་བསྟན་ནས། མཐར་དགུང་(199བ)གྲངས་བདུན་ཅུ་པ་མེ་ཕོ་བྱི་བ། སྤྱི་ལོ་༡༢༡༦ཁྲུམས་ཟླའི་ཡར་ཚེས་བཅུ་གཉིས་ལ་སྐུ་གཤེགས། གཅུང་དཔལ་ཆེན་འོད་ནི། ཡབ་ཀྱི་དགུང་གྲངས་ང་དགུ་པ་ལྕགས་ཕོ་རྟ། སྤྱི་ལོ་༡༡༥༠པར་འཁྲུངས། མཁས་བཙུན་བཟང་པོའི་ཡོན་ཏན་དུ་མ་མངའ་ཞིང་། ཆོས་སྲིད་ཀྱི་མཛད་པ་རྒྱ་ཆེན་པོ་བསྐྱངས་ཏེ་དགུང་གྲངས་ང་བཞི་པ་ཆུ་ཕག །སྤྱི་ལོ་༡༢༠༣པར་སྐུ་གཤེགས། འདི་ལ་སྲས་གཉིས་ལས། ཆེ་བ་འཇམ་མགོན་ཀུན་དགའ་རྒྱལ་མཚན་ནི། ཡབ་དགུང་གྲངས་སོ་གསུམ་དུ་སོན་པ་རབ་བྱུང་གསུམ་པའི་ཆུ་ཕོ་སྟག །སྤྱི་ལོ་༡༡༨༢པའི་དཔྱིད་ཟླ་ར་བའི་ཚེས་ཉེར་དྲུག་གི་ཉི་ཤར་ལ་ངོ་མཚར་བའི་ལྟས་དུ་མ་དང་བཅས་སྐུ་བལྟམས། སྐྱེད་ཅུང་ཟད་བསྲིངས་ཏེ་གོག་ཐལ་ཐུབ་པའི་དུས་སུ་སྔ་མའི་བག་ཆགས་སད་པའི་སྟོབས་ཀྱིས་སཾ་སྐྲྀ་ཏའི་སྐད་སྨྲ་བ། ཕྱག་མཛུབ་ཀྱིས་ལཉྫ་ལ་སོགས་པའི་རྒྱ་གར་གྱི་ཨཱ་ལི་ཀཱ་ལི་རྣམས་བྲིས་ནས་ཀློག་པའི་ཚུལ་མཛད། རྒྱ་བོད་ཀྱི་སྐད་དང་འབྲི་ཀློག་གཉིས་ཀ་མ་བསླབས་པར་མཁྱེན། ཡི་གེའི་བྱེ་བྲག་མང་པོ་དང་། རྩིས། གསོ་དཔྱད། རི་མོ། རྒྱལ་བློན་གྱི་བསྟན་བཅོས། བརྟག་པ་རྣམ་པ་བརྒྱད་ལ་སོགས་པ་སྒྱུ་རྩལ་གྱི་ཕུལ་དུ་ཕྱིན། གཞོན་ནུ་ཉིད་(200ན)ནས་གསང་སྔགས་ཀྱི་དབང་བསྐུར་མང་པོ་གསན་ནས་ཐུགས་ཉམས་སུ་བཞེས། དགུང་ལོ་བརྒྱད་པར་དགྱེས་རྡོར་མཚོ་སྐྱེས་ལུགས་ལ་བཤད་པ། བཅུ་གཉིས་པར་བརྟག་གཉིས་ལ་བཤད་པ། བཅུ་བཞི་པར་སམྦུ་ཊ་རྣམས་ཀྱི་བཤད་པ་གསུངས་ཏེ་མཁས་པ་རྒན་པོ་ཐམས་ཅད་ཀྱང་དཔའ་ཞུམ་པར་མཛད། དགུང་ལོ་བཅོ་བརྒྱད་ཀྱི་དུས་མནལ་ལམ་དུ་རྒྱ་གར་གྱི་སློབ་དཔོན་དབྱིག་གཉེན་ལས་མངོན་པ་མཛོད་གསན་པར་རྨིས་པས། ནངས་པར་མནལ་སད་ཙ་ན་མངོན་མཛོད་ཀྱི་ཚིག་དོན་མ་ལུས་པ་ཐུགས་ལ་འཁྲུངས། ཕྱིས་པཎ་ཆེན་ཤཱཀྱ་ཤྲཱི་ལས་གསན་སྐབས་ཤིན་ཏུ་མཐུན་པར་བྱུང་། གཞན་ཡང་དགེ་བའི་བཤེས་གཉེན་མཁས་པར་གྲགས་པ་ཕལ་ཆེར་ལས་མདོ་སྔགས་རིག་གནས་དང་བཅས་པའི་གཞུང་མང་པོ་དང་། ཁྱད་པར་དུ་ཡང་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི། བལ་པོ་པཎྜི་ཏ་སངྒ་ཤྲཱི། པཎྜི་སུ་ག་ཏ་ཤྲཱི་རྣམས་ལས་བཅུ་ཕྲག་རིག་པའི་གནས་དང་ཕྱི་ནང་གི་གཞུང་ལུགས་ཐམས་ཅད་ཐུགས་སུ་ཆུད་པར་མཛད། དགུང་གྲངས་ཉེར་ལྔར་སོན་པ་མེ་ཕོ་སྟག །སྤྱི་ལོ་༡༢༠༦པར་མྱང་སྨད་རྒྱན་གོང་གི་གཙུག་ལག་ཁང་དུ་ཁ་ཆེ་པཎ་ཆེན་ཤཱཀྱ་ཤྲཱི་བྷ་དྲའི་དྲུང་དུ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་(200བ)པ་བཞེས་ཏེ། མཁན་པོའི་མཚན་གྱིས་མཐའ་ཅན་དུ་བྱས་ནས་ཀུན་དགའ་རྒྱལ་མཚན་གྱི་མཇུག་ཏུ་དཔལ་བཟང་པོ་སྦྱར། མུ་སྟེགས་ཀྱི་སྟོན་པ་འཕྲོག་བྱེད་དགའ་བོ་ལྟ་བུ་སྒྲ་ཚད་རིག་པའི་དཔུང་སྟོབས་ཅན་ཡང་འཇིགས་མེད་རྩོད་པའི་ང་རོས་ཚར་བཅད། འོན་ཀྱང་འཕྲོག་བྱེད་དགའ་བོས་རྫུ་འཕྲུལ་གྱིས་ནམ་མཁའ་ལ་འཕུར་བ་ན། སློབ་དཔོན་འདར་ཕྱར་རོགས་སུ་སྦྲན་ཏེ་ཁོང་གིས་ཁོའི་གྲིབ་མ་ལ་ཕུར་པ་བཏབ་པས། མུ་སྟེགས་པ་བྱ་ལ་རྡོ་བཏགས་པ་བཞིན་ས་ལ་ལྷུང་། དེ་ནས་ས་པཎ་གྱིས་རྩོད་པ་ལས་རྒྱལ་བའི་དཔའ་རྟགས་སུ་འཕྲོག་བྱེད་དགའ་བོ་རབ་ཏུ་མ་བྱུང་བར་ཁྲིད་བྱོན་པ་ན། སློབ་དཔོན་ཆེན་པོས་བོད་ལ་མུ་སྟེགས་བསྲུང་བར་བཀའ་བསྒོས་པས་བརྟན་མ་བཅུ་གཉིས་ཀྱིས་ཆད་པས་བཅད་དེ་སྐྱིད་གྲོང་དང་བོད་ཀྱི་སོ་མཚམས་སུ་མུ་སྟེགས་དེ་ཁ་ནས་ཁྲག་སྐྱུགས་ཏེ་ཤི་བའི་རལ་པའི་ཅོད་པན་ས་སྐྱའི་ཀ་བའི་མཛེས་རྒྱན་དུ་ཡོད། དེ་ནས་ཧོར་རྒྱལ་པོས་ལུང་བྱུང་བ་བཞིན་རབ་བྱུང་དྲུག་པའི་ཤིང་ཕོ་འབྲུག །སྤྱི་ལོ་༡༢༤༤པ་དགུང་གྲངས་དྲུག་ཅུ་རྩ་གསུམ་བཞེས་པར་ས་སྐྱ་ནས་ཁུ་དབོན་གསུམ་གདན་བཏེགས་ནས་བྱོན་པ་ལས། ལམ་སོ་ན་ཡོད་པའི་དགེ་བའི་བཤེས་གཉེན་རྣམས་དང་། སྐལ་ལྡན་གྱི་གདུལ་བྱ་མང་པོས་ཆོས་(201ན)ཀྱི་དཀའ་གནད་འདྲི་ཞིང་། དབང་བྱིན་རླབས་སོགས་ཞུ་བ་རྣམས་ལ། ཆོས་ཀྱི་འཁོར་ལོ་བསྐོར་བཞིན་བྱོན་པས་བཤུལ་ལམ་ཁོ་ནར་ལོ་གསུམ་འགོར། དེའི་ཚེ་བཀའ་གདམས་པའི་དགེ་བཤེས་ནམ་མཁའ་འབུམ་གྱིས། ཁྱེད་ཧོར་དུ་ཕེབས་ནས་བསྟན་འགྲོར་ཕན་རྒྱུ་བདོག་གམ་ཞུས་པ་ལ། ཆོས་རྗེས་ཧོར་གྱིས་ངོས་ཅི་ནས་མཆོད་གནས་ལ་ཤོག །མི་འོང་ན་དམག་གིས་བོད་ཁམས་བརླག་པར་བྱེད་ཟེར་བས། དམག་བྱུང་ན་བོད་ལ་གནོད་ཀྱིས་དོགས་པ་དང་། སེམས་ཅན་ལ་ཕན་དུ་རེ་ནས་འགྲོ་བ་མ་གཏོགས། ཕན་ངེས་པའི་རྒྱུ་མཚན་མ་མཆིས་ཞེས་གསུངས་སྐད། དགུང་ལོ་དྲུག་ཅུ་རེ་ལྔ་པ་མེ་ཕོ་རྟ། སྤྱི་ལོ་༡༢༤༦པའི་ཟླ་བ་བརྒྱད་པར་བྱང་ངོས་ལིང་ཆུའི་རྩེའི་ཁབ་ཏུ་ཕེབས། དེ་དུས་རྒྱལ་བུ་གོ་དན་གུ་ཡུག་གན་རྒྱལ་སར་བཏོན་པ་ལ་ཧོར་ཡུལ་དུ་བཞུད་ནས་སླར་བྱོན་པ་དང་མེ་ལུག་ལོའི་ཟླ་བ་དང་པོར་མཇལ་ནས་རྒྱལ་པོ་ཤིན་ཏུ་མཉེས་ཏེ་ཆོས་དང་འཇིག་རྟེན་གྱི་གསུང་གླེང་མང་པོ་གནང་། དེའི་གོང་ན་རྒྱལ་པོའི་དྲུང་དུ་བོད་ཀྱི་མཁས་པ་འགའ་རེ་འདུག་ཀྱང་། དཀོན་མཆོག་གསུམ་གྱི་ཡོན་ཏན་གྱི་ཁྱད་པར་གང་ཡང་བསྐྱེད་པར་མ་ནུས་པས། སྨོན་ལམ་འདེབས་པ་ལ་སོགས་པར་ཚོགས་པའི་སྐབས་སུ། ཨེརྐ་འུན་(201བ)དང་། ཧོར་གྱི་ལྷ་པ་གྲལ་འགོར་འཇོག་པ་ཡིན་པ་ལ། བླ་མ་ས་སྐྱ་པ་ཀུན་དགའ་རྒྱལ་མཚན་ཕེབས་ནས་ཡུ་གུར་གྱི་དགེ་བཤེས་མཁས་པ་མང་པོར་མཚམས་སྦྱོར་བྱེད་དུ་བཅུག་སྟེ་རྒྱལ་པོར་ཆོས་ཀྱི་གསུང་གླེང་མང་པོ་གནང་བས། རྒྱལ་པོས་ཀྱང་ཆོས་ཀྱི་དོན་ཐམས་ཅད་ལེགས་པར་གོ་ནས་ཤིན་ཏུ་དགའ་སྟེ། དེ་རིང་ཕྱིན་ཆད། ཨེརྐ་འུན་དང་། ལྷ་པ་ཚོ་བནྡྷེའི་གྲལ་འགོར་མ་སྡོད། ཐམས་ཅད་ཀྱི་གྲལ་འགོར་བླ་མ་ཆོས་རྗེ་པ་བཞུགས་ལ། སྨོན་ལམ་ཡང་སྔོན་ལ་ནང་པའི་བནྡྷེ་ཚོས་ཐོབ་ཅེས་པའི་ལུང་བྱུང་སྟེ་རྒྱ་ནག་གི་རྒྱལ་ཁམས་སུ་རབ་ཏུ་བྱུང་བའི་དབུ་འཕང་བསྟོད། རྒྱལ་པོ་གོ་དན་ལ་ཤ་བཀྲའི་ནད་བྱུང་ནས་སྔར་སུས་ཀྱང་ཕན་པ་མ་བྱུང་བར། ཆོས་རྗེའི་གཟིམ་ལམ་དུ་ནད་བདག་གིས་ལུང་བསྟན་པ་བཞིན་རིམ་གྲོ་མཛད་པས་རྒྱལ་པོ་ནད་ལས་གྲོལ་བས་ཤིན་ཏུ་དད། ཐེག་པ་ཆེ་ཆུང་གི་ཆོས་མང་པོ་ཞུས། སྐད་རིགས་མི་གཅིག་པའི་གདུལ་བྱ་གཞན་ཡང་ཆོས་སུ་བཅུག་ནས། བོད་དུ་བྱོན་པ་བས་བྱང་ངོས་སུ་བཞུགས་པ་བསྟན་དང་འགྲོ་བ་ལ་ཕན་ཆེ་བར་གཟིགས་ཏེ་དེ་ཉིད་དུ་ཐུགས་ཕབ། བོད་ཀྱི་གྲྭ་སློབ་རྣམས་ལ་གནང་སྦྱིན་དང་འབུལ་བ་ཡང་བསྐུར་བར་མཛད། དེར་ཤར་པདྨའི་སྡེར་མདོ་ཕྱོགས་ཀྱི་བཤད་པ། ལྷོ་དབང་གི་སྡེར་དབང་རྒྱལ་བརྒྱ་རྩ།(202ན)ནུབ་རྒྱ་མཚོའི་སྡེར་ཀླུའི་རྒྱལ་པོ་རྣམས་དབང་དུ་བསྡུས་ཏེ་དམ་ལ་བཏགས་ནས་ཆར་ཆུ་དུས་སུ་འབེབས་པ་ལ་སོགས་པས་འཇིག་རྟེན་ཀུན་ཏུ་འབྲུ་ནོར་ལོངས་སྤྱོད་ཟད་མེད་འདོད་རྒུ་འབྱུང་བར་མཛད། བྱང་དུ་སྒྱུ་མ་མཁན་གྱིས་སྤྲུལ་པའི་གྲོང་ཁྱེར་ལ་མེ་ཏོག་འཐོར་བས་སྒྱུ་མའི་འཕྲུལ་བཤིག་པར་མ་ཐུབ་པས་ད་ལྟའི་བར་ཡུལ་གྲུར་གནས་པ་སོགས། དེ་ལྟ་བུའི་སྒོ་ནས་བསྟན་འགྲོར་སྨན་པའི་མཛད་ཕྲིན་བསམ་གྱིས་མི་ཁྱབ་པ་དང་བཅས་དགུང་ལོ་བདུན་ཅུའི་བར་དུ་འཚོ་ཞིང་གཞེས་ནས། མཐར་ལྕགས་མོ་ཕག་གི་ལོ་ཚེས་བཅུ་བཞིའི་ཐོ་རངས། སྤྱི་ལོ་༡༢༥༡པར་ངོ་མཚར་བའི་ལྟས་དུ་མ་དང་བཅས་བྱང་ཕྱོགས་སྤྲུལ་པའི་སྡེའི་ཕོ་བྲང་དེ་ཉིད་དུ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་ཏོ། །ཆོས་རྗེའི་གཅུང་ཟངས་ཚ་བསོད་ནམས་རྒྱལ་མཚན་ནི། ཡབ་ཀྱི་དགུང་གྲངས་སོ་ལྔ་པ་ཤིང་ཕོ་འབྲུག །སྤྱི་ལོ་༡༡༨༤པར་སྐུ་བལྟམས། མཁས་བཙུན་བཟང་པོའི་ཡོན་ཏན་དུ་མ་མངའ། སྐུ་ཚེ་གཅིག་ལ་སྒྲུབ་པ་གཙོ་བོར་མཛད་ནས་གྲུབ་པ་བརྙེས་པའི་ནུས་མཐུས་ཚོགས་བདག་དམར་ཆེན་བྲན་དུ་འཁོལ་བ་སོགས་བྱུང་། མཐར་དགུང་གྲངས་ང་དྲུག་པ་ས་མོ་ཕག །སྤྱི་ལོ་༡༢༣༩པར་སྐུ་གཤེགས། འདི་ལ་(202བ)ཡུམ་མི་གཅིག་པའི་སྲས་ལྕམ་སྲིང་བརྒྱད་བྱུང་བ་ལས། མ་གཅིག་ཀུན་དགའ་སྐྱིད་ཀྱི་སྲས་བླ་མ་འཕགས་པ་དང་། ཕྱག་ན་གཉིས་ལས། འཕགས་པ་རིན་པོ་ཆེ་ནི། ཡབ་ཀྱི་དགུང་གྲངས་ང་གཉིས་པ་རབ་བྱུང་བཞི་པའི་ཤིང་མོ་ལུག །སྤྱི་ལོ་༡༢༣༥པར་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། འདི་ཉིད་ལོ་ཙཱ་བ་སྐ་བ་དཔལ་བརྩེགས་ཀྱི་སྐྱེ་མཐའ་ཡིན་པས་སྔོན་གྱི་གནས་དུ་མ་དྲན་པ་སོགས་ཆུང་ངུའི་དུས་ནས་མངོན་པར་ཤེས་པ་མངའ། རྒྱ་གར་དང་བོད་ལ་སོགས་པའི་ཡི་གེ་མི་འདྲ་བ་དང་། རྩིས་ཀྱི་རིགས་བྱེད་སོགས་འཇིག་རྟེན་ཐུན་མོང་བའི་རིག་པ་དང་། ཐུན་མིན་ཟབ་རྒྱས་ཀྱི་ཆོས་ཚུལ་རྒྱ་མཚོར་སློབ་ཚུལ་བསྟན་པ་ཙམ་གྱིས་ཚེགས་མེད་པར་མཁྱེན། དེ་ལ་ཆོས་རྗེའི་ཞལ་ནས། འཕགས་པ་འདིས་རྒྱ་གར་གྱི་སྐད་ཡིག་སོགས་ཆུང་དུས་འདི་ཙམ་ནས་ཤེས་དང་འདི་ཙམ་ན་མི་ཤེས་བྱ་བ་ཁོ་བོས་ཀྱང་མི་འཚལ་ཏེ། འདི་ལ་ཡོན་ཏན་ཐམས་ཅད་ལྷུན་གྲུབ་ཏུ་སྣང་ཞེས་གསུངས་སྐད། དེ་ནས་དགུང་ལོ་དགུ་པར་ཆོས་རྗེ་པཎྜི་ཏ་རྒྱ་ནག་ཏུ་ཕེབས་པའི་ཕྱག་ཕྱིར་བྱོན་ཏེ། ཡུལ་དབུས་ཟུལ་ཕུའི་གཙུག་ལག་ཁང་ཆེན་པོར་ཁུ་བོ་པཎྜི་ཏ་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོ་ལས། རབ་ཏུ་བྱུང་ནས་མཚན་བློ་གྲོས་(203ན)རྒྱལ་མཚན་དཔལ་བཟང་པོར་གསོལ། དེ་ནས་རིམ་གྱིས་རྒྱ་ནག་ཏུ་དགུང་གྲངས་བཅུ་བདུན་དུ་སོན་པ་ན་ཆོས་རྗེ་པཎྜི་ཏས། ཆོས་ཀྱི་དུང་དང་། ལྷུང་བཟེད་ལ་སོགས་པ་བདག་ཉིད་ཆེན་པོ་འདི་ལ་གཏད་ནས། བསྟན་པའི་བྱ་བ་དང་། སེམས་ཅན་གྱི་དོན་བྱ་བའི་དུས་ལ་བབས་པས། སྔོན་གྱི་དམ་བཅའ་དྲན་པར་གྱིས་ཤིག་ཅེས་ཞལ་ཆེམས་སུ་གསུངས་ནས་ཞི་བར་གཤེགས། རྗེས་ཀྱི་བྱ་བ་གསེར་གྱི་བང་བ་བདུན་ཁ་ཕྱེས་ཏེ་རྒྱ་བོད་ཧོར་གསུམ་གྱི་བླ་གྲྭ་དགོན་སྡེ་ཐམས་ཅད་ལ་མཆོད་སྦྱིན་རྒྱ་ཆེན་པོ་མཛད། དེ་ནས་རིམ་གྱིས་ཧོར་ཇིང་གིར་རྒྱལ་པོའི་ཕོ་བྲང་དུ་ཕེབས་ཏེ་རྒྱལ་བློན་བཙུན་མོ་སྲས་དང་བཅས་པ་ཐམས་ཅད་ལ་ཐེག་པ་གསུམ་གྱི་ཆོས་འཁོར་རྒྱ་ཆེན་པོ་བསྐོར། རྒྱ་ནག་གི་སྐྱེ་འགྲོ་ཐམས་ཅད་མི་ཕྱེད་པའི་དད་པ་ཐོབ། ཡབ་རྒྱལ་པོ་གནམ་དུ་གཤེགས་རྗེས་སྲས་སེ་ཆེན་གོ་སེ་ལ་གོང་མའི་ཁྲི་ལ་མངའ་གསོལ་ཏེ་གནམ་ཀ་བ་མེད་པའི་འོག་རོལ་གྱི་བདག་པོ་ཆེན་པོར་དབང་བསྐུར། དགུང་ལོ་བཅུ་དགུར་ཕེབས་པ་ཆུ་མོ་གླང་། སྤྱི་ལོ་༡༢༥༣པར་རྒྱལ་པོའི་ཏི་ཤྲཱི་གྱུར་ནས། གསེར་གྱི་གླེགས་བུར་བྲིས་པའི་གཱན་དིན་གུ་ཤྲཱིའི་མཛད་མདོ། གཡང་ཊིའི་ཐམ་ཁ། གསེར་དང་མུ་ཏིག་གིས་བརྒྱན་(203བ)པའི་སྣམ་སྦྱར། རིན་པོ་ཆེས་སྤྲས་པའི་ཕྱམ་རྩེ། རིན་པོ་ཆེའི་ལས་ཞྭ། གསེར་གྱི་གདུགས་དང་ཁྲིའུ་ལ་སོགས་བཀོད་པས་ཁྱད་པར་དུ་འཕགས་པ་ཆེན་པོར་འོས་པའི་དངོས་པོ་དུ་མ་དང་། གཞན་ཡང་གསེར་བྲེ། དངུལ་བྲེ། རྟ། རྔ་མོང་། ཇ་གོས་དར་སོགས་བདོག་པའི་ཡོ་བྱད་མཐའ་ཡས་པ་ཕུལ། རྒྱལ་པོས་ཧོར་གྱི་སྐད་དུ་བཀླག་ཆོག་པའི་ཡི་གེ་མཛད་པར་ཞུས་པ་བཞིན་ཧོར་ཡིག་གསར་དུ་གྲགས་པ་མཛད། དགུང་ལོ་ཉེར་གཅིག་པར་མདོ་ཁམས་སུ་ཕེབས་ཏེ་མཁན་པོ་གྲགས་པ་སེང་གེའི་དྲུང་ནས་བསྙེན་རྫོགས་ཀྱི་སྡོམ་པ་ལེགས་པར་ནོད་དེ་སླར་རྒྱ་ཡུལ་དུ་ཕྱིར་ཕེབས། རི་བོ་རྩེ་ལྔར་དབྱར་ཟླ་བ་གསུམ་གྱི་རིང་བསྟན་འགྲོའི་དོན་དཔག་ཏུ་མེད་པ་མཛད་བཞིན་བཞུགས། དེ་ནས་རྒྱལ་པོས་ཕོ་བྲང་དུ་གདན་དྲངས་ཏེ་ཧོར་ཡིག་གསར་དུ་བསླབ་པའི་ཡོན་དུ་བནྡྷེ་ཤེད་སྐྱེས་ཀྱི་འཇའ་ས་ཐོག་མར་གནང་། རྒྱལ་པོས་རྡོ་རྗེ་ཐེག་པའི་ཆོས་ཀྱི་བདུད་རྩི་ལན་གསུམ་དུ་ནོད་པར་མཛད་པ་ལས། དང་པོའི་དུས་སུ་བོད་ཁྲི་སྐོར་བཅུ་གསུམ་ཕུལ། གཉིས་པའི་དུས་སུ་བོད་ཆོལ་ཁ་གསུམ་ཕུལ། གསུམ་པའི་དུས་སུ་རྒྱའི་མི་ཡུར་ཆེན་མོ་དང་། མ་སྐྱེས་དགྲའི་རྟེན་སྐལ་དུ་གྲགས་པའི་བདེ་བར་གཤེགས་པའི་འཕེལ་གདུང་གིས་(204ན)མཚོན་དངོས་པོའི་བྱེ་བྲག་བསམ་གྱིས་མི་ཁྱབ་པ་ཕུལ། རྗེ་དེས་ཆོས་དང་ཆོས་མ་ཡིན་པའི་རྣམ་པར་དབྱེ་བ་རྒྱ་ཆེར་མཛད་པའི་ཚེ། རྒྱའི་ཡུལ་དུ་སྔོན་བྱུང་བ་ཐའི་ཤང་ལམ་གིན་རེས་བྱ་བའི་རྗེས་སུ་འབྲངས་པ་ཟིན་ཞིང་ཞེས་བྱ་བའི་སྡེ་རབ་ཏུ་མང་པོ་གནས་པ་རྣམས་ལྟ་བ་ངན་པ་ལ་མངོན་པར་ཞེན་པས་འདི་དང་གཞན་དུ་གནོད་པར་འགྱུར་བ་གཟིགས་ནས་མིའི་དབང་པོའི་བཀས། ལོག་པའི་གྲུབ་མཐའ་འདི་དག་ཆོས་དང་མཐུན་པར་སུན་ཕྱུངས་ཤིག་ཅེས་བསྐུལ་བ་བཞིན། དེ་དག་རྣམས་ཡང་དག་པའི་རིགས་པས་ཕམ་པར་མཛད་ནས་ལྟ་བ་ངན་པ་བཟློག །ཡང་དག་པའི་ལྟ་བ་འཛིན་དུ་བཅུག་ཅིང་རབ་ཏུ་བྱུང་སྟེ་ཐུབ་པའི་བསྟན་པ་ཆེས་ཆེར་གསལ་བར་མཛད། རྒྱལ་པོས་རྒྱ་བོད་ཀྱི་བན་དྷེ་རྣམས་ས་སྐྱ་པའི་ཆོས་ལུགས་མ་གཏོགས་གཞན་བྱེད་དུ་མི་འཇུག་པའི་གསུང་སྔ་ཕྱིར་བྱོན་པ་ན། བདག་ཉིད་ཆེན་པོ་འདིས་ཆོས་ལུགས་ཐམས་ཅད་སོ་སོའི་ལུགས་བཞིན་བྱེད་དུ་འཇུག་པར་བཀའ་བསྩལ་པས། རྒྱལ་པོས་ཀྱང་བླ་མས་དེ་ལྟར་གསུངས་ན་རང་རང་གི་ལུགས་བཞིན་གྱིས་ལ། ངེད་ལ་སྨོན་ལམ་ཐོབ་གསུངས་པས་འཇའ་ས་གནང་། དབུས་གཙང་གི་ཕྱོགས་སུ་ཆས་རྐྱེན་དུ་མ་བརྫངས་(204བ)པ་ལ་བརྟེན་ནས། དཔོན་ཆེན་ཤཱཀྱ་བཟང་པོས་གསེར་འོད། ནང་རྟེན་ཐུབ་ཆེན། ཕྱི་རྟེན་གསེར་འབུམ་སོགས་བཞེངས། དེ་ནས་མི་རིང་བར་ཤིང་མོ་གླང་། སྤྱི་ལོ་༡༢༦༥པར་བོད་ནས་གདན་འདྲེན་པ་བྱུང་བ་བཞིན་རྒྱའི་ཕོ་བྲང་ནས་ཆིབས་བཏེགས་ཏེ་བཤུལ་ལམ་ན་གནས་པའི་རྒྱ་བོད་ཧོར་གསུམ་གྱི་གདུལ་བྱ་རྣམས་སྨིན་གྲོལ་ལ་འགོད་བཞིན་པར་བྱོན། མཐར་གྱིས་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱའི་ཆོས་ཁྲིར་ཞབས་སོར་འཁོད་དེ། ལོངས་སྤྱོད་ཀྱི་དངོས་པོ་ཐམས་ཅད་ཆུད་ཟོས་སུ་མི་འགྲོ་བའི་ཕྱིར། འཕགས་ཡུལ་གྱི་གནས་ཆེན་ཁག་དང་། བལ་བོད་ཀྱི་དགོན་སྡེ་རིས་སུ་མ་ཆད་པ་རྣམས་སུ་མཆོད་རྫས་བསམ་གྱིས་མི་ཁྱབ་པ་ཕུལ་བ་དང་། དེར་ཡང་གསེར་འབུམ་བཀྲ་ཤིས་སྒོ་མང་། ཕྱིའི་སྐྱ་འབུམ་བདུན་ལ་གསེར་ཟངས་ལས་གྲུབ་པའི་གདུགས་ཆོས་འཁོར་དང་། ས་པཎ་གྱི་གསེར་འབུམ་ལ་གསེར་ཏོག །རྒྱལ་བའི་བཀའ་འགྱུར་རོ་ཅོག་ཐམས་ཅད་གསེར་གྱིས་བྲིས་པ་སོགས་གླེགས་བམ་ཉིས་བརྒྱ་ལྷག་ཙམ་བཞེངས། གཞན་ཡང་དབུས་གཙང་གི་དགེ་འདུན་མང་པོ་ས་སྐྱར་གདན་དྲངས་ཏེ་བསྙེན་བཀུར་སྟོབ་པ་དང་། ཕོངས་པ་རྣམས་ལའང་སྦྱིན་པ་རྒྱ་ཆེར་(205ན)མཛད། རྗེ་འདི་ཉིད་གདན་སར་ཕེབས་པའི་སྐབས་སུ་གསེར་ཊམ་ཆེན་མོ་སོགས་རིན་པོ་ཆེ་དུ་མ་ཡང་ས་སྟེང་དུ་ཐོན། ལོ་ཏོག་སྣ་ཚོགས་སྨིན་པ་སོགས་ངོ་མཚར་བའི་དགེ་མཚན་ཆེན་པོ་བྱུང་། སླར་ཡང་ཧོར་རྒྱལ་ཆེན་པོས་གདན་འདྲེན་གྱི་ཕོ་ཉ་སྔ་ཕྱི་ནན་བཏུད་བྱུང་བར་བརྟེན། རབ་བྱུང་ལྔ་པའི་ས་མོ་སྦྲུལ། སྤྱི་ལོ་༡༢༦༩པར་ས་སྐྱ་ནས་གདན་བཏེགས། །བཤུལ་ལམ་དུ་འཁོད་པའི་ཡུལ་ཁམས་ཐམས་ཅད་ལུགས་གཉིས་ཀྱི་མཛད་པ་བཟང་པོས་ཕན་བདེའི་དཔལ་ལ་འགོད་བཞིན་པར་བྱོན། གོང་མ་གོ་སེ་ལ་དང་། སྲས་ཀྱི་ཐུ་བོ་ཇི་གྱིམ་དང་། བཙུན་མོ་དང་། བློན་པོའི་ཚོགས་ཆེན་པོ་དང་བཅས་པས་གླང་པོ་ཆེ་ལ་རིན་པོ་ཆེའི་དྲ་བས་སྤྲས་པའི་ཁྲི་དང་། རིན་པོ་ཆེའི་གདུགས་དང་རྒྱལ་མཚན་བ་དན་སོགས་དང་། རོལ་མོའི་བྱེ་བྲག་མང་པོ། ཞི་དྲག་གི་དཔུང་དུ་མ་དང་བཅས་པས་ས་ལེ་དབར་མང་པོའི་བར་དུ་བསུ་བ་དང་། མཆོད་པའི་ཁྱད་པར་དཔག་ཏུ་མེད་པ་དང་བཅས་ཕོ་བྲང་ཆེན་པོར་གདན་དྲངས། ཟབ་པ་དང་རྒྱ་ཆེ་བའི་ཆོས་དུ་མ་ཞུས། རྒྱལ་པོས། གནམ་གྱི་འོག །སའི་སྟེང་། རྒྱ་གར་གྱི་ལྷའི་སྲས་པོ། ཡི་གེ་རྩོམ་མི། སྤྲུལ་པའི་སངས་རྒྱས། (205བ)རྒྱལ་ཁམས་འཇགས་སུ་འཇུག་མི། སྙན་ངག་གི་རྒྱུ། པཎྜི་ཏ་འཕགས་པ་ཏི་ཤྲཱི་ཞེས་པའི་མཚན་གྱི་མངའ་གསོལ་ཞུས། འབུལ་བ་ལན་རེ་ལ་ཚན་ཆེ་བ་དངུལ་བྲེ་ཆེན་སྟོང་ར་ཅན་ཚན་པ་གཉིས། གོས་དར་ལྔ་སྟོང་དགུ་བརྒྱ་བཞི་བཅུ་ཕུལ། སྐབས་ཤིག་ཀརྨ་པ་དུས་གསུམ་མཁྱེན་པའི་ཡང་སྲིད་དེ་མ་ཐག་པ་ཀརྨ་པཀྵི་ཡུལ་དེར་ཕེབས་དུས་ཆུ་ལ་ཉ་ལྟར་འཛུལ་བ། མཁའ་ལ་བྱ་ལྟར་འཕུར་བ། ཕ་བོང་འདམ་ལྟར་བརྫི་བ་ལ་སོགས་པའི་རྫུ་འཕྲུལ་ཡ་མ་ཟུང་དུ་མ་བསྟན་པ་ལ། རྒྱལ་པོ་ཐུགས་ཡིད་ཆེས་ཏེ། རང་རེའི་ཏི་ཤྲཱིའི་འཕགས་པ་འདི་སངས་རྒྱས་སྣང་བ་མཐའ་ཡས་མིའི་གཟུགས་སུ་སྤྲུལ་པ་ཞིག་ཡིན་ཀྱང་། རྫུ་འཕྲུལ་དང་རྟོགས་པ་རྟོགས་ལྡན་རྒྱ་བོ་འདི་མཐོ་བར་འདུག་པ་ཞེས་གསུངས་པས། བཙུན་མོ་ཆའུས་བླ་མ་འཕགས་པའི་དྲུང་དུ་རྒྱུ་མཚན་བསྐྱར་ཏེ། གྲུབ་ཆེན་པཀྵི་ལ་མཆོད་གནས་ཀྱི་གཙོ་བོར་བཅོལ་ན། རང་རེ་ས་སྐྱའི་གདུང་རྒྱུད་རྣམས་ལ་གནོད་པས་རྫུ་འཕྲུལ་སྟོན་པར་ཞུས་པ་བཞིན། རྒྱལ་བློན་གྱི་དབུས་སུ། འཕགས་པས་རལ་གྲིས་རང་གི་དབུ་དང་ཕྱག་ཞབས་རྣམས་སོ་སོར་ཕྲལ་ཏེ་རྒྱལ་བ་རིགས་ལྔར་བྱིན་གྱིས་བརླབས་ནས་བསྟན་པ་སོགས་(206ན)རྫུ་འཕྲུལ་ངོ་མཚར་བ་དུ་མ་བསྟན་པས་རྒྱལ་བློན་རྣམས་དད་པར་མཛད། ཤིང་མོ་ཕག །སྤྱི་ལོ་༡༢༧༥པར་དཔོན་ཆེན་ཤཱཀྱ་བཟང་པོ་བོད་ཆེན་པོའི་སྲིད་སྐྱོང་དུ་བསྐོས། མེ་ཕོ་བྱི་བ། སྤྱི་ལོ་༡༢༧༦པར་འཕགས་པ་རིན་པོ་ཆེ་བོད་དུ་ཕྱིར་ཕེབས་མཛད་པའི་ཕེབས་སྐྱེལ་དུ་གོང་མའི་རྒྱལ་སྲས་ཨ་རོག་ཆེ་དཔུང་ཚོགས་རྒྱ་ཆེན་པོ་དང་བཅས་བོད་དུ་ཆིབས་ཁ་བསྒྱུར། ལམ་དུ་སྐྱ་སེར་བགྲང་ལས་འདས་པར་རང་རང་གི་བློ་དང་འཚམས་པའི་ཆོས་འཁོར་བསྐོར་ཞིང་། གཞན་ཡང་ཆུ་ཟམ་འཛུག་པ། ལམ་འཕྲང་བཅོས་པ་སོགས་ཀུན་ལ་ཕན་པའི་མཛད་པ་རླབས་པོ་ཆེ་དང་བཅས་རིམ་གྱིས་གདན་ས་ཆེན་པོར་ཕྱག་ཕེབས། མེ་མོ་གླང་། སྤྱི་ལོ་༡༢༧༧པར་གོང་མའི་སྲས་ཀྱི་ཐུ་བོ་ཇིམ་གྱིམ་གྱིས་ཡོན་བདག་མཛད་དེ་འབྱོར་པ་ཆེན་པོས། དབུས་གཙང་གི་དགེ་བའི་བཤེས་གཉེན་དགེ་འདུན་དང་བཅས་པ་ཐམས་ཅད་ཆུ་མིག་རིང་མོར་གདན་དྲངས་ནས་མདོ་སྔགས་ཀྱི་ཆོས་འཁོར་ཤིན་ཏུ་རྒྱ་ཆེན་པོ་བསྐོར་ཞིང་། འདུས་པ་ཐམས་ཅད་ལ་གསེར་འབྲུའི་ཕུང་པོ་ལྟར་སྤུངས་ཏེ་གསེར་གྱི་སྦྱིན་པ་སྔར་མ་གྲགས་པ་སྩལ། དེའི་ཚེ་དགེ་འདུན་ཁྲི་ཕྲག་བདུན་དང་། སྡེ་སྣོད་(206བ)འཛིན་པ་སྟོང་ཕྲག་དུ་མ། སྐྱེ་བོ་ཕལ་པ་འབུམ་ཕྲག་དུ་མར་བཅས་པ་ལ། ཐེག་པ་ཆེན་པོ་དབུ་མ་ལུགས་ཀྱི་སེམས་བསྐྱེད་གནང་། དེ་ནས་ས་སྐྱར་ཕེབས། སྔར་བསྒྱུར་བའི་གསུང་རབ་རྣམས་ལ་དུས་ཕྱིས་ཡི་གེ་དང་། བརྡ་དང་། ཐ་སྙད་དང་། གོ་རིམ་ལོག་པར་བསྒྱུར་བ་རྣམས་ལེགས་པར་བཅོས་ཏེ་ཤིན་དུ་དག་པར་མཛད། དབུས་གཙང་གི་ཡིག་མཁན་མཁས་པ་ཐམས་ཅད་བསགས་ནས་མཐིང་ཤོག་ལ་གསེར་གྱིས་བཀའ་འགྱུར་རོ་ཅོག་གིས་མཚོན་གླེགས་བམ་བསམ་གྱིས་མི་ཁྱབ་པ་བཞེངས། དེ་དག་སོ་སོ་ལའང་གསེར་གྱི་གླེགས་ཤིང་དང་། ཉི་འོག་གི་གོས་གྱ་ནོམ་པའི་ན་བཟའ་ལ་སོགས་པས་སྤྲས་ཏེ། བཀའ་བསྡུ་གསུམ་པ་ལྟར་མཛད་པ་སོགས་ཆོས་སྲིད་ཀྱི་མཛད་པ་དང་མངའ་ཐང་ཤིན་ཏུ་ཆེ། དགུང་གྲངས་ཞེ་དྲུག་ཏུ་ཕེབས་པ་ལྕགས་ཕོ་འབྲུག །སྤྱི་ལོ་༡༢༨༠པར་ཕྱག་ནའི་སྲས་དྷརྨ་པཱ་ལ་རཀྵི་ཏ་ལ་བསྟན་སྲིད་ཀྱི་མཛད་པ་ཐམས་ཅད་ཞལ་བཀོད་མཛད་དེ། ཧོར་ཟླ་བཅུ་པའི་ཚེས་ཉེར་གཉིས་ཀྱི་སྔ་དྲོའི་ཆ་ལ་གཟུགས་སྐུའི་བཀོད་པ་བསྡུ་བའི་ཚུལ་བསྟན་ཏོ། །དེའི་རྗེས་ཐོག་ལྕགས་སྦྲུལ་ལོར་ཀུན་དགའ་བཟང་པོ་དཔོན་ཆེན་དུ་ཡོད་པ་དེས་བླ་མའི་ཐུགས་དང་འགལ་བ་འགའ་བྱས་སོ་ཞེས་ཉེ་གནས་ཀྱིས་(207ན)གོང་མར་སྙན་ཕྲ་བཅུག་པས་ཧོར་དམག་གིས་བྱ་རོག་རྫོང་ཕབ། དཔོན་ཆེན་བསད་པ་སོགས་དུས་གཟར་ཞིག་ཀྱང་བྱུང་སྟེ། བྱ་རོག་རྫོང་དུ་དམག་གི་ཁྲིམས་རྔ་རྡུང་༔ སྙིང་མེད་པོ་ཚོ་གསེར་ཕྱེ་ཆུ་ལ་འབོ༔ སྣ་ཐག་སས་བྱས་ཧོར་དམག་བོད་དུ་ཡོང་༔ ངན་སོང་ཟེར་ཡང་དེ་འདྲའི་སྡུག་བསྔལ་མེད༔ ཞེས་པའི་ལུང་བསྟན་དུས་ཐོག་ཏུ་བབས། འགྲོ་མགོན་གྱི་གཅུང་ཕྱག་ན་རྡོ་རྗེ་ནི། ཡབ་ཀྱི་ང་དྲུག་པ་ས་མོ་ཕག །སྤྱི་ལོ་༡༢༣༩པར་འཁྲུངས། ལོ་དྲུག་ལོན་པའི་ཚེ་ཆོས་རྗེའི་ཕྱག་ཕྱིར་ཧོར་ཡུལ་དུ་བྱོན། གོང་མས་ཐུགས་རྩིས་ཤིན་ཏུ་ཆེ། ཧོར་ཆས་བྱེད་དུ་བཅུག་ནས་ཧོར་གྱི་སྲིད་སྐྱོང་ཚུལ་བསླབ། དགུང་ལོ་ཉེར་དགུ་པ་རབ་བྱུང་ལྔ་པའི་མེ་ཡོས། སྤྱི་ལོ་༡༢༦༧པར་ས་སྐྱར་སྐུ་གཤེགས། སློབ་དཔོན་རིན་ཆེན་རྒྱལ་མཚན་ནི། ཡབ་ཟངས་ཚས་ང་ལྔ་བཞེས་པ་ས་ཕོ་ཁྱི། སྤྱི་ལོ་༡༢༣༨པར་ཇོ་མོ་ཤབ་ཀྱི་ཇོ་འབྲོམ་མའི་སྲས་སུ་འཁྲུངས། རྒྱུད་ལུང་མན་ངག་དུ་མ་མཁྱེན། འཕགས་པ་རིན་པོ་ཆེ་ཧོར་ཡུལ་དུ་བྱོན་པའི་ཤུལ་དུ་གདན་ས་མཛད། སྤྱིར་བལ་པོ་ནས་མདོ་ཁམས་ཡན་གྱི་རྒྱལ་བའི་བཀའ་འགྱུར་རོ་ཅོག་དགེ་འདུན་རྣམས་ཀྱིས་ཀློག་པའི་བསྙེན་བཀུར་དང་། བལ་(207བ)པོའི་ས་མཚམས་ན་བཞུགས་པའི་འཕགས་པ་འཇའ་མ་ལིའི་གོང་མ་འཕགས་པ་མཆེད་གསུམ་པ་དེ་གདན་ས་ཆེན་པོར་སྤྱན་དྲངས། གསེར་གླིང་ལྷུན་གྲུབ་སྡིངས་ཀྱི་དགོན་པ་བཏབ། ཞེ་གཉིས་བཞེས་པ་ས་མོ་ཡོས། སྤྱི་ལོ་༡༢༧༩པ་ལ་སྐུ་གཤེགས། གཡོག་མོ་རྗེ་རོང་མ་རྡོ་རྗེ་འདན་ལ་ཡེ་ཤེས་འབྱུང་གནས་གོང་གི་རིན་ཆེན་རྒྱལ་མཚན་སྐུ་འཁྲུངས་པའི་ལོར་བལྟམས་ཀྱང་སྲས་མིན་ཞེས་ཡབ་ཟངས་ཚས་ལེན་དུ་མ་འདོད་པ་ལ། རྗེ་བཙུན་ཆེན་པོས་སྲས་ཡིན་པར་མཁྱེན་ནས་བུ་ཚ་དེ་ཡང་ལོངས། མི་རེས་པུས་མོ་ལ་བབ་པའི་དུས་འོང་བ་ཡིན་ཞེས་ལུང་བསྟན། འདིས་འཇང་ཡུལ་གྱི་རྒྱལ་པོ་ཧཱུྃ་ཀཱ་ར་རྗེའི་བླ་མ་མཛད། སོ་མུན་ཞེས་པ་ཤིང་ཕོ་ཁྱིའི་ལོར་འཇང་ཡུལ་དུ་སྐུ་གཤེགས། ཟངས་ཚའི་ཇོ་མོ་ཇོ་ལྕམ་ཧོར་མོ་ལ་རིན་ཆེན་འབྱུང་གནས་ཟེར་བའི་སྲས་འཁྲུངས་ཀྱང་ཆུང་ངུ་ནས་སྐུ་གཤེགས། འགྲོ་མགོན་ཕྱག་ནའི་ལྕམ་མ་གཅིག་མཁའ་འགྲོ་འབུམ་ལ་སྲས་དྷརྨ་པཱ་ལ་རཀྵི་ཏ་ཕྱག་ན་གཤེགས་ནས་ཟླ་བ་དྲུག་སོང་བ་ས་ཕོ་འབྲུག །སྤྱི་ལོ་༡༢༦༨ཤར་བ་ལ་སྐུ་འཁྲུངས། དགུང་ལོ་བཅུ་བཞི་པ་ལྕགས་སྦྲུལ་ནས་མེ་ཕག་གི་བར་ལོ་ངོ་བདུན་གདན་ས་མཛད་དེ་ཉི་ཤུ་པ་མེ་ཕག །(208ན)སྤྱི་ལོ་༡༢༨༧པར་སྐུ་གཤེགས། ཡེ་ཤེས་འབྱུང་གནས་ཀྱི་སྲས་བདག་ཉིད་ཆེན་པོ་བཟང་པོ་དཔལ་ཡབ་ཀྱི་ཉེར་ལྔ་པ་ཆུ་ཁྱི། སྤྱི་ལོ་༡༢༦༢པར་བོ་དོང་ཨེར་འཁྲུངས། འཕགས་པ་རིན་པོ་ཆེ་གཤེགས་རྗེས་ཁ་ཅིག་ནས་ཕྲག་དོག་གིས་གདུང་བརྒྱུད་འཁྲུལ་བྲལ་མིན་ཚུལ་གྱི་བསྙོན་གཏམ་བྱུང་སྟེ། རྒྱལ་པོ་སེ་ཆེན་གྱི་ལུང་གིས་རྒྱ་མཚོ་ཆེན་པོའི་ཆུ་འཇིང་ཉི་ཤུ་བརྒལ་བའི་གླིང་ཆུང་ཞིག་ཏུ་ཕེབས་དགོས་པ་བྱུང་། དེའི་བར་དུ་དྷརྨ་པཱ་ལ་རཀྵི་ཏ་ཡབ་སྲས་གཤེགས་པས། ས་སྐྱའི་དཔོན་ཆེན་སོགས་བཀའ་གྲོས་ལ་དབང་བ་རྣམས་ཀྱིས་གོང་མར་མི་སྣ་བཏང་སྟེ་བླ་མ་བདག་ཉིད་ཆེན་པོ་གདན་དྲངས་ཆོག་པའི་ཞུ་བ་ཕུལ་ཡང་དོན་མ་མཐོང་བས། ཆོས་རྗེ་ཁུ་དབོན་ཟུང་གི་མགོན་པོའི་བཀའ་བབ་ཀྱི་སློབ་མ་གྱ་ཨ་སྙན་དམ་པ་ཀུན་དགའ་གྲགས་བྱོན་ཏེ། རྒྱལ་པོའི་ཕོ་བྲང་སྟེང་དུ་ཁའུའི་རྡོ་ཆར་དང་། བྱ་རོག་རེའུ་ཆུང་གི་བོང་ཚོད་ལྕགས་ཀྱི་མཆུ་སྡེར་ཅན་ཞིག་བབས་ནས་སྐད་སྒྲོག་ཅིང་གཤོག་པ་རྡེབ་པ་སོགས་བྱུང་བས། དམ་པ་ཀུན་གྲགས་པས་བླ་མ་བདག་ཉིད་ཆེན་པོ་ས་སྐྱའི་ཞལ་ངོ་ཡིན་པ་ལ་བརྙས་པས་ལན་པའི་རྒྱུ་མཚན་ཞུས་པས་གདན་དྲངས་ཆོག་པའི་བཀའ་ཁྲོལ། (208བ)བདག་ཉིད་ཆེན་པོ་ཕོ་བྲང་དུ་གདན་དྲངས་ཏེ་བཀུར་བསྟི་ཕུན་སུམ་ཚོགས་པ་དང་བཅས་གདན་ས་ཆེན་པོའི་ཁྲིར་ཕེབས་སུ་བཅུག །བཞི་བཅུ་ཞེ་ལྔ་པ་མེ་ཕོ་རྟ། སྤྱི་ལོ་༡༣༠༦ནས་བཟུང་ལོ་བཅུ་བདུན་གདན་ས་མཛད། རེ་གཅིག་ཏུ་སོན་པ་ཆུ་ཁྱི། སྤྱི་ལོ་༡༣༢༢པར་སྐུ་གཤེགས། ཕྱག་ནའི་སྲས་དྷརྨ་པཱ་ལ་གཤེགས་ནས། བཟང་པོ་དཔལ་ཁྲིར་མ་འཁོད་ཀྱི་བར་དུ་གདུང་བརྒྱུད་ཞལ་ངོ་ཉག་ཕྲར་སོང་བས། ཤར་པས་ཁྲི་སྐོར་བཅུ་གསུམ་ལ་ལུང་གཏོང་བ་བྱུང་། དེའི་སྐབས་བཟང་པོ་དཔལ་གདུང་བརྒྱུད་དུ་ར་འཕྲོད་པའི་གནས་ཚུལ་མང་པོས་གོང་མ་མཉེས་ཏེ། ངའི་བླ་མ་འཕགས་པའི་གདུང་བརྒྱུད་འདི་རྒྱ་ཆེར་སྤེལ་དགོས་པའི་རྒྱུ་མཚན་དང་བཅས་རང་གི་སྲས་མོ་ཞིག་ཀྱང་ཇོ་མོར་ཕུལ། འདི་ལ་སྲས་བསོད་ནམས་བཟང་པོ་ཧོར་ཡུལ་དུ་འཁྲུངས་ཀྱང་ཡར་ལམ་མདོ་ཁམས་སུ་གྲོངས། དབུས་གཙང་དུ་ཇོ་མོ་བདུན་བླངས་པའི་ཀུན་དགའ་འབུམ་གྱི་སྲས་ཀུན་དགའ་བློ་གྲོས་ཡབ་ཀྱི་སོ་བརྒྱད་པ་ས་ཕག །སྤྱི་ལོ་༡༢༩༩ལ་འཁྲུངས། ཧོར་ཡུལ་དུ་བྱོན་ནས་བུ་ཡན་རྒྱལ་པོ། གི་གན་རྒྱལ་པོ། ཡེ་སུན་ཐེ་མུར་གསུམ་གྱི་མཆོད་གནས་མཛད། དགུང་ལོ་ཉེར་དགུ་པ་མེ་(209ན)ཡོས། སྤྱི་ལོ་༡༣༢༧པར་རྒྱ་ཡུལ་དུ་གཤེགས། མ་གཅིག་ཡོན་བདག་གི་སྲས་ཆེ་བ་ཆུང་དུས་ནས་གྲོངས། ཀུན་དགའ་ལེགས་པའི་འབྱུང་གནས་དང་། ཀུན་དགའ་རྒྱལ་མཚན་གཉིས་ཧོར་ཡུལ་དུ་བྱོན་ནས། ཡེ་སུན་ཐེར་མུར་དང་། ཐོ་གན་ཐེ་མུར་གྱི་ཏི་ཤྲཱི་མཛད། མ་གཅིག་ནམ་མཁའ་རྒྱལ་མོ་ལ་སྲས་གསུམ་བྱུང་བའི་འབྲིང་པོ་ནམ་མཁའ་ལེགས་པའི་བློ་གྲོས་ཡབ་ཀྱི་ཞེ་བཞི་པ་ཤིང་མོ་སྦྲུལ། སྤྱི་ལོ་༡༣༠༥པར་སྐུ་འཁྲུངས། ཉི་ཤུ་རྩ་གཅིག་པ་ཤིང་གླང་། སྤྱི་ལོ་༡༣༢༥ནས་སོ་དགུ་པ་ཆུ་ལུག །སྤྱི་ལོ་༡༣༤༣བར་གདན་ས་ལོ་བཅུ་དགུ་མཛད་དེ་གཤེགས། མ་གཅིག་གཞོན་ནུ་འབུམ་ལ་སྲས་གསུམ་ལས། ཆུང་བ་བླ་མ་དམ་པ་བསོད་ནམས་རྒྱལ་མཚན་ནི། ཆུ་བྱི། སྤྱི་ལོ་༡༣༡༢པར་རིན་ཆེན་སྒང་བླ་བྲང་གོང་མར་སྐུ་འཁྲུངས། བདག་གཞན་མཉམ་བརྗེའི་བྱང་ཆུབ་ཀྱི་སེམས་འབྱོངས། རིག་པའི་གནས་མཐའ་དག་ལ་ཕུལ་དུ་ཕྱིན་ཞིང་རྡོ་རྗེ་འཛིན་པའི་ས་ལ་མངའ་བརྙེས་པས་བསྟན་འཛིན་ཀུན་གྱི་གཙུག་རྒྱན་དམ་པར་གྱུར། དགུང་ལོ་ཉི་ཤུ་པ་ལྕགས་མོ་ལུག །སྤྱི་ལོ་༡༣༣༡པར་བསྙེན་(209བ)རྫོགས་བཞེས། ཆུ་རྟ་ལོར་བོད་ཤིང་སྒོ་ཅན་གྱི་བདག་པོ་འཕགས་པ་རིན་པོ་ཆེའི་གཞི་ཐོག་གདན་སར་མངའ་དབུལ་ཞུས་ཀྱང་། རྒྱལ་སྲིད་ལ་མི་དགྱེས་པས་བྱ་བྲལ་གྱི་རྣམ་ཐར་བསྐྱངས། བཤད་སྒྲུབ་ཀྱི་བྱ་བས་རྒྱལ་བསྟན་གསལ་བར་མཛད་དེ། དགུང་ལོ་དྲུག་ཅུ་རེ་བཞི་པ་ཤིང་མོ་ཡོས། སྤྱི་ལོ་༡༣༧༥པར་སྐུ་གཤེགས། དེའི་སྐུ་མཆེད་རྣམས་ནས་བཟུང་འཁོན་ས་སྐྱ་པའི་གདུང་བརྒྱུད་རིན་པོ་ཆེ་ད་ལྟའི་བར་དུ་སེལ་མེད་པར་བཞུགས་པ་ཡིན་ཀྱང་། བོད་ཡོངས་རྫོགས་ལ་མངའ་དབང་བསྒྱུར་བའི་སྲིད་ཀྱི་སྟོབས་འབྱོར་ཕུན་སུམ་ཚོགས་པ་ནི་འགྲོ་མགོན་ཆོས་རྒྱལ་འཕགས་པ་ནས་འདི་ཡན་ལ་ལུང་གིས་བསྐོས་པའི་དཔོན་ཆེན་གཉིས་སླར་ལྡབས་པ་དང་བཅས་དཔོན་ཆེན་ཉི་ཤུའི་བར་དུ་ཆོལ་ཁ་གསུམ་ཡོངས་སུ་རྫོགས་པ་ལ་དབང་བསྒྱུར་བ་ཡིན་ཏེ། དེའང་གུ་གེ་པུ་རང་ནས་སོག་ལ་སྐྱ་བོའི་ཡན་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ། སོག་ལ་སྐྱ་བོ་ནས་རྨ་ཆུ་ཁུག་པ་ཡན་མདོ་སྟོད་རྟའི་ཆོལ་ཁ། རྨ་ཆུ་ཁུག་པ་ནས་རྒྱ་མཆོད་རྟེན་དཀར་པོ་ཡན་མདོ་སྨད་མགོ་ནག་མིའི་ཆོལ་ཁ་སྟེ། བོད་ཆོས་ཁ་གསུམ་དང་། ཆོལ་ཁ་དང་པོ་ལ་ནང་གསེས་ཁྲི་སྐོར་བཅུ་གསུམ་དུ་གྲགས་པ་ནི། (210ན)ལ་སྟོད་ལྷོ་བྱང་། གུར་མོ། ཆུ་མིག །ཤངས་དང་། ཞ་ལུ་སྟེ། གཙང་ལ་ཁྲི་སྐོར་དྲུག་དང་། རྒྱ་མ། འབྲི་གུང་། ཚལ་པ། ཐང་པོ་ཆེ་པ། ཕག་གྲུ། གཡའ་བཟང་སྟེ། དབུས་ལ་ཁྲི་སྐོར་དྲུག །དབུས་གཙང་གི་མཚམས་སུ་ཡར་འབྲོག་ཁྲི་སྐོར་གཅིག་སྟེ། བོད་ཁྲི་སྐོར་བཅུ་གསུམ་དུ་གྲགས། དེ་རྣམས་ཉེས་ན་ཆད་པ་དང་བཟང་ལ་བྱ་དགའ་སྟེར་བ་སོགས་ཁྲིམས་ཀྱི་བྱེད་པོ་ནི་སྔར་སྨོས་པའི་དཔོན་ཆེན་ཤཱཀྱ་བཟང་པོ་དང་། ཀུན་དགའ་བཟང་པོ་གཉིས་ཀྱི་རྗེས་སུ་ཞང་བཙུན་དང་བན་དཀར་བ་གཉིས་ཀྱིས་ལས་ཀ་བཟུང་། དེ་རྗེས་བྱང་རིན་བསྐོས་པ་པོ་ཐིན་སིའི་དམ་ཁ་དང་ཤེལ་ཐམ་བྱུང་ཡང་ཤངས་ཀྱི་སྡོང་མོ་ཐང་དུ་གཡོག་གིས་བསད། དེ་རྗེས་ཀུན་གཞོན་དང་གཞོན་དབང་གཉིས་ཀྱི་རིང་ལ་དབུས་གཙང་གི་ཆེ་གསལ་ཆེན་མོ་དང་ཁྲིམས་ཀྱི་ཞིབ་ཆ་བྱས། དེ་རྗེས་དཔོན་ཆེན་བྱང་རྡོར། དེ་ནས་ཨང་ལེན། འདིས་ས་སྐྱའི་ལྕགས་རི་ཕྱི་མ་དང་། བོན་བོ་རིའི་ལྕགས་རི། ཁང་གསར་གླིང་རྣམས་བརྩིགས་ཤིང་། དེ་སྐབས་ས་འབྲི་ནང་འཁྲུགས་པས། ཨང་ལེན་གྱིས་ཁྲི་སྐོར་བཅུ་གསུམ་གྱི་དམག་འབྲི་གུང་དུ་དྲངས་ཏེ་ལྷ་ཁང་མེ་ལ་བསྲེགས་པ་(210བ)སོགས་འབྲི་གུང་གླིང་ལོག་ཏུ་གྲགས་པ་དེ་བྱས་ཤིང་། དྭགས་པོ་སོགས་སུ་དཔུང་ཁྱེར་བྱས་པའི་ས་མཚམས་ཀྱི་བྲག་ལ་ཨང་ལེན་གྱི་མིང་བྲིས་འདུག་ཟེར་བ་སོགས་དཔོན་ཆེན་ཞིག་ལ་དྲག་ཤུལ་འདི་ཉིད་ཆེ། དེའི་རྗེས་སུ་གཞོན་དབང་བསྐྱར་ནས་བསྐོས་པ་ལམ་དུ་གྲོངས། དེ་ནས་ལེགས་པ་དཔལ། སེང་གེ་དཔལ། འོད་ཟེར་སེང་གེ །འདིས་སྭོན་ཇིང་དབེན་གྱི་དམ་ཁ་བཟུང་། དེ་ནས་ཀུན་རིན། དོན་ཡོད་དཔལ། ཡོན་བཙུན། ཡང་འོད་ཟེར་སེང་གེ །རྒྱལ་བ་བཟང་པོ། དབང་ཕྱུག་དཔལ། བསོད་ནམས་དཔལ། དབང་བརྩོན་ཏེ་ཉི་ཤུ་བྱུང་། དེ་དག་གི་ཚེ་བླ་མ་དམ་པས་ཆོས་འཆད་ཉན་ལ་སོགས་པ་བསྟན་པའི་བྱ་བ་དང་། རྒྱལ་ཁམས་ཐམས་ཅད་ཆོས་བཞིན་དུ་སྐྱོང་བ་ལ་སོགས་པའི་ཐུགས་ཀྱི་གོ་ཆ་ཆེན་པོ་བགོས་ན་ཡང་། དཔོན་ཆེན་རྒྱལ་བཟང་དང་དབང་བརྩོན་ཟུང་གི་སྐབས་ཕག་གྲུ་དང་མ་མཐུན་པས་སྡེ་གཟར་གྱི་རྐྱེན་བྱས། གཞན་ཡང་ཞལ་ངོ་གདུང་བརྒྱུད་མང་བས་རང་རང་གི་དྲུང་འཁོར་རྣམས་ཀྱིས་བྱེད་ཕྱོགས་མ་མཁས་པའི་ཕྱོགས་འཐེན་གྱིས་འཁྲུག་ལོང་དང་། རང་གཞན་ཐམས་ཅད་ཆགས་སྡང་མི་དགེ་བ་སྟོབས་ཆེན་འཕེལ་བའི་རྣམ་འགྱུར་མང་པོ་གཟིགས་ནས། བླ་མ་དམ་(211ན)པ་དེ་ཉིད་མངའ་ཐང་བདེ་སྐྱིད་སོགས་ལ་གཅེས་འཛིན་གྱི་བློ་རྩ་བ་ནས་བོར་ཏེ། བཤད་སྒྲུབ་ཀྱི་བྱ་བས་བསྟན་འགྲོའི་དོན་ཁོ་ན་མཛད་དེ་བཞུགས་པས་རིམ་གྱིས་ཕག་གྲུས་དབང་བསྒྱུར། ས་སྐྱ་པའི་བླ་དཔོན་རྣམས་ནས་བོད་ཆོལ་ཁ་ཡོངས་རྫོགས་ལ་མངའ་དབང་བསྒྱུར་བའི་ཡུན་ནི་རབ་བྱུང་བཞི་པའི་ཆུ་གླང་། སྤྱི་ལོ་༡༢༥༣ནས། རབ་བྱུང་དྲུག་པའི་ས་གླང་། སྤྱི་ལོ་༡༣༤༩བར་མི་ལོ་དགུ་བཅུ་གོ་བདུན་ཡིན་ནོ། །དེའང་གོང་སྨོས་ལྟར་མོན་གོར་རྒྱལ་པོས་འབྲི་གུང་པ། སེ་ཆེན་རྒྱལ་པོས་ཚལ་པ། ཧུ་ལ་ཧུས་ཕག་མོ་གྲུ་པ་རྣམས་མཆོད་གནས་སུ་བཟུང་སྟེ། བོད་རྣམས་རྒྱལ་པོ་སོ་སོའི་རིས་སུ་བཅད་དེ་བདག་པོ་མཛད་པ་རྣམས་མཆོད་གནས་སོ་སོར་སྦྱར་བས། མོན་ལུག་མགོ་སྟེང་ཚུན་ཆད། གཉལ་སྟོད་སྨད། གྲུ་ཤུལ་ལོ་རོ་དཀར་ནག །བྱར་པོ། ཨེ་ཆེ་བའི་ནང་ནས་ཨེ་ཆུང་། ཐང་པོ་ཆེ། འཕྱོངས་རྒྱས། འཕྱོས། མོན་མཁར། མཁར་སྟག་དོ་བོ། སྲེགས་སྡེ། འོན་སྣ། ནམ་ཞལ་ལྔ། བསམ་ཡས་ཤར་སྒོ་གདོང་མན་ཆད་དང་། ལྷོ་བྲག་ཤར་ནས། མཆོད་སྡེ། བ་ཞི་བོད་འབྲོག་གཉིས། མངའ་རིས་ནས་ཀོ་རོན་མདོ་ཡན་(211བ)ཆད། སྤུ་རིག་ལ་རྩ་མན་ཆད་རྣམས་རྒྱལ་པོ་ཧུ་ལ་ཧུར་གཏོགས་པའི་དོན་གྱིས་ཕག་མོ་གྲུ་པའི་འོག་ཏུ་ཡོད་པ་དེས་མཚོན་ཏེ། འབྲི་གུང་དང་ཚལ་པ་རྣམས་ལ་ཡང་དེ་དང་དོད་མཚུངས་པ་ཡོད་པའི་དབང་གིས། གཡའ་བཟང་ཁྲི་སྐོར་གྱི་ཁ་གྲངས་སུ་བགྲངས་ཀྱང་དོན་དུ་ཕག་མོ་གྲུ་པའི་འོག་ཏུ་གནས་པ་བཞིན། སྣ་དཀར་རྩེ་པ་འབྲི་གུང་པའི་འོག་དང་། དེས་མཚོན་ཁྲི་དཔོན་གཞན་རྣམས་ཕག་འབྲི་ཚལ་གསུམ་ལ་ཆོས་སྲིད་གཉིས་ཀའི་སྒོ་ནས་འགྲན་པར་མི་ནུས་པས། འདི་གསུམ་ཁྲི་དཔོན་རྣམས་ཀྱི་ནང་ནས་མངོན་པར་མཐོ་བ་ཡིན་ལ། དེ་ལས་ཚལ་པ་ནི། ཆོས་རྗེ་དྭགས་པོ་ཁུ་དབོན་གྱི་ཐུགས་སྲས་ཞང་འགྲོ་བའི་མགོན་པོ་བརྩོན་འགྲུས་གྲགས་པའི་རྣམ་དཀར་གྱི་ཕྲིན་ལས་ལ་བརྟེན་ནས་ཁྲི་དཔོན་དུ་གྱུར་པ་ཡིན། དེའང་ལྷ་དབང་བརྒྱ་བྱིན་གྱི་སྤྲུལ་པར་གྲགས་པ་ཉེ་གནས་དར་མ་གཞོན་ནུས་འགྲོ་མགོན་རིན་པོ་ཆེའི་ཐུགས་སྲས་མཛད་དེ། གུང་ཐང་གི་གཙུག་ལག་ཁང་བརྩིགས་པའི་ཞབས་ཏོག་ཕུན་སུམ་ཚོགས་པ་བསྒྲུབ། འགྲོ་མགོན་གཤེགས་ཁར་སྡེ་གཙུག་ལག་གཉིས་ཀྱི་བདག་པོར་བསྐོས་ཏེ། ཕྱིའི་ཁྱམས་སྨད་དང་མགོན་ཁང་། ནང་དུ་གདུང་རྟེན་བཀྲ་ཤིས་འོད་འབར་དང་། སྐུ་འབུམ་ཆེན་མོའི་འཕྲོ་སོགས་བསྒྲུབ་(212ན)པར་མཛད། དེའི་དུས་དབོན་འབྱུང་གནས་བརྩོན་འགྲུས་ཀྱིས་དཔོན་གྱི་གོ་ས་བཟུང་ནས་ལུགས་ཟུང་གི་བྱ་བ་མི་དམན་པ་འགའ་ཞིག་བྱས་ཤིང་། དེའི་དབོན་ཡེ་ཤེས་འབྱུང་གནས་ཀྱིས་སྲིད་མ་བཞི་བུ་བརྒྱད་དུ་གྲགས་པའི་སྐྱིད་སྨད་ཀྱི་ཡུལ་གྲོང་མང་པོ་མངའ་འོག་ཏུ་བཅུག །དེའི་དབོན་སངས་རྒྱས་དངོས་གྲུབ་སྟེ། དེ་དག་གི་རུས་ནི། ཐོག་མར་གནམ་གྱི་མཐོངས་ནས་མི་ཡུལ་དུ་བབས་པ་མགར་ཚེ་ནམ་ཚ་འབྲུག །དེ་ནས་མགར་བླ་མ་མཁྱེན་ཆེན་པོ། མགར་སྟོད་མེས་ཁྲི་ཆགས། དེའི་སྲས་མགར་སྟོང་བཙན་ཡུལ་བཟུང་གིས་ཆོས་རྒྱལ་སྲོང་བཙན་སྒམ་པོའི་བློན་པོ་མཛད། ལུགས་གཉིས་ཀྱི་མཛད་པས་རྗེའི་ཞབས་ཏོག་དང་བོད་འབངས་ལ་བཀའ་དྲིན་ཆེ། དེའི་སྲས་བཙན་པོ་ཡོན་ཏན་རྒྱལ་བཟུང་། དེ་ནས་རིམ་བཞིན་ལྷ་གཅིག་སྙན་ལྡེམ་བུ། ཁྲི་ཟངས་དུམ་བུ། ཁྲི་གཉེར་ཁྲི་ལྕགས། དེའི་སྲས་སྟོང་མེས་ཁྲིས་སྣང་། ཁྲི་སྟོ་རོ་སྟག་གཟུང་། བློན་ཆེན་ཆས་པ་སྒོ་དྲུག །དེའི་སྲས་རྨུ་བཟའ་དང་འཕགས་གཟིགས། དེ་ནས་རིམ་བཞིན་མགར་ཐོག་ཡང་རྒྱལ། རྒྱལ་ལེ། མགར་རྒྱལ་བ་འབྱུང་གནས། འདི་དང་ཞང་རིན་པོ་ཆེ་མཆོད་ཡོན་དུ་(212བ)གྱུར་ཏེ། སྲས་ཕུན་སུམ་ཚོགས་པ་འབྱུང་བའི་ལུང་བསྟན་དང་མཐུན་པར་དབོན་སངས་རྒྱས་དངོས་གྲུབ་འཁྲུངས་པ་དཔོན་དུ་བསྐོས། དགེ་འདུན་ཚལ་པའི་བསྟན་པའི་རྩ་བ་བཙུགས། དེའི་སྲས་དཔོན་ཆེན་རིན་རྒྱན་གྱིས་དཔོན་གྱི་ལས་ཀ་བཟུང་སྟེ་གོང་དུ་བྱོན། སེ་ཆེན་རྒྱལ་པོས་སྐྱིད་ཤོད་སྟོད་སྨད། སྟོད་ལུང་། གྲ་དོལ། འཕྱོང་པོ། རྒྱལ་སྨན། ཨེ་དྭགས་གཉལ་གསུམ་སོགས་ལྷ་ཁང་ཞིག་གསོས་བྱེད་པའི་མི་སྡེ་ཤེས་སུ་ཆུག་གི་འཇའ་ས་གནང་། གུང་ཐང་དུ་བྱོན་ཏེ་གཟིམ་ཁང་ཤར་དང་། ཁྱམས་གྲྭ་ཆེན་མོ་བརྩིགས། འདི་ལ་སྲས་གསུམ་ལས། ཆེ་བ་ཉི་མ་ཤེས་རབ་ཀྱིས་འགྲོ་མགོན་འཕགས་པའི་ཕྱག་ཕྱིར་གོང་དུ་བྱོན་ཏེ་འཇའ་ས་བླངས། གཉིས་པ་དཔོན་དགའ་བདེ་མགོན་པོ་བྱ་རོག་གདོང་ཅན་གྱི་སྤྲུལ་པར་གྲགས་ཤིང་། དེས་ཚལ་པའི་དགོན་སྡེའི་དོན་དུ་དཀའ་ངལ་མང་པོ་མཛད། མི་ཆེན་ཟམ་ཁ་ལྷ་པའི་ཉེ་གནས་འདམ་རིང་གི་གཞན་དབང་གྱུར་ཏེ། དཔོན་དགའ་བདེ་ལ་རྩ་ར་མང་དུ་བྱས་ཀྱང་། མི་རིང་བར་ཟམ་ཁ་ལ་ནག་ཕོག་པས། དགའ་བདེ་སྙིང་ཚིམས་ཀྱི་ཆང་དྲངས་ནས། ངེད་རང་གཉིས་པོ་ཁྱད་པར་ཆེ། །ང་ནི་དགེ་འདུན་ཚལ་པ་ཡིན། །དགའ་བདེ་དཔལ། བློ་བདེ་(213ན)དཔལ། སྐྱིད་པའི་དཔལ། ད་ལྟ་ཚལ་པའི་དགའ་བདེ་དཔལ། །ཞེས་གླུ་བླངས་སྐད། དེ་ནས་རྒྱའི་བཟོ་བོ་མཁས་པ་དང་བཅས་ཏེ། བར་ཁང་རྒྱ་ཕིས། གསེར་ཕྲུ་སོགས་རྟེན་དང་བརྟེན་པར་བཅས་པ་མཐའ་དག་ཕུལ་དུ་བྱུང་བའི་བཀོད་པས་ཁྱད་པར་དུ་འཕགས་པ་བཞེངས། ཆོས་འཁོར་གླིང་བཏབ་ནས་མཚན་ཉིད་ཀྱི་བཤད་གྲྭ་དང་། དབུས་གླིང་དུ་སྔགས་གྲྭ་འཛུགས་པ་སོགས་རྣམ་དཀར་གྱི་མཛད་པ་རྒྱ་ཆེ། འདིའི་གཅུང་པོ་རིན་ཆེན་དབང་ཕྱུག་རབ་ཏུ་བྱུང་། དགའ་བདེའི་སྲས་གཉིས་ལས། ཆེ་བ་རིན་ཆེན་སེང་གེ །ཆུང་བ་སྨོན་ལམ་རྡོ་རྗེ། འདི་གཉིས་ཀྱིས་ལྷ་སའི་བར་བསྐོར་དང་། བྲག་ལྷ་ཀླུ་ཕུག་གི་རྒྱ་ཕིབས། ཇོ་བོ་དང་ཐུགས་རྗེ་ཆེན་པོ་གཉིས་ཀྱི་དབུ་ཐོག་ཏུ་གསེར་ཐོག །འབུམ་མོ་ཆེའི་གཉྫི་ར། བཀའ་འགྱུར་དང་དབུས་གླིང་འོད་གསལ་འཕྲུལ་གྱི་ལྷ་ཁང་བཞེངས་པ་སོགས་དཀར་ཕྱོགས་ཀྱི་མཛད་པ་བླ་ན་མ་མཆིས་པ་མང་ཞིང་། སྲིད་ཀྱི་མངའ་ཐང་རྒྱས། འདིའི་སྲས་ཆེ་བ་དཔོན་ཀུན་དགའ་རྡོ་རྗེ་ཆོས་དང་རིག་པའི་གནས་ཐམས་ཅད་ལ་མཁྱེན་པ་མཆོག་ཏུ་ཡངས་ཤིང་། སྐུ་གསུང་ཐུགས་ཀྱི་རྟེན་དང་རི་བོ་དགེ་འཕེལ་འདེབས་པ་སོགས་ཆོས་སྲིད་ཀྱི་(213བ)མཛད་པ་མཐའ་ཡས། སླར་ཡང་ཁྲི་དཔོན་གྱི་ལས་ཀ་གཅུང་པོ་གྲངས་པ་ཤེས་རབ་ལ་གཏད་དེ་རབ་ཏུ་བྱུང་། མཚན་དྲུང་ཆེན་ཐམས་ཅད་མཁྱེན་པ་དགེ་བའི་བློ་གྲོས་སུ་གྲགས། མཁས་པའི་དབང་པོ་བུ་སྟོན་རིན་པོ་ཆེ་ཚལ་དུ་བཀའ་འགྱུར་རབ་གནས་ལ་གདན་དྲངས་སྐབས། ཚལ་པ་དཔོན་པོའི་ཁ་ཡ་བྱེད་དགོས་པས་རང་དགར་ཕྱིན་ན་མི་ཡོང་གསུངས་ནས། ཕྱག་དཔེ་མང་པོ་བསྣམས་ནས་ལམ་དུ་གཟིགས་སྐད། དྲུང་ཆེན་ཀུན་དགའ་རྡོ་རྗེའི་སྲས་སི་ཏུ་དགེ་ལེགས་བཟང་པོ། དེ་ལ་སྲས་ཏྲེ་ཧོས་དཔལ་འབྱོར་བཟང་པོ། ལེགས་པ་རྒྱལ་མཚན། དགེ་འདུན་བཟང་པོ་དང་གསུམ་གྱི། དང་པོའི་སྲས་ཏྲེ་ཧོས་དགའ་བདེ་བཟང་པོ་དང་དངོས་གྲུབ་རྒྱལ་མཚན་འཁྲུངས། གདུང་རྒྱུད་རིམ་པར་བྱོན་པ་དེ་དག་ཐམས་ཅད་ཀྱང་གོང་མའི་ལུང་དང་ལས་ཀས་མངོན་པར་མཐོ་ཞིང་། ཆོས་སྲིད་ཀྱི་མཛད་པ་མི་དམན་པ་ཤ་སྟག་བྱོན། འོན་ཀྱང་དཔོན་ཀུན་དགའ་རྡོ་རྗེས། ས་སྐྱའི་དཔོན་ཆེན་རྒྱལ་བ་བཟང་པོ་དང་། དབང་བརྩོན་དང་། གཡའ་བཟང་པ་སོགས་དང་བསྡོངས་ཏེ། སྡེ་སྲིད་ཕག་མོ་གྲུ་པ་ལ་ངན་བཤོམས་མང་དུ་བྱས། ཆོས་རྗེ་དྭགས་པོའི་ཐུགས་སྲས་ཕག་གྲུ་རྡོ་རྗེ་རྒྱལ་པོའི་འཕྲིན་ལས་(214ན)ཀྱི་རྒྱུན་ལས་སྒྲུབ་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེའི་ཆོས་སྡེ་སློབ་རྒྱུན་དར་རྒྱས་སུ་སྤེལ་བར་མཛད་པ་པོ་ནི་འབྲི་གུང་སྐྱོབ་པ་འཇིག་རྟེན་གསུམ་མགོན་ཡིན་ལ། གདན་རབས་བཞི་ཙམ་གྱི་བར་དུ་སྒྲུབ་བརྒྱུད་སྙིང་པོའི་རིང་ལུགས་འཛིན་སྐྱོང་སྤེལ་གསུམ་ཁོ་ན་ལ་གཞོལ་བ་མ་གཏོགས་འཇིག་རྟེན་གྱི་སྟོབས་དང་གོང་མའི་ལག་རྟགས་སོགས་དོན་གཉེར་མཛད་མི་འདུག་སྟེ། སི་ཏུའི་བཀའ་ཆེམས་དེབ་ཐེར་ལས། དེ་དུས་ཀྱི་བླ་མ་དེ་སྤྱན་སྔ་རིན་པོ་ཆེ་ཡིན། སྒོམ་པ་ཤཱཀྱ་རིན་ཆེན་ཡིན་ཏེ། དམ་ཁ་མཐེབ་རྗེས་ཙམ་ཡང་ཁྱེད་བླ་དཔོན་ལ་མེད། རྒྱལ་པོའི་བླ་མ་ཏི་ཤྲཱི་ཡང་མ་བྱས་ཞེས་གསུངས་པས་སོ། །དེ་ཡང་ཁུངས་ནས་སྨོས་ན་བསྟན་པ་སྔ་དར་གྱི་སྐབས་སུ། སྐྱུ་རའི་རིགས་ཀྱི་སྔགས་འཆང་ཞིག་ལ་ཇོ་མོ་མཁའ་འགྲོའི་རིགས་ཅན་སྣ་ནམ་བཟའ་བྱ་བ་མི་ལས་འདས་པའི་སྤྲུལ་བསྒྱུར་སྣ་ཚོགས་སྟོན་པ་ཞིག་བླངས་པ་དེང་སང་འབྲི་གུང་ཨ་ཕྱིར་འབོད་པ་འདི་ཡིན་པར་གྲགས། དེ་གཉིས་ཀྱི་སྲས་ནམ་མཁའ་དབང་ཕྱུག་གི་རྒྱུད་ལས། ཨ་མེས་དབང་རྒྱལ་གྱི་སྲས་བཞི་པ་རྡོ་རྗེ་ལ་ཇོ་མོ་རྗེ་བཙུན་མ་བྱ་བ་བླངས་པའི་སྲས་སུ་འབྲི་གུང་སྐྱོབ་པ་རིན་པོ་ཆེ་སྐུ་འཁྲུངས་ཏེ། སྐུ་ནར་སོན་པ་ན་འགྲོ་མགོན་(214བ)ཕག་གྲུའི་ཞབས་ལ་གཏུགས། མཚན་རིན་ཆེན་དཔལ་དུ་ཐོགས། དེར་ཟབ་པ་དང་རྒྱ་ཆེ་བའི་ཆོས་བུམ་པ་གང་བྱོའི་ཚུལ་དུ་གསན་ཅིང་ཐུགས་ཉམས་སུ་བཞེས་ནས་མཁས་ཤིང་གྲུབ་པའི་ཁྱུ་མཆོག་ཏུ་གྱུར། ཕག་གྲུ་གཤེགས་རྗེས་ཞང་གིས་གདན་ས་པ་མཛད་ཀྱང་འཕྲིན་ལས་བཞེད་པ་བཞིན་མ་བྱུང་། མནལ་ལམ་དུ་བླ་མས་བུ་བྱང་ཕྱོགས་སུ་སོང་ཞིག་ཅེས་ལུང་བསྟན་པ་བཞིན་བྱོན་པས། རྟོགས་ལྡན་མི་ཉག་སྒོམ་རིན་གྱི་དགོན་པ་ཉེ་གནས་ཀྱིས་ཕུལ་བར་ཕྱག་ཕེབས་ཏེ་དར་རྒྱས་སུ་མཛད་པས། འབྲི་གུང་ཐེལ་ཞེས་གངས་རིའི་ཁྲོད་ཀྱི་སྒྲུབ་བརྒྱུད་པའི་གཙུག་ན་མངོན་པར་མཐོ་བ་དེ་བྱུང་། རྗེ་དེ་ཉིད་ཀླུ་སྒྲུབ་ཀྱི་སྤྲུལ་པར་སིངྒ་ལའི་དགྲ་བཅོམ་པས་ལུང་བསྟན་པར་གྲགས་ཤིང་བསྟན་འགྲོར་ཕན་རླབས་ཆེ། སྐྱོབ་པ་རིན་པོ་ཆེའི་ཁུ་བོ་དཀོན་མཆོག་རིན་པོ་ཆེའི་སྲས་ཨ་མེས་གྲགས་རྒྱལ། དེ་ལ་སྲས་སྐུ་མཆེད་གསུམ་ལས། ཆེ་བ་དབོན་རིན་པོ་ཆེ། འབྲིང་བ་དབོན་བརྒྱུད་རྡོ་རྗེ་སེང་གེ། ཆུང་བ་གཅུང་རིན་པོ་ཆེ་རྡོ་རྗེ་གྲགས་པ་སྟེ། གཅུང་རིན་པོ་ཆེ་འདི་ཉིད་ཏེ་ལོ་པའི་སྤྲུལ་པར་གྲགས་ཤིང་སྐུ་ཡོན་ཆེ། འདིའི་དུས་སུ་སྒོམ་པ་ལ་ཁྲི་དཔོན་གྱི་འཇའ་ས་ལོན་ཞིང་། བྱང་དག་ཚུན་ལུང་གིས་མངའ་དབང་(215ན)བསྒྱུར་བས་སྟོབས་འབྱོར་གྱི་ལོངས་སྤྱོད་ཤིན་ཏུ་ཆེ་བ་བྱུང་། དེ་དག་ལ་བསམས་ནས་ཕྱིས་སུ་འབྲི་གུང་སྒོམ་པས། སྡེ་སྲིད་ཕག་གྲུ་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ལ། ད་ལྟའི་ས་སྐྱ་པས་བདག་བྱེད་པ་འདི་སྔོན་ངེད་འབྲི་གུང་པས་བྱེད་པར་སྣང་ཞེས་ཁེངས་དྲེགས་ཀྱི་གཏམ་སྨྲས་སྐད། འོན་ཀྱང་སྒོམ་པ་གསུམ་བཞིའི་རིང་ལ་ས་སྐྱ་པ་དང་མ་མཐུན་པས། འབྲིང་པོའི་སྲས་ཐོག་ཁ་བ་རིན་ཆེན་སེང་གེ་དང་། སྤྱན་སྔ་མཚམས་བཅད་པའི་རྗེས་སུ། གནུབས་གདན་སར་བཞུགས་ཐོག་འབྲི་གུང་གླིང་ལོག་ཆེན་པོ་དེ་བྱུང་སྐབས་འདུ་ཁང་ལ་མེ་བརྒྱབ་དུས་དགེ་འདུན་ཁྲི་ཚོ་ཙམ་གནམ་གཡང་ནས་མཁའ་ལ་འཕུར་ནས་སོང་སྐད། ཞལ་ངོ་རྣམས་ཀྱང་ཀོང་པོར་བྲོས་དགོས་བྱུང་ཞིང་མངའ་ཐང་ཡང་ཅུང་ཟད་བྲི། དེ་རྗེས་རྡོ་རྗེ་རིན་ཆེན། རྡོ་རྗེ་རྒྱལ་པོ། ཉེར་གཉིས་རིན་པོ་ཆེ། དོན་གྲུབ་རྒྱལ་པོ་རྣམས་རིམ་པར་བྱོན་ཏེ། སྤྱན་སྔའི་གོ་ས་དང་སྒྲུབ་བརྒྱུད་ཀྱི་བསྟན་པ་འཛིན་སྐྱོང་སྤེལ་གསུམ་ཁོ་ན་མཛད། འཇིག་རྟེན་གྱི་སྲིད་འཛིན་པ་པོ་ནི་ས་སྐྱའི་དཔོན་ཆེན་གྱི་དོད་པོ་འབྲི་གུང་གི་སྒོམ་པས་བྱེད་པ་ཡིན་པས། དེ་དག་གི་གོ་རིམ་ནི། སྒོམ་པ་རྡོ་རྗེ་སེང་གེ །ཤཱཀྱ་རིན་ཆེན། བྱང་ཤེ། (215བ)བྱང་ཆུབ། སྤང་རས། ཆོས་སེང་། རིན་ཆེན་སེང་གེ །སྒོམ་པ་དབོན་པོ། སྒོམ་པ་ཤཀ་དར། རིན་ཆེན་གྲགས། ཡེ་ཤེས་དཔལ། ཕྱི་མ་འདི་གྲོངས་དུས་ཏཱ་སི་བྱང་ཆུབ་རྒྱལ་མཚན་ཡང་འབྲི་གུང་དུ་འཕྲད་མོལ་ལ་བྱོན། བཀྲ་ཤིས་ལྗོངས་སུ་རིན་པོ་ཆེ་དང་མཇལ། སི་ཏུ་ནས་ཀྱང་རིན་ཆེན་རྡོ་རྗེ་སྒོམ་པ་ཆེ་བ་ལ་བསྐོས། ཀུན་རིན་ཆུང་བར་བསྐོས་ན་ལེགས་པའི་རྒྱུ་མཚན་ཕུལ་བ་བཞིན་མཛད། དེ་ནས་རིན་རྡོར་འདས་རྗེས་ཀུན་རིན་ལ་གོང་མའི་ལུང་མེད་ནའང་དབུས་གཙང་སྭོན་ཝི་སི་པ་རྣམས་ཀྱིས་ཁྱོན་བསྐོས་བྱས། སྤྱིར་གདན་ས་ཕན་ཚུན་གཉིས་ཟུང་འབྲེལ་ཡིན་པ་དང་། ཁྱད་པར་སྒོམ་པ་རང་ལ་ཏཱའི་སི་ཏུ་བཀའ་དྲིན་ཆེ་ཡང་། སྒོམ་པ་ཀུན་རིན་གྱིས་ཏཱའི་སི་ཏུ་ལ་ངན་ཤོམས་ཀྱི་གྲ་བསྒྲིགས་འགའ་ཞིག་བྱས་པ་ལ་བརྟེན་འབྲི་གུང་གི་བསྟན་སྲིད་ལ་ཕན་རླབས་ཆེ་བ་མ་བྱུང་། དེ་རྗེས་ཤཱཀྱ་བཟང་པོས་སྒོམ་པའི་ལས་ཀ་བཟུང་། དེ་ནས་རྫོང་ཇི་བསོད་རིན་དང་སྐུ་ཞང་ཚུལ་རྒྱལ་སོགས་ཀྱིས་སྲིད་འཛིན་པའི་སྲོལ་བྱུང་འདུག་ནའང་། ཆོས་རྒྱལ་རིན་ཆེན་དཔལ་བཟང་གི་ཐོག་བླ་དཔོན་སྦྲགས་ཏེ་ཆོས་སྲིད་ཀྱི་ལུང་བཟང་པོ་ཡོངས་སུ་བཟུང་། སྲས་གཉིས་འཁྲུངས་པའི་ཆུང་བ་སྤྱན་སྔ་རིན་པོ་ཆེ་ཆོས་(216ན)སྲིད་ཀྱི་མངོན་པར་མཐོ་བའི་གོ་སར་བྱོན། དེ་ལ་སྲས་གསུམ་བྱུང་བའི་ཆེ་བ་ཕག་མོ་གྲུར་བྱོན། འབྲིང་པོ་ཆོས་རྗེ་ཀུན་དགའ་རིན་པོ་ཆེ་གདན་སར་བཞུགས། འདིའི་དུས་ཞལ་ངོ་ནང་མཚམས་མ་མཐུན་པ་དང་། སྔ་ཐོག་འབྲི་གུང་བ་དང་། དགའ་ལྡན་པ་རྣམས་ལུགས་གཉིས་ཀྱི་འབྲེལ་བ་ཟབ་པའི་མུ་ཅན་དུ་ཡོད་ནའང་། འདིས་འབྲི་གུང་པའི་མངའ་འོག་ན་ཡོད་པའི་དགེ་ལུགས་ཀྱི་དགོན་པ་རྣམས་ཀྱི་ཞྭ་བསྒྱུར་བ་དང་། དགོན་པ་གཞན་ལའང་དཔུང་གི་སྦྱོར་བ་བཤམས་པ་སོགས་སྡེ་འཁྲུགས་ཁོ་ནས་དུས་འདའ་ཞིང་། འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་སྲིད་ལའང་ཕན་པ་ཆེར་མ་བྱུང་བའི་ངང་ནས་འདས། གཅུང་ཆོས་ཀྱི་རྒྱལ་པོས་སྤུ་ལུང་བཟུང་བའི་སྲས་དབོན་རིན་ཆེན་ཕུན་ཚོགས་ནི་རྒྱ་བོད་ཀྱི་མཁས་གྲུབ་འགའི་སྐྱེ་བ་གསལ་བར་དྲན་ཅིང་གདན་སར་བྱོན་ཏེ། རཏྣའི་མིང་ཅན་འགྲོ་བའི་ཁ་ལོ་སྒྱུར༔ ཞེས་པའི་ལུང་བསྟན་དང་མཐུན་པར་ཆོས་སྲིད་ཀྱི་མངའ་ཐང་གོང་དུ་འཕེལ། འདིའི་རྗེས་སུ་ཕག་མོ་གྲུ་ནས་དབོན་རིན་པོ་ཆེ་གདན་སར་བྱོན། ཐོག་ཁ་ནང་སོས་ཀོང་དམག་དྲངས། འབྲི་གཙང་སྲིད་དུ་བསྒྲིལ་བ་དང་། གོང་མ་སྡེ་སྲིད་ལའང་འབངས་གྱེན་ལོག་གི་རྣམ་པ་མཛད་པ་ལ་(216བ)བརྟེན་དུས་མི་བདེ་བ་མང་དུ་བྱུང་། དེ་རྗེས་ཟུར་པའི་སྲས་ཆོས་རྒྱལ་ཕུན་ཚོགས་རྒྱལ་པོ་གཙུག་ལག་འཛིན་གྱི་སྤྲུལ་པར་གྲགས་ཤིང་། དེ་ལ་སྲས་བཀྲ་ཤིས་ཕུན་ཚོགས་དང་། རྗེ་དྲུང་དཀོན་མཆོག་ཡན་ལག་གི་སྤྲུལ་སྐུ། རྗེ་དཀོན་མཆོག་རིན་ཆེན། དཀོན་མཆོག་ཕུན་ཚོགས་དང་བཞི་ལས། དཀོན་མཆོག་ཕུན་ཚོགས་ཀྱིས་གདན་ས་རྒྱུན་རིང་ཙམ་མཛད་པར་སྣང་། དེ་ལྟར་གདུང་རྒྱུད་གདན་རབས་མང་དུ་བྱོན་པའི་ནང་ནས། དུས་ཕྱིས་རིན་ཆེན་ཕུན་ཚོགས་དང་། ཆོས་ཀྱི་གྲགས་པ་གཉིས་མཁས་གྲུབ་རྙིང་མའི་སྔགས་འཆང་ཆེན་པོར་གྱུར་པས་༧གོང་ས་ལྔ་པ་ཆེན་པོས་ཀྱང་བསྔགས་བརྗོད་ཆེ། ཕྱིས་རིག་འཛིན་ཆོས་གྲགས་རབ་ཏུ་བྱུང་བ་ནས་སྐྱུ་རུའི་གདུང་རྒྱུད་ཆད། དེ་ཕྱིན་ཆད་སྤྲུལ་བརྒྱུད་དུ་གྱུར་པས་གདན་ས་སྐྱོང་བར་མཛད་པས། ཆོས་ཕྱོགས་ཀྱི་ཕྲིན་ལས་དེང་སང་གི་བར་མ་ཉམས་པར་གནས་ཀྱང་། སྲིད་ཕྱོགས་ཀྱི་སྟོབས་འབྱོར་ཅུང་ཟད་བྲི་བ་འདི་བྱུང་ངོ་། །བྱང་པ་བདག་པོ་ནི། རྒྱ་ནག་གི་གོང་མའི་ཁྲིམས་ལ་དབང་བསྒྱུར་བ་མི་ཉག་སིའུ་རྒྱལ་པོ་ནས་གདུང་རབས་བདུན་པ། མི་ཉག་རྒྱལ་རྒོད་ལས་རིམ་པར་བརྒྱུད་པ་མི་ཉག་སེང་གེ་དར། དེའི་སྲས་རྡོ་རྗེ་དཔལ་གྱིས་རྗེ་བཙུན་གྲགས་(217ན)རྒྱལ་གྱི་ཞབས་ལ་གཏུགས་ནས་དཔལ་ས་སྐྱ་པ་དང་འབྲེལ་བའི་འགོ་ཚུགས། དེའི་སྲས་དཀོན་མཆོག །འདི་ལ་སྲས་གསུམ་ལས། འབུམ་སྡེས་ཆོས་རྗེ་ས་པཎ་ལ་གུས་བཏུད་ལྷུར་མཛད། འདི་ལ་སྲས་དྲུག་ལས། གྲགས་པ་དར་གྱིས་སེ་ཆེན་རྒྱལ་པོའི་ལུང་བཞིན་རིན་པོ་ཆེའི་དམ་ཁ་དང་། སི་ཏུའི་ལས་ཀ་བླངས། བྱང་ངམ་རིང་གི་ཆོས་སྡེ་ཆེན་པོ་བཙུགས། དཔོན་ཆེན་གྲགས་དར་རམ་ཡོན་བཙུན་གྱི་སྲས་རྡོ་རྗེ་མགོན་པོས་ཡབ་མེས་ཀྱི་སྲོལ་བཞིན་ས་སྐྱའི་དཔོན་ཆེན་གྱི་ལས་ཀ་བཟུང་། ཚོགས་སྡེ་བཞི་ལ་བཀུར་བསྟི་བླ་ལྷག་ཏུ་མཛད། དེ་ལ་སྲས་དྲུག་ལས། ནམ་མཁའ་བསྟན་པས་རྒྱ་ཡུལ་དུ་བྱོན་པ་ལ་སྟག་མགོ་ནོར་བུ་གསུམ་པ་གུའི་གུང་གི་མཚན་དང་ཤེལ་གྱི་ཐོ་ཤུ་རྣམས་གནང་། སླར་ཏ་དབེན་གུ་ཤྲིའི་མིང་དང་ཤེལ་གྱི་དམ་ཁ་བླངས། ས་སྐྱ་དང་ངམ་རིང་གིས་གཙོས་པའི་ཆོས་སྡེ་རྣམས་ལ་བསྙེན་བཀུར་སོགས་ལུགས་གཉིས་ཀྱི་མཛད་པ་བཟང་། དེ་ལ་སྲས་རིན་ཆེན་རྒྱལ་མཚན་དང་། ནམ་མཁའ་རིན་ཆེན་གཉིས་ལས། གཅེན་གྱིས་ཡབ་ཀྱི་ཆེན་པོའི་ལས་ཀ་རྣམས་བླངས། དེ་ཉིད་སྤྱན་རས་གཟིགས་ཀྱི་སྤྲུལ་པར་གྲགས། འདིའི་(217བ)སྲས་སྔ་ཚར་གུའི་གུང་ཆོས་གྲགས་དཔལ་བཟང་གིས་སི་ཏུ་ཆང་གུའི་ལས་ཀ་བླངས། སྲས་ཕྱི་ཚར་ཟླ་བ་རྒྱལ་མཚན་དང་། འཁོན་སྟོབས་བསོད་ནམས་པའི་ཡུམ་རྣམས་འཁྲུངས། གཅུང་འཇམ་དབྱངས་པ་རྗེ་བཙུན་ས་པཎ་གྱི་དུས་སུ་འཁོར་དུ་སྐྱེས་པ་དྲན། ཤེས་བྱའི་གནས་ལ་བློ་གྲོས་གྱི་འཇུག་པ་མཆོག་ཏུ་ཡངས་ཤིང་། ཀྭ་དིང་གུ་ཤྲིའི་ལས་ཀ་བཟུང་། ཡབ་དང་གཅེན་གྱི་བཀའ་བཞིན་རབ་བྱུང་གི་བསླབ་པ་ཕུལ། དེ་ལ་སྲས་ལྕམ་སྲིང་གསུམ་འཁྲུངས། གུའི་གུང་ཆོས་གྲགས་པའི་སྲས་ཆེ་བ་བདག་ཆེན་རྣམ་རྒྱལ་གྲགས་བཟང་གིས་ཏཱའི་སི་ཏུའི་ལས་ཀ་དང་། གཅུང་དཀོན་མཆོག་ལེགས་པས་ཤྲི་ཟིའི་ཏྲེ་ཧོས་ཀྱི་ལས་ཀ་བཟུང་སྟེ། སྲིད་ཀྱི་འབྱོར་པ་ཤིན་ཏུ་ཆེ། ཁྱད་པར་གཅེན་གྱིས་ལོ་ཆེན་བྱང་ཆུབ་རྩེ་མོ་སོགས་དམ་པ་དུ་མའི་གསུང་གི་བདུད་རྩི་མྱང་། རྒྱ་གར་རྡོ་རྗེ་གདན་གྱི་མཁན་པོ་ཤཱ་རི་པུ་ཏྲ་དང་། བོ་དོང་ཕྱོགས་ལས་རྣམ་རྒྱལ་ལས་ཆོས་མང་དུ་གསན། དུས་འཁོར་ལ་མཁས་པའི་ཕུལ་དུ་ཕྱིན་པས། མཁས་པ་རྡོ་རྗེ་རྒྱལ་མཚན་དང་། མི་ཉག་ཆོས་གྲགས་བཟང་པོ་སོགས་ཀྱིས་ཆོས་རྒྱལ་འདི་ཉིད་ཀྱི་ཞབས་ལ་གཏུགས་ནས་དུས་འཁོར་གྱི་རྒྱུད་འགྲེལ་གསན། རྩེད་ཐང་(218ན)པ་སངས་རྒྱས་ལྷུན་གྲུབ་ཀྱིས་རིགས་ལྡན་འདི་ཉིད་ཀྱི་དྲུང་དུ་དུས་འཁོར་རྒྱུད་འགྲེལ་མཐར་ཕྱིན་པ་གསན་ནས། སླར་དབུས་སུ་པཎ་ཆེན་བྱམས་པ་གླིང་པའི་དྲུང་དུ་རིག་གནས་ཀྱི་ཐུགས་སྦྱོང་མཛད་སྐབས། བདག་ཆེན་འདི་ཉིད་ནས་དུས་འཁོར་གྱི་གསུང་གླེང་བྱུང་བས་ཐུགས་ཧ་ལས་ཏེ། ཉིད་ཀྱི་གསུང་འདི་ལྟར་ན། ངེད་ཀྱིས་སྔར་བརྩམས་པའི་རིགས་ལའང་བཅོས་བྱེད་དགོས་པར་འདུག་གསུངས་སྐད། མདོར་ན་དབུས་གཙང་གི་གཟུར་གནས་ཀྱི་མཁས་པ་རྣམས་ནས་རིགས་ལྡན་པདྨ་དཀར་པོ་སླར་བྱོན་པ་ཡིན་ཞེས་གླེང་། གཞན་ཡང་ཐེག་པ་ཆེ་ཆུང་གི་གསུང་རབ་མཐའ་དག་ལ་མཁྱེན་པའི་སྤྱན་ཡངས་པས། སྐབས་ཤིག་དུས་བཞི་ཅིག་ཅར་བ་དང་རིམ་གྱིས་པའི་སྐོར་ལ་བགྲོ་གླེང་མཛད་པའི་ཚེ། བདག་ཆེན་ཉིད་ཀྱིས་ན་བཟའ་བེར་གྱི་ཕུ་ཐུང་བརྫེས་ཏེ་ཐལ་འགྱུར་འཕེན་པ་སོགས་མཁས་པ་རྣམས་དཔའ་བཀོང་བར་མཛད། དུས་ཀྱི་འཁོར་ལོའི་དགོངས་འགྲེལ་དང་། རྗེ་བཙུན་གཡུ་ཐོག་པའི་རིང་ལུགས་གསལ་བར་བྱེད་པའི་གསོ་བ་རིག་པའི་བསྟན་བཅོས། སྒྲའི་བསྟན་བཅོས་ཀ་ལཱ་པའི་མདོ་རྒྱན། བཟོ་རིག་པ། དེ་བཞིན་གཤེགས་པའི་སྐུ་གཟུགས་ཀྱི་ཆ་ཚད།(218བ)བསྟན་པའི་གནས་ཚད། རྩིས་ཀྱི་སྐོར་དང་། གསང་སྔགས་ཀྱི་སྒྲུབ་ཐབས་མང་པོ། མཁས་གྲུབ་ཆོས་རྗེའི་རྩོད་ལན་སོགས་ལེགས་བཤད་མང་། དུས་འཁོར་གྱི་བློས་བསླང་སོགས་སྐུ་གསུང་ཐུགས་ཀྱི་རྟེན་བཞེངས་མང་དུ་མཛད། མནལ་ལམ་དུ་སློབ་དཔོན་ཆེན་པོ་མཇལ་བ་དང་། རྗེ་ས་ཆེན་ལ་ཐུགས་དད་དྲག་པོ་འཁྲུངས་པས། ས་ཆེན་དབུ་གཙུག་ནས་ཐིམ་པའི་སྣང་བ་སོགས་རྟོགས་པའི་ཡོན་ཏན་ཀྱང་མཐའ་ཡས། རིག་པའི་གནས་མཐའ་དག་ལ་མཁྱེན་སྤྱན་ཡངས་པས་རྒྱལ་པོ་པཎྜི་ཏ་ཞེས་སྙན་པའི་གྲགས་པ་ཆེ། རིན་པོ་ཆེའི་རྒྱན་སོགས་མི་ཆེན་གྱི་ཆ་ལུགས་དང་ལྡན་བཞིན་དུ། ས་དགེའི་སློབ་དཔོན་མཁས་པར་གྲགས་པ་རྣམས་ལ་གསུང་རབ་མཐའ་དག་བརྒལ་བརྟག་གིས་གཏན་ལ་འབེབས་པའི་བགྲོ་གླེང་མཛད་པ་སོགས་འཆད་རྩོད་རྩོམ་གསུམ་གྱི་དུས་འདའ་བས་ངོ་མཚར་ཆེ། དེ་རྗེས་ནམ་མཁའ་ཚེ་དབང་རྡོ་རྗེ། དེའི་སྲས་ནམ་མཁའ་རིན་ཆེན། བསོད་ནམས་རྒྱལ་མཚན། ཀུན་དགའ་ལེགས་པ་གསུམ་ལས། འབྲིང་པོ་རབ་ཏུ་བྱུང་། ཆུང་བ་ལྷོ་བྱང་ཡོངས་ལ་མངའ་དབང་བསྒྱུར། དཔའ་གཏུམ་གྱི་གྲགས་པ་ཆེ། མཆེད་གསུམ་གྱི་རིགས་ལས་ནམ་(219ན)མཁའ་རྒྱལ་མཚན། ཀུན་དགའ་རིན་ཆེན། བཀྲ་ཤིས་སྟོབས་རྒྱལ་སོགས་འཁྲུངས་པ་ལས། ཕྱི་མ་འདི་ཉིད་སློབ་དཔོན་ཆེན་པོའི་ཟབ་ཆོས་ཀྱི་བདག་པོར་བཀའ་བབས། མཐུ་ནུས་ཆེ་ཞིང་། གཙང་པ་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་མངོན་སྤྱོད་ཀྱིས་བསྒྲལ། འོན་ཀྱང་སྲིད་ཀྱི་མངའ་ཐང་ཕལ་ཆེར་སྡེ་པ་གཙང་པའི་འོག་ཏུ་སོང་ངོ་། །དྭགས་པོ་བཀའ་བརྒྱུད་ཀྱི་ནང་ནས་ཆོས་ཀྱི་མཛད་ཕྲིན་རྒྱ་ཆེ་བ་ཕག་མོ་གྲུ་པ་རྡོ་རྗེ་རྒྱལ་པོ་ཡིན་ལ། སྲིད་ཀྱི་དཔལ་འབྱོར་གོང་འཕེལ་དུ་གཏོང་བ་པོ་སྤྱན་སྔ་རིན་པོ་ཆེ་དང་། ཏཱ་སི་བྱང་ཆུབ་རྒྱལ་མཚན་སོགས་རླངས་ཀྱི་གདུང་རབས་ལས་བྱོན་པ་རྣམས་ཡིན་ཏེ། པུ་ཏི་བསེ་རུ་ལས། ལར་སྐྱེས་པའི་མིས་རང་གི་སྐྱེ་བརྒྱུད་མ་ཤེས་ན་ནགས་ཁུང་གི་སྤྲེའུ་དང་འདྲ། མི་རང་གི་ཆོ་འབྲང་མ་ཤེས་ན་གཡུ་འབྲུག་ཟོལ་མ་དང་འདྲ། ཡབ་མེས་ཆེ་གེའི་ཡིག་ཚང་མ་ཤེས་ན་མོན་ཕྲུག་ཡལ་བོར་དང་འདྲ། ཞེས་དང་། སྐྱེས་པའི་མི་ལ་གྲགས་པའི་གཏམ་དགོས། བྱས་པའི་ཆོས་ལ་གྲུབ་པའི་མཐའ་དགོས། ཆེ་བའི་མི་ལ་མཐོ་བའི་རྟགས་དགོས། ཞེས་གསུངས་པ་ལྟར་བོད་སིལ་བུར་མ་སོང་བའི་སྔ་རབས་ཀྱི་དུས། རྗེ་འབངས་མཐའ་དག་(219བ)རིགས་རུས་འཆོལ་བར་མི་སྤྱོད་པས་ཁུངས་དང་ཡིག་ཚང་ལ་ནན་ཏན་དུ་བྱེད་པའི་སྲོལ་ཡོད་འདུག་ཀྱང་། དེང་སང་ནི་འདི་རིགས་ཀྱི་རྒྱུ་མཚན་མང་དུ་སྨྲ་བ་ནི་ཇི་སྐད་དུ། སྤྲེལ་རྒན་རྣམས་ཀྱིས་མི་བཟུང་ནས། །མཇུག་མ་མེད་ཅེས་བཞད་གད་བྱེད། །ཅེས་པའི་ཚུལ་ལྟ་བུར་འགྲོ་བར་གདའ་ནའང་། གོང་གི་འཕྲོས་ལས་འདི་ཉིད་ཅུང་ཟད་བརྗོད་ན། པུ་ཏི་བསེ་རུ་ལས། འབངས་ཀྱི་མི་རབས་ལ། །འབྱུང་བ་སྣ་ལྔའི་སྙིང་པོ་ལ། །སྒོ་ང་ཆེན་པོ་གཅིག་ཡོད་པ། །ཕྱིའི་སྒོང་ཤུན་ལ་ལྷ་བྲག་དཀར་པོ་ཆགས། །ནང་གི་སྒོང་ཆུལ་དུང་མཚོ་དཀར་མེར་འཁྱིལ། །བར་གྱི་སྒོ་ངའི་ངར་ཆ་ལ། །རིགས་དྲུག་སེམས་ཅན་ཀུན་ཏུ་གྲོལ། །སྒོ་ང་འཕྲུམ་གྱིས་བཅོ་བརྒྱད་ཆགས། །སྒོ་ང་བཅོ་བརྒྱད་འབྲིང་པོ་དེ། །དུང་སྒོང་གཅིག་ཏུ་ཡར་ནས་བྱུང་། །ཞེས་བཤད་པ་ལྟར། དུང་གི་སྒོ་ང་དེ་ལ་དབང་པོ་ལྔ་དང་། ཡན་ལག་རྣམས་སོ་སོར་དོད་དེ། མཚར་སྡུག་གི་ཁྱེའུ་ཡིད་ལ་སྨོན་པ་ལྟ་བུ་ཞིག་བྱུང་བས་མིང་ཡེ་སྨོན་རྒྱལ་པོར་བཏགས། དེའི་ཇོ་མོ་ཆུ་ལྕག་རྒྱལ་མོ་ལ། འཕྲུལ་སྲས་དབང་ལྡན་འཁྲུངས། དེས་དུང་བཟའ་དངུལ་མོ་བླངས་པ་ལ། ཀྭོ་སྲས་སྐྱེས་གཅིག་འཁྲུངས། དེའི་སྲས་མི་རབས་མཆེད་གསུམ་ལས། (220ན)ཆུང་བ་སྟག་ཚལ་འལ་འོལ་གྱི་ཇོ་མོ་འཚམས་བཟའ་ཁྱད་ཁྱུད་ལ་སྲས་མགུར་ལྷ་མཆེད་བཞི་བྱུང་། ཆུང་བའི་སྲས་ཡབ་ལྷ་སྡེ་དྲུག་གི་ཆུང་བ་འོ་དེ་གུང་རྒྱལ་གྱི་ཇོ་མོ་ལྷ་མོ་ལ་ལྷ་ཚ་མཆེད་དགུ་བྱུང་། ཇོ་མོ་གཉན་མོ་ལ་གཉན་ཚ་མཆེད་དགུ། ཇོ་མོ་རྨུས་མོ་ལ་རྨུ་ཚ་མཆེད་དགུ །ཇོ་མོ་ཀླུ་བཟའ་ལ་ཀླུ་ཚ་མཆེད་བརྒྱད་བྱུང་། ཀུན་བསྒྲིལ་བས་སྲས་སུམ་ཅུ་རྩ་ལྔ་བྱུང་། དེ་རྣམས་ཀྱི་ཆུང་བ་སྣེ་ཁྲོམ་ལག་ཁའི་ཇོ་མོ་ལྷ་ལྕམ་ལ་ལ་ཁ་རྒྱལ་པོ་འཁྲུངས། དེའི་ཇོ་མོ་ལུང་ཁ་ཧྲིལ་མོ་ལ་སྲས་གསུམ་གྱི་ཆེ་བ་མཐིང་གི །དེའི་ཇོ་མོ་ལྷ་ལྕམ་དཀར་མོ་ལ་སྲས་བོད་འཇོངས་ལ་བྲང་། དེའི་རྨུ་བཟའ་མཐིང་བསྒྲིལ་ཁབ་ཏུ་བཞེས་པར་རྒྱ་ཁྲི་ལ་ཞང་འཁྲུངས། དེ་ལ་སྲས་རྒྱལ་པོ་ཆེ་ཆུང་གསུམ། བརྒྱུད་བརྒྱད་ཡོད་པ་ལས། ཆུང་བའི་ཇོ་མོ་མཐིང་མོ་ལ་སྲས་གསུམ་བྱུང་བའི་ཁྲི་རྗེ་གཉན་ཐང་གི་སྲས་དཔལ་ལྷ། དེའི་སྲས་ཨ་མི་མུ་ཟི་ཁྲི་དོའི་ཇོ་མོ་གཉན་བཟའ་ཤ་མིག་ལ་སྲས་གསུམ་དང་། རྨུ་བཟའ་ལ་སྲས་གཅིག །སྲིན་བཟའ་ལ་སྲས་གཉིས་ཏེ་དྲུག་བྱུང་ལ། འདི་དག་ལས་མཆེད་པ་རུས་ཆེན་བཅོ་བརྒྱད། འབྲས་ལ་དཀར་ནག་ཁྲ་གསུམ་སོགས་དང་། བོད་མིའུ་གདུང་དྲུག་བྱུང་ཚུལ་ཤིན་ཏུ་མང་(220བ)ཞིང་། སྟོད་ཀྱི་འབྲས་དཀར་མཆེད་དགུ་ལ། །བལ་པོ་དང་བལ་ཡོ་བལ་སྲིད་གསུམ། །མ་སྟོང་བལ་སྟོང་ཅོན་སྟོང་དྲུག །མར་བ་དང་ཞང་ཆུང་པུ་རངས་དགུ། །ཞེས་སོགས་དབྱེ་བ་ཤིན་ཏུ་མང་ཞིང་། བསེ་ཁྱུང་འབྲས་ཀྱི་ཇོ་མོ་བཙན་བཟའ་དགེ་ལྡན་མའི་སྲས་འབྲས་ཁྲ་བོ། དེའི་ཇོ་མོ་སྲུན་བཟའ་ཁྲ་མོ་ལ་སྲས་བཞི་བྱུང་བའི་ས་ཆེས་ཧོར་བཟའ་འབུམ་མོ་ཁབ་ཏུ་བཞེས་པ་ལ་ཁྱུང་རུ་དཀར་པོ། དེའི་སྲས་འབུམ་རེ་ཤེལ་མིག །དེའི་སྲས་ཨར་རྗེ་གཙུག་གསུམ། དེ་ལ་གནམ་ལྷ་མཆེད་བརྒྱད་ཀྱི་ལྔ་པས་སྲས་སུ་སྤྲུལ་པའི་མིང་མང་ལྡོམ་སྟག་བཙན། དེའི་ཇོ་མོ་རོང་བཟའ་ཁྱེ་ལྕམ་ལ་སྲས་མ་བྱུང་བས་ཐུགས་མ་བདེ་བར་ལྷ་ཡུལ་དུ་བྱོན་ཏེ་རང་གི་གཅེན་རྣམས་ལ་དྲིས་པར། རང་རེ་ལྷ་སྲས་མཆེད་བརྒྱད་ཀྱི། །ཁྱེད་ནི་མི་ཡི་སྲས་སུ་སྤྲུལ། །བུ་དང་སྲས་མེད་ཐུགས་ཆད་ན། །ཟླ་བ་བཅུ་གསུམ་སྒྲུབ་པ་མཛོད། །ཡི་དམ་བསྒོམས་ལ་གསང་སྔགས་བགྲོངས། །ལོ་གསར་ཟླ་བ་བཅུ་གསུམ་ལ། །ལྷ་རི་གཉན་པོ་ཅན་དུ་བྱོན། །བསངས་དང་མཆོད་པ་གསོལ་བ་ཐོབ། །ལྷ་ཚངས་སྲས་མོ་འགྲུབ་སྟེ་འོང་། །ལྷ་ཚངས་སྲས་མོ་འགྲུབ་པ་ན། །ལྷ་ཡི་སྲས་ལ་མི་ཡི་བརྒྱུད། །རིགས་བརྒྱུད་ཁྱད་དུ་འཕགས་པ་འོང་། །མི་(221ན)རབས་བདུན་ཅུ་རྩ་གསུམ་བར། །བླ་མ་མི་དཔོན་རྒྱུན་མི་ཆད། །སེམས་ཅན་ཀུན་གྱི་འདྲེན་པ་དང་། །དཔའ་བོས་རྒྱལ་ཁམས་འདུལ་བ་དང་། །གྲགས་པ་ས་སྟེང་ཁེབས་པ་འོང་། །ཞེས་གསུངས་པ་དང་མཐུན་པར་མི་ཡུལ་དུ་བྱོན་ཏེ་སྒྲུབ་པ་མཛད། ལོ་གསར་གྱི་ཟླ་བ་ལ་ལྷ་རིའི་རྩེར་བྱོན་ཏེ་མཆོད་པ་མཛད་པས་ནམ་མཁའ་ལས་འཇའ་ཚོན་སྣ་ལྔ་པ་བྱུང་ཞིང་བར་སྣང་ལ་རོལ་མོའི་སྒྲ་སོགས་ཆོ་འཕྲུལ་སྣ་ཚོགས་བྱུང་བས། ཚངས་སྲས་ལྷ་མོ་འཁོར་བརྒྱད་དང་བཅས་པ་བྱོན་པར་གཟིགས་ཏེ། ཆུང་མ་མཛད་པར་གསོལ་བ་བཞིན་འཁོར་རྣམས་འོད་དུ་ཡལ། ལྷ་མོས་ཞལ་གྱིས་བཞེས། རྡོ་རྗེ་རྣམ་འཇོམས་ཀྱི་ཁྲུས་ཆུས་ཇོ་མོའི་སྐུ་ལུས་བཀྲུས་ནས་ཡུལ་དུ་བྱོན། ཡུན་རིང་དུ་སོང་ཡང་སྲས་མ་བྱུང་། སྐབས་ཤིག་ནམ་མཁའ་ནས་སྒྲ་ཞིག་ལ། མང་ལྡོམ་སྟག་བཙན་དམག་ལ་བྱོན། །རྒྱ་དམག་བོད་དུ་ལྷགས་དོགས་ཡོད། །རྒྱ་དམག་བོད་དུ་ལྷགས་པ་ན། །ཁྱོད་མིན་གང་གིས་ཐུབ་མི་འགྱུར། །ཞེས་བྱུང་བས། མང་ལྡོམ་གྱིས་ཆིབས་དང་དཀར་གཡུ་གཤོག་ལ་ཆིབས། དངུལ་དཀར་གྱི་དུང་ཁྲབ་དང་ཤེལ་དཀར་གྱི་རྨོག་དེ་གྱོན། འོད་འབར་གྱི་མཚོན་བཏགས་(221བ)ནས། ནམ་མཁའ་ལ་ལྷ་དམག་དང་ཆུ་རྒྱུད་ལ་ཀླུ་དམག་རྣམས་འགྲིམ་དུ་བཅུག་སྟེ་བྱོན་པས། རྒྱ་རྣམས་བྲོས་ཏེ་གཡུལ་ལས་རྒྱལ། སྐབས་དེར་སྨན་བཙུན་གྱིས་ལྷ་ཡུལ་ནས་ཁྲིད་པའི་དུང་གི་མཛོ་མོ་བྲོས་པ་མང་ལྡོམ་གྱིས་བཀག །སྨན་བཙུན་གྱིས་མཛོ་མོ་འཚོལ་དུ་འོངས་པ་གཟིགས་ནས། མཛོ་མོ་མི་འགྲོ་བའི་ཕྱག་རྒྱས་བཅིངས་ཏེ་ཕ་བོང་གུར་འདྲའི་ནང་དུ་བྱོན། སྒོ་བསྡམས་ཏེ་ཟུར་གཅིག་ནས་གཟིགས་པས། སྨན་བཙུན་གྱིས་མཛོ་མོ་ལ་འོ་མ་བཞོས་པའི་ཕུད་ཀྱིས་དཀོན་མཆོག་དང་། མང་ལྡོམ་གྱི་སྐྱབས་ལྷ་ལ་མཆོད་པ་ཕུལ། ལྷག་མ་ཆུ་ལ་བླུགས་ནས། རིགས་བརྒྱུད་ཁྱད་འཕགས་འབྱུང་བའི་སྨོན་ལམ་བཏབ་པས་མང་ལྡོམ་མཉེས། དུས་དེར་ནམ་མཁའ་ནས་སྤྲུལ་པའི་ལྷ་བརྒྱུད་སྤེལ་རན་པས། སང་ཕོད་དུས་ཀྱི་ད་ཙམ་ན། །རིགས་ཀྱི་སྲས་བུ་འཁྲུངས་པར་འགྱུར། །ཟེར་བའི་སྒྲ་བྱུང་བ་དང་། མང་ལྡོམ་གྱིས་སྨན་བཙུན་གྱི་སར་བྱོན་ནས་གཟིམས། ཐོ་རངས་མི་དཀར་རྟ་དཀར་དུ་སྤྲུལ་ནས། མཆེད་བདུན་ལ་གསུང་བ་བཞིན་བྱས་ཡོད། །སྲས་ཇི་ལྟར་འཁྲུངས་ཞུས་པའི་ལན་དུ། མི་བརྒྱུད་ལྷ་རབས་གསུམ་དུ་ཡོང་། །གཅིག་གིས་བླ་མའི་བརྒྱུད་པ་འཛིན། །སེམས་ཅན་ཀུན་གྱི་འདྲེན་པ་བྱེད། །གཅིག་གིས་བོད་ཁམས་དཔོན་(222ན)དུ་འགྱུར། །བོད་ཁམས་ཀུན་གྱི་རྗེ་བྱེད་ཅིང་། །གཅིག་གིས་དཔའ་བའི་རིགས་སུ་ཡོང་། །ཞེས་གསུངས། དེ་ནས་ཟླ་བ་བདུན་རྫོགས་དུས། ཉམས་སད་པའི་ཕྱིར་དུ་བདག་གི་སྲས་མ་ལགས་ཞེས་ལྷ་མོ་ལ་གསུངས་པས། སྲས་འཁྲུངས་ཁར་སྨན་བཙུན་གྱིས་སྔར་གཟིམ་སར་བྱོན། མནལ་ལམ་དུ་གསེར་གྱི་མཆོད་རྟེན་རིན་པོ་ཆེས་སྤྲས་པ་ལ། བང་རིམ་གྲངས་མེད་ཅིང་ཐོག་མཐའ་བར་གསུམ་ལ་རིམ་བཞིན་བླ་མ། ལྷའི་བུ་བུ་མོ་བསྒྲིགས་པ་ཞིག་པང་དུ་བྱུང་བ་རྨིས། སང་སྲས་འཁྲུངས་པ་ལྷ་རིའི་རྩེར་ཁྱེར་ཏེ། གཡམ་སྒྲོམ་གྱི་ནང་དུ་སྲས་བཞག་ནས། མང་ལྡོམ་གྱི་སྲས་ཡིན་ན་མི་བརྒྱུད་ལྷ་ལས་སྲ་བ་དང་། མིན་ན་བྱ་དང་གཅན་གཟན་གྱིས་ཟ་བའི་སྨོན་ལམ་བཏབ། མིའི་དྲི་མ་ཕོག་པའི་སྟབས་ཀྱིས་ལྷ་གནས་སུ་མ་ཐོན་པར་ཡུལ་དུ་ལོག །དེར་མང་ལྡོམ་ལ་རྒྱུ་མཚན་རྣམས་བཤད་པས། དེ་མ་ཐག་ཡབ་ཡུམ་གཉིས་ཀྱིས་ལྷ་རིའི་རྩེར་ཕྱིན་པ་ན། ཁྱེའུ་གཡུའི་ཟུར་ཕུད་ཅན་སྤྱི་གཙུག་ན་རླངས་པ་དཀར་པོ་ཡོང་བ་གཅིག་ལ་གཡུ་འབྲུག་གིས་ངར་ཆུ་བླུད། སེང་གེས་ནུ་ཞོ་བསྣུན། རྒོད་ཀྱི་གཤོག་པས་བཀབ། གཅན་གཟན་རི་དྭགས་ཀྱིས་བསྐོར་བ་བྱེད། འཇའ་ཚོན་གྱི་གུར་ཕུབ་འདུག་པ་གཟིགས་པས། ཡབ་དགྱེས་ཏེ།(222བ)རླངས་སོ་རླངས་སོ་ལན་གསུམ་རླངས། གསུངས་པས་རླངས་ཀྱི་གདུང་བརྒྱུད་ཅེས་མིང་དེ་ནས་ཆགས། འགའ་ཞིག་ཏུ་ག་ལ་བཏགས་སུ་སྣང་བ་ནི་ཡིག་མཁན་གྱིས་མ་དག་པའི་རྒྱུན་འབྱམས་པར་ངེས་སོ། །དེའི་ཇོ་མོ་ལྡོང་བཟའ་ཁྲི་སྒྲོན་ལ་སྲས་དཔའ་བོ། དེའི་ཇོ་མོ་ཅོག་རོ་བཟའ་ལྷ་གནམ་གྱི་སྲས་སྟོང་ཐོ། དེའི་སྲས་ཆེ་ཆེ། དེའི་སྲས་རྒོད་ལྡིང་། གཅེན་པོའི་སྟེང་དུ་རྒོད་ལྡིང་བ་ལྟར་འཕུར་བས་མིང་དེ་ལྟར་ཆགས། དེའི་སྲས་སྟོང་དགེ །དེའི་སྲས་སྟོང་ཁྲི། དེའི་སྲས་ཕག་ཚང་། དེའི་སྲས་ལྡང་ར། དེའི་སྲས་གཙུག་གཉེན་རྫོང་ཁོང་། དེའི་སྲས་བཙན་པ་འདབ་ཤོང་། དེའི་སྲས་སྣང་གཉན་ཁོང་སླེབ། དེའི་སྲས་མང་པོ་ཆེ་སྒྲོ་ཁ། དེའི་སྲས་སྟག་པོ་ཆེ་དར་དཔལ། འདིས་མ་ཕམ་གཡུ་མཚོའི་འགྲམ་དུ་གསེར་གྱི་ཤཱཀྱ་མུ་ནེ་བཞེངས། གཡུ་སྣང་བ་འོད་ལྡན་ཡོན་དུ་ཕུལ། བྱུ་རུ་བཀྲ་ཤིས་འོད་འབར་གྱི་མཆོད་རྫས་བྱས། གྲུབ་ཐོབ་སེང་གེ་རབ་གནས་སུ་གདན་དྲངས་པའི་ཚེ། སྒང་བཟའ་ལྷ་མོ་ལ་སྲས་གཅིག་འཁྲུངས་པ། གྲུབ་ཐོབ་ཀྱིས་མཚོ་ནི་བཟང་ཞིང་སྲས་འདི་ལྷའི་སྤྱན་གྱིས་གཟིགས་པ་ཞིག་བྱུང་བས། མཚོ་བཟང་ལྷ་གཟིགས་སུ་ཐོགས་གསུང་། འདི་ནས་བཟུང་སྟེ་རླབས་ལྷ་གཟིགས་སུ་གྲགས་ལ། འདིའི་སྲས་(223ན)ཨ་མི་བྱང་ཆུབ་འདྲེ་བཀོལ་ཏེ། དགུང་ལོ་བརྒྱད་ལ་ཨོ་རྒྱན་དུ་བྱོན་པ་དང་། སྲིན་པོ་བཏུལ་ནས་ཕྱིར་བྱོན་པའི་ཚེ་ཡི་དམ་གྱི་ཞལ་གཟིགས་པ་དང་། གེ་སར་གྱིས་གླིང་ཡུལ་དུ་ལན་གཉིས་གདན་དྲངས་པའི་ཕྱི་མའི་ཚེ། ཕ་བོང་གྲ་བ་རྟ་འདྲ་བ་ལ་ཆིབས་ནས་ཕྱོགས་བཞིར་གདོན་ཆེན་པོ་བཞི་བཏུལ་བ་སོགས་རྫུ་འཕྲུལ་མཐའ་ཡས་ཤིང་། སྔར་བྱང་ཆུབ་རྡོ་རྗེ་ཟེར་ཡང་། ཕྱིས་ལྷ་སྲིན་བྲན་དུ་འཁོལ་བས་འདྲེ་བཀོལ་དུ་མཚན་ཆགས། སློབ་དཔོན་ཆེན་པོ་པདྨས་ཀྱང་། བྱང་དང་ཆུབ་ཅེས་བྱ་བ་ཡི། །མི་བུ་ཁྱད་དུ་འཕགས་པ་འོང་། །དེ་ནི་ང་ཡི་ཐུགས་ཀྱི་སྲས། །ཞེས་གསུངས་ཤིང་། བྱང་ཆུབ་འདྲེ་བཀོལ་ཉིད་ཀྱི་གསུང་དུ་ཡང་། །ད་ནས་མི་རབས་བཅུ་གསུམ་ན། །བོད་ཁམས་ཡོངས་ཀྱི་བདག་པོ་འོང་། །ཞེས་ལུང་བསྟན་པ། འཇམ་དབྱངས་གོང་མ་རྒྱལ་པོའི་ཕོ་བྲང་ཚུན་གྱི་མཆོག་དམན་གྱི་སྐྱེ་བོ་མཐའ་དག་གི་མིག་དང་རྣ་བའི་སྤྱོད་ཡུལ་དུ་གྱུར་པ་དེ་ལྟར་ཡིན་ལ། འདིའི་ཇོ་མོ་སྐལ་ལྡན་མ་ལ་སྲས་དཔལ་གྱི་སེང་གེ །གཉན་ཐོག་ཨ་ཁྲོམ། སྟག་ཚབ་གསུམ་ལས། འབྲིང་པོ་གཉན་ཐོག་ཨ་ཁྲོམ་གྱི་སྲས་གཉན་པོ་ཉ་མོག་ཁྲི། དེའི་སྲས་རླངས་སྟོན་བྱ་ཞུ་ནག་པོ། དེའི་སྲས་ཨ་སེང་། (223བ)དེའི་སྲས་ཨ་སེར། དེའི་སྲས་སྐྱབས་བདུན། དཔལ་དང་བརྒྱད། བཙན་དང་དགུ་ཞེས་པའི་ཆེ་བ་ཡོན་ཆེན་རྒྱལ་བ་སྐྱབས་ཡིན་ལ། དེ་ཡང་རླངས་སྟོད་ཐོ་ཡི་སྤྱི་དཔོན་མཛད། མགོ་རུམ་སེང་གེས་རྒྱ་བཅོམ། རྩེ་འཐོན་གྱིས་དྲག་པོ་སྤུན་བཞི་བཏུལ། ལྡོང་སྲས་ཀྱིས་འདན་ཡུལ་དབང་དུ་འདུས་པ་སོགས་འཇིག་རྟེན་མི་ཆོས་ནས་མངོན་པར་མཐོ་བ་ཤིན་ཏུ་མང་ཞིང་། དམ་པའི་ལྷ་ཆོས་ཀྱི་སྒོ་ནས། བྱང་ཆུབ་འདྲེ་བཀོལ་ནི་གོང་དུ་སྨོས་ཟིན་པ་ལྟར་ལ། དེའི་སྲས་གསུམ་གྱིས་དཔག་པར་དཀའ་བའི་སྤྲུལ་བསྒྱུར་མཛད་པ་དང་། རླངས་ཁམས་པ་གོ་ཆ་རབ་ཏུ་བྱུང་བའི་སད་མི་མི་བདུན་གྱི་བར་མར་གྲགས། རླངས་དཔལ་གྱི་སེང་གེ་སློབ་དཔོན་ཆེན་པོའི་ཐུགས་སྲས་སུ་གྱུར་ཏེ་གྲུབ་པ་བརྙེས། ཡེ་ཤེས་རྡོ་རྗེས་ཉི་མ་གཏོད་ལ་མནན། ཡེ་ཤེས་སེང་གེས་དཔལ་ཐང་དུ་ཇག་པ་བཏུལ། དཔལ་གྱི་འབྱུང་གནས་ཀྱིས་ལྷ་འདྲེ་དམ་ལ་བཏགས། དར་མ་སེང་གེས་དུར་ཁྲོད་བསིལ་བ་ཚལ་དུ་བྱོན། དཔལ་གྱི་རྡོ་རྗེས་ཉི་ཟེར་ལ་ཆོས་གོས་བཀལ་བ་སོགས་གྲུབ་པ་བརྙེས་པའི་མཐུ་སྟོབས་དང་རྫུ་འཕྲུལ་དཔག་པར་དཀའ་བ་ཤ་སྟག་ཏུ་བྱོན། དེ་ནས་ཡོན་ཆེན་རྒྱལ་བ་སྐྱབས་ལ་ཇོ་མོ་གསུམ་གྱི། དང་པོ་འབྲོ་ལྡོག་བཟའི་སྲས་སྤྱན་སྔ་རིན་(224ན)པོ་ཆེ་དང་། དཔོན་ཆེན་སངས་རྒྱས་སྐྱབས། དཔོན་ཤེས་རབ་རྒྱལ་ཏེ་གསུམ་ལས། དང་པོ་སྤྱན་སྔ་རིན་པོ་ཆེ་ནི། ཡབ་མེས་ཀྱི་ཐུགས་བཞེད་བཞིན་འབྲི་གུང་དུ་བྱོན་ནས་བཀའ་བརྒྱད་ཀྱི་ཆོས་ལ་གཙོ་བོར་མཛད། གསུང་རབ་དགོངས་འགྲེལ་དང་བཅས་པ་ལ་གསན་བསམ་སྒོམ་པ་ལ་མཐར་ཕྱིན་པས་གྲུབ་མཐའ་རིས་མེད་ཀྱི་བསྟན་པའི་བདག་པོར་གྱུར། ཧོར་དོར་རྟ་ནག་པོའང་རྗེ་འདིས་ཐོག་ཕབ་པ་ལ་སོགས་པའི་རྫུ་འཕྲུལ་གྱིས་བཏུལ་བར་མཛད་པས་ཁ་བ་རི་པ་ལ་བཀའ་དྲིན་ཆེ་བ་བྱུང་། དེ་རྗེས་རྒྱལ་བ་རིན་པོ་ཆེ་རབ་ཏུ་བྱུང་བའི་མཚན་གྲགས་པ་བརྩོན་འགྲུས་ཏེ། དབུས་སུ་ཕེབས་ནས་རྗེ་སྤྱན་སྔ་རིན་པོ་ཆེས་བྱིན་གྱིས་བརླབས་པས་ཆོས་ཐམས་ཅད་མཉམ་པ་ཉིད་དུ་རྟོགས། མཁས་གྲུབ་ཀྱི་ཡོན་ཏན་ཕུལ་དུ་ཕྱིན་ཅིང་། ནམ་མཁའ་ལས་ཐོག་བབས་པ་སྐུ་ཆོས་སུ་བཏུམས་པས་རྒྱལ་སྲས་ཐོག་རྡུགས་པ་ཞེས་ནུས་མཐུའི་སྙན་པ་ཆེ། གདན་སར་ཕེབས་ནས་སིང་གྷ་གླིང་། ཏི་ར་ཧུ་ཏི། ཡ་རྩེ་རྒྱལ་པོ་རྣམས་ཀྱིས་མཁོ་རྒུའི་ཡོ་བྱད་བསམ་གྱིས་མི་ཁྱབ་པ་ཕུལ་ཞིང་། ཁྱད་པར་སོག་པོ་རྦད་འགྱེལ་དུ་གྲགས་པའི་ནོར་བུ་སོགས་ནོར་སྣའི་རིགས་ཀྱི་མཆོད་རྫས་མང་པོ་ཕྱག་ཏུ་སོན་པ་བོད་ཡུལ་དུ་བསྣམས་པ་ལ་བརྟེན་ནས་བོད་ཡུལ་(224བ)དུ་བརྟེན་མཆོད་གདན་ས་མཐིལ་རང་བཟང་བར་གྲགས་པ་ཡང་འདིའི་དུས་སུ་བྱུང་བར་སྣང་། སྤྱན་སྔ་རིན་པོ་ཆེ་ཡན་ཆད་དུ་གོང་མའི་འཇའ་ས་སོགས་མེད་འདུག་ཀྱང་། འདི་ཉིད་ཀྱི་དུས་ཧུ་ལ་ཧུར་གཏོགས་པ་རྣམས་གོང་མའི་ལུང་གི་འཇའ་ས་དང་བཅས་ལྡན་མ་སྒོམ་བརྩོན་གྱིས་སྤྱི་དཔོན་བྱས་ནའང་ལུགས་དང་འབྲེལ་བར་མ་བྱུང་བས། སླར་དཔོན་རྡོ་རྗེ་དཔལ་རྐང་བཞིའི་དཔོན་བྱེད་ཀྱིན་ཡོད་པ་རྒྱལ་བ་རིན་པོ་ཆེས་ཚུར་བཀུག་སྟེ་ཁྲི་དཔོན་དུ་བསྐོས། གོང་སར་ལན་གསུམ་བྱོན། ཕོ་བྲང་སྒང་། ཚོང་འདུས་བྲག་ཁ། སྣེའུ་གདོང་། སྣ་མོ། ཧ་ལ་སྒང་། ཐང་པོ་ཆེ་གླིང་སྨད། འཕྱོས་གཞིས་ཀ །མོན་མཁར་བཀྲ་ཤིས་གདོང་། རྒྱལ་ཐང་། ལྕགས་རྩེ་གྲི་ཁུ། མཆོད་རྟེན་གླིང་། ཆད་དཀར་ཏེ་གཞིས་ཀ་བཅུ་གཉིས་བརྩིགས་ཤིང་མངའ་ཐང་ཤིན་ཏུ་རྒྱས། དཔོན་རང་ཡང་དབུ་ལ་སྒོམ་ཞྭ་དང་། སྐུ་ལ་ཆོས་གོས་རྣམ་གསུམ་གསོལ་ཞིང་བཙུན་ཚུགས་མ་དོར་བས་ལུགས་གཉིས་ཀའི་ཐད་ནས་ཀུན་གྱིས་མཐོང་བཟོས་ཆེ། འཁོར་རྣམས་ཀྱང་འཆུན་ཆེ་བའི་སྟབས་ཀྱིས་དྲག་ཞན་མཐའ་དག་གིས་དཔོན་གྱི་གཟིགས་སར་བག་ཡངས་ཀྱི་སྤྱོད་པ་བྱེད་མི་ནུས་སྐད། ཆོས་རྗེ་བཅུ་གཉིས་རིན་པོ་ཆེ་རྡོ་རྗེ་ནི། མཁྱེན་དཔྱོད་(225ན)ཟབ་ཅིང་ཡངས་པས་ལུང་རྟོགས་ཀྱི་ཡོན་ཏན་མཐའ་ཡས་ཤིང་། གདན་སར་ཕེབས་ནས་པུ་རང་ལོ་ཆུང་གི་ཐུགས་དམ་དགྲ་ནག་ལ་གསོལ་བ་བཏབ་པས་ལྷོ་རྒྱུད་ཀྱི་འཁྲུགས་པ་ཞི་བ་དང་། མངོན་མཁྱེན་ཐོགས་པ་མེད་པ་སོགས་རྣམ་ཐར་ཡ་མཚན་ཅན་མང་། འདི་དུས་ཁྲི་དཔོན་རྡོ་རྗེ་དཔལ་གྲོངས་ནས་ཁོང་གི་གཅུང་གཞོན་ནུ་རྒྱལ་མཚན་ཁྲི་དཔོན་གྱི་གོ་སར་བསྐོས་ཀྱང་། མགོ་ལ་སྨྱུག་ཞྭ། ལུས་ལ་ཧོར་གོས། རྐང་པ་ལ་ཧོར་ལྷམ་གྱོན། མཚན་ཕྱེད་ཀྱི་རིང་གླུ་ལེན་ཞིང་བྲོ་བརྡུང་། ཉིན་ཕྱེད་ཀྱི་བར་ཉལ་བ་སོགས་བག་མེད་ཀྱི་སྤྱོད་པ་ཁོ་ནས་དུས་འདའ་བས་ཕག་མོ་གྲུ་པའི་སྡེ་ཚུགས་ལ་ཤིན་ཏུ་གནོད་པ་བྱུང་། ཁོང་འདས་རྗེས་ལྷོ་བྲག་གཤོང་སྡེ་མཁན་པོ་རིན་རྒྱལ་གོང་སར་བཏང་སྟེ་འཇའ་ས་ཞུས། དེ་རྗེས་ཡར་འབྲོག་པ་བྱང་གཞོན་ཁྲི་དཔོན་དུ་བསྐོས་ཀྱང་སྔོན་མའི་མིག་ལྟོས་བག་མེད་ཀྱི་སྤྱོད་པ་ཁོ་ནའི་དབང་དུ་སོང་། དཔོན་མགོན་པོ་རྒྱལ་ལ་སྲས་རིན་ཆེན་ཤེས་རབ། གྲགས་པ་ཡེ་ཤེས། གྲགས་པ་རིན་ཆེན། རིན་ཆེན་སྐྱབས་དང་བཞི་ལས། གྲགས་པ་ཡེ་ཤེས་ནི་ས་སྐྱར་འགྲོ་མགོན་འཕགས་པའི་དྲུང་དུ་བྱོན། མཁྱེན་རབ་ཀྱི་གྲགས་པ་ཆེ། གདན་སར་བཞུགས་རིང་འགྲོ་ཕན་གྱི་སྒོ་མཆོག་ཏུ་(225བ)ཡངས། ཁྲི་དཔོན་བྱང་གཞོན་གྱི་རྗེས་སུ། གཞོན་ནུ་ཡོན་ཏན་གྱི་ཁྲིད་དཔོན་ལོ་དྲུག་བྱས་ནའང་། ཆང་ནག་ཁོ་ན་དོན་དུ་གཉེར་བས་སྡེའི་འཛིན་ཚུགས་དེ་ཙམ་མ་བྱུང་། གཅུང་གྲགས་པ་རིན་ཆེན་ཐོས་སྒོམ་གྱི་བྱ་བ་མཐར་ཕྱིན། གདན་སར་བཞུགས་ཐོག་ཏི་ཤྲི་གྲགས་འོད་དང་། རྒྱལ་པོ་ཐེ་མུར་བོག་གཉིས་ཀྱི་འཇའ་ས་སྟག་མགོ་ཕུལ། ཁྲི་དཔོན་ཟུར་དུ་མ་བསྐོས་པར་བླ་དཔོན་སྦྲགས་ནས་མཛད། དོ་སྔོན། རྒྱལ་ཐང་། སྨོན་མཁར། ས་འཐོན། བྱི་ཆུང་། ཟ་ར་ཟོ་ཐང་། སྡིང་གསུམ། གཡུ་སྲིང་། མོན་མཁར་སོགས་གཞོན་རྒྱལ་སྐབས་སུ། དཔོན་ཆེན་ལེགས་པ་དཔལ། སློབ་དཔོན་ཨ་ཙ་ར། དཔོན་ཆེན་ཨ་བློན། ས་སྐྱ་པ་སོགས་སུ་ཤོར་བ་རྣམས་ཕྱག་རྫས་ཀྱིས་བསླུ་བར་མཛད་པས། ཕག་གྲུའི་ཁྲི་སྐོར་ལ་བཀའ་དྲིན་ཤིན་ཏུ་ཆེ་ཞིང་། སི་ཏུའི་ཞལ་ཆེམས་སུ། ནེའུ་གདོང་གི་ཐབ་འགོ་འཛིན་པའི་གཞིས་ཀ་མིང་ཅན་འདི་རྣམས་ཞིང་གཤེགས་པས་ཕྱག་རྫས་ཀྱིས་བསླུས་པའི་གཞིས་ཡིན་ཅིང་། སྐུ་དྲིན་ཆེ་བའི་དོན་གྱིས་ད་ལྟ་ཉི་ཤུ་གཉིས་མཆོད་འདི་རང་རེ་ནང་སོ་དང་བཟའ་པ་མི་སྡེ་དང་བཅས་པས་བདག་རྐྱེན་བྱས་པའི་དོན་དེ་ཡིན་ཞེས་གསུངས། དཔོན་རིན་ཆེན་སྐྱབས་ལ་ཇོ་མོ་ཞང་ལྕམ་མ་དང་། (226ན)ཁྲི་སྨོན་འབུམ་སྐྱིད་གཉིས་ལས། ཞང་ལྕམ་མ་ལ་སྲས་རྒྱལ་མཚན་དཔལ་བཟང་། གྲགས་པ་རྒྱལ་མཚན། གྲགས་པ་བཟང་པོ་དང་གསུམ། འབུམ་སྐྱིད་ལ་ཏཱ་སི་བྱང་ཆུབ་རྒྱལ་མཚན། གྲགས་པ་ཤེས་རབ། བསོད་ནམས་བཟང་པོ་སྟེ་ཡུམ་མི་གཅིག་པའི་སྐུ་མཆེད་དྲུག་ལས། གྲགས་པ་རྒྱལ་མཚན་ཐོས་བསམ་སྒོམ་པ་མང་དུ་མཛད། ཁྱད་པར་མགོན་པོའི་བཀའ་བབས་བྱུང་ཞིང་གདན་ས་ཡུན་རིང་དུ་བསྐྱངས། འདི་དུས་སློབ་དཔོན་རྒྱལ་མཚན་བཟང་པོས་གོང་མའི་དྲུང་དུ་ཕྱིན་ཏེ་ལུང་དང་ལག་རྟགས་སྦྲེལ་ནས་ཁྲི་དཔོན་བྱས་ནའང་བག་ཡངས་ཀྱི་དབང་དུ་སོང་ནས་ལུགས་གཉིས་ཀྱི་འཛིན་བཀོད་ཆེར་མ་བྱུང་། དེ་རྗེས་རྒྱལ་མཚན་སྐྱབས་ཁྲི་དཔོན་གྱི་གོ་སར་བསྡད་ཀྱང་། འཁོས་ཀ་ཆུང་བས་ཀུན་གྱི་བརྙས་པར་བྱས་ཏེ་ཕག་མོ་གྲུ་པའི་སྡེ་སྲིད་ཀྱི་འཛིན་ཚུགས་ཉག་ཕྲ་བ་བྱུང་། དེའི་རྗེས་ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ཁྲི་དཔོན་གྱི་གོ་སར་ཕེབས་པ་ཡིན་ལ། འདི་ཉིད་ནི་ཐང་ཡིག་ལས། ཡར་ཀླུངས་མཐིལ་ནས་རྣམ་སྨིན་བསྐྱེད་རྒྱལ་འབྱུང་༔ ཕག་གིས་ས་རློག་དབུས་ཁམས་ས་ཧོར་ཟ༔ བཙན་རྫོང་བརྒྱ་དང་རྩ་བརྒྱད་ཕྱོགས་སུ་འབྱུང་༔ ཞེས་པའི་ལུང་(226བ)བསྟན་ཐོག་ཏུ་བབས་པ་སྟེ། ཏཱའི་སི་ཏུ་བྱང་ཆུབ་རྒྱལ་མཚན་ནི། དགེ་བྱེད་ཅེས་པ་ཆུ་ཕོ་སྟག །སྤྱི་ལོ་༡༣༦༢པར་སྐུ་འཁྲུངས། དགུང་ལོ་གསུམ་པ་ལ་འབྲི་ཀློག་འབད་མེད་དུ་མཁྱེན་པ་དང་། དྲུག་པ་ལ་ཆོས་སྐྱོང་ལས་མགོན་བྱ་རོག་གདོང་ཅན་གྱི་རྗེས་གནང་གསན་པས་ཤིན་ཏུ་འགོ་བ་བྱུང་། བདུན་པ་ལ་སྤྱན་སྔ་ཚེས་བཞི་པའི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས། མཚན་བྱང་ཆུབ་རྒྱལ་མཚན་དུ་བཏགས། དགུ་པར་རབ་ཏུ་བྱུང་། བདེ་མགོན་གྱི་བསྙེན་པ་མཛད་པས་དངོས་གྲུབ་ཀྱི་མཚན་མ་བརྙེས། བཅུ་བཞི་པ་ལ་ས་སྐྱར་བྱོན་སྐབས་སྣེ་གདོང་ནས་ཐོན་ཏེ་གླུར་བཞུགས་པའི་དགོང་མོ་དྲུང་འཁོར་རྣམས་ཀྱིས་ཆང་མང་དུ་བླངས་ཏེ་བག་མེད་ཀྱི་སྤྱོད་པ་བྱེད་པར་རྩོམ་པ་ན། བདག་ཆེན་རིན་པོ་ཆེར་འབུལ་རྒྱུའི་རྟ་ལ་ཆིབས་ཏེ་མ་བཞུགས་པར་བྱོན་པས། གཞན་རྣམས་ཀྱང་ཕྱི་ལ་ཡོང་དགོས་པ་བྱུང་། གོང་དཀར་བས་མི་ཁལ་ལ་གནོད་པ་བྱས་པར་ངོས་ཀྱིས་བྱོན་ཏེ་བཅྭ་ཧུ་བསྟན་ནས་ངའི་འགྲོ་ཁག་ཁྱེད་རྣམས་ལ་ཡོད་དོ་ཞེས་སོགས་སྐུ་ན་ཕྲ་མོ་ནས་གསུང་སྒམ་པོ་བྱོན་པས་འཇིགས་ཏེ་གནོང་ལེན་དང་བཟོད་གསོལ་བྱས། ས་སྐྱར་ཕེབས་ཏེ་དཔོན་ཆེན་འོད་ཟེར་སེང་གེས་བན་རྩ་བྱས་ནས་བདག་(227ན)ཆེན་རིན་པོ་ཆེར་ཕག་གྲུའི་དབོན་པོ་འདི་སློབ་གཉེར་བྱུང་ན་རབ། མ་བྱུང་ན་བཞི་ཐོག་པའི་དྲུང་འཁོར་ལས་ཚན་ཞིག་ཞུས་འདུག་པ་ལྟར་དམ་གཉེར་ལ་བསྐོས། བདག་ཆེན་ཐུགས་གཏུམ་པས་གསོལ་གཟིམས་དམ་གཉེར་སོགས་ལ་བཀའ་བསྐྱོན་འཕྲལ་འཕྲལ་ཡོང་བ་ཞིག་འདུག་པས། དགོངས་པ་ཞུས་ཏེ་རང་བཞིན་ལས་ཚན་མེད་པར་བཞུགས། མེ་སྦྲུལ། སྤྱི་ལོ་༡༣༧༧པའི་དཔྱིད་ཆོས་ལ་ཆུ་མིག་ཏུ་ཕེབས་སྐབས་ཕག་གྲུའི་དབོན་པོ་ཞེས་མཐོང་བཟོས་ཆེ་བ་དང་། ཆག་ཆག་ལ་ཁར་བདག་ཆེན་ཆིབས་བཤོལ་སྐབས། སི་ཏུའི་ཆིབས་འཛིན་པ་སྔོན་ལ་སོང་ནས་མེད་པས་ཆིབས་འདྲོགས་ཏེ་རྒྱང་རིང་པོར་ཁྱེར་བ་ན། རྒྱལ་ཚ་རིན་དབང་གིས་རྟ་ནས་བབས་ཏེ་རོགས་བྱས་འདུག་པ་ཡར་ཀླུངས་པའི་ཞེན་ཡིན་འདུག་ཅིང་། བཀའ་ཆེམས་སུ། ང་རྟ་ཐོག་ནས་མ་ལྷུང་བ་ཁོའི་དྲིན་ཡིན་གསུངས། ས་སྐྱར་ཕེབས་ནས་དྲུང་འཁོར་རྣམས་ཆང་གི་དགའ་སྟོན་བྱེད་པར། བྲང་ཁང་ཤར་ན་སི་ཏུ་པ་ཡོད་པར་བདག་ཆེན་པོའི་སྐུ་གཞོགས་ནས་འབོད་མཁན་བཏུད་མར་གནང་བྱུང་བ་ལ་བྱོན་པས་གསོལ་རས་གསེར་གྱི་ཐེབས་རྩེའི་ནང་དུ་གནང་། ཚས་མེད་པར་ཕྱག་རྗེན་པས་བཟུང་ཆོག་པ་(227བ)དགྱེས་པའི་བཀའ་བསྩལ། ཞབས་གོམ་འཁྱོར་བ་ཙམ་དུ་སོང་ནའང་ཐུགས་རུས་མཛད་དེ་གསོལ། བདག་ཆེན་རིན་པོ་ཆེར་མངོན་མཁྱེན་ཐོགས་པ་མེད་པ་མངའ་བས། ཏཱའི་སི་ཏུ་ལ་ཁྱོད་ཀྱིས་ཁྲི་དཔོན་ཡོང་། གཡུལ་རྒྱལ་སློབ་གསུངས་པ་སོགས་མ་འོངས་པ་མཁྱེན་པའི་གསུང་མང་དུ་མཛད། དེའི་རྒྱུ་མཚན་གྱིས་བཀའ་ཆེམས་སུ། བླ་མ་བདག་ཆེན་པའི་དྲུང་དུ་ཐུགས་ལ་དཔེ་མེད་བཏགས་པ་དེ་ང་ལ་བསོད་ནམས་ཆེན་པོ་ཡོད་པ་མཁྱེན་པར་འདུག་བསམ་པའི་དག་སྣང་དང་མོས་གུས་བསམ་གྱིས་མི་ཁྱབ་པ་ཡོད་གསུངས། སྟོན་ཆོས་བླ་མ་མཉམ་མེད་པའི་དྲུང་དུ་བརྟག་གཉིས་ཀྱི་གསན་སྦྱོང་མཛད་སྐབས། སློབ་དཔོན་ནམ་བློ་དང་མ་འཆམས་པའི་ཚིག་རྩོད་ཀྱི་གཏམ་བླ་མས་གསན་པས། ཁྱེད་ཚོ་རླུང་གིས་དེད་པའི་བྱེ་རི་ཡིན། ཕག་གྲུའི་དབོན་པོ་སྲིད་པས་བསྐོས་པའི་གངས་རི་ཡིན་གསུངས་སྐད། དེ་ནས་རྟ་ལོའི་ལོ་གསར་ལ་རིན་ཆེན་སྒང་དུ་དཔོན་ཆེན་རིན་ཆེན་སེངྒེའི་རྩར་བྱོན་པ་ན་འབྲུམ་བུས་བསྙུང་། དེ་དྲག་པ་དང་འཇད་དུ་ཟླ་བ་གསུམ་བཞི་སྐོར་བཞུགས། དེ་ནས་དབུས་སུ་བྱོན་ཁར་བདག་ཆེན་རིན་པོ་ཆེའི་དྲུང་དུ་ཕྱག་འབུལ་ལ་བྱོན་པས། བླ་མ་མཁས་བཙུན་པ་དང་། (228ན)སི་ཏུ་གཉིས་ཕྱག་སྦྲེལ་ནས་མཁས་བཙུན་པས་སི་ཏུ་པའི་འགོ་གཉེར་དང་། སི་ཏུ་མཁས་བཙུན་པའི་ཞབས་ཏོག་ཏུ་འགྱུར་བ་བྱེད་དགོས་པའི་བཀའ་ནན་ཆེ་བ་བྱོན། དེ་ནས་དབུས་སུ་བྱོན་ཏེ། མི་རིང་བར་གོང་མ་རྒྱལ་པོས་སྟག་མགོ་ནོར་བུ་གསུམ་པ་དང་བཅས་ཁྲི་དཔོན་གྱི་ལས་ཀ་གནང་། ཕྱི་ལོ་ཟླ་བ་བརྒྱད་པའི་བར་རྒྱལ་མཚན་སྐྱབས་ཀྱི་ཁྲི་དཔོན་བྱས་ནའང་ལུགས་གཉིས་ཀྱི་བྱེད་མཐུ་དམན་ཞིང་། ཁྱད་པར་ཁོང་རང་གིས་ལས་ཀ་ལེན་པར་གོང་མའི་གསེར་ཞལ་ལན་གསུམ་མཐོང་བའི་རྒྱལ་དཔལ་སྒྲོལ་མ་སྐྱིད་འཕྲོག་འདོད་པའི་ཆེད་དུ་བསད་ཅིང་། སི་ཏུ་ལ་ཚིག་ངན་བསྐུར་བ་སོགས་ཀྱིས། སི་ཏུས་བླ་ཆེན་ཀུན་བློ་གོང་མའི་གམ་ནས་ས་སྐྱར་བསྙེན་རྫོགས་ལ་བྱོན་པའི་སྡེབས་ཀར་སི་ཏུ་རིན་ཆེན་གྲགས། དཔལ་ལྡན་ཇུ་དབེན་ཧུན་དཔོན་གྱི་དམ་ཁ་ཁྲིམས་ར་དང་བཅས་འབྱོར་འདུག་པའི་དུས་སུ་གཏུགས་བཤེར་བྱས། རྒྱལ་མཚན་སྐྱབས་ལས་ཀ་ལས་ཕབ། ཆུ་ཁྱི། སྤྱི་ལོ་༡༣༨༢ཟླ་བ་དགུ་པའི་ཚེས་དགུའི་ཉིན་བཀའ་ཤོག་བཅྭ་ཧུ་རྣམས་བསྒྲགས། ཚེས་བཅུ་བཞི་ལ་སྣེའུ་གདོང་རྩིས་བླངས། གཞོན་ནུ་འོད་གཉེར་པར་བསྐོས་པ་ཕྱི་ནང་གི་ཞིབ་ཚག་ཚུལ་མཐུན་མ་བྱུང་ཡང་གཉེར་རྩིས་ལེན་པ་ལས་(228བ)གཞན་པའི་ཙ་ར་མཛད། ས་འབྲུག །སྤྱི་ལོ་༡༣༨༨པར་ཨ་ཏུ་ལ་ཡར་ཀླུངས་སུ་བྱོན་ཏེ་ཡུན་རིང་བཞུགས། ཉིན་གཅིག་ཨ་ཏུ་ལས་སི་ཏུ་རྟ་རར་ཁྲིད་ནས་རྟ་བྲེས་ཀྱི་ཁ་ཤིང་གོག་ལ་ཁད་གཅིག་འདུག་པ་དེ་བསྟན་ནས། ཁྲི་དཔོན་བློ་ཞིབ་དགོས་པ་ཡིན། འདི་ལ་ས་ཕག་གསུམ་བཞག་ན་འགྲིག་པས། རྟ་ལ་སྣད་ཡར་མི་ཡོང་བ་ཡིན། རྟ་རབ་ལ་དངུལ་བྲེ་རེ་རི། དངུལ་བྲེ་དེ་གསེར་སྲང་བརྒྱད་ཡིན་སོགས་འཇིག་རྟེན་མི་ཆོས་ལ་དགོས་པའི་བསླབ་བྱ་ཆེ་ཕྲ་དུ་མ་མཛད། དེ་ནས་སྦྲུལ་ལོར་སི་ཏུ་རབ་ཏུ་བྱུང་བའི་མཁན་པོ་ཚུལ་དར་བའི་དབོན་པོ་འཕྱོང་རྒྱས་པ་ཧོར་གཞོན་ནུ་བཟང་པོ་གཉེར་དུ་བསྐོས། དེ་རྗེས་གཞིས་ཀ་རྣམས་ཀྱི་གསོ་ཕྲན་དང་། ཡུལ་གྲུ་སོ་སོར་སྐྱེ་ཤིང་འཛུགས་པ། ཤམ་ཆུ་ལ་ཟམ་མོ་ཆེ་འཛུགས་པ། སྣེ་གདོང་རྩེའི་ཕོ་བྲང་རྒྱ་བསྐྱེད་དེ་རྣམ་པར་རྒྱལ་བའི་ཁང་བཟང་ས་ལ་འཕོས་པ་ལྟ་བུ་མཛད། དེ་ནས་མི་རིང་བར་གཡའ་བཟང་བ་དང་ཁ་མཆུ་མང་དུ་བྱུང་། གཡའ་བཟང་བ་འདི་ཆེས་ཕྱོགས་ནས་ཕག་གྲུའི་སློབ་བརྒྱུད་དང་། འཇིག་རྟེན་ནས་ཧུ་ལ་ཧུར་གཏོགས་པས་ཕག་གྲུའི་འོག་ཏུ་ཡོང་དགོས་རྒྱུ་ཡིན་ནའང་། ལས་དབང་ལྟ་བུས་ཕག་གྲུའི་སྟེང་དུ་དམག་ཐེང་ཁ་ཤས་བརྒྱབ། ཚལ་པ་རྒྱབ་ཕུགས་སུ་(229ན)ཡོད་པ་དང། ས་སྐྱའི་དཔོན་ཆེན་རྣམས་ཀྱང་ཚལ་པའི་ཕྱོགས་སུ་ཡོ་བ་ལྟ་བུས་ཁ་མཆུ་ཡང་གཡའ་བཟང་པ་རྒྱལ་བ་འགའ་རེ་བྱུང་ནའང་། རྩ་བ་མ་ཆོད་པས་གཡའ་ཕག་བར་ཐང་དུ་གཡུལ་འཁྲུགས་པས་ཕག་གྲུ་ཕམ་སྟེ། སྟོན་པ་གཞོན་འོད་ཀྱིས་འགོ་བྱས་མི་གཅེས་བཅུ་གསུམ་ཙམ་བསད། སི་ཏུ་དང་མཉམ་དུ་གཞོན་ནུ་བཟང་པོས་གཙོས་མི་བཅོ་ལྔ་ཙམ་མ་གཏོགས་ཕལ་ཆེར་བྲོས། དེ་ནས་དཔོན་ཆེན་དབང་ཕྱུག་དཔལ་བའི་དྲུང་དུ་གཡའ་ཕག་གཏུགས་བཤེར་བྱས་པས། ཕག་གྲུ་བདེན་པ་ཆེ་ཙམ་བྱུང་ཡང་། དཔོན་ཆེན་གཞན་གྱིས་རྒྱབ་བྱས་པར་བརྟེན་གཡའ་བཟང་པ་རྒྱལ། དེ་ནས་མི་རིང་བར་དཔོན་ཆེན་དབང་བརྩོན་གྱིས་དོག་ལུམ་པར་སི་ཏུ་སྟོན་མོ་ལ་བོས་ཐོག །ལབ་བསླུས་ཀྱིས་འཇའ་ས་སྟག་མགོ་གཏོང་དགོས་པའི་ཚ་འཇུན་ཅི་ཡང་བྱས་ཤིང་། ཞག་བཅུ་དགུ་ཙམ་གྱི་རིང་གུང་ཐང་དུ་བཙོན་ལ་འཇུག་པ་སོགས་བྱས་ཀྱང་། དཔོན་ཆེན་གྱིས་གླགས་མ་རྙེད་པར་ཕྱིར་ཕེབས། སི་ཏུ་དར་མ་རྒྱལ་མཚན་མངའ་རིས་ཕྱིན་གྱི་འཇགས་བྱེད་པ་དང་། བོད་ཆོལ་ཁ་གསུམ་གྱི་ཕྱེ་གསལ་བྱེད་པར་བྱོན་དུས། འདམ་དང་ཚོང་འདུས་འགུར་མོ་(229བ)གཉིས་སུ་གཏུགས་བཤེར་བྱེད་མ་ཐུབ་ཀྱང་། མངའ་རིས་འཁོར་ནས་ཡར་ཀླུང་དུ་སེ་ཆེན་རྒྱལ་པོའི་འཇའ་ས་ལི་ཇི་བཅྭ་ཧུ་སོགས་ཡིག་རིས་རྣམས་བསྟན་པས་སི་ཏུ་དར་རྒྱལ་བ་ཧ་ལས་ཏེ། གཡའ་ཕག་གི་ཁ་མཆུའི་བཅད་མཚམས་ལེགས་པར་བྱས་ནའང་། གཡའ་བཟང་ཚུལ་འབུམ་འོད་ཀྱིས་ཨེ་གཉལ་གྱི་དམག་རྣམས་བསྐུལ་ཏེ་རྡོག་པོ་རྒྱུད་དུ་འཁྲུགས་པས་ཕག་གྲུ་རྒྱལ་ཏེ། མ་དགའ་བའི་དགྲ་བོ་མི་ཉི་ཤུ་ཙམ་བསད། གཡའ་བཟང་པས་འབྲས་མོའི་ནང་དུ་གཞོན་ནུ་བཟང་པོ་དཔོན་གཡོག་གི་སྟེང་དུ་བཀབ་པར། སི་ཏུའི་དཔུང་དམག་འབྱོར་ནས་གཡའ་དམག་ཕྱིར་བྲོས། གཡའ་བཟང་དགོན་པ་དང་གཞིས་ཀ་རྣམས་རྩིས་བླངས། ས་སྐྱའི་བླ་མ་ཀུན་སྤངས་པ་དང་། དཔོན་ཆེན་རྒྱལ་བཟང་གཉིས་ཀྱིས་སི་ཏུ་གསོད། སྣེའུ་གདོང་རྩིས་ལེན་པའི་གྲོས་ངན་བཤམས་པ་རིམ་གྱིས་མཆེད་ནའང་། སྔར་ནས་ས་ཕག་གཉིས་འབྲེལ་ཟབ་ཅིང་། ཁྱད་པར་ཏཱའི་སི་ཏུ་དེ་བདག་ཉིད་ཆེན་པོ་བཟང་པོ་དཔལ་བའི་དྲུང་འཁོར་ཡིན་པའི་སྟབས་ཀྱིས། དཔོན་ཆེན་ལ་དགྲ་པང་མཆོང་བྱེད་རྩིས་ཡོད་སྐབས། དཔོན་ཆེན་རྒྱལ་བཟང་པ་དབུས་ཕྱོགས་སུ་བྱོན་ཏེ་རིམ་གྱིས་ཡར་ཀླུང་དུ་ཕེབས། སང་ཉིན་(230ན)གཡའ་ཕག་གཉིས་གཏུགས་བཤེར་བྱེད་རྒྱུའི་ཉིན། ཏཱའི་སི་ཏུ་བས་གཞོན་ནུ་བཟང་པོས་འགོ་བྱས་བློན་པོ་རྣམས་ལ། སང་ངེད་དང་གཡའ་བཟང་པ་གཉིས་དཔོན་ཆེན་གྱི་མདུན་དུ་གཏུག་བཤེར་བྱེད་རྒྱུ་ཡིན་པས། གལ་སྲིད་དཔོན་ཆེན་གྱིས་ངེད་འཛིན་བཟུང་བྱེད་བྱུང་ན། ངེད་ཀྱི་པགས་པ་དམར་བཤུས་བྱེད་ཀྱི་འདུག་ཟེར་བ་བྱུང་ཡང་སྣེའུ་གདོང་ཁོང་ལ་མ་གཏོད་སོགས་ཀྱི་བསླབ་སྟོན་རྣམས་མཛད། སང་ཉིན་དཔོན་ཆེན་གྱིས་སི་ཏུ་བཟུང་ཡང་ཐེལ་རྩེ་མེ་ལ་བསྲེགས་པས་ཡི་གེ་ལེན་རྒྱུ་མ་བྱུང་། དེ་ནས་དཔོན་ཆེན་གྱིས་སྣེའུ་གདོང་དུ་བསྐོར་གཡེང་བྱས་བྱུང་ཡང་བློན་པོ་རྣམས་ཀྱིས་ཞལ་ངོ་ལས་སྡེ་སྲིད་གལ་ཆེ་ཟེར་ནས་མ་གཏད། དཔོན་ཆེན་གྱིས་སི་ཏུ་ལ་ཀོ་ཤ་བརྒྱ་དང་སུམ་ཅུ་རྩ་ལྔ་ཙམ་བརྒྱབ། ཞྭ་རྔ་མ་ཅན་ཞིག་དབུ་ལ་བསྐོན་པ་སོགས་བཙོན་ཆས་ཀྱི་རྣམ་པས་ཡར་ཁྲིད། སྐྱི་ནག་བར་དུ་ཚལ་པའི་དམག་གིས་བསྐྱལ་བས། ཁ་ངན་གཏོང་བ་དང་འདེད་དྲས་བྱས། ཉུག་ཆོས་རྫོང་དུ་ཟླ་བ་ཕྱེད་གཉིས་དང་། ཀོ་སྦྲེལ་དུ་ཟླ་གཅིག་བཞུགས། དེ་ནས་བོ་དོང་དུ་དབང་ལག་གི་ཐོག་དཔོན་ཆེན་དབང་བརྩོན་འཇའ་ས་དང་བཅས་མཐོང་སྨོན་དུ་སླེབས་པ་དང་། དཔོན་ཆེན་རྒྱལ་བཟང་གིས་(230བ)ཏཱའི་སི་ཏུ་ལ་དམ་སྦྲགས་མ་བྱས་པས་སི་ཏུ་སླར་དབུས་སུ་བྱོན་ནས་སྣེའུ་གདོང་དུ་གཞོན་ནུ་བཟང་པོས་འགོ་བྱས། བློན་པོ་རྣམས་ལ་ཁ་མཆུ་འདིའི་དབྱེ་གསལ་མ་བྱུང་བར། ངེད་རྣམས་ཆོས་བྱེད་པ་སྐད་མི་ཟེར་བའི་ཁས་ལེན་བསྐོར། དཔོན་ཆེན་དབང་བརྩོན་གྱིས་ཁྲི་དམག་རྣམས་བསྡུས་ཏེ་དོག་ལུང་པར་བྱུང་བ་དང་། ཏཱའི་སི་ཏུས་ཀྱང་རྫོང་རྣམས་ཀྱི་འཛིན་ཆ་དང་དཔུང་དམག་བསྡུ་གསོག་མཛད། བྱང་གི་ལ་ཁར་ཁྲོམ་པོ་ལྷ་བཙུན་དཔོན་གཡོག་བརྒྱ་སྐོར་དང་། དཔོན་ཆེན་གྱི་དམག་རྣམས་ཐུག་པ་ལྷ་བཙུན་པ་ཅན་ལག་དཔངས་མཐོ་བར་བྱུང་བའི་གཏམ་སྙན་སླེབས། དེའི་ཕྱི་ཉིན་གཞོན་ནུ་བཟང་པོས་ལག་དཔོན་བྱས་ཏེ། ཕག་གྲུ་ཁྲི་སྐོར་གྱི་དམག་རྣམས་བཏེགས། ལྷུམ་སྟེང་དུ་དྲོ་ལ་སླེབས། དེར་རྟ་རྣམས་དབུགས་ཁ་བླངས། བབ་ཅོལ་དུ་མ་ཡིན་པར་དཔའ་བོ་དམག་ལ་ཆས་པ་སྟག་ལྟར་མཆོངས་པ་ལ་མེད་དུ་མི་རུང་བའི་མི་བཞིའི་ནང་གི་ཐུགས་དཀར་བས་ལྷ་གསོལ། གཡུལ་རྒྱལ་བས་གཏོ་བསྒྱུར། དུས་ཚོད་རྩིས་དང་བསྟུན་ནས་དཔུང་རྣམས་འགྲིམ། དཔོན་ཆེན་གྱི་ཁྲི་དམན་མོན་མཁར་མདའ་ནས་རུ་བསྒྲིགས་པའི་སྟེང་དུ་བཀབ་ནས་འཁྲུགས་པས། ས་སྐྱ་པའི་(231ན)དབུས་གཙང་གི་ཁྲི་དམག་མཐའ་དག་སྦུབ། ཕག་གྲུའི་བྱུས་རྣམ་པར་རྒྱལ་བའི་རུ་མཚོན་བསྒྲེངས་ནས། དགྲ་མགོ་རུ་དར་དང་བཅས་པ་ཕོ་བྲང་སྣེའུ་གདོང་རྩེར་ལག་རྟགས་སུ་བསྐུར་བ་འཕྱར་ཏེ་གྲགས་སྙན་ཕྱོགས་ཀུན་ཏུ་ཁྱབ། སྔར་དཔོན་ཆེན་རྒྱལ་བཟང་གིས་སི་ཏུ་བཟུང་བའི་སྐབས་ཕོ་བྲང་དུ་འཁྲ་ཕུར་ཚུགས་ཤིང་། དབང་བརྩོན་གྱིས་ཁྲི་སྐོར་བཅུ་གསུམ་གྱི་དཔུང་བཤམས་པ་བཏུལ་བ་སོགས་དགྲ་ཐབས་ཀྱིས་སྡེ་སྲིད་ཕག་མོ་གྲུ་པའི་བསྟན་ཇུས་ཚུགས་པའི་རྩ་བ་ལྟ་བུ་ཧོར་གཞོན་ནུ་བཟང་པོ་ཡིན་པས། བཀའ་ཆེམས་སུ། སྣེའུ་གདོང་དགྲ་ལག་ཏུ་མ་ཤོར་བ་བྱུང་བས་ངའི་སྲོག་འགོ་ཐོན། དེ་ལ་བརྟེན་ནས་སྡེ་འདི་ཟུག་ཆགས་བྱུང་བས། ཁོ་དྲིན་ཆེ་བ་ཡོད་པའི་དོན་དེ་ཡིན་ཞིང་། ད་དུང་ཚུན་ཆད་དུ་ང་ལ་སྔས་གཏོད་པ་འདི་ཡིན་པས། ཤི་གསོན་གང་བྱུང་ཡང་ནང་ནས་བསྡུར་དགོས། ད་ལྟའང་གཞོན་ནུ་རྒྱལ་མཚན་གྱིས་འགོ་བྱས་སྤུན་སྐྱ་སེར་ཀུན་ལ་བློ་ཐུབ་དང་ནང་མི་འཆོལ་བའི་དོན་དེ་ཡིན་གསུངས། དེ་ནས་སི་ཏུ་རང་ཡང་དཔུང་ཐོག་ཏུ་ཕེབས། གྲ་ཕྱི་འཕྱོངས་རྒྱས་སོགས་ལྷོ་རྒྱུད་ཀྱི་ས་ཆ་རྫོང་གཞིས་ཕལ་ཆེར་བླངས། འཐབ་རྩོད་སྔ་ཕྱིར་བྱུང་ཡང་གཞན་དག་(231བ)རྣམས་རྨེག་མེད་པར་བཅོམ། དེ་ནས་དཔོན་ཆེན་དབང་བརྩོན་གྱིས་དམག་བསགས་པར། བླ་མ་དམ་པས་བཀའ་ཕེབས་དང་། དེ་རྗེས་ཁ་མཆུ་སྡུམ་མཁན་མང་དུ་བྱུང་ཡང་། དཔོན་ཆེན་གཞན་གྱིས་བསྐྱོད་སྟབས་སུ་སོང་བས་མ་འགྲིག་པའི་ངང་དེར་སི་ཏུས་གོང་དཀར་བླངས། དེ་ལ་དཔོན་ཆེན་གྱིས་དཔུང་བཅུག་པར་བསད་བཟུང་དང་ཆུ་ལ་ལྕེབས་པ་སོགས་མང་དུ་བྱུང་ནས་ཏཱའི་སི་ཏུ་རྒྱལ། ཁ་རག་ཕྱིན་གཙང་ལ་ཡར་གཏོགས་ལྷ་འབྲུག་རྣམས་རྟ་རྨིག་གི་འོག་ནས་བླངས་ཞེས་ཟེར། བློན་པོ་གཉིས་གོང་མའི་མདུན་དུ་བཏང་བ་ཉེས་མེད་དུ་འཁོར་ཏེ་དངུལ་གྱི་ཐམ་ཁ་སོགས་གྲུབ། དེ་ན་འབྲི་གུང་སྒོམ་པ་ཀུན་རྡོར་གྱིས་སྔ་ཕྱིར་བྱེད་སྤྱོད་མ་མཁས་པ་ལ་བརྟེན་ཕག་འབྲི་འཁྲུགས་པ་མང་དུ་བྱུང་ཞིང་། ཁྱད་པར་འབྲི་གུང་པ། ནམ་གྲགས་པ། གཡའ་བཟང་པ་གསུམ་གྱིས་གྲོས་བཤམས་ནས་ཕག་གྲུའི་སྟེང་དུ་བཀབ་པར། གཞོན་ནུ་བཟང་པོས་འགོ་བྱས། ཡར་སྟོད་ཀྱི་དམག་ཧྲག་གྲས་མལ་བསྲུང་བར་གཞག །སི་ཏུ་རང་གིས་དཔུང་ཆེན་བྱང་ཁར་བཏོན་ནས་འབྲི་གུང་པར་བྱུས་ཉེས་བཏང་བས། གཡའ་བཟང་བ་ཡང་ཕྱིར་བྲོས། ཚལ་པ་དང་ནམ་གྲགས་པ་གཉིས་ཀྱིས་ཁྲོན་པ་རི་དང་གཡུ་རྩེ་བྲག་ལ་རྫོང་ (232ན)བརྩིགས་པ་སོགས་ཀྱི་བྱེད་པར་བརྟེན་ཕག་གྲུའི་དམག་རྣམས་གསང་མདར་ཡོང་ཐོག །གཡའ་བཟང་པ་འབུམ་ཕྲག་འོད་ཀྱིས་གཉལ་དམག་རྣམས་ཁྲིད་ནས་ལྷུན་པོ་རྩེར་སླེབས་པའི་འཕྲོས་བྱུང་བ་དང་། ཕྱིར་ལོག་སྟེ་འཁྲུགས་པས། འབུམ་ཕྲག་འོད་ཀྱིས་འགོ་བྱས་དམག་མི་དགུ་བརྒྱ་ཙམ་ལྷུན་པོ་རྩེའི་ནང་ལ་བཅུར། དེ་རྗེས་གཉལ་དམག་ཡོང་བ་རྣམས་ཀྱང་མང་དུ་བསད་ཅིང་གོ་མཚོན་རྣམས་ཐོབ་ནས་འབུམ་ཕྲག་འོད་ཀྱི་བབ་ཁ་བླངས། གཉལ་ཤེལ་མཁར་སོགས་གཞིས་ཀ་རྣམས་སུ་རྫོང་དཔོན་བཏང་ཞིང་ཟུག་པ་བཙུགས། དེ་སྐབས་ཤིག་ཆོས་རྗེ་བླ་མ་དམ་པས་བར་མོལ་མཛད་ནས། སི་ཏུ་དང་དཔོན་ཆེན་རྒྱལ་བཟང་བ་གོང་དཀར་དུ་མཇལ་ཕྲད་མཛད། དཔོན་ཆེན་གྱིས་སི་ཏུ་ལ་བཟོད་གསོལ་བྱས་ཏེ་མཐུན་སྐབས། ནམ་གྲགས་ཀྱིས་ཤངས་མཐོང་སྨོན་ལ་བརྒྱབ་པས། དཔོན་ཆེན་གྱི་རོགས་སུ་ཕག་གྲུའི་དམག་རྣམས་ཕྱིན་པ་ཤབ་ཆུའི་ལྷོ་ཁར་འཁྲུགས་ཏེ་ནམ་གྲགས་པའི་དཔུང་རྣམས་བཅོམ། དེ་ནས་ཕག་གྲུའི་དམག་རྣམས་ས་སྐྱར་འགྲོ་བར་ཐག་བཅད་ཀྱང་། དཔོན་ཆེན་གཞན་གྱིས་མགོ་བསྐོར་གྱི་དབང་དུ་སོང་སྟེ་དམག་རྣམས་ཕྱིར་སློག །དེ་ནས་དཔོན་ཆེན་(232བ)ས་སྐྱར་བྱོན་པས། བླ་མ་ཏི་ཤྲིའི་སྲས་གཉིས་ཀྱིས་བཙོན་དུ་བཅུག །སི་ཏུའི་དཔུང་ཆེན་གཙང་དུ་བཏེག་སྟེ་ཞི་དྲག་གི་ཐབས་དུ་མས་དཔོན་ཆེན་བཙོན་ལས་བཏོན། གཙང་གི་ས་ཆ་ཕལ་ཆེར་ཆབ་འོག་ཏུ་བཅུག་སྟེ། ཕྱིར་བྱོན་པའི་ལམ་ཞོར་དུ་གཞིས་ཀ་རིན་སྤུངས་བརྩིགས་པའི་ཞལ་བཀོད་མཛད། དུས་སྐབས་འདི་དག་ཏུ་ས་སྐྱར་ཞལ་ངོ་མང་བས་བླ་བྲང་ཁག་བཞིར་གྱེས་ནས་ནང་མི་མཐུན་པ་སོགས་ཀྱིས། སྲིད་ཀྱི་སྟོབས་འབྱོར་ཕལ་ཆེར་ཕག་གྲུ་པའི་འོག་ཏུ་ཤོར། དེ་ནི་ཨོ་རྒྱན་ཆེན་པོས། ས་ནང་གྲུམ་ནས་ཕག་གིས་ས་རློག་འཇིག༔ ཡར་ཀླུངས་ནང་ནས་ཕྱག་རྡོར་སྤྲུལ་པ་འབྱུང་༔ ཞེས་པའི་ལུང་བསྟན་དུས་ལ་བབས་ཏེ། གོང་མ་ཏཱའི་སི་ཏུ་འདི་ཉིད་གསང་བདག་ཕྱག་ན་རྡོ་རྗེའི་ཟློས་གར། སྔོན་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་མཛད་པའི་ཕྱག་རྗེས་ཕྱིས་སུ་ངན་རྟོག་གི་དྲི་མས་ཅུང་ཟད་སྦགས་པ་ཉིད་བསལ་བའི་སླད་དུ་དབུས་གཙང་རུ་བཞིའི་རྒྱལ་ཁམས་ལ་སྟོབས་ཀྱིས་མངའ་དབང་སྒྱུར་བར་བསྟན་པ་ཞིག་གོ །དེ་རྗེས་རྒྱ་ནག་ནས་དར་ཁ་ཆེ་སོགས་གསེར་ཡིག་པ་མངགས་ཏེ་ཏཱའི་སི་ཏུའི་མིང་དང་ཐམ་ཁ་གནང་། འབྲི་གུང་པས་ཕག་གྲུའི་སྟེང་དུ་དམག་ཚན་ཆེར་བསགས་པར་བརྟེན་སི་ཏུས་(233ན)གོང་དཀར་གྱི་དམག་རྣམས་བཏང་སྟེ་བྲག་དཀར་ཕབ། དེ་སྐབས་ས་སྐྱར་བླ་མ་ཀུན་སྤངས་པ་བཀྲོངས་པ་སོགས་ནང་འཁྲུགས་བྱུང་བས། ཁ་མཆུ་ལབ་པར་སི་ཏུ་གཙང་དུ་བྱོན། དཔོན་ཆེན་རྒྱལ་བ་བཟང་པོ་འབོད་དུ་བཏང་བ་ཁོང་ལྷ་རྩེར་བཀའ་གྲོས་ལ་བྱོན་ཐོག་དཔོན་ཆེན་དབང་བརྩོན་དང་མཁན་པོ་ནམ་མཁའ་ཡེ་ཤེས་ཀྱིས་དུག་བཏང་ཡང་ཟེར། ཨ་རག་མང་བས་ལན་ཡང་ཟེར། གང་ལྟར་དཔོན་ཆེན་རྒྱལ་བཟང་གྲོངས། དེ་ནས་སི་ཏུས་ས་སྐྱས་གཙོས་པའི་ཆེ་གཉན་རྣམས་ཀྱི་བཅྭ་ཚེ་བླངས། བཅྭ་ཚེའི་ནང་དང་འགལ་བ་བྱུང་ན་རྩ་ར་གཏོང་བའི་ཁྲིམས་བསྒྲགས། ལྷ་ཁང་ཆེན་མོར་རིན་ཆེན་འོད་ཀྱིས་འགོ་བྱས་བརྒྱ་སྐོར་ཞིག་ཟུར་པར་བཞག །སི་ཏུ་དབུས་སུ་བྱོན་རྗེས་ལྷ་རྩེ་བ་དང་བྱང་པ་འཁྲུགས། དེའི་དོན་གཅོད་དུ་དམག་བརྫངས་པ་སྙི་ཚར་དུ་སླེབས་དུས། ལྷ་རྩེ་དཔོན་ཆེན་དབང་བརྩོན་གྱི་དཔུང་གིས་ས་སྐྱ་ལྷ་ཁང་ཆེན་མོ་བསྐོར་བ་ཐོས་པས། དཔུང་རྣམས་སྙི་ཚར་ནས་ས་སྐྱར་ཕྱིན་ཏེ་འཁྲུགས་པས་མང་དུ་བསད། དཔོན་ཆེན་བཟུང་། བཞི་བརྒྱ་སྐོར་ལ་ཁྲིམས་ལུགས་བྱས། དེ་ནས་ཏི་ཤྲི་ཀུན་དགའ་རྒྱལ་མཚན། སློབ་དཔོན་བསོད་ནམས་བློ་གྲོས། གཡའ་བཟང་(233བ)ཁྲི་དཔོན། ཚལ་པ་ཁྲི་དཔོན་སོགས་ཀྱིས་གོང་མར། སི་ཏུས་ས་སྐྱ་དམག་གིས་བཅོམ། ཁྲི་དཔོན་གཞན་རྣམས་ལ་མཐར་འདེད་བྱས་སོགས་ཀྱི་ཞུ་ལོག་རིམ་པར་ཕུལ་བར་བརྟེན། གོང་མ་ཐུག་ཚོམ་པ་སེལ་བའི་ཆེད་དུ། དྲུང་ཆེན་ཤེས་རབ་བཀྲ་ཤིས་ཀྱིས་སེང་གེ་དཀར་མོའི་པགས་པ་སྡེར་བཞི་མ་ཉམས་པའི་གཙོས་འབུལ་བ་དང་བཅས་གོང་མའི་སྐུ་གཞོགས་སུ་བཏང་བས། གདུང་རབས་ནས་གདུང་རབས་སུ་ཕན་པའི་འཇའ་ས་དང་ལུང་བཟང་པོ་གྲུབ། གོང་དཀར། བྲག་དཀར། སྣེའུ། འོལ་ཁ། སྟག་རྩེ། བསམ་གྲུབ་རྩེ། ལྷུན་གྲུབ་རྩེ། རིན་སྤུངས་སོགས་དབུས་གཙང་གི་ས་མདུད་རྣམས་ལ་རྫོང་ཆེན་བཅུ་གསུམ་བརྩིགས། སྣེའུ་གདོང་ཕོ་བྲང་གི་རྒྱལ་སྒོ་ཕྱི་ནང་གསུམ་དུ་བྱས་པའི་ནང་མ་ལ་ནག་ཆང་གི་ཁྲིམས་བསྡམས་ཤིང་། སི་ཏུ་རང་ཡང་ཕྱི་དྲོའི་ཁ་ཟས་སྤོང་བ་སོགས་རབ་བྱུང་གི་ཚུལ་ལ་གནས་པས་ལྷ་སྡེ་མི་སྡེ་ཀུན་གྱིས་སྤྱི་བོའི་རྒྱན་དུ་བཀུར། དེ་ཡང་སྔར་ས་སྐྱ་པས་བོད་ཙམ་དུ་མ་ཟད་བོད་ཆེན་པོའི་རྒྱལ་ཁམས་ལ་མངའ་དབང་བསྒྱུར་ནའང་། གདུང་བརྒྱུད་ཞལ་ངོ་རྣམས་ཐུགས་འདོད་ཀྱི་འཐེན་ཕྱོགས་སོ་སོར་སོང་ཞིང་། དཔོན་ཆེན་རྣམས་ཀྱང་ཏིག་མི་ཆགས་པར་སྤོ་ལེན་མང་བ། གོང་མའི་(234ན)ཁྲིམས་ཀྱང་ཧོར་གྱི་ཤན་ཤོར་བས་ཧང་ཟོམ་སོགས་ལ་བརྟེན་ཐང་ལྷོད་དང་མཐོ་དམན་ཅི་རིགས་དང་། ཁྱད་པར་ཧོར་ཁྲིམས་ལ་མི་བསད་ན་སྲོག་ཚབ་ཏུ་སྲོག་གཏོང་བས་མཚོན་སྡིག་པའི་ལས་ཤས་ཆེ་བར་བརྟེན། བོད་ཆོས་རྒྱལ་གོང་མའི་ལུགས་སྲོལ་བཟང་པོ་དགེ་བ་བཅུས་གཞི་བཟུང་བ་འདི་ཉིད་གཙོ་བོར་མཛད་པར་བཞེད་དེ། ཚུལ་དེ་ཉིད་བསྒྲུབ་པར་བྱེད་པ་ལ་ཁས་ཞན་རྣམས་ཡལ་བར་དོར་ཞིང་། དྲེགས་པོ་རེངས་སུ་བཅུག་པ་མ་ཡིན་པའི་བདེན་རྫུན་ཐང་མར་བརྡལ་ནས། དཀར་ནག་ཤན་ཕྱེས་པའི་ཁྲིམས་ཀྱིས་རྒྱལ་ཁམས་རྒན་མོ་གསེར་ཁུར་ལྟ་བུར་བདེ་བའི་ཆེད་དུ། དཔའ་བོ་སྟག་གི་ཞལ་ལྕེ། སྡར་མ་ཝའི་ཞལ་ལྕེ། སྣེ་མོ་ལས་འཛིན་གྱི་ཞལ་ལྕེ། ཞུ་བཞེས་བདེན་རྫུན་གྱི་ཞལ་ལྕེ། བཟུང་བཀྱིག་ཁྲིམས་རའི་ཞལ་ལྕེ། ནག་ཅན་ཁྲག་བཅོར་གྱི་ཞལ་ལྕེ། དྲན་འཛིན་ཆད་ལས་ཀྱི་ཞལ་ལྕེ། ཧོར་འདྲ་ཟ་རྐང་གི་ཞལ་ལྕེ། བསད་པ་སྟོང་གི་ཞལ་ལྕེ། རྨས་པ་ཁྲག་གི་ཞལ་ལྕེ། སྨྱོན་ཧམ་མནའ་དག་གི་ཞལ་ལྕེ། བརྐུས་པ་འཇལ་གྱི་ཞལ་ལྕེ། ཉེ་འབྲེལ་འགྲས་བསྡུམ་གྱི་ཞལ་ལྕེ། བྱི་བྱས་བྱི་རིན་གྱི་ཞལ་ལྕེ། ནམ་ཕར་ཚུར་གྱི་ཞལ་ལྕེ་སྟེ་བཅོ་ལྔའི་(234བ)སྒོ་ནས་གཏན་ལ་ཕབ། དེ་ཡང་མི་བསྲུན་ལོག་པར་འཁུ་བའི་དགྲ་སྡེ་ཚར་བཅད་ནས། ཇུས་དོན་བཞེད་ཐོག་ཏུ་འཁྱོལ་བའི་ཐབས་སུ་དྲག་པོ་དཔུང་གི་སྦྱོར་བ་བཤམ་ཚུལ། དགྲས་ཚུར་འགེབས་ལ་བཙན་པོའི་རྫོང་དུ་འཁྲ་འཕུར་བྱེད་ཚུལ། སྣེ་མོར་མངགས་སླེབ་རྣམས་ཀྱིས་རྣམ་དཀར་གྱི་ལས་ལ་སྤྱོད་ཅིང་ཉེ་འགྱང་སྤངས་པའི་གཞུང་དོན་གཙོ་བོར་བྱེད་ཚུལ། མི་བསད་ལ་ལན་འཇལ་གྱི་གཉིས་ཕུང་སྡིག་ལས་བྱེད་དུ་མི་འཇུག་པར་སྟོང་སྤྲོད་ལེན་སོགས་ཕྲ་ཞིབ་མཛངས་པའི་བློས་ཁྲིམས་ཀྱི་འཇམ་དར་ཡུག་གཅིག་ཏུ་བརྐྱངས་པར་མཛད་དོ། །དེ་ནས་དྭགས་པོ་བཀའ་བརྒྱུད་ཀྱི་ཕྱོགས་སུ་མདོ་ཕྱོགས་ཀྱི་བཤད་གྲྭའི་སྲོལ་མེད་པ་གསར་དུ་བཏོད་པའི་ཆེད་དུ་རྩེད་ཐང་གི་ཆོས་གྲྭ་ཆེན་པོ་བཏབ། ཕར་ཚད་སོགས་བཀའ་པོད་ཀྱི་འཆད་ཉན་བཙུགས། དེ་དང་ཐེལ་གྱི་སྒོམ་གྲྭ་གཉིས་ཀ་ལ་ཕུན་སུམ་ཚོགས་པའི་མཐུན་རྐྱེན་སྦྱར། བདེ་བར་གཤེགས་པའི་སྐུ་བརྙན་དུ་མ་དང་། གསེར་གྱིས་བཀའ་འགྱུར་རོ་ཅོག་བཞེངས། ར་ས་འཕྲུལ་སྣང་དང་། བསམ་ཡས་ཀྱིས་མཚོན་པའི་གནས་ཆེན་ཁྱད་འཕགས་རྣམས་ལ་མཆོད་འབུལ་སོགས་རྣམ་དཀར་གྱི་མཛད་པ་རྒྱ་ཆེ། འོན་ཀྱང་སྐབས་ནས་ཏཱ་སི་རང་གི་ཐུགས་ལ་གདོན་གསོལ་(235ན)ཏེ། ལྷ་སྲས་མཆོག་གྲུབ་རྒྱལ་པོའི་སྐྱེ་བ་བཅུ་གསུམ་པ་ཡར་རྗེ་ཨོ་རྒྱན་གླིང་པ་ལ་ལོག་པར་བལྟས་ཤིང་། སྐུ་སྲོག་ལ་བར་གཅོད་ལས་ངན་ཚབས་པོ་ཆེ་བསགས་པའི་དབང་གིས། མ་འགྱང་བར་ཏཱ་སིའི་མངའ་ཐང་དུས་མཐའི་མཚོ་ལྟར་ཁ་བྲི་ཞིང་། རིགས་བརྒྱུད་ཀྱང་ནམ་མཁའི་མུ་ཐག་ཆད་པ་བཞིན་བྱུང་བར་སྣང་། འདི་ཉིད་གཤེགས་རྗེས་སུ་འཇམ་དབྱངས་གུ་ཤྲི་ཆེན་པོ་སྟེ། དེ་ནི་དཔོན་བསོད་ནམས་བཟང་པོའི་སྲས་སུ་འཁྲུངས། བླ་མ་ཀླུ་ལུང་པ་གྲགས་པ་ལས་འབྲི་ཀློག་ཡིག་རིགས་སོགས་བསླབ། ཆོས་བཞི་གྲགས་པ་རྒྱལ་མཚན་གྱི་དྲུང་དུ་དགེ་བསྙེན་གྱི་སྡོམ་པ་མནོས། སློབ་དཔོན་གཞོན་བརྩོན་ལས་རབ་ཏུ་བྱུང་བའི་མཚན་ཤཱཀྱ་རྒྱལ་མཚན་དུ་གསོལ། མཁས་པའི་གྲགས་པ་ཆེ། བུ་སྟོན་ལས་རྒྱུད་སྡེའི་བཤད་པ་དང་དབང་ལུང་མང་པོ་གསན། ཆོས་རྗེ་བླ་མ་དམ་པའི་དྲུང་དུ་བསྙེན་པར་རྫོགས་ཏེ། ལྷ་སར་ཆོས་འཁོར་དང་། རྩེད་ཐང་གི་ཚོགས་པ་ལོ་བཅུ་གསུམ་གྱི་རིང་དུ་སྐྱོང་བར་མཛད། མི་རིང་བར་སྣེའུ་གདོང་རྩེའི་ཁྲི་ཐོག་ཏུ་ཕེབས། ཧོར་གོང་མ་རྒྱལ་པོས་ཏཱའི་སི་ཏུ་དང་ཆང་གུའི་ལུང་། ཀྭ་དིན་གུ་ཤྲིའི་ལས་ཀ་དང་ཐམ་ཁ་གནང་། ཆོས་སྐྱོང་(235བ)བྱ་རོག་གདོང་ཅན་གྱི་འཕྲིན་ལས་བསྒྲུབ། དགེ་འདུན་ཁྲི་ཕྲག་དུ་མར་གྱ་ནོམ་པའི་བཀུར་བསྟི་མཛད་དེ་ཆོས་འཁོར་བཙུགས། མངའ་ཐང་དང་བདེ་སྐྱིད་ཀྱི་དཔལ་ཡོན་རྒྱ་ཆེ། འདིའི་སྐུ་མཆེད་རིན་རྡོར་གྱི་སྲས་གཉིས་ལས། ཆོས་བཞི་པ་ཆུང་དུས་སུ་མཁན་ཆེན་སེང་གེ་རྒྱལ་མཚན་གདན་དྲངས་པས། སྨན་བླའི་ཕོ་བྲང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པ་སྐུ་ལུས་ལ་ཐིམ་པ་གཟིགས་པའི་ལུང་བསྟན་མཛད། སྤྱན་སྔ་གྲགས་ཤེར་བ་ལས་དགེ་བསྙེན་གྱི་སྡོམ་པ་ནོད་པའི་མཚན་གྲགས་པ་བྱང་ཆུབ་ཏུ་གསོལ། འཇམ་དབྱངས་གུ་ཤྲིས་གདུང་བརྒྱུད་སྤེལ་བར་བཀས་གནང་ཡང་། འཁོར་བ་ལ་རྒྱབ་ཀྱི་ཕྱོགས་ཏེ་བླ་མ་དམ་པའི་དྲུང་ནས་བསྙེན་པར་རྫོགས། ཕོ་བྲང་སྣེ་གདོང་རྩེའི་ཁྲིར་བཞུགས་ནས་བླ་དཔོན་སྦྲགས་ཏེ་རྒྱལ་སྲིད་ཆོས་བཞིན་དུ་བསྐྱངས། རྗེ་ཙོང་ཁ་པ་ཡང་འདི་ཉིད་ཀྱི་ཞབས་ལ་གཏུགས་ནས་མི་འཕྲོག་པའི་དད་པ་འཁྲུངས་ཏེ་སྙན་ཚིག་གི་ལམ་ནས་དྲངས་པའི་རྟོགས་བརྗོད་དཔག་བསམ་ལྷུན་པོར་གྲགས་པའི་ལེགས་བཤད་རྩོམ་པ་གནང་། ཕན་ཚུན་ཐུགས་ཡིད་གཅིག་འདྲེས་སུ་གྱུར། འདི་ཉིད་ཀྱི་གཅུང་ཆོས་རྗེ་བསོད་ནམས་གྲགས་པ་ནི། མཁན་ཆེན་གཞོན་དབང་པའི་དྲུང་དུ་རབ་ཏུ་བྱུང་། (236ན)རྩེད་ཐང་གི་གདན་སར་ཕེབས་ནས་འཆད་རྩོད་རྩོམ་གསུམ་གྱིས་རྒྱལ་བསྟན་གསལ་བར་མཛད་ཅིང་མཁས་པ་རྣམས་ཀྱི་ཡིད་དབང་འཕྲོག །ལྷ་སར་དགེ་འདུན་དཔག་ཏུ་མེད་པ་ལ་ཆོས་འཁོར་བསྐོར། ལོ་ཆེན་བྱང་ཆུབ་རྩེ་མོའི་དྲུང་དུ་བསྙེན་པར་རྫོགས། སྣེ་གདོང་ཁྲིར་ཕེབས་ནས་མངའ་འབངས་མཐའ་དག་ཕན་བདེའི་ས་ལ་བཀོད། ས་སྐྱོང་ཤཱཀྱ་རིན་ཆེན་གྱིས་ཟིན་རིན་ཆེན་འཛོམ་ཞེས་པ་མཁའ་འགྲོ་མའི་སྤྲུལ་པར་གྲགས་པ་ཞིག་ཁབ་ཏུ་བཞེས་པའི་སྲས་མི་དབང་གྲགས་པ་རྒྱལ་མཚན། དྲུང་བྱང་ཆུབ་རྡོ་རྗེ། སྤྱན་སྔ་བསོད་ནམས་བཟང་པོ། སྤྱན་སྔ་དཔལ་ལྡན་བཟང་པོ། སྤྱན་སྔ་བསོད་ནམས་རྒྱལ་མཚན། དྲུང་སངས་རྒྱས་རྒྱལ་མཚན་རྣམས་སྐུ་བལྟམས་པ་ལས། གྲགས་པ་རྒྱལ་མཚན་ནི། མཁྱེན་རབ་མཆོག་ཏུ་ཡངས་པས་ཀློག་ཡིག་སོགས་ཆེད་དུ་གཉེར་མ་དགོས་པར་འབད་མེད་དུ་མཁྱེན། མཁན་པོ་གཞོན་དབང་ལས་རབ་ཏུ་བྱུང་བའི་མཚན་གྲགས་པ་རྒྱལ་མཚན་དཔལ་བཟང་པོར་གསོལ། ཚད་མ་ལ་མཁས་པར་གྲགས། སྣེ་གདོང་གི་ཁྲིར་ཕེབས་ནས། བཀྲ་(236བ)ཤིས་སྒོ་མང་གསུམ་གྱིས་ཐོག་དྲངས་པའི་ཐུགས་དང་སྐུའི་རྟེན། བདེ་བར་གཤེགས་པའི་བཀའ་དྲི་མ་མེད་པ་བོད་དུ་བསྒྱུར་བའི་གླེགས་བམ་མཐའ་དག་གསེར་གྱིས་བྲིས་པ་ཚར་གཉིས། གསེར་དངུལ་འདྲེས་མས་བྲིས་པ་ཚར་གཅིག །ཆབ་ཤོག་དཀར་པོར་བྲིས་པ་ཚར་གསུམ་གྱིས་ཐོག་དྲངས་གསུང་རྟེན་མཐའ་ཡས་ཤིང་། དེ་དག་ཀྱང་བོད་ཀྱི་བརྡ་དང་བསྟན་བཅོས་མང་དུ་སྣང་བ་ལ་བརྟེན་ནས་སྡེབ་ཀྱི་སྦྱོར་ལུགས་མཐའ་དག་ཞིབ་མོར་དཔྱད། རྒྱུད་འབུམ་སོགས་སུ་ལེགས་སྦྱར་གྱི་སྐད་ཀྱི་སྔགས་མཐའ་དག་བྱཱ་ཀ་ར་ཎའི་དོན་ཁོང་དུ་ཆུད་པའི་སྐད་གཉིས་སྨྲ་བ་རྣམས་ཀྱིས་རང་བཞིན་དང་རྐྱེན་དང་རྣམ་འགྱུར་གསུམ་ལ་བརྟེན་ནས་གཏན་ལ་ཕབ་པས། བཀའ་འགྱུར་དེ་རྣམས་གཅིག་ཏུ་བསྟན་པའི་རྩ་ལག་ལྟ་བུར་གྱུར། རིས་སུ་མ་ཆད་པའི་གྲུབ་མཐའ་མཐའ་དག་ལ་བསྙེན་བཀུར་དང་། ལྷ་ལྡན་སྨོན་ལམ་ཆེན་མོའི་མཐུན་རྐྱེན་སྦྱོར་བ་སོགས་ལུགས་གཉིས་ཟུང་དུ་འབྲེལ་བས་མངའ་འབངས་ཡོངས་ལ་ཕན་བདེའི་དཔལ་ཡོན་གྱིས་ཁྱབ་པར་མཛད། འདིའི་ཡབ་ས་སྐྱོང་ཤཱཀྱ་རིན་ཆེན་ལ་ཐོ་གན་ཐི་མུར་གྱི་ལུང་བཅས་ཁྲི་ཐོག་ཏུ་ཕེབས། ལུང་ལས་ཀྱིས་མངོན་པར་མཐོ་བས་སྐྱེ་བོ་མཆོག་(237ན)དམན་མཐའ་དག་ནས་གོང་མ་ཆོས་རྒྱལ་ཆེན་པོ་ཞེས་གླེང་། ཉང་སྟོད་ཤར་ཁ་བ་རྒྱལ་རྩེ་རབ་བརྟན་ཀུན་བཟང་འཕགས་པས་གོང་མ་འདི་ཉིད་ཀྱི་གཟིམ་དཔོན་གྱི་ལས་ཀ་བཟུང་། སྡེ་སྲིད་འདི་ཉིད་ཀྱི་བཀའ་དྲིན་ལས་མངའ་ཐང་ཆེ་བར་ཡོད་ཀྱང་ཅུང་ཟད་མཛད་སྤྱོད་མ་མཁས་པས་གོང་མའི་ཐུགས་ལ་ཕོག་སྟེ། ཉང་སྟོད་དུ་དཔུང་འཇུག་ལན་གཉིས་ཙམ་མཛད་པས། ཡར་ཀླུངས་པ་རྣམས་དགྲ་ཉང་སྟོད་ཤར་ཁ་བ་ཟེར་བའི་སྐབས་བྱུང་། དེ་ཙམ་མ་གཏོགས་དབུས་གཙང་མཐའ་དག་བདེ་འཇགས་ལས། དམག་ལས་སོགས་སྡིག་པའི་བྱ་ཐབས་སྦྱོར་བ་ལ་མི་རེ་བར་ཆོས་ལྡན་རྒྱལ་པོའི་ཁྲིམས་ལ་གནས། གོང་མ་འདིའི་དུས་དཔའ་མཛངས་བརྟུལ་ཕོད་ཀྱི་རྒྱལ་ཐབས་ལ་མཁས་པའི་བློན་པོ་རིན་སྤུངས་པ་ནམ་མཁའ་རྒྱལ་མཚན་རིན་སྤུངས་ཀྱི་རྫོང་དཔོན་དང་། ས་སྐྱའི་ལྷ་ཁང་ཆེན་མོའི་དཔོན་ཆེན་གྱི་ཁྲིར་བསྐོས། འཕྱོངས་རྒྱས་པ་ཧོར་དཔལ་འབྱོར་བཟང་པོར་བསམ་གྲུབ་རྩེའི་རྫོང་དཔོན་དང་དམག་དཔོན་གྱི་ལས་ཀ་གནང་། གཞན་ཡང་སྣེའུ་པ་ནམ་མཁའ་བཟང་པོ། བྲག་དཀར་བ་རིན་ཆེན་དཔལ་རྣམས་གྲགས་ཆེ། རིགས་རུས་ཡོན་ཏན་(237བ)མངའ་ཐང་སོགས་ལུགས་གཉིས་ཀྱི་གོ་རིམ་དང་མཐུན་པའི་དྲུང་འཁོར་ཤིན་ཏུ་མང་། དེ་དག་ཀྱང་ཆེན་པོའི་ལས་ཚན་གྱི་གོ་དང་བསྟུན་པའི་རྒྱན་གོས་ཀྱི་རིམ་པ་དང་། ཁྱད་པར་གནམ་ལོ་གསར་དུ་ཚེས་པའི་དགའ་སྟོན་གྱི་དུས། རིན་ཆེན་རྒྱན་ཆར་གྲགས་པའི་བཀོད་པ་ཁྱད་པར་དུ་འཕགས་པའི་རྒྱན་སྤྲོས་དང་། རྒྱུན་མར་ཡང་རིན་པོ་ཆེའི་ཕྲ་ཚོམས་ཀྱིས་རྣམ་པར་མཛེས་པའི་ཀཱ་ཎི་ཀ་རྣ་བའི་རྒྱན་དུ་སྤུད་པ་སོགས་མཛད་ལ། མདོར་ན་ལུགས་གཉིས་ཀྱི་མཛད་པ་བཟང་པོ་གཞན་དག་ལྟ་ཅི་སྨོས། གནས་སྐབས་ཀྱི་སྤྱོད་ལམ་ཡང་ཡ་རབས་བཟང་པོ་ཆེ་བཙུན་གྱི་ངང་ཚུལ་ཁོ་ན་ལས། ལུང་མ་བསྟན་གྱི་ཞྭ་གོས་གྱོན་པ། སྒྲིགས་ལམ་ཀུན་སྤྱོད་ཀྱི་སྲང་ལ་བཅུར་བ་མེད་པའི་ཡིད་ལ་ཤར་ཚད་ལག་ཏུ་མི་ལེན་པའི་མིག་ལྟོས་མཆོག་ཏུ་བཟང་། གཅུང་སངས་རྒྱས་རྒྱལ་མཚན་གྱིས་རིན་སྤུངས་ནས་བདག་མོ་ཞིག་ཁབ་ཏུ་བཞེས་པར། སྲས་གྲགས་པ་འབྱུང་གནས་དང་ཀུན་དགའ་ལེགས་པ་གཉིས་འཁྲུངས། དང་པོ་ནི་སྐུ་ན་ཕྲ་མོ་ནས་ཕྱི་ནང་གི་རིག་པའི་གནས་ལ་མཁས་པར་སྦྱངས། རྡོ་རྗེ་ཐེག་པ་ལ་མཁྱེན་རབ་ཀྱི་རྩལ་ཤིན་ཏུ་ཆེ། ཆོས་རྒྱལ་ཆེན་པོ་གཤེགས་རྗེས་འདི་(238ན)ཉིད་སྐུ་ན་ཕྲ་བས་ཕོ་བྲང་ཆེན་པོའི་ཁྲིར་ཡབ་སྲས་གཉིས་པོ་སུ་བསྐོས་བཀའ་བློན་རྣམས་གྲོས་མ་མཐུན་པར་སྤྱན་སྔ་རིན་པོ་ཆེ་བསོད་ནམས་རྒྱལ་མཚན་ལ་ཞུས་པས། སྲས་བསྐོ་བར་བཀའ་གནང་བ་བཞིན་མཛད་ཀྱང་སྤྱན་སྔ་གཤེགས་རྗེས། ཡབ་ཀྱིས་ཁྲི་ཐོག་ཡོང་བའི་ཆེད་དུ་གནང་སྒོ་མ་ལེགས་པར་བརྟེན་ཡར་ཀླུང་དུ་སྡེ་གཟར་ལངས་ཏེ། ཡབ་ཆེ་ས་དཔོན་བློན་ཡར་རྒྱབ་ཏུ་འབྱོན་དགོས་བྱུང་། གོང་མ་རྐྱེན་མཐའི་ས་དབང་གི་འཇའ་ས་གནང་བ་ནས་བཟུང་དབང་གྲགས་པ་འབྱུང་གནས་སུ་གྲགས། ཐེལ་དང་རྩེད་ཐང་གཉིས་སུ་གདན་ས་ཟུར་དུ་མེད་ནའང་། གསུང་ཆོས་འགང་ཆེ་བ་རྣམས་རྩེ་ནས་གནང་ཞིང་། ཟུར་འཆད་སློབ་དཔོན་རྣམས་ལ་བཀའི་འཁོར་ལོས་ཁྱབ་པ་དང་། གསེར་གྱི་བཀའ་འགྱུར་བཞེངས་པ་སོགས་གོང་མ་ན་རིམ་གྱི་མཛད་སྲོལ་བཟང་པོ་མ་ཉམས་པར་བཟུང་། ཡར་རྒྱབ་ནས་ཆེ་ས་རྩེད་ཐང་དུ་གདན་དྲངས། ཞལ་ངོ་ནང་མཚམས་ཀྱི་འཁོན་ཞི་ནས་ཐུགས་ཡིད་གཅིག་ཏུ་འདྲེས། བྱང་ཕྱོགས་ཀྱི་སོ་ཁ་བསྲུང་བར་འུ་ཡུག་གླིང་དཀར་གྱི་རྫོང་བརྩིགས། རིན་སྤུངས་ནོར་བཟང་དང་། འཕྱོངས་རྒྱས་པ་ཧོར་དཀོན་མཆོག་(238བ)རིན་ཆེན་གཉིས་ཁྲིམས་ཀྱི་ཁ་ལོ་སྒྱུར་བའི་བློན་པོར་བསྐོས། གཅུང་ཀུན་དགའ་ལེགས་པ་རྩེད་ཐང་གི་གདན་སར་ཕེབས། རིན་སྤུངས་ནས་བདག་མོ་བཞེས་པ་ལ་སྲས་རིན་ཆེན་རྡོ་རྗེ་དབང་གི་རྒྱལ་པོ་འཁྲུངས། གོང་མ་ཆན་ཧང་གིས་དབང་གི་འཇའ་ས་གནང་། འདི་ཉིད་དོན་ལ་གྲུབ་པའི་དབང་ཕྱུག་ཆེན་པོར་ངེས་ཀྱང་སྐྱེ་བོ་རྣམས་ཀྱི་སྣང་ངོར་མཛད་སྒོ་ཅུང་མ་ལེགས་པའི་རྐྱེན་དང་། དཀའ་བཞི་པ་སྐུ་མཆེད་ནས་གང་ཞུས་ཀྱི་ཁ་དབང་དུ་ཤོར་བས་ཡབ་ཡུམ་ནང་མཚམས་སུ་སེལ་ཆེན་པོ་ཞུགས་ཏེ། ཡར་གོང་བྱ་བ་བསམ་སྡེ་བ་སོགས་བདག་མོའི་ཕྱོགས་དང་། སྣེའུ་འོལ་དགའ་རྣམས་གོང་མའི་ཕྱོགས་སུ་ཆད་ནས་དུས་མི་བདེ་བ་མང་དུ་བྱུང་། འོན་ཀྱང་འཕྱོངས་རྒྱས་པ་རྡོ་རྗེ་ཚེ་བརྟན་ཕན་ཚུན་གཉིས་ཀའི་ཕྱོགས་སུ་མ་ལྷུང་པས་སྡེ་གཟར་བཟླུམས་ཤིང་། ཞལ་ངོ་ནང་མཚམས་ཀྱི་ལེགས་སྤེལ་མཛད་པས་སྡེ་སྲིད་ཀྱི་ཞབས་ཏོག་ཏུ་གྱུར། དེ་ནས་ཡུམ་གཤེགས་རྗེས། རིན་སྤུངས་མཚོ་སྐྱེས་རྡོ་རྗེས་མཁར་ཐོག་བཟུང་། སྐབས་འདི་དག་ཏུ་གདན་ས་སྣེ་གདོང་ན་ཡང་སྤྱན་སྔ་ངག་གི་དབང་པོ་དགུང་ལོ་བཅུ་དྲུག་བཞེས་པ་ཞིག་བཞུགས་པར་བཤད། འདིས་ཀྱང་འགོས་(239ན)ལོ་གཞོན་ནུ་དཔལ་སོགས་བསྟེན་ནས་གསུང་རབ་ལ་ཐོས་བསམ་སྒོམ་པ་མང་དུ་མཛད། ཡོངས་རྫོགས་དགེ་བསྙེན་གྱི་སྡོམ་པ་མནོས་ཏེ་གདན་ས་ཆེན་པོའི་སྤྱན་སྔར་ཕེབས། ཞལ་ངོ་ནང་མཚམས་ཀྱི་རིམ་པ་ལྷིང་འཇགས་སྐབས། རིན་སྤུངས་པ་དོན་ཡོད་རྡོ་རྗེས་གཙང་དཔུང་རྣམས་དབུས་སུ་བཅུག་སྟེ། གཞིས་ཀ་སྣེའུ་པའི་ལག་ནས་རྫོང་གཞིས་འགའ་ཞིག་བླངས། དེ་ནས་རིན་སྤུངས་མཚོ་སྐྱེས་པ་དང་། དོན་ཡོད་རྡོ་རྗེ་གཉིས་ཀྱི་གཙོས་བློན་པོ་རྣམས་ཀྱིས་གྲོས་ཐོག་ནས་སྤྱན་སྔ་རིན་པོ་ཆེ་ཕོ་བྲང་དུ་སྤྱན་དྲངས། མི་རིང་བར་ཞལ་ངོ་གོང་མ་རྣམས་གཤེགས་པས་ལྷ་རིགས་རླངས་ཀྱི་གདུང་འཛིན་པ་སྤྱན་སྔ་ཆོས་གྲགས་ཉིད་མ་གཏོགས་མེད་པར་བརྟེན། རྫོང་ཁ་བའི་སྲས་མོ་ཞིག་བདག་མོར་ཕུལ། ཡབ་མེས་ཀྱི་ལུགས་བཟང་མ་ཉམས་པར་མཛད། སྲས་ངག་དབང་བཀྲ་ཤིས་གྲགས་པ་འཁྲུངས་ནས་རིང་པོར་མ་ལོན་པར་ཡབ་སྐུ་གཤེགས། སྤྱན་སྔ་ཆོས་གྲགས་པས་གདུང་སྲས་སྐུ་ནར་མ་སོན་གྱི་རིང་ལ་ཐེལ་གྱི་སྤྱན་སྔའི་ཁུར་བཞེས་དང་། བློན་པོ་རྣམས་དང་བཀའ་གྲོས་ཀྱིས་སྡེ་སྲིད་ཀྱི་ལར་རྒྱ་མི་འཕྱུགས་པའི་ཞལ་ལེན་མཛད། དཔོན་ཚབ་ཐེལ་གཏོང་བྱས་(239བ)པར་རིན་སྤུངས་པས་བློན་པོ་གཞན་ལ་གྲོས་དབང་མེད་པར་མཛད་པས་སྡེ་དཔོན་གཞན་རྣམས་མ་འདོད་པའི་དབང་གིས་སྡེ་གཟར་ལངས་ཀྱང་ཡོ་འཁྱོམས་ཆེ་བ་མ་བྱུང་། སྤྱན་སྔ་ཆོས་གྲགས་གཤེགས་རྗེས་རིན་སྤུངས་པ་དང་འཕྱོངས་རྒྱས་པས་གཙོས་བློན་པོ་རྣམས་བཀའ་གྲོས་ཐོག་ནས་གདུང་བརྒྱུད་ངག་དབང་བཀྲ་ཤིས་གྲགས་པ་ཕོ་བྲང་ཆེན་པོའི་ཁྲི་ཐོག་ཏུ་སྤྱན་དྲངས། འདི་ཉིད་གཞོན་ནུའི་དུས་ནས་སྐྱེ་བོ་ཕལ་གྱི་སྤྱོད་ཡུལ་དུ་མ་གྱུར་པའི་མཁྱེན་རླབས་ཆེ་ཞིང་། ཆོས་དང་སྲིད་ཀྱི་ཡོན་ཏན་མ་ལུས་ཅིག་ཅར་དུ་རྫོགས་པས་རྒྱལ་ཁམས་སུ་འཁོད་པའི་བློ་ཅན་ཁེངས་དྲེགས་ཅན་རྣམས་ཟིལ་གྱིས་གནོན་པའི་བཀའ་ཁྲིམས་བཟང་པོས་བོད་འབངས་ཡོངས་ལ་བདེ་སྐྱིད་ཀྱི་སྣང་བས་འཚོ་བར་མཛད། འོན་ཀྱང་འདི་དུས་གུ་རུའི་ལུང་བསྟན་ལས། གྲགས་འབྱུང་མིང་ཅན་སྣེ་ཡི་སྡོང་པོ་འཛིན༔ བདུད་སྤྲུལ་མི་དགུས་ཕག་ཚང་ཡོས་ལྟར་བརྔོ༔ ཞེས་པའི་ལུང་དུས་ལ་བབས་ནས། རིན་སྤུངས་པ་ངག་དབང་རྣམ་རྒྱལ་གྱིས་ཨེ་གཉལ་གྱི་ཕྱོགས་སུ་དམག་གི་དཔུང་ཁྱེར་བྱས་པ་སོགས་སྡེ་གཟར་ཆེར་བསླངས་ཀྱང་། སྡེ་སྲིད་དགུ་ཤྲི་ཧོ་ཝང་ངག་དབང་བཀྲ་ཤིས་གྲགས་པའི་མཚན་བྱུས་རྒྱལ། ཞྭ་དམར་བཞི་པ་ཆོས་གྲགས་ཀྱིས་བར་བསྡུམ་མཛད་དེ་ལོ་གསུམ་ཆིངས་བསྡམས་ནའང་། རིན་སྤུངས་པས་སླར་ཡང་སྡེ་གཟར་བསླངས་ཏེ་རྒྱལ་མཁར་རྩེར་བཏེགས་སྐབས། འཕྱོངས་རྒྱས་(240ན)པ་རིན་ཆེན་རྒྱལ་མཆོག་གིས་གཙོས་དམག་དཔུང་རྣམས་ཉང་སྟོད་བར་དུ་བྱོན། དགའ་ལྡན་དམག་དཔོན་བསོད་ནམས་རྒྱལ་པོས་སྐྱིད་ཕན་གྱི་དཔུང་རྣམས་ཁྲིད་དེ་ཤངས་ཀྱི་བར་བུ་བཏེགས་པས། རྒྱལ་རྩེ་དང་པ་རྣམ་པའི་ས་ཆ་ཤོར་བ་ཕྱིར་སྤྲོད་པ་དང་། གོང་སར་དགོངས་བསང་། རྫོང་དཔོན་གྱི་ལས་ཀ་ཞུ་བ། ཕྱིན་ཆད་མ་རུངས་པའི་སེམས་དོར་བ་སོགས་ཀྱིས་དན་ཁ་ལས་མཐའ་མེད་དུ་གཏོར་བར་མ་མཛད། གོང་མ་འདིས་རིས་མེད་ཀྱི་བསྟན་པར་སྲི་ཞུ་མཛད་ཅིང་། རྒྱལ་བ་བསོད་ནམས་རྒྱ་མཚོ་དང་། འབྲུག་པ་ཀུན་མཁྱེན་པད་དཀར་བླ་མར་བསྟེན། རིན་སྤུངས་པ་དང་རྒྱལ་བློན་ནང་མཚམས་སུ་སེལ་ཆེ་བར་བྱུང་ཡང་། ཕྱི་རྒྱའི་བློན་ཆེན་གྲས་སུ་རིན་སྤུངས་ངག་དབང་རྣམ་རྒྱལ། སྲས་དོན་གྲུབ་ཚེ་བརྟན་རྡོ་རྗེ་རྣམ་གཉིས། འཕྱོངས་རྒྱས་པ་ཧོར་རིན་ཆེན་རྒྱལ་མཆོག་སྐུ་མཆེད་སོགས་བློན་པོ་དང་དྲུང་འཁོར་འགང་ཆེ་བ་ཤིན་ཏུ་མང་། རིན་སྤུངས་ཀྱི་སྲས་མོ་ཁབ་ཏུ་བཞེས་པའི་སྲས་འགྲོ་བའི་མགོན་པོ་དང་། སྤྱན་སྔ་གྲགས་འབྱུང་བ་གཉིས་ལས། དང་པོས་གོང་དཀར་དུ་ཕེབས། དཔོན་ས་འཕྱོངས་རྩེའི་དྲུང་ཁབ་ཏུ་བཞེས་པའི་སྲས་ཞབས་(240བ)དྲུང་ངག་དབང་གྲགས་པ་སྐུ་བལྟམས། འགྲོ་བའི་མགོན་པོ་གཤེགས་པའི་གདུང་རྟེན་རིན་པོ་ཆེའི་ཕྲ་ཚོམས་ཀྱིས་སྤྲས་པ་ཕོ་བྲང་གོང་རི་དཀར་པོར་བཞེངས། གཉིས་པ་གྲགས་འབྱུང་བ་ཐེལ་གྱི་གདན་སར་ཕེབས། ཐུགས་དམ་ཉམས་ལེན་གྱི་རིམ་པ་གཙོ་བོར་མཛད། ཆོས་སྐྱོང་བྲན་དུ་འཁོལ་ཞིང་མངོན་སྤྱོད་ལས་སྦྱོར་གྱི་རྟགས་ཐོན། ཞབས་དྲུང་ངག་དབང་གྲགས་པ་གོང་དཀར་ན་བཞུགས་སྐབས་རྩེར་ཡུམ་མི་གཅིག་པའི་སྐུ་མཆེད་ཡོད་པར་བརྟེན། དཔོན་ས་འཕྱོང་རྩེ་མས་གནང་བཀོད་མ་ལེགས་པའི་གཟེར་བུན་བསླངས་ཏེ། རིན་སྤུངས་པ་དང་དགའ་ལྡན་པ་སོགས་ངག་དབང་གྲགས་པའི་ཕྱོགས་གཏོགས་ནས་རྩེར་དཔུང་གི་སྦྱོར་བ་བཤམས་པ་སོགས་གཡོ་འཕྲུལ་དུ་མས་ངག་དབང་གྲགས་པ་རྩེའི་ཁྲི་ཐོག་ཏུ་གདན་དྲངས། གོང་མ་འོན་རྒྱལ་བཟང་དུ་ཕེབས་ནས་རྩེར་བཞུགས། ངག་དབང་གྲགས་པ་གོང་དཀར་དུ་བཞུགས་སྐབས་གོང་དཀར་འདི་དབུས་གཙང་གཉིས་ཀྱིས་མདུང་ལྟེ་བ་ལྟ་བུར་འདུག་པས་རང་རེའི་མི་ངོ་ཞིག་གིས་མ་བཟུང་ན་བོད་ཀྱི་བདེ་སྐྱིད་ལ་གནོད་པས་རྫོང་གཏོད་མི་དགོས་ཚུལ་གྱི་གོང་མའི་བཀའ་ཤོག་གོང་དཀར་དུ་གནང་བ་བསྐོར་མི་རྣམས་ཀྱི་ལག་ཏུ་བརྒྱབ་(241ན)པས་དམག་རྣམས་གྱེས་ཏེ་བདེ་འཇགས་ཆེ་བ་བྱུང་། གོང་དཀར་ཞབས་དྲུང་ངག་དབང་གྲགས་པའི་འདི་ཉིད་ལུགས་གཉིས་ལ་མཁྱེན་པ་ཟབ་ཅིང་ལྷག་པར་དགེ་འབྲུག་གཉིས་ལ་ཐུགས་མོས་ཆེ། སྒེར་དུ་ཐམས་ཅད་མཁྱེན་པ་བསོད་ནམས་རྒྱ་མཚོ་དང་མཆོད་ཡོན་ཉི་ཟླ་གཅིག་ལྟ་བུར་ཐུགས་སྣང་དག་པ་བྱུང་བས་གོང་དཀར་དུ་འཇམ་དབྱངས་གོང་མའི་ཕོ་བྲང་ནས་རྟེན་འབུལ་གྱི་རྒྱུན་འཛུགས་པ་གནང་། གོང་མ་ཆེན་པོའི་སྲས་ཟུར་པ་སོགས་ཀྱིས་སྣེའུ་གདོང་རྩེའི་ཁྲིར་བཞུགས་ཤིང་། བདུད་མི་སྤུན་དགུས་དབུས་གཙང་ལན་མང་དུ་དཀྲུགས་པའི་སྲི་ངན་ལངས་ཏེ། བྱི་གླང་སྡེ་གཟར་གྱི་སྐབས་འཕོ་འགྱུར་ཤིན་ཏུ་ཆེ་བ་བྱུང་། སྲས་བཀའ་བརྒྱུད་རྣམ་རྒྱལ་དང་། རྣམ་རྒྱལ་གྲགས་པ་གཉིས་འཁྲུངས། གཅུང་ཡར་རྒྱབ་ནས་བདག་མོ་བྱོན་སྐབས་རྟེན་འབྲེལ་འཕྱུགས་པས་མ་འགྱངས་པར་སྐུ་གཤེགས། གཅེན་བཀའ་བརྒྱུད་རྣམ་རྒྱལ་ལ་སྲས་གྲགས་པ་རྣམ་རྒྱལ་འཁྲུངས་མོད། འོན་ཀྱང་སྲས་ཟུར་པ་རྣམས་སྣེ་གདོང་གི་ཁྲིར་བཞུགས་ཤིང་། བྱི་གླང་གི་སྡེ་གཟར་སྐབས་འཕོ་འགྱུར་ཤིན་ཏུ་ཆེ་བ་བྱུང་ནས་སྲིད་ཀྱི་མངའ་ཐང་མཐའ་དག་རིན་(241བ)སྤུངས་པར་ཤོར་རོ། དེ་ལྟར་རབ་བྱུང་དྲུག་པའི་ས་གླང་། སྤྱི་ལོ་༡༣༤༩ནས་རབ་བྱུང་བདུན་པའི་ཤིང་ཡོས། སྤྱི་ལོ་༡༤༣༥བར། ལོ་གྲངས་བརྒྱད་ཅུ་གྱ་བདུན་གྱི་རིང་ལ་ཕག་གྲུ་པའི་ཁྲི་རབས་བཅུ་གཅིག་གིས་རིམ་བཞིན་བོད་ཁམས་ལ་དབང་བསྒྱུར་བར་སྣང་། རབ་བྱུང་བདུན་པའི་འདིའི་ས་གླང་། སྤྱི་ལོ་༡༤༠༩ཏཱའི་སི་ཏུ་དགུང་ལོ་བརྒྱད་པར་རྗེ་ཙོང་ཁ་པས་བཀའ་གདམས་པའི་གཞུང་དང་གསར་མའི་སྔགས་རྒྱུད་ཟུང་འཇུག་བཤད་སྒྲུབ་ཀྱི་འཕྲིན་ལས་རྒྱ་ཆེར་སྤེལ་ཞིང་འབྲོག་རི་བོ་དགའ་ལྡན་གྱི་ཆོས་སྡེ་བཏབ་པ་ནས་གདན་སའི་མིང་ཆོས་བརྒྱུད་ལ་ཐོགས་ཏེ་དགེ་ལུགས་པར་གྲགས་པ་འདི་བྱུང་ངོ་། །བོད་རྗེ་རིན་སྤུངས་པ་ནི། སྔོན་བོད་རྗེ་ཤ་ཁྲི་བཙན་པོའི་དུས་མ་སངས་ལ་ཁར་ཁྱེའུ་མཚན་དང་ལྡན་པ་ཞིག་བྱུང་བར། སྒེར་དཔལ་ལེགས་འོད་ནས་བཟུང་ཕྱི་སྒེར། ནང་སྒེར། གྲུབ་ཐོབ་ཀྱི་སྒེར་དང་གསུམ་ལས། རིམ་བཞིན་མི་རབས་ཉེར་ལྔ་པ་ན་ནང་སྒེར་རལ་པ་འཛིན་གྱིས་གྲུ་གུའི་ཡུལ་ནས་གཟིངས་བདུན་གྱིས་རིན་པོ་ཆེ་གཡུའི་ཟོང་དྲངས། ཁྲག་གི་ལུས་ལ་མགོ་ལྔ་པ་འབྲུག་གི་སྐད་འབྱིན་པ་ཞིག་རིག་སྔགས་ཀྱིས་བཏུལ་བས་ནུས་མཐུ་ཆེ་བར་གྲགས་ཤིང་། རྗེ་(242ན)སྲོང་བཙན་སྒམ་པོའི་ནང་བློན་མཛད། དེ་ཉིད་ཀྱི་རྒྱུད་ལས་བློ་གྲོས་ཀྱི་རྩལ་དང་ལྡན་པ་ཟླ་བ་རྒྱལ་མཚན་གྱིས་མངའ་བདག་ཁྲི་སྲོང་ལྡེ་བཙན་གྱི་ཆོས་བློན་དུ་གྱུར་པ་ནས་བཟུང་། མི་རབས་ཉི་ཤུའི་མཐར་སྒེར་ཤཱཀྱ་འབུམ་གྱི་སྲས་ནམ་མཁའ་རྒྱལ་མཚན་གྱིས། གོང་མ་སྡེ་སྲིད་ཕག་གྲུ་དབང་གྲགས་པ་རྒྱལ་མཚན་གྱི་ཞབས་ལ་གཏུགས། གཞིས་ཀ་རིན་སྤུངས་ཀྱི་རྫོང་དཔོན་དང་། ཆུ་མིག་གི་ཁྲི་དཔོན། ས་སྐྱའི་ལྷ་ཁང་ཆེན་མོའི་དཔོན་ཆེན་གྱི་གོ་ས་བཟུང་། དེའི་སྲས་ནམ་མཁའ་རྒྱལ་པོ་ཆུང་དུས་ནས་མཁྱེན་པ་མཆོག་ཏུ་ཡངས། དེའི་སྲས་ནོར་བུ་བཟང་པོས་ཀྱང་ཡབ་མེས་དུས་ཀྱི་རྫོང་སྡོད་ཁྲི་དཔོན་རྣམས་ཀྱི་འཇའ་ས་བཟུང་། དཔུང་གི་སྦྱོར་བས་རྟ་གཡག་གི་རྫོང་དང་། ལྕགས་ཐག་མགོ་སྦྲེལ་དུ་གྲགས་པའི་ཡུལ་རྫོང་མང་པོ་མངའ་འབངས་སུ་བླངས། ཉང་སྨད་བསམ་གྲུབ་རྩེའི་རྫོང་དཔོན་དུ་ཕེབས། དེ་ལ་གཏེར་སྟོན་ཀུན་སྐྱོང་གླིང་པས། བརྟན་མ་གསོལ་ཞིང་རྗེ་ཡི་མགུར་ལྷ་མཆོད༔ མི་རབས་བཅུ་གསུམ་བར་དུ་མི་རབས་བརྟན༔ ཞེས་པའི་ལུང་བསྟན་བཟང་པོ་མཛད། དེ་ནས་རོང་བྱམས་ཆེན་གྱི་ཆོས་སྡེ་བཏབ། དགེ་འདུན་རྣམས་ལ་དབྱར་(242བ)དགུན་དཔྱིད་ཆོས་ཀྱི་ཕོགས་སོགས་མཐུན་རྐྱེན་གྱ་ནོམ་པ་སྦྱར། སྐུ་གསུང་ཐུགས་ཀྱི་རྟེན་མང་དུ་བཞེངས་པ་ལ་པཎ་ཆེན་ནགས་ཀྱི་རིན་ཆེན་ནགས་ཀྱི་རིན་ཆེན་གྱིས་མེ་ཏོག་གཏོར། བྲག་དམར་ཆོས་སྡེ་རྙིང་པའི་འདབས་སུ་སྤྱིལ་པོ་བརྒྱ་ལྷག་ཙམ་བརྩིགས་ཏེ་ཐོས་བསམ་སྒོམ་པ་ཚུལ་བཞིན་དུ་བྱེད་པའི་འདུས་གྲྭ་བཙུགས། མདོར་ན་རིས་མེད་པའི་གྲུབ་མཐའ་ཐམས་ཅད་ལ་བསྙེན་བཀུར་བླ་ན་མེད་པ་མཛད་པས་མངོན་པར་མཐོ། རིན་སྤུངས་ནོར་བཟང་པའི་སྲས་ཨུ་པ་སི་ཀ །ཀུན་བཟང་པ། དོན་གྲུབ་རྡོ་རྗེ། མཚོ་སྐྱེས་རྡོ་རྗེ། ཤཱཀྱ་རྒྱལ་མཚན་དང་ལྔ་ལས། དང་པོ་ཆུང་ངུ་ནས་གྲོངས། ཀུན་བཟང་པས་དབང་གྲགས་པ་འབྱུང་གནས་སྐུ་མཆེད་ཀྱི་ཞབས་ལ་གཏུགས། ཡབ་མེས་ཀྱི་འཇའ་ས་ལས་ཀ་གནང་སྟེ་རིན་སྤུངས་ཀྱི་རྫོང་དཔོན་མཛད། དཔལ་ལྡན་ས་སྐྱ་པའི་མཁས་གྲུབ་ཆེན་པོ་ཀུན་མཁྱེན་སངས་རྒྱས་འཕེལ་དང་། གོ་རམ་པ་བསོད་ནམས་སེང་གེ་སོགས་དང་མཆོད་ཡོན་དུ་འབྲེལ་ཏེ་འབྲས་ཡུལ་སྐྱེད་ཚུལ་གྱི་བཤད་གྲྭ་བཙུགས་ཤིང་། རྟ་ནག་ཐུབ་བསྟན་རྣམ་རྒྱལ་གྱི་དགོན་པ་འདེབས་པའི་མཐུན་རྐྱེན་མཛད། དོན་གྲུབ་རྡོ་རྗེས་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དཔོན་གྱི་ལས་ཀ་བཟུང་། མ་(243ན)སངས་མཚོ་སྐྱེས་རྡོ་རྗེས་ཡར་ཀླུངས་ཁར་ཐོག་གི་རྫོང་བཟུང་ཞིང་། སྤྱན་སྔ་དཔལ་ངག་གི་དབང་ཕྱུག་གཤེགས་རྗེས་གདུང་བརྒྱུད་སྐུ་ན་ཆེས་ཕྲ་བས་ཕོ་བྲང་སྣེའུ་གདོང་རྩེར་དཔོན་ཚབ་ཀྱི་ཐེལ་གཏོང་མཛད། ཤཱཀྱ་རྒྱལ་མཚན་གྱིས་ཉང་ཁོག་གི་རྫོང་གཞིས་སུ་བཞུགས་ནས་བདག་པོ་རྒྱལ་མཁར་རྩེ་པ་གཙེར་བ་སོགས་དགྲ་ཐབས་ཀྱི་བྱ་བར་མཁས། ཀུན་བཟང་པ་ལ་སྲས་རྡོ་རྗེ་ཚེ་བརྟན་དང་། དོན་ཡོད་རྡོ་རྗེ་གཉིས་ལས། དོན་ཡོད་རྡོ་རྗེས་རྫོང་ཆེན་གཉིས་ཀྱི་ལས་ཀས་མཐོ་བ་དང་བཅས། དབུས་ཕྱོགས་ནོར་འཛིན་གྱི་ཆར་དཔུང་གི་འཇུག་སྒོས་གཞིས་ཀ་བྲག་དཀར་དང་། ཆུ་ཤུལ། ལྷུན་པོ་རྩེ་སོགས་སྣེའུ་པའི་ལག་ནས་བླངས། མི་རིང་བར་འཕྱོང་རྒྱས་པ་སོགས་བློན་པོ་གཞན་རྣམས་དང་གྲོས་ཁོག་བསྟུན་ནས་སྤྱན་སྔ་ངག་གི་དབང་ཕྱུག་ཕོ་བྲང་སྣེའུ་གདོང་རྩེའི་ཁྲིར་མངའ་གསོལ་བའི་བྱེད་པོ་མཛད། ལ་སྟོད་དང་། ལྷོ་རྒྱུད་ཕྱོགས་སུ་དམག་ལན་ཁ་ཡར་མཛད་པ་རྣམས་རྒྱལ་ཞིང་། སྣེ་གདོང་གདུང་བརྒྱུད་སྐུ་ནར་མ་སོན་པའི་བར་དཔོན་ཚབ་མཛད། འགའ་ཞིག་གིས་སྡེ་གཟར་བསླངས་ཏེ་སྐྱིད་ཤོད་ཕྱོགས་སུ་དམག་ལན་གཉིས་མཛད་པའི་(243བ)གཉིས་པར་དགའ་ལྡན་པ་ནམ་མཁའ་རྒྱལ་པོ་ངོ་བལྟས་པ་སོགས་ཀྱིས་སྡེ་གཟར་ཚབས་སུ་བརྒྱུགས་ཏེ་གཞིས་ཀ་སྣེ་གདོང་རྩིས་ལེན་པ་སོགས་མཛད། འོན་ཀྱང་གོང་མ་ཆེན་པོ་སྣེའུ་གདོང་རྩེའི་ཁྲིར་གདན་འདྲེན་པ་སོགས་ལུགས་མཐུན་ཡ་རབས་ཀྱི་མཛད་པ་བཟང་། ཞྭ་དམར་ཆོས་གྲགས་དང་མཆོད་ཡོན་བགྲོས་ནས་ཡངས་པ་ཅན་གྱི་གཙུག་ལག་ཁང་སྡེ་དང་བཅས་པ་འཛུགས་པའི་མཐུན་རྐྱེན་མཛད། རྗེ་དྲུང་ཆོས་གྲགས་རྒྱ་མཚོའི་བཞེད་པ་ལྟར་ལྷ་ལྡན་ཉེ་འདབས་སུ་དགོན་པ་བཏབ་ནའང་ཡུན་དུ་མ་གནས། མཚོ་སྐྱེས་རྡོ་རྗེའི་སྲས་ངག་དབང་རྣམ་རྒྱལ་གྱིས་རྫོང་དཔོན་གྱི་ལས་ཀ་བླངས། རིག་གནས་ཆུང་བ་ལྔ་དང་། སྒྱུ་རྩལ་དྲུག་ཅུ་རྩ་བཞི་སོགས་ལ་བློ་གྲོས་ཀྱི་འཇུག་པ་གསལ་བར་ཤར། ཨེ་གཉལ་བརྟེན། དབུས་ཕྱོགས་ཀྱི་སྣེའུ་སོགས་རྗོང་གཞིས་ཁ་ཤས་ཤོར་ཏེ་མངའ་ཐང་ཅུང་ཟད་ཉམས། འོན་ཀྱང་གཙང་ཕྱོགས་སུ་སེང་གེ་རྩེ་པ་དང་། ལ་སྟོད་ལྷོ་སོགས་འོག་ཏུ་(244ན)བཅུག །བྱམས་ཆེན་གྱིས་གཙོས་པའི་གཙང་རོང་གི་ཆོས་སྡེ་རྣམས་ལ་འཚོ་རྐྱེན་སོགས་དགེ་རྒྱུན་བཟང་པོ་སྦྱར། རིན་སྤུངས་ཉིད་དུ་ཕོ་བྲང་ཆེན་པོའི་མིག་ལྟོས་ཀྱི་གསང་བ་སྔགས་ཀྱི་དུས་རིམ་གྱི་སྲོལ་བཙུགས། འདི་ལ་སྲས་གསུམ་ལས། ཆེ་བ་ཆུང་ངུ་ནས་གྲོངས། དེ་འོག་དོན་གྲུབ་ཚེ་བརྟན་རྡོ་རྗེས་སྔར་ཡབ་མེས་ཀྱི་དུས་མ་ལོན་པའི་པ་སྣམ་ལྷུན་གྲུབ་རྩེ་རྫོང་མངའ་འབངས་དང་བཅས་པ་རང་དབང་དུ་བྱས། རྗེ་དྲུང་མི་བསྐྱོད་རྡོ་རྗེའི་གསུང་བཞིན་གསུང་རབ་གླིང་གི་དགོན་པ་བཏབ། བཀྲ་ཤིས་དཔལ་བཟང་བླ་མར་བསྟེན་ནས་ཐེག་པའི་རྩེ་མོ་ཉམས་སུ་བླངས། གཅུང་ངག་དབང་འཇིགས་གྲགས་ནི། སྐུ་ནར་སོན་ཙམ་ནས་སློབ་དཔོན་མཁས་པ་མང་པོ་བསྟེན་ནས་གསན་བསམ་མཛད། མཁྱེན་རབ་ཀྱི་ཀློང་རྣམ་པར་ཡངས་པས་རིག་པའི་གནས་ཆེ་བ་ལྔ་དང་ཆུང་བ་ལྔ་སྟེ་བཅུ་ཕྲག་ལ་མཁས་ཐོག་ཆོད་ནས་རྒྱལ་པོ་པཎྚི་ཏའི་རྣམ་ཐར་བཟུང་། ཧོར་གོས་བཟང་པོའི་རྒྱུ་ལས་གྲུབ་པའི་རིགས་ལྡན་ཡོལ་བར་གྲགས་པའི་བཀོད་པ་ཁྱད་པར་དུ་འཕགས་པ་དེ་ཉིད་བཞེངས། རྗེ་ཀུན་དགའ་གྲོལ་མཆོག་རབ་གནས་སུ་སྤྱན་དྲངས། དཎྜིའི་དགོངས་རྒྱན་འཇིགས་(244བ)མེད་སེང་གེའི་རྒྱུད་ཀྱི་ང་རོས་ཐོག་དྲངས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པའི་བསྟན་བཅོས་ཀྱི་རྩོམ་པ་མང་དུ་མཛད། ལུགས་གཉིས་ལ་རྣམ་དཔྱོད་ཀྱི་སྒོ་འཕར་མཆོག་ཏུ་ཡངས། འོན་ཀྱང་ཨོ་རྒྱན་ཆེན་པོས། ཕག་ཚང་ཡོས་ལྟར་དཀྲུག་པའི་ལུང་བསྟན་ཐོག་ཏུ་བབས་ཏེ། ཞིང་ཤག་པ་ཚེ་བརྟན་རྡོ་རྗེས་འབངས་གྱེན་ལོག་བྱས་སྐབས་སྲས་པདྨ་དཀར་པོ་བཀྲོངས་པའང་མཚོ་སྐྱེས་རྒྱལ་བའི་ལུང་ལས། རིན་ཆེན་སྤུངས་པར་དམེ་འཁྲུག་དར་བ་འབྱུང་༔ ཞེས་པའི་དུས་སུ་མངོན། ཆོས་རྒྱལ་འདིའི་སྐུ་ཚེའི་སྨད་དུ་མངའ་ཐང་ཕལ་ཆེར་གཙང་པ་སྡེ་སྲིད་ཞིང་ཤག་པ་ལ་ཤོར་རོ། །དེ་ལྟར་རབ་བྱུང་བདུན་པའི་ཤིང་ཡོས། སྤྱི་ལོ་༡༤༣༥ནས་རབ་བྱུང་དགུ་པའི་ཤིང་གླང་། སྤྱི་ལོ་༡༥༦༥བར། ལོ་གྲངས་བརྒྱ་དང་སོ་གཅིག་གི་རིང་རིན་སྤུངས་པས་བོད་ལ་དབང་བསྒྱུར་བར་སྣང་ངོ་། །སྡེ་སྲིད་གཙང་པ་ཚེ་བརྟན་རྡོ་རྗེ་ནི། རིན་སྤུངས་པའི་བློན་པོ་སྟེ་ཕྱི་ན་ཞིང་དང་ནང་དུ་ཤག་ཡོད་པས་ཞིང་ཤག་པ་ཚེ་བརྟན་རྡོ་རྗེ་ཟེར། འདིས་རིན་སྤུངས་པའི་བློན་པོ་ཐོབ་རྒྱལ་བ་དང་འདྲིས་ཏེ་འབངས་གྱེན་ལྡོག་གིས་གཞིས་ཀ་བསམ་གྲུབ་རྩེའི་རྫོང་དུ་འཕྲ་བཟུང་ནས། དབུས་ཕྱོགས་སུ་དམག་ཐེངས་(245ན)འགའ་བྱས་པས་རིམ་གྱིས་དབུས་གཙང་ཕལ་ཆེར་མངའ་འོག་ཏུ་ཆུད། འདི་ལ་སྲས་ཀརྨ་ལྷ་དབང་རྡོ་རྗེ། ཀརྨ་མཐུ་སྟོབས་རྣམ་རྒྱལ། ཀརྨ་བསྟན་སྲུང་དང་གསུམ། ཞིང་ཤག་པས་དབང་བཙོང་བྱས་ནས་བྱང་བདག་བཀྲ་ཤིས་སྟོབས་རྒྱལ་དང་མ་མཐུན་པས། ཁོང་དང་བྱང་པ་ནམ་མཁའ་རྒྱལ་མཚན་བསྡོངས་ནས་བཀྲ་ཤིས་སྟོབས་རྒྱལ་ཡུལ་བཏོན་ཏེ། གཙང་པ་ན་རེ། སྟོབས་ཞེས་བྱ་བའི་སྟོབས་མེད་འཁྱམས་པོ་ཁྱོད། །ཁོ་བོས་པྲེ་ཏ་པུ་རིའི་འགྲམ་དུ་བསྐྲད། །ཅེས་སྙིང་ཚིམས་སྨྲས་པ་ལ། བཀྲས་སྟོབས་ན་རེ། ཞིང་ཞེས་བྱ་བའི་ཞིང་བཅུ་ཚང་བ་ཁྱོད། །བདག་གིས་ར་ཧུ་ལ་ཡི་ཞལ་དུ་བསྟབ། །ཅེས་གཟའ་ཡི་ལས་སྦྱོར་གྱིས་ཞིང་ཤག་པ་བསྒྲལ་བས། གཙང་པའི་མི་བརྒྱུད་དང་མངའ་ཐང་ཡུན་ཐུང་བའི་རྒྱུ་མཚན་ཀྱང་འདི་ལ་ཐུག་པར་སྣང་། ཀརྨ་ལྷ་དབང་རྡོ་རྗེའི་སྲས་ཀརྨ་ཕུན་ཚོགས་རྣམ་རྒྱལ་ཏེ། འདི་དུས་གཙང་པའི་མངའ་ཐང་ཤིན་ཏུ་ཆེ་ཞིང་ཀརྨ་པ་དང་ཇོ་ནང་པའི་སྦྱིན་བདག་གི་གཙོ་བོར་གྱུར། ལྷག་པར་སྡེ་སྲིད་འདིས་ཀརྨ་པའི་རིང་ལུགས་ཁོ་ན་ལ་མཆོག་ཏུ་འཛིན་པས་ལྷོ་བྲག་དཔའ་བོའི་ཕྱོགས་བཟུང་སྟེ་འབྲུག་ཐམས་ཅད་(245བ)མཁྱེན་པ་པདྨ་དཀར་པོའི་ཡང་སྲིད་འབྲུག་པའི་གདུང་བརྒྱུད་དུ་སྐུ་འཁྲུངས་པ་ངག་དབང་རྣམ་རྒྱལ་ལ་སྙད་ཀ་བཏགས་ཏེ་སྐུ་སྲོག་ལ་རྒོལ་བར་བརྩམས་པའི་རྐྱེན་གྱིས། འབྲུག་ཆེན་ངག་དབང་རྣམ་རྒྱལ་དེ་ཉིད་མོན་གྱི་ཕྱོགས་སུ་ཆིབས་ཁ་བསྒྱུར་ཏེ་དེར་གདན་ས་མང་དུ་ཕྱག་བཏབ་ནས་བཞུགས་ཀྱང་། འདིས་བོད་དམག་ཐམས་ཅད་བསྡུས་ཏེ་ལྷོ་ཕྱོགས་སུ་ཡང་ཡང་བརྫངས་པའི་ཉེར་ལེན་གྱིས། འབྲུག་ཆེན་ངག་དབང་རྣམ་རྒྱལ་གྱིས་མགོན་པོའི་ལས་མཐའ་སྤྱི་དང་ཐོད་ནག་གི་སྦྱོར་བ་ལ་བརྟེན་ནས་སྡེ་སྲིད་བཙུན་མོ་དང་བཅས་ཟླ་བ་གཅིག་གི་ཁོངས་སུ་བསྒྲལ་བར་གྲགས། འབྲུག་ཆེན་འདིས་ལྷོ་ཁ་བཞི་ཡོངས་རྫོགས་ལ་མངའ་དབང་བསྒྱུར་བ་ནས་བཟུང་། ཆོས་ཀྱི་མིང་ཡུལ་དང་གང་ཟག་ལ་ཐོགས་ཏེ་འབྲུག་ཡུལ་དང་འབྲུག་པ་ཞེས་གྲགས་པ་འདི་བྱུང་། ཕུན་ཚོགས་རྣམ་རྒྱལ་གྱི་སྲས་ཀརྨ་བསྟན་སྐྱོང་དབང་པོ་ལུགས་གཉིས་ཀར་མཁྱེན་རྒྱ་ཆེ་བར་གྲགས་ཤིང་། དགོན་སྡེ་འགའ་ཤས་ ལ་ཆོས་གཞིས་དང་སྐུ་གསུང་ཐུགས་རྟེན་མང་ཙམ་བཞེངས་པར་མཛད། འོན་ཀྱང་དགེ་ལུགས་པའི་ཕྱོགས་ལ་ཤིན་ཏུ་སྡང་ཞིང་། ཁྱད་པར་བཀྲ་ཤིས་ལྷུན་པོ་ས་ཐག་ཉེ་བས་གནོད་ཚབས་ཆེ། རྒྱལ་(246ན)བ་ལྔ་པའི་ཡབ་ཀྱང་བཙོན་དུ་བཟུང་ནས་བརྩོན་ཞབས་སུ་སྐུ་གཤེགས། སེ་འབྲས་དགེ་གསུམ་ཆོས་ལུགས་བསྒྱུར་རྩིས་དང་། ལྷ་ལྡན་སྨོན་ལམ་ཆེན་མོ་འགོག་ཐབས་བྱས་ཤིང་། གཞིས་ཀ་རྩེར་དཀར་དགོན་ཁམས་གསུམ་ཟིལ་གནོན་བྱ་བ་གསར་དུ་བཏབ་མོད་ཀྱང་ཡུན་རིང་དུ་གནས་པ་མ་བྱུང་། ཇི་ཞིག་ན་རྒྱལ་དབང་ལྔ་པའི་ཕྱག་མཛོད་པ་ཕྱིས་སྐྱིད་ཤོད་སྡེ་པ་བསོད་ནམས་ཆོས་འཕེལ་དུ་གྲགས་པ་དེ་ཉིད་དགེ་ཕྱོགས་ལ་སྡང་ཟུག་ཆེ་དྲག་པ་མ་བཟོད་པར་སྨད་ནས་སོག་དམག་བསྐུལ་བས། རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ། སྤྱི་ལོ་༡༦༤༡པར་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་དཔུང་དམག་སྨད་ནས་གཡོས་ཏེ་ཐོག་མར་མདོ་ཁམས་ཀྱི་ཕྱོགས་ཐམས་ཅད་དབང་དུ་བསྡུས་ཤིང་། བོན་ལུགས་བེ་རི་རྒྱལ་པོ་བཟུང་ནས་བསད་པ་སོགས་བྱས། དེ་ནས་རིམ་པར་གཙང་པའི་མངའ་ཐང་ལྷག་མེད་དུ་བཅོམ། དེ་སྐབས་ཀརྨ་པའི་ཞབས་འབྲིང་ལས་བྱེད་པས་གཙང་པའི་དཔུང་གྲོགས་སུ་ཀོང་དམག་བཏང་ནས་གཙང་པར་ནང་ཡིག་བསྐུར་བའི་ཡིག་ཁྱེར་བ་སོག་པོས་རྩད་ཆོད་ནས་འཛིན་བཟུང་བྱས། དེས་སོག་པོའི་དམག་དཔོན་ཁྲོས་(246བ)ཏེ་བཀའ་བརྒྱུད་པའི་རིགས་མིག་གིས་མཐོང་སར་འཇོག་རེ་ཞེས་མནའ་བོར་ཏེ། ཤར་ཕྱོགས་དྭགས་ཀོང་ནས་བྱང་རྒྱུད་ཚུན་ཚད་ཀྱི་བཀའ་བརྒྱུད་པ་ཡོད་དོ་ཅོག་གི་བསྟན་སྲིད་ལ་གནོད་སྐྱོན་ཆེན་པོ་བྱུང་ཞིང་། བཀའ་བརྒྱུད་པའི་དགོན་པ་ཕལ་ཆེར་དགེ་དགོན་དུ་བསྒྱུར་བ་སོགས་བྱས་པས་ཀརྨ་པའང་རེ་ཞིག་ཕྱོགས་མཐར་བྱོལ་དགོས་པ་བྱུང་། དེ་ནས་བོད་ཁྲི་སྐོར་བཅུ་གསུམ་ཡོངས་རྫོགས་སོག་པོས་དབང་དུ་བསྡུས། གོང་གི་རབ་བྱུང་དགུ་པའི་ཤིང་གླང་། སྤྱི་ལོ་༡༥༦༥ནས་རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ། སྤྱི་ལོ་༡༦༤༡བར། ལོ་གྲངས་བདུན་ཅུ་དོན་བདུན་གྱི་རིང་གཙང་པ་མི་རབས་གསུམ་གྱིས་བོད་དབུས་གཙང་གི་སྲིད་བསྐྱངས་པར་གྲགས་སོ། །འདི་ལྟར་སྨོས་པའི་ཁུངས་ནི། ས་སྐྱ་པའི་རྣམ་ཐར་ལོ་རྒྱུས་ཁག་དང་། གཙོ་བོར་རྒྱལ་མཆོག་ལྔ་པ་ཆེན་པོའི་མཛད་རྣམ་དང་། དེབ་ཐེར་རྫོགས་ལྡན་གཞོན་ནུའི་དགའ་སྟོན་དུ་གསལ་བ་གཞིར་བཟུང་སྟེ་བཀོད་པའོ། །གངས་ཅན་བོད་ཆེན་པོའི་རྒྱལ་རབས་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ལས། བར་དར་ས་ཕག་རིན་གཙང་རྣམས་ཀྱིས་ཆབ་སྲིད་དབང་བསྒྱུར་བྱུང་ཚུལ་བཤད་པའི་སྐབས་ཏེ་དུམ་བུ་གཉིས་པའོ།། །། (247ན)༈ བོད་ཀྱི་རྒྱལ་རབས་དུམ་བུ་གསུམ་པ་ཕྱི་དར་དགའ་ལྡན་ཕོ་བྲང་པས་བོད་ཁམས་སྤྱིར་དབང་བསྒྱུར་ཚུལ་སྐོར་ནི། དེའང་མཉམ་མེད་སྟོན་པ་ཤཱཀྱའི་དབང་པོ་མཆོག་གི་ཞལ་སྔ་ནས་གངས་ཅན་བོད་ཀྱི་ཡུལ་འདི་འཕགས་མཆོག་སྤྱན་རས་གཟིགས་ཉིད་ཀྱི་གདུལ་བྱར་རྗེས་སུ་གདམས་པར་མཛད་པ་བཞིན། བོད་དུ་ཐོག་མར་མིའི་ས་བོན་བསྐྲུན་པ་ནས་བཟུང་། བསྟན་པ་སྐྱོང་བའི་རྒྱལ་བློན། བསྟན་པ་འཛིན་པའི་སྐྱེས་ཆེན་སོགས་གང་ལ་གང་འདུལ་གྱི་བཀོད་པ་བསམ་གྱིས་མི་ཁྱབ་པར་བསྟན་པའི་རྣམ་ཐར་(247བ)མདོ་ཙམ་སྔར་སྨོས་པ་ལྟར་ལ། ཕྱི་མའི་དུས་འདིར་གདུལ་བྱ་བསྐྱངས་ཚུལ་ཕྱོགས་གཅིག་གི་དབང་དུ་བྱས་ན། ༈ ྋརྒྱལ་དབང་སྐུ་ཕྲེང་དང་པོ་དགེ་འདུན་གྲུབ་པ་ནི། རྒྱལ་བའི་འདས་ལོ་༢༢༧༡བོད་རབ་བྱུང་བདུན་པའི་ལྕགས་ལུག །སྤྱི་ལོ་༡༣༩༡པར་གཙང་ཤབ་སྟོད་ངར་མཚོ་རུ་བོད་ཀྱི་རིགས་རུས་ཕུན་སུམ་ཚོགས་པར་སྐུ་འཁྲུངས། དེ་མ་ཐག་ནས་དཔལ་མགོན་གྱི་སྤྲུལ་པ་བྱ་རོག་ཞིག་གིས་རྒྱུན་དུ་བསྲུང་། རིམ་པར་གསན་བསམ་གྱི་ཡོན་ཏན་རྒྱ་མཚོ་མཐའ་ཡས་ཤིང་། བགྲང་བྱའི་དུས་སུ་ཕེབས་པ་ན་སྣར་ཐང་མཁན་ཆེན་མཉྫུའི་མཚན་ཅན་ལས་དགེ་ཚུལ་དང་བསྙེན་རྫོགས་ཀྱི་སྡོམ་པ་གསན་ཏེ་ངུར་སྨྲིག་འཛིན་པའི་རྒྱལ་མཚན་གྱི་རྩེ་མོར་སོན། རྗེ་བདག་ཉིད་ཆེན་པོའི་དངོས་སློབ་འཕྲིན་ལས་ནམ་མཁའ་དང་མཉམ་པའི་ཐུགས་སྲས་ཀྱི་ཐུ་བོར་གྱུར། གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་དགོན་ཆེན་ཕྱག་བཏབ། བོ་དོང་པཎྜི་ཏ་ཕྱོགས་ལས་རྣམ་རྒྱལ་གྱིས་ཐམས་ཅད་མཁྱེན་པ་ཞེས་མཚན་གསོལ་བས་དེ་ནས་བཟུང་ཐམས་ཅད་མཁྱེན་པ་ཞེས་ཡོངས་སུ་གྲགས། བསྟན་འགྲོའི་དོན་བསམ་གྱིས་མི་ཁྱབ་པར་མཛད། མཐར་གྱི་དགུང་གྲངས་བརྒྱད་ཅུ་གྱ་གཉིས་པར་བཀྲ་(248ན)ཤིས་ལྷུན་པོ་རང་དུ་སྐུ་ཞི་བར་གཤེགས་སོ། ། ༈ ྋརྒྱལ་དབང་སྐུ་ཕྲེང་གཉིས་པ་དགེ་འདུན་རྒྱ་མཚོ་ནི། རབ་བྱུང་བརྒྱད་པའི་མེ་སྤྲེལ། སྤྱི་ལོ་༡༤༧༦པར་གཙང་རྟ་ནག་སྲེག་མོར་སྐུ་བལྟམས། འཁྲུངས་མ་ཐག་ནས་ཏཱ་རེའི་གཟུངས་སྔགས་གསུངས། དགུང་ལོ་གཉིས་ལོན་པ་ནི། ངའི་ཕ་བློ་བཟང་གྲགས་པས་ཆོས་འཆད་དུས་འདི་འདྲ་གནང་གིན་ཡོད་ཅེས་ཕྱག་སྟབས་མཛད། པཎ་ཆེན་ལུང་རིག་རྒྱ་མཚོ་ལས་རབ་བྱུང་དང་། གནས་རྙིང་ཆོས་རྗེ་ཆོས་ཀྱི་རྒྱལ་མཚན་ལས་བསྙེན་པར་རྫོགས་པའི་སྡོམ་པ་བཞེས། བཀྲ་ཤིས་ལྷུན་པོར་མདོ་སྔགས་ཆོས་ཚུལ་རྒྱ་མཚོར་གསན་བསམ་མཐར་ཕྱིན་པར་མཛད་པས་མཁས་པའི་གྲགས་པ་ཕྱོགས་ཀུན་ཏུ་ཁྱབ། སྐྱེ་བོ་ཐམས་ཅད་ཀྱིས་རྒྱལ་བ་དགེ་འདུན་གྲུབ་ཀྱི་སྐུ་སྐྱེ་འཁྲུལ་མེད་ཡིན་པར་ཐེ་ཚོམ་ཆོད། དབུས་སུ་ཕེབས་སྐབས་འབྲས་སྤུངས་མཁན་པོ་འཇམ་དབྱངས་ལེགས་པའི་ཆོས་འབྱོར་གྱིས་ཕྲིན་ལས་སྒོ་བརྒྱ་འབྱེད་པའི་ཞབས་འདེགས་ཞུས་ཏེ་འབྲས་སྤུངས་མཁན་ཁྲིར་མངའ་གསོལ། འོལ་ཁའི་ཕྱོགས་སུ་ཕེབས་སྐབས་གོང་མའི་དངོས་སློབ་མཁས་གྲུབ་ནོར་བཟང་རྒྱ་མཚོ་(248བ) སྦུག་སྒོ་འདག་སྦྱར་དུ་བཞུགས་པ་དེས་མཁྱེན་ནས་འོལ་ཁའི་རྫོང་ཞོལ་དུ་ཕེབས་བསུར་བྱོན་པ་ན། ཕན་ཚུན་སྔོན་ནས་རྗེས་དྲན་གྱིས་ཐུགས་ངོ་ཐོགས་མེད་དུ་མཁྱེན། དེ་ལས་ཀྱང་གསན་བསམ་རྒྱ་ཆེར་མཛད། རྒྱལ་མེ་ཏོག་ཐང་དང་མངའ་རིས་གྲྭ་ཚང་ཕྱག་བཏབ། སེ་ར་དང་བཀྲ་ཤིས་ལྷུན་པོའི་མཁན་ཁྲིར་ཕེབས། ལྷ་སའི་སྨོན་ལམ་ཆེན་མོ་བར་སྐབས་སུ་ཅུང་ཉམས་པའང་གསར་དུ་གསོ་བར་མཛད། རབ་བྱུང་དགུ་པའི་ས་སྟག །སྤྱི་ལོ་༡༥༡༨པར་འབྲས་སྤུངས་དགའ་ལྡན་ཕོ་བྲང་གི་རྟེན་དང་བརྟེན་པར་བཅས་པ་བདག་གིར་མཛད། བསྟན་འགྲོའི་དོན་རྒྱ་ཆེན་པོ་མཐར་ཕྱིན་ནས་དགུང་གྲངས་དྲུག་ཅུ་རེ་བདུན་པ་ལ་ཞི་བར་གཤེགས་སོ། ། ༈ ྋརྒྱལ་དང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་ནི། རབ་བྱུང་དགུ་པའི་ཆུ་ཡོས། སྤྱི་ལོ་༡༥༤༣པར་སྟོད་ལུང་རྨ་རྩེད་དགའ་ཁང་གསར་གོང་དུ་སྐུ་བལྟམས། འཁྲུངས་མ་ཐག་ནས་མ་ཎི་གསུངས་པ་སོགས་ངོ་མཚར་མཐའ་ཡས། སྐུ་ན་སོན་རིམ་བཞིན་སྐུ་ཡོན་ལ་གསན་བསམ་རྒྱ་ཆེན་པོ་མཛད་ཅིང་། ཁྲི་གཟིམ་གོང་བསོད་ནམས་གྲགས་པ་ལས་དགེ་ཚུལ་དང་། ཁྲི་དགེ་ལེགས་དཔལ་བཟང་ལས་བསྙེན་རྫོགས་ཀྱི་(249ན)སྡོམ་པ་བཞེས། རིམ་པར་འབྲས་སྤུངས་དང་སེ་ར་གཉིས་ཀྱི་མཁན་པོ་མཛད། རབ་བྱུང་བཅུ་པའི་ས་སྟག །སྤྱི་ལོ་༡༥༧༨པར་སོག་པོ་ཨལ་ཐན་རྒྱལ་པོའི་དད་གུས་ཆེན་པོས་རང་གནས་སུ་སྤྱན་དྲངས། སོག་ཡུལ་མུན་ཁུང་དུ་དམ་པའི་ཆོས་ཀྱི་སྒྲོན་མེ་སྦར་བར་མཛད། དགོན་སྡེའང་མང་དུ་བཏབ། སོག་རྒྱལ་ནས་དད་གུས་ཆེན་པོས་གསེར་སྲང་བརྒྱ་ལས་གྲུབ་པའི་གསེར་ཐམ་འབྲུ་དོན་དུ། ཏཱ་ལའི་བླ་མ་བཛྲ་དྷ་རའི་ཐམ་ཁ་རྒྱལ། ཞེས་པ་ཕུལ། དེ་ནས་བཟུང་ཏཱ་ལའི་བླ་མ་ཞེས་པའི་མཚན་ཡོངས་གྲགས་སུ་གྱུར། སོག་པོའི་རྒྱལ་པོ་ལ་ཕར་ཡང་། ཆོས་ཀྱི་རྒྱལ་པོ་ལྷའི་ཚངས་པ་ཆེན་པོ་ཞེས་པའི་གཟེངས་བསྟོད་སྩལ་རེས་མཛད། གོང་མ་ཝན་ཡི་རྒྱལ་པོས་ཀྱང་ལྷའི་ལྷ་ཞེས་པའི་མཚན་བསྟོད་སོགས་ཕུལ། ལི་ཐང་ཐུབ་ཆེན་བྱམས་པ་གླིང་ཕྱག་བཏབ། ཆོས་རྗེ་འོད་ཟེར་རྒྱ་མཚོ་ལ་རྗེ་སྐུ་འབུམ་ལྷ་ཁང་བཞེངས་རྒྱུའི་བཀའ་བཀོད་གནང་སྟེ་གསར་དུ་ཕྱག་བཏབ། བསྟན་འགྲོའི་དོན་ཆེན་གྱི་མཛད་ཕྲིན་མཐའ་ཡས་པར་བསྐྱངས་བཞིན་པའི་ངང་ནས་དགུང་ལོ་བཞི་བཅུ་ཞེ་དྲུག་པར་སོག་ཡུལ་མཁར་སྔོན་ཐུ་མེད་ཀྱི་སའི་ཆར་ཞི་བར་གཤེགས་སོ། ། ༈ ྋརྒྱལ་དབང་(249བ)སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་ནི། སོག་ཡུལ་སེ་ཆེན་ཆོས་འཁུར་གྱི་སྡེ་ཐོག་ཏུ་ཇིང་གེར་རྒྱལ་རིགས་སུ་རབ་བྱུང་བཅུ་པའི་ས་གླང་། སྤྱི་ལོ་༡༥༨༩པར་སྐུ་བལྟམས། དགུང་ལོ་བཅོ་ལྔ་པར་བོད་དུ་གདན་དྲངས། སྐུ་ཡོན་གསན་བསམ་རྒྱ་ཆེན་པོ་མཛད། ཁྲི་སངས་རྒྱས་རིན་ཆེན་ལས་རབ་བྱུང་དང་། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ལས་བསྙེན་རྫོགས་ཀྱི་བསླབ་པ་བཞེས། གོང་མ་ཏཱའི་དབང་གིས་གུས་བཀུར་ཚད་མེད་པ་ཞུས། དམ་ཅན་ཆོས་རྒྱལ་བྲན་དུ་ཁོལ་བས་མཐུ་སྟོབས་ཡོན་ཏན་རྒྱ་མཚོ་ཞེས་གྲགས། རྡོ་ལ་ཞབས་རྗེས་དང་། རྟེན་ལ་མེ་ཏོག་འཐོར་དུས་བར་སྣང་དུ་བཟུང་བ་སོགས་ངོ་མཚར་བའི་མཛད་པ་མཐའ་ཡས། འབྲས་སྤུངས་དང་སེ་ར་གཉིས་ཀྱི་མཁན་ཁྲིར་ཕེབས། རྒྱལ་སྲས་མགོན་པོ་རྒྱ་མཚོ་ལ་བཀའ་བཀོད་ཀྱིས་དགོན་ལུང་བྱམས་པ་གླིང་གསར་དུ་ཕྱག་བཏབ། བསྟན་འགྲོ་ལ་གཅིག་ཏུ་དགོངས་པའི་ངོ་མཚར་བའི་མཛད་པ་བསམ་གྱིས་མི་ཁྱབ་པར་བསྟན་བཞིན་པ་ལས། འོན་ཀྱང་སྐབས་དེའི་སྐྱེ་འགྲོའི་བསོད་ནམས་ཀྱི་བགོ་སྐལ་དེ་ཙམ་དུ་གྱུར་ཏེ་དགུང་ལོ་ཉི་ཤུ་རྩ་བརྒྱད་པར་གདན་ས་འབྲས་སྤུངས་སུ་ཞི་བར་གཤེགས་སོ། ། ༈ ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ་ནི།(250ན)འཕྱོང་རྒྱས་འཕྱིང་དབར་སྟག་རྩེ་རུ། ཡབ་ཟ་ཧོར་གྱི་རྒྱལ་བརྒྱུད་མི་དབང་བདུད་འདུལ་རབ་བརྟན་དང་། ཡུམ་ཁྲི་ལྕམ་ཀུན་དགའ་ལྷ་མཛེས་གཉིས་ཀྱི་སྲས་སུ། སངས་རྒྱས་ཀྱི་འདས་ལོ། ༢༤༩༧རབ་བྱུང་བཅུ་པའི་མེ་མོ་སྦྲུལ། སྤྱི་ལོ་༡༦༡༧པར་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། འཁྲུངས་མ་ཐག་པ་ནས་རིག་འཛིན་ངག་གི་དབང་པོས་ཚེ་གུར་གྱི་དབང་བཀའ་སྐུ་ཚེའི་ཉེན་སེལ་དུ་ཕུལ་བས་བར་ཆད་ཀྱི་གཡུལ་ལས་རྒྱལ་ཏེ་ཐོག་མའི་དགེ་མཚན་དུ་གྱུར། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་ནས་རྒྱལ་བ་ཡོན་ཏན་རྒྱ་མཚོའི་སྐུ་སྐྱེར་ངོས་འཛིན་མཛད་དེ་དཔལ་ལྡན་འབྲས་སྤུངས་པའི་ཆོས་སྡེ་ཆེན་པོའི་དགའ་ལྡན་ཕོ་བྲང་དུ་སྤྱན་དྲངས། གཙུག་ཕུད་བཞེས་པའི་མཚན་ངག་དབང་བློ་བཟང་རྒྱ་མཚོ་འཇིགས་མེད་ཐུབ་བསྟན་གོ་ཆའི་སྡེ་ཞེས་གསོལ་ནས་སེང་གེའི་ཁྲིར་བཀོད། སྐུ་ནར་སོན་ཙ་ན་མཁས་གྲུབ་ཀྱི་ཡོངས་འཛིན་ཁྱད་པར་ཅན་མང་དུ་བསྟེན་ནས་བཅུ་ཕྲག་རིག་པའི་གནས་ལ་བྱང་ཆུབ་པར་མཛད་ཅིང་། པཎ་ཆེན་བློ་བཟང་ཆོས་རྒྱན་ལས་རབ་བྱུང་དང་བསྙེན་རྫོགས་ཀྱི་བསླབ་པ་བཞེས། གཞན་ཡང་ས་དགེ་རྙིང་གསུམ་གཙོ་བོར་གྱུར་པའི་དེ་སྐབས་བོད་དུ་མདོ་(250བ)སྔགས་ཀྱི་བཤད་པ་སྔགས་ཀྱི་དབང་ལུང་མན་ངག་གི་རྒྱུན་བཞུགས་པ་ཕལ་ཆེར་གསན་བསམ་མཐར་ཕྱིན་པར་མཛད། ཐུགས་དམ་ཉམས་བཞེས་ཀྱི་སྒོ་ནས་སྤངས་རྟོགས་ཡོན་ཏན་གྱི་རྩལ་རྫོགས་ཤིང་། རིས་སུ་མ་ཆད་པའི་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་གྱུར། ཁྱད་པར་ཟབ་མོ་དག་སྣང་གི་བཀའ་བབས་ཚུལ་ནི། དཔལ་བཀྲ་ཤིས་སྟོབས་རྒྱལ་གྱི་གཏེར་ལུང་ལས། ཉི་ཤུ་རྩ་ལྔ་ཁྱད་པར་ཐུགས་གཏེར་ལྔ༔ ད་ལྟའི་མགོ་ནག་མི་ཡི་རྒྱལ་པོ་ཁྱོད༔ སྨོན་ལམ་དག་པའི་སྐྱེ་བ་རྣམ་ལྔས་འདོན༔ ཅེས་འཁྲུལ་མེད་རྡོ་རྗེའི་ལུང་གིས་བསྟན་པ་ལྟར། དཔལ་བསམ་ཡས་སུ་ཕེབས་སྐབས་དངོས་གཏེར་གྱི་རྟེན་འབྲེལ་བྱུང་ནའང་ཡུལ་དུས་གནས་སྐབས་ཀྱི་དབང་གིས་བདག་གིར་མ་མཛད་མོད། ཕྱི་ནས་རྩ་གསུམ་རྒྱལ་བ་རབ་འབྱམས་ཀྱིས་དངོས་སུ་ཞལ་བསྟན་ཏེ་ལུང་བསྟན་དབང་བསྐུར་བརྙེས་པ་ལྟར་ཡི་གེར་བཀོད་དེ་གསང་བ་རྒྱ་ཅན་དུ་མཚན་གསོལ་བའི་ཆོས་སྡེ་ཉི་ཤུ་རྩ་ལྔ། ཁ་སྐོང་ལྗགས་བསྒྲིགས་དང་བཅས་པ། ཆོས་རྒྱལ་གཏེར་བདག་གླིང་པ་དང་། རིག་འཛིན་པདྨ་འཕྲིན་ལས་སོགས་སྔ་འགྱུར་གྱི་རིང་ལུགས་འཛིན་པ་གཙོ་བོར་གྱུར་པའི་མཆོག་གི་འདུས་པ་རྣམས་ལ་སྨིན་གྲོལ་ཡོངས་སུ་རྫོགས་པར་བསྩལ་བས་(251ན)དར་རྒྱས་ཤིན་ཏུ་ཆེ་བར་བྱུང་ཞིང་ད་ལྟའི་བར་རྒྱུན་མ་ཉམས་པར་བཞུགས། དགུང་ལོ་ཉེར་ལྔར་ཕེབས་པ་རབ་བྱུང་བཅུ་གཅིག་པའི་ལྕགས་སྦྲུལ། སྤྱི་ལོ་༡༦༤༡པར་ཡོན་བདག་སློབ་མ་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱིས་མདོ་སྨད་ནས་བཟུང་སྡེ་སྲིད་གཙང་པ་ཀརྨ་བསྟན་སྐྱོང་དབང་པོའི་མངའ་ཐང་ལ་ཐུག་གི་བར་དཔུང་ཤེད་ཀྱིས་བླངས་ཏེ་ལྷ་འབངས་སུ་ཕུལ། དགུང་ལོ་ཉེར་དྲུག་པ་ཆུ་རྟ། སྤྱི་ལོ་༡༦༤༢པར་གཞིས་ཀ་རྩེར་ཞབས་སོར་བཀོད་དེ་བོད་ལྗོངས་ཡོངས་ལ་དགའ་ལྡན་ཕོ་བྲང་པས་ལུང་བསྒྱུར་བའི་དབུ་བརྙེས། ལོ་དེར་ཕྱག་མཛོད་བསོད་ནམས་ཆོས་འཕེལ་སྡེ་སྲིད་དུ་བསྐོ་བཞག་མཛད་ནས་ཆབ་སྲིད་ཀྱི་འགན་འཁུར་བསྩལ། བོད་ལྗོངས་ཀྱི་ཁྱོན་ཡོངས་ལ་བླ་སྤྲུལ་དགེ་བའི་བཤེས་གཉེན་གྲངས་ལས་འདས་པར་སོ་སོར་སྐབས་སུ་བབས་པའི་སྲི་ཞུ་བསྒྲུབ་བྱ་ལུང་བསྟན་བཀའ་མངགས་ཇི་ལྟར་བསྩལ་བ་དེ་རྣམས་ནས་ཀྱང་བཀའ་དགོངས་ཁུར་དུ་ཁྱེར་བས་ཞབས་འདེགས་མཛད། གོ་ཤྲི་བསྟན་འཛིན་ཆོས་རྒྱལ་ལ་བོད་ཀྱི་རྒྱལ་པོའི་མཚན་བཟོས་གནང་། ཆུ་ལུག་ལོར་མན་ཇུའི་རྒྱལ་པོ་ཇོར་ཆིང་འབོག་དོ་ཧང་ལ་གོང་མའི་རྒྱལ་ས་ཐོབ་པའི་ལུང་བསྟན་དང་བཅས་སེ་ཆེན་ཆོས་རྗེ་མཚམས་ཞུར་ཆེད་མངགས་བསྩལ་ཏེ་(251བ)འབྱོར་བ་དང་། ནོར་བུའི་ཐམ་ཀ་སོན་པ་དུས་འགྲིགས་པས་ངོ་མཚར་སྤྲོ་བ་མཆོག་ཏུ་སྐྱེས། དེ་ཉིད་གོང་མའི་ཁྲིར་འཁོད་ནས་མཆོད་ཡོན་དུ་འབྲེལ། ཤིང་བྱ་ཟླ་བ་བཞི་པའི་ཚེས་གཅིག་ལ་རྩེ་ཕོ་བྲང་དམར་པོའི་རྨང་བཏིང་ནས་ལོ་བཞི་ལ་གྲུབ། འདི་དང་དུས་མཚུངས་ཕོ་བྲང་གི་རྟེན་གཙོ་འཕགས་པ་ལོ་ཀི་ཤྭ་ར་བར་ལམ་ལོ་མང་ཕྱིར་གྱར་ཕེབས་པ་སོག་ཡུལ་ནས་རྩེ་ཕོ་བྲང་དུ་སླར་བྱོན་པ་དང་དུས་འགྲིགས། སྡེ་སྲིད་བསོད་ནམས་ཆོས་འཕེལ་ཁྲི་ལོ་དགུ་པ་ལྕགས་སྟག །སྤྱི་ལོ་༡༦༥༠པར་ཇོ་ནང་པའི་བསྟན་པ་ལ་གནོད་ཚབ་ཉམས་ཉེས་ཆེན་པོ་བྱུང་སྟེ་གདན་ས་རྟག་བརྟན་ཆོས་འཁོར་གླིང་གི་ཆོས་ལུགས་དགེ་ལྡན་པར་བསྒྱུར་ཞིང་། གྲྭ་རྒན་བསྒྱུར་དུ་མ་འདོད་པ་རྣམས་ཕྱོགས་གཞན་དུ་གནས་དབྱུང་བྱས། རྟག་བརྟན་དུ་དགེ་ལུགས་ཁ་ཞེ་མཚུངས་པ་བཟོས་ཏེ་དགོན་པའི་མིང་དགའ་ལྡན་ཕུན་ཚོགས་གླིང་དུ་བཏགས་ཞེས་གྲས། མཉྫུའི་རྒྱལ་རབས་དང་པོ་ཁྲིར་བཞུགས་ལྔ་པ་ནས་ྋགོང་ས་མཆོག་རྒྱ་ནག་པེ་ཅིང་ཕོ་བྲང་དུ་གདན་ཞུའི་མི་སྣ་སྔ་ཕྱིར་རིམ་པར་བརྫང་འབྱོར་བྱུང་དོན་བཞིན། དགུང་གྲངས་སོ་དྲུག་ཏུ་ཕེབས་པར་རབ་བྱུང་བཅུ་གཅིག་པའི་ཆུ་འབྲུག །སྤྱི་ལོ་༡༦༥༢ཧོར་ཟླ་བདུན་པའི་ཚེས་(252ན)བདུན་ལ་བོད་ནས་ཆིབས་ཞལ་བསྒྱུར་ཏེ་རིམ་པར་པེ་ཅིང་དུ་ཕྱག་ཕེབས། གོང་མའི་ཕོ་བྲང་དུ་གདན་ཞུའི་བཀོད་པ་བསམ་གྱིས་མི་ཁྱབ་པ་དང་བཅས་གོང་མ་རང་ཉིད་གུས་པ་ཆེན་པོས་ཕེབས་བསུར་བཅར་ནས་ཕོ་བྲང་དུ་མཇལ་འཕྲད་ལྷོད་དལ་གྱི་ངང་ནས་དམ་པའི་ཆོས་ཀྱི་བདུད་རྩི་བསྩལ་ཅིང་། གོང་མ་ཆེན་པོ་རང་གི་དབུའི་མཆོད་གནས་སུ་བཀུར་ཏེ་ཐུན་མིན་མཆོད་ཡོན་གྱི་འབྲེལ་པ་ཚུགས། དེའི་ཕྱི་ལོ་ཆུ་སྦྲུལ། སྤྱི་ལོ་༡༦༥༣པ་ཧོར་ཟླ་གསུམ་པའི་ཚེས་བཅུའི་ཉིན་པེ་ཅིང་ནས་བོད་དུ་ཕྱིར་ཕེབས་གནང་བར། ཕེབས་ལམ་ཏའི་ཁར་ཞེས་པའི་ས་གནས་སུ་གོང་མ་མཆོག་ནས་མི་སྣེའི་མདུན་གསེར་ཡིག་དང་། ཐམ་ཀ་སྐད་རིགས་བཞིའི་ཡི་གེ་ཤན་སྦྱར་བའི་འབྲུ་དོན་དུ། ནུབ་ཕྱོགས་ཀྱི་ཕུལ་བྱུང་ཞི་བ་སངས་རྒྱས་རྒྱ་ཆེན་ཁྱོན་ལ་སངས་རྒྱས་བསྟན་པའི་མངའ་བདག་ཐམས་ཅད་མཁྱེན་པ་རྡོ་རྗེ་འཆང་ཏཱ་ལའི་བླ་མའི་ཐམ་ཀ །ཞེས་པའི་འཇའ་ས་ཕུལ། ཏཱ་ལའི་ཞེས་པ་སོག་སྐད་དུ་ཆེན་པོའམ། མཆོག་གམ། རྒྱ་མཚོ་བཅས་ལ་འཇུག་ཅིང་། བླ་མ་ཞེས་པ་བོད་སྐད་སོར་བཞག་སྟེ། དེས་ན་ཆེན་པོ་མཆོག་གི་བླ་མའམ། རྒྱ་མཚོའི་བླ་མ་ཞེས་པའི་མཚན་གསོལ་བར་(252བ)སྣང་། ཕེབས་ལམ་ཀུན་ཏུ་ལུགས་གཉིས་ཀྱི་མཛད་འཕྲིན་བཟང་པོས་མཐོང་ཐོས་དྲན་རེག་གི་འགྲོ་རྣམས་ཕན་བདེའི་ས་ལ་འགོད་བཞིན་དུ་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲིར་ཞབས་སོར་འཁོད། ཤིང་རྟ་ལོར་གོ་ཤྲི་བསྟན་འཛིན་ཆོས་རྒྱལ་དགུང་ལོ་བདུན་ཅུ་དོན་གསུམ་དུ་སོན་པ་སྐུ་གཤེགས། དེའི་སྲས་བསྟན་འཛིན་རྡོ་རྗེ་ལ་ངྷ་ཧན་རྒྱལ་པོའི་ཆོ་ལོ་གནང་། ཡང་སྡེ་སྲིད་བསོད་ཆོས་ཁྲི་ལོ་བཅོ་ལྔ་པ་རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ། སྤྱི་ལོ་༡༦༥༦པར་འབྲས་སྤུངས་གཟིམ་ཁང་གོང་གི་སྤྲུལ་པའི་སྐུ་གྲགས་པ་རྒྱལ་མཚན་ཞེས་པ་དེ་ཉིད་ཉེས་མེད་ཕྲག་དོག་གི་སྦྱོར་བས་མགུལ་གྱི་ནང་དུ་དར་བརྫངས་ཏེ་བཀྲོངས་པས། དེ་མ་ཐག་དོལ་རྒྱལ་པོ་ཞེས་པའི་གདུག་རྩུབ་ཅན་ཞིག་ཏུ་གྱུར་ཅིང་དགའ་ལྡན་ཕོ་བྲང་པ་སོགས་ལ་གནོད་ཚབ་ཤིན་ཏུ་ཆེ་བས་འཚུབས་ཆ་ཡང་ཡང་སྟོན་པ་ན། ྋགོང་ས་མཆོག་གི་བཀའ་ལུང་བཞིན་ས་སྐྱའི་བདག་ཆེན་བསོད་ནམས་རིན་ཆེན་གྱིས་དམ་ལ་བཞག་སྟེ་རྡོ་རྗེ་ཤུགས་ལྡན་དུ་གྲགས་པ་དེང་སང་དགེ་ཕྱོགས་ཀྱི་མཆོད་ཡོན་ཕལ་ཆེ་བ་ཞིག་གིས་སྲུང་མར་བརྟེན་བཞིན་པ་འདི་བྱུང་། དེ་ལྟར་སྡེ་སྲིད་བསོད་ནམས་ཆོས་འཕེལ་གྱིས་ཁྲི་ལོ་བཅུ་བདུན་བསྐྱངས་ཏེ་ས་ཁྱི། སྤྱི་ལོ་༡༦༥༨(253ན)པར་ལྷ་ལྡན་བླ་བྲང་སྟེང་དུ་སྐུ་གཤེགས། ལོ་དེའི་ཟླ་བ་གསུམ་པ་ནས་ལྕགས་བྱི། སྤྱི་ལོ་༡༦༦༠བར་ལོ་ངོ་གསུམ་གྱི་རིང་ྋགོང་ས་མཆོག་རང་ཉིད་ནས་ལུགས་གཉིས་ཀྱི་ཆབ་སྲིད་ཐུགས་འགན་བཞེས། འདི་སྐབས་མེ་ཏོག་གི་ཆར་བབས་པ་སོགས་ངོ་མཚར་བའི་ལྟས་མང་པོ་བྱུང་། ལྕགས་བྱི་ལོར་གྲོང་སྨད་པ་འཕྲིན་ལས་རྒྱ་མཚོ་སྲིད་སྐྱོང་དུ་བསྐོ་བཞག་བསྩལ། དེས་ཞོལ་གོ་མཛོད་དང་རྩེ་ཕོ་བྲང་ཡང་ཐོག་གི་གཟིམ་ཆུང་ཁ་ག་གསར་བསྐྲུན་མཛད། ཁྲི་ལོ་དགུ་བསྐྱངས་ནས་ས་སྤྲེལ། སྤྱི་ལོ་༡༦༦༨པར་སྐུ་གཤེགས། སླར་ཡང་དེའི་ལོ་མཇུག་ནས་བཟུང་ལོ་གཅིག་གི་རིང་ྋགོང་ས་མཆོག་རང་ཉིད་ནས་ཆབ་སྲིད་ཐུགས་འགན་བཞེས། བོད་ས་བྱ། སྤྱི་ལོ་༡༦༦༩པར་མཆོད་དཔོན་བློ་བཟང་མཐུ་སྟོབས་སྲིད་སྐྱོང་གི་ཁྲིར་བཀོད། འདིས་ཁྲི་ལོ་ཕྱེད་དྲུག་བསྐྱངས་ཏེ་ས་སྐྱའི་བདག་མོ་བཀྲ་ཤིས་ལགས་ཀྱི་གླེང་བརྗོད་ལ་བརྟེན་ཕྱི་ཚུལ་བཀའ་བསྐྱོན་གྱི་རྣམ་པས་ཁྲི་ལས་ཕབ་ནས་གོང་དཀར་དུ་འཇོག་གནང་མཛད། སེ་འབྲས་དང་། དྲུང་སྤྱི་བཅས་ནས་ཞུས་ངོར་སྡེ་སྲིད་ཟུར་པའི་གོ་གནས་དང་། སྐུ་སྐལ་དུ་ཟངས་རི་རྫོང་བསྩལ་ཏེ་ཟངས་རིར་(253བ)བཞུགས་པ་ལ་ཕྱིས་སྡེ་སྲིད་ཟངས་རི་བར་གྲགས། ཤིང་ཡོས། སྤྱི་ལོ་༡༦༧༥པར་སྡེ་པ་བློ་བཟང་སྦྱིན་པ་སྲིད་སྐྱོང་དུ་བསྐོ་བཞག་གནང་། ཆབ་སྲིད་ལོ་ལྔ་བསྐྱངས་ནས་ས་ལུག །སྤྱི་ལོ་༡༦༧༩པར་དགོངས་ཞུས་ཀྱིས་སྐུ་སྐལ་དུ་སྣེ་གདོང་བསྩལ་ཞིང་། སྡེ་སྲིད་ཟུར་པའི་བཟོས་སྒོ་དང་བཅས་དགའ་ལྡན་ཁང་གསར་དུ་བཞུགས། འདི་ལ་སྡེ་སྲིད་སྣེ་གདོང་པའང་ཟེར། ས་ལུག་ལོ་འདིར་གྲོང་སྨད་པ་སངས་རྒྱས་རྒྱ་མཚོ་སྲིད་སྐྱོང་གི་ཁྲིར་དབང་བསྐུར། འདི་ཉིད་རྒྱལ་པོ་པཎྜི་ཏ་ཞེས་བཻ་ཌཱུར་དཀར་སྔོན་སོགས་བསྟན་བཅོས་འཆད་རྩོམ་མང་ཞིང་ལུགས་གཉིས་ཀ་ནས་རྣམ་དཔྱོད་དང་འཕྲིན་ལས་རྒྱ་ཆེ། ལྕགས་བྱ། སྤྱི་ལོ་༡༦༨༡པར་དགའ་ལྡན་ཚེ་དབང་དཔལ་བཟང་སྟོད་མངའ་རིས་སྐོར་གསུམ་དུ་མངགས་བརྗོད་གནང་སྟེ་མངའ་རིས་སྐོར་གསུམ་ྋགོང་ས་མཆོག་གི་ལྷ་འབངས་སུ་བསྡུས་ཏེ་ཕྱག་ཏུ་སོན། ཤར་དར་རྩེ་མདོ་ནས་ནུབ་ལ་དྭགས་བར་གྱི་བོད་དང་བོད་ཆེན་པོའི་ཁྱོན་ལ་མངའ་དབང་བསྒྱུར། སྤྱིར་ྋརྒྱལ་མཆོག་ལྔ་པ་ཆེན་པོ་འདི་ཉིད་གཏེར་ལུང་མང་པོར་མངའ་བདག་ཁྲི་སྲོང་གི་འཕྲིན་ལས་ཀྱི་སྤྲུལ་པར་བསྔགས་པ་སྟེ། འདིར་ཕྱོགས་ཙམ་མཚོན་ན། རིག་འཛིན་ལེགས་(254ན)ལྡན་རྡོ་རྗེའི་གཏེར་ལུང་དུ། མ་འོངས་ད་ལྟའི་ཁྲི་སྲོང་ལྡེ་བཙན་ཁྱོད༔ གཡོ་རུའི་ཕྱོགས་སུ་ལུང་པ་པདྨའི་དབྱིབས༔ རུས་ནི་ཟ་འོག་གདུང་ལས་ཆད་པའི་སྲས༔ རྟའམ་སྦྲུལ་ལོ་བྱང་སེམས་སྙིང་རྗེ་ཅན༔ བཟང་པོའི་མཚན་ཅན་ཕྱི་ལྟར་འདུལ་ཁྲིམས་ལྡན༔ ནང་ལྟར་གསང་སྔགས་ཐེག་ཆེན་རྣལ་འབྱོར་པ༔ གསང་བ་དུས་གསུམ་བདེ་གཤེགས་བསྐུལ་བའི་སྲས༔ མདོ་སྔགས་དགོངས་དོན་རྟོགས་ཤིང་བདག་པོར་གྱུར༔ བཀའ་གཏེར་སྲོལ་འཛུག་བསྟན་པའི་མེ་རོ་སློངས༔ ཆོས་སྲིད་རྒྱལ་སྲིད་ཐབས་ཀྱིས་སྐྱོང་བ་འབྱུང་༔ ཞེས་དང་། བདུད་འདུལ་ནུས་ལྡན་རྡོ་རྗེའི་གཏེར་ལུང་དུ། ལྔ་བརྒྱའི་དུས་སུ་ཟ་ཧོར་གདུང་རིགས་ལས༔ འཛམ་གླིང་ལྷ་མིའི་མཆོད་སྡོང་བཟང་པོའི་མཚན༔ སངས་རྒྱས་བསྟན་པ་རླབས་ཆེན་སྤེལ་བ་འབྱུང་༔ ཞེས་དང་། ཁྲི་སྲོང་ཁྱོད་ཀྱི་ཐུགས་སྤྲུལ་དུས་མཚུངས་སུ༔ ལྷ་སྲས་མུ་ཁྲིའི་སྤྲུལ་པ་རྡོ་རྗེའི་རིགས༔ རྒྱ་མཚོའི་མཚན་ཅན་རྗེ་ཡི་འཕྲིན་ལས་སྐྱོང་༔ དུས་དེར་ང་ཡི་ཐུགས་སྲས་གཏེར་སྟོན་རྣམས༔ དབྱར་གྱི་ཁྲོན་ཆུ་བཞིན་དུ་རིམ་པར་འབྱོན༔ བསམ་པ་ཀུན་འགྲུབ་ཆབ་སྲིད་ཡུན་དུ་གནས༔ ཁྱད་(254བ)པར་ད་ལྟའི་ཆོས་རྒྱལ་ཡབ་སྲས་གཉིས༔ དབུས་འགྱུར་དམར་པོའི་རི་ནས་བོད་ཁམས་སྐྱོང་༔ གདུལ་བྱའི་འགྲོ་བ་འཛམ་གླིང་སུམ་གཉིས་དབང་༔ དཀར་ནག་ལས་འབྲས་བདེན་རྫུན་ཤན་འབྱེད་ཅིང་༔ ཆོས་སྲིད་རྒྱལ་སྲིད་ཐབས་ཀྱིས་སྐྱོང་བ་འབྱུང་༔ ཞེས་སོགས་བསླུ་མེད་རྡོ་རྗེའི་ལུང་གིས་གསལ་བར་བསྟན་པ་བཞིན་གངས་ཅན་བསྟན་འགྲོ་ཡོངས་ལ་བཀའ་དྲིན་ཆེས་ཆེ་བའི་མཆོག་ཏུ་གྱུར། བེེ་རོའི་རྣམ་འཕྲུལ་སྨིན་གླིང་གཏེར་ཆེན་རིག་འཛིན་འགྱུར་མེད་རྡོ་རྗེ་དང་དུས་བབས་ཀྱི་ལུང་དོན་རྟེན་འབྲེལ་མངོན་དུ་འགྲིགས་ནས་ཆོས་སྲིད་ཀྱི་མངའ་ཐང་རྒྱ་ཆེ་ལ་ལྷུན་ཆགས་པ་བྱུང་། ལྷག་པར་མ་འོངས་པ་ན་བོད་ཁམས་རུ་བཞིར་མཐའ་དམག་མཚོན་འཁྲུགས་སོགས་ཀྱི་འཇིགས་པ་སྲུང་ཟློག་གི་འཕྲིན་ལས་རྡོ་རྗེའི་ལུང་དོན་ལྟར་རྩེ་རྣམ་རྒྱལ་གྲྭ་ཚང་དུ་འཇམ་དཔལ་གཤིན་རྗེ་ཚེ་བདག་སོགས་ཀྱི་སྒྲུབ་མཆོད་རྒྱུན་འཛུག་གནང་། དེ་ལྟ་བུའི་མཛད་པ་མཐར་ཕྱིན་ནས་དགུང་གྲངས་དྲུག་ཅུ་རེ་དྲུག་ཏུ་སོན་པ་ཆུ་ཕོ་ཁྱི། སྤྱི་ལོ་༡༦༨༢ཧོར་ཟླ་གཉིས་པའི་ཚེས་ཉེར་ལྔ་ཉིན་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། དེར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ྋགོང་ས་མཆོག་ཞིང་བརྗེས་པ་ལོ་བཅུ་དྲུག་གི་བར་གསང་རྒྱ་(255ན)བསྡམས་བཞིན་དུ་ཕོ་བྲང་དམར་པོ་དགུ་ཐོག་བཞེངས་པར་ལོ་བཅུ་གཅིག་འགོར། དགོངས་རྫོགས་སུ་ལྷ་ལྡན་ཚོགས་མཆོད་ཆེན་པོ་བཙུགས། སྨན་རྩིས་ཀྱི་གཞུང་དང་ཕྱག་ལེན་རྒྱུན་སྤེལ་རྒྱ་ཆེར་མཛད། ཕྱོགས་ཀྱི་མི་དཔོན་བླ་ཆེན་སོགས་ཀྱིས་མཚོན་དད་ལྡན་གསོན་གཤིན་གྱི་སྐྱབས་ཞུ་འབྱོར་རིགས་ལའང་བཀའ་ལན་དང་། གསུང་རྩོམ་གྱི་རིགས་གནང་བར་ཞུས་པ་རྣམས་ལའང་གསུང་ཚབ་སྡེ་སྲིད་རང་ཉིད་ནས་བརྩམས་ཏེ་གནང་བར་གྲགས་སོ། ། ༈ ྋརྒྱལ་དབང་སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་ནི། གང་དུ་བལྟམས་པའི་གནས་ལྷོ་མོན་ལ་འོག་ཡུལ་གསུམ་ཞེས་པར། ཡབ་མྱོས་རིགས་བཀྲ་ཤིས་བསྟན་འཛིན་དང་ཡུམ་ཚེ་དབང་ལྷ་མོའི་སྲས་སུ། རབ་བྱུང་བཅུ་གཅིག་པའི་ཆུ་ཕག །སྤྱི་ལོ་༡༦༨༣པར་སྐུ་བལྟམས། གསུང་གི་ཐོག་མར་ང་རྒྱལ་བ་བློ་བཟང་རྒྱ་མཚོ་ཡིན་ཞེས་གསུངས་ཤིང་། ཅུང་སྐུ་ནར་སོན་པ་ན་སྐུ་རྩེད་སྐབས་རྡོ་ལ་ཕྱག་ཞབས་ཀྱི་རྗེས་བཞག་པ་སོགས་ངོ་མཚར་བའི་མཛད་པ་བསྟན། འདི་སྐབས་སྐུ་གོང་མ་ལྔ་པ་ཆེན་པོ་ཞིང་བརྗེས་པ་གསང་རྒྱ་ལ་བརྟེན་ནས་ངོས་འཛིན་ལྐོག་ཏུ་ཞུས་ཏེ་གསང་སྟབས་ཀྱིས་སྣ་དཀར་(255བ)རྩེར་སྤྱན་དྲངས་ནས་བཞུགས་སུ་གསོལ། ྋགོང་ས་མཆོག་དགུང་གྲངས་བཅོ་ལྔར་སོན་པ་རབ་བྱུང་བཅུ་གཉིས་པའི་མེ་གླང་། སྤྱི་ལོ་༡༦༩༧པར་གསང་བརྟོལ་བ་དང་དྲིལ་བསྒྲགས་ཆབ་གཅིག་ཏུ་གནང་ཞིང་ཕོ་བྲང་ཆེན་པོ་པོ་ཏ་ལར་གདན་དྲངས་ཏེ་གསེར་ཁྲིར་མངའ་གསོལ། ལྕགས་འབྲུག །སྤྱི་ལོ་༡༧༠༠པར་ངྷ་ཧན་རྒྱལ་པོ་སྐུ་གཤེགས་པའི་ཚབ་དེའི་སྲས་ལྷ་བཟང་ཁང་པ་མདོ་ཁམས་སྨད་ཕྱོགས་སུ་ཡོད་པ་ལ་རྒྱལ་པོའི་ཆོ་ལོ་གནང་། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ཁྲི་ལོ་ཉེར་ལྔ་པ་ཆུ་ལུག །སྤྱི་ལོ་༡༧༠༣པར་སྡེ་སྲིད་ཁྲི་གསར་ངག་དབང་རིན་ཆེན་བསྐོས་ཀྱང་རྩ་བའི་འགན་བཞེས་སངས་རྒྱམ་རང་ནས་མཛད། འདི་སྐབས་ལྷ་ལྡན་གཙུག་ལག་ཁང་གི་ཡང་སྟེང་དུ་གསེར་ཟངས་ཀྱི་མདའ་ཡབ་དང་། སངས་རྒྱས་སྟོང་ལ་སོགས་པའི་སྐུ་བརྙན། ཕྱོགས་མཚམས་སུ་བཀྲ་ཤིས་རྫས་རྟགས་སེང་འགྱིང་སོགས་བཀོད་པ་ཁྱད་འཕགས་མང་པོ་བསྐྲུན། སྐབས་འདི་དག་ཏུ་རྒྱལ་མཆོག་སྐུ་ཕྲེང་དྲུག་པ་མཆོག་ནས་པཎ་ཆེན་བློ་བཟང་ཡེ་ཤེས་ལ་འདུལ་སྡོམ་གྱི་བསླབ་པ་ཕྱིར་འབུལ་གནང་སྟེ་སྔགས་སྤྱོད་ཀྱི་མཛད་པ་ཅི་རིགས་བསྟན་པར་མཛད་པ་ན་སྐྱེ་བོ་ཕལ་གྱི་བློར་མ་ཤོང་བས་མཆོད་ཡོན་(256ན)གཉིས་ཀར་སྒྲོ་སྐུར་འཆལ་སྒྲོགས་ཅུང་ཟད་བྱུང་། སྡེ་སྲིད་སངས་རྒྱམ་གྱིས་ཁྲི་ལོ་ཉེར་བདུན་པ་ཤིང་བྱ། སྤྱི་ལོ་༡༧༠༥པར་ལྷ་བཟང་ཁང་པ་བོད་དུ་འབྱོར་ཏེ། སངས་རྒྱམ་པས་དགེ་བསྟན་ལ་དང་བ་མ་མཛད་པར་བསྙད་ནས་གཡོ་སྒྱུའི་སྦྱོར་བས་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དེ་ཉིད་སྟོད་ལུང་སྣང་རྩེ་རུ་མགུལ་བླངས་ཏེ་བཀྲོངས། འདི་ནི་ལེགས་ལྡན་རྗེའི་གཏེར་ལུང་དུ། མ་འོངས་འཛམ་གླིང་རྒྱལ་པོ་ཚངས་པའི་སྲས༔ དེའི་འཕྲིན་ལས་གདུལ་སྐྱོང་བསྟན་པའི་བདག༔ ལྷ་སྲས་སྤྲུལ་པ་བུདྡྷའི་མིང་ཅན་འབྱུང་༔ འོན་ཀྱང་ཆོས་ཟབ་ཚེ་ན་བདུད་ཀྱང་ཟབ༔ རྟེན་འབྲེལ་མ་འགྲིགས་བདུད་ཀྱི་བར་ཆད་དང་༔ སེམས་ཅན་བསོད་ནམས་ཟད་པའི་དུས་འཛོམ་ཚེ༔ ཕྲག་དོག་དབང་གིས་ཕན་ཚུན་མཐོ་གནོན་བྱེད༔ གཅིག་ལ་གཅིག་དགྲ་བྱེད་ཅིང་རྩོད་པ་ན༔ པདྨའི་ཐུགས་སྲས་ཡིན་ཀྱང་ཡི་རེ་མུག༔ འཛམ་གླིང་རྒྱལ་པོ་གྲམ་ཁའི་ཚེར་ཕུང་འདྲ༔ པདྨ་བདག་གིས་བསྐྱབ་ཀྱང་སྐྱོབ་མི་འགྱུར༔ ཞེས་གསུངས་པའི་ཐོག་ཏུ་སླེབས་པར་གོ །མེ་ཁྱི། སྤྱི་ལོ་༡༧༠༦པར་ྋརྒྱལ་དབང་དྲུག་པ་མཆོག་དགུང་གྲངས་ཉེར་བཞིར་ཕེབས་(256བ)པ་ཉིད་གསེར་ཁྲི་ལས་ཕབ་སྟེ་ཡབ་གཞིས་ལྷ་ཀླུའི་དགའ་ཚལ་དུ་གདན་དྲངས། དེ་ནས་སོག་པོའི་དཔུང་དམག་གིས་གདན་ཞུའི་སྐབས་དན་འབག་མདུན་དུ་འབྲས་སྤུངས་པའི་དགེ་འདུན་རྣམས་ཀྱིས་སོག་དཔུང་ལས་འཕྲོག་སྟེ་འབྲས་སྤུངས་སུ་གདན་དྲངས་ཀྱང་། ྋརྒྱལ་དབང་རང་ཉིད་ནས་བསྟན་པར་ཡོ་འཁྱོམ་ཐུགས་ཀྱིས་མ་བཟོད་པར་སོག་དཔུང་ཁྲོད་དུ་ཕྱིར་ཕེབས། ཕེབས་ལམ་ཀུན་དགའ་ནོར་རམ། དམར་པོ་མཚོ་ཁའི་ས་གནས་སུ་ཞིང་བརྗེས་པའི་ཚུལ་བསྟན། དེའི་གོང་ཙམ་ལ་ཞལ་སྒྲོས་གསུང་གཞེས་ཀྱི་ཚུལ་དུ། བྱ་དེ་ཁྲུང་ཁྲུང་དཀར་མོ། །གཤོག་རྩེ་ང་ལ་གཡོར་དང་། །ཐག་རིང་རྒྱང་ནས་མི་འགྲོ། །ལི་ཐང་བསྐོར་ནས་སླེབ་ཡོང་། །ཞེས་ལུང་བསྟན་དུ་བསྩལ་བར་སྣང་། ལྷ་བཟང་ཁང་གིས་སྡེ་སྲིད་བཀྲོངས་པའི་རྗེས་ཐོག་དེར་ཁོང་རང་ནས་བོད་རྗེའི་ཁྲི་བཟུང་། སྡེ་སྲིད་ངག་དབང་རིན་ཆེན་སོགས་པེ་ཅིང་དུ་བརྫངས། མདུན་ན་འདོན་བྱམས་པ་གླིང་པ་དང་། དར་མོ་བར་གྲགས་པའི་མཁན་པོ། ལྕང་ལོ་ཅན་པ་སོགས་ནས་བྱས། མེ་ཁྱི། སྤྱི་ལོ་༡༧༠༦པར་ལྷ་བཟང་ཁང་པ་རང་གི་བུ་ལ་པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཞེས་བཏགས་ཏེ་པོ་ཏ་ལར་(257ན)རྒྱལ་བའི་བཞུགས་ཁྲིའི་ཐོག་ཏུ་བཏོན། ལྷ་བཟང་ཁང་པས་མེ་ཁྱི་ནས་བོད་རྗེའི་ཁྲི་བཟུང་སྟེ་ཁྲི་ལོ་བཅུ་གཉིས་པ་མེ་བྱ། སྤྱི་ལོ་༡༧༡༧པར་སོག་པོ་ཇུན་གར་བ་ཧོར་ཐའི་ཇིའི་དམག་དཔུང་བོད་དུ་ལྷགས་ཏེ་ལྷ་བཟང་ཁང་པ་མཚོན་གྱིས་བཀུམ་ཞིང་། བུ་སཱུརྱས་མཚོན་རྗེས་ཤུལ་ཡང་རྩ་མེད་དུ་བཏང་ནས་མངའ་ཐང་རྣམས་ཇུན་གར་བས་འཕྲོག །པད་དཀར་འཛིན་པ་ངག་དབང་ཡེ་ཤེས་རྒྱ་མཚོ་ཁྲི་ལས་ཕབ་སྟེ་ལྕགས་པོ་རིར་བཅུག་ཅིང་མི་རིང་བ་ན་སོག་ཡུལ་ཤེ་ཧོར་དུ་སྤྱན་དྲངས་ནས་གཤེགས། འདི་ནས་གོ་ཤྲིའི་སྲས་བརྒྱུད་ཀྱི་རྒྱལ་རྒྱུད་རྫོགས། དེ་ནས་སྟག་རྩེ་ལྷ་རྒྱལ་རབ་བརྟན་ནམ་སྐྱིད་ཤོད་དགའ་ལྡན་སྡེ་པ་སྲིད་སྐྱོང་གི་ཁྲིར་བཀོད། ལས་རོགས་སུ་ཤངས་བཀྲ་ཤིས་རྩེ་པ་དང་། འཕན་པོ་ཨ་ཆོས་སོགས་བསྐོས། ཇུན་གར་བར་འགོང་པོ་དངོས་ཞུགས་ཀྱིས་སྔར་ལྔ་པ་ཆེན་པོས་རྩེ་རྣམ་གྲྭ་རུ་བཙུགས་པར་མཛད་པའི་བསྟན་རིམ་རྙིང་ལུགས་གཤིན་རྗེ་ཚེ་བདག་སོགས་སྔགས་ཆོག་གི་རྒྱུན་གང་ཡོད་རྣམས་རྩ་མེད་དུ་བཤིགས་ཅིང་བཅད། རྙིང་བསྟན་ལ་སྡང་ཟུག་ཤིན་ཏུ་ཆེ་བས། རྡོ་བྲག་རིག་འཛིན་པདྨ་འཕྲིན་ལས། སྨིན་གླིང་ལོ་ཆེན་(257བ)ངྷརྨ་ཤྲཱི། གཏེར་སྲས་པདྨ་འགྱུར་མེད་རྒྱ་མཚོ་སོགས་ཉེས་མེད་དུ་བཀྲོངས། རྡོར་སྨིན་གཉིས་ཀའི་བསྟན་པ་ཚབ་ཆེར་བཤིག བསམ་ཡས་བཤིག་པར་བརྩམ་པ་ན་དམ་ཅན་རྡོར་ལེགས་ཀྱིས་རྡོ་ཆར་ཕབ་པས་ཧས་པོ་རིའི་རྒྱབ་ཏུ་དམག་མང་པོ་རྟིབ་འོག་ཏུ་བཏང་བའི་ཤུལ་ད་ལྟའང་ཡོད་ཅིང་། དམག་རྣམས་ཀྱི་ལག་ཆ་མདའ་གྲི་མདུང་གསུམ་མང་པོ་པེ་ཧར་ལྕོག་གི་གྲབ་ན་ཡོད། རྙིང་དགོན་མང་རབ་དགེ་དགོན་དུ་བསྒྱུར་བ་སོགས་རྙིང་བསྟན་ལ་ཉམས་ཉེས་ཆེན་པོ་བྱུང་། སྟག་རྩེ་སྡེ་པ་ཁྲི་ལོ་བཞི་པ་ལྕགས་བྱི། སྤྱི་ལོ་༡༧༢༠པར་རྒྱ་ནག་གིས་ཁྲིམས་ཕོག་སྟེ་བཀྲོངས་སོ། ། ༈ ྋརྒྱལ་དབང་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོ་ནི། མདོ་སྨད་ལི་ཐང་དུ་ཡབ་འཕྱོངས་རྒྱས་པ་བསོད་ནམས་དར་རྒྱས་དང་ཡུམ་བློ་བཟང་ཆོས་མཚོའི་སྲས་སུ། རབ་བྱུང་བཅུ་གཅིག་པའི་ས་བྱི། སྤྱི་ལོ་༡༧༠༨པར་སྐུ་བལྟམས། དེ་མ་ཐག་དཔལ་ལྡན་ལྷ་མོའི་རྩ་སྔགས་ཡང་ཡང་གསུངས་པ་སོགས་ངོ་མཚར་མཐའ་ཡས་པ་མངའ། རེ་ཞིག་ལྷ་བཟང་ཁང་པའི་རྔམས་ཤུགས་ལ་བརྟེན་དངོས་སུ་ངོས་འཛིན་ཞུ་རྔོ་མ་ཐོགས་པར། མཚོ་(258ན)སྔོན་ཁུལ་གྱི་དད་ཅན་དཔོན་ཁག་རྣམས་ནས་གཞན་ལག་ཏུ་ཤོར་དོགས་ཀྱིས་མཚོ་ཁར་སྤྱན་དྲངས། རིམ་བཞིན་ཨ་མདོ་སྐུ་འབུམ་ཆོས་སྡེར་སློབ་གཉེར་ལ་བཞུགས། ལྔ་པ་ཆེན་པོའི་ཞལ་སློབ་ཚ་གན་ནོ་མི་ཧན་ལས་རབ་བྱུང་གི་སྡོམ་པ་བཞེས། དགུང་གྲངས་བཅུ་གསུམ་དུ་ཕེབས་པ་ལྕགས་བྱི། སྤྱི་ལོ་༡༧༢༠པར་གོང་མ་ཁང་ཤིའི་སྲས་ཅང་ཇུན་ཝང་དཔུང་ཚོགས་དང་བཅས་པ་མངགས་པའི་མདུན་ྋགོང་ས་མཆོག་ཉིད་སྐུ་འབུམ་ནས་བོད་ཕྱོགས་སུ་གདན་དྲངས་པ་འབྲི་ཆུའི་བར་དུ་ཕེབས་སྐྱེལ་ཞུས་ཏེ་ཅང་ཇུན་ཝང་ཕྱིར་ལོག །དཔོན་དམག་བྱིངས་ནས་བོད་དུ་སྤྱན་དྲངས་པ་ན། བོད་གཞུང་ནས་ཀྱང་ཕེབས་བསུ་རིང་ཐུང་དང་། སྟག་ལུང་ནས་རྒྱས་ཤོམ་དང་བཅས་ལྷ་ལྡན་དུ་སྤྱན་དྲངས་ཏེ་ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་ཞུས། པཎ་ཆེན་བློ་བཟང་ཡེ་ཤེས་ལས་བསྙེན་རྫོགས་ཀྱི་བསླབ་སྡོམ་བཞེས་ཤིང་། རྭ་སྒྲེང་སྐུ་ཕྲེང་དང་པོ་ཁྲི་ངག་དབང་མཆོག་ལྡན་ཉིད་ཡོངས་འཛིན་དུ་བསྟེན། ལོ་འདིར་སྟག་རྩེ་སྡེ་པ་བཀྲོངས་པའི་འོག་ཏུ། ང་ཕོད་རྡོ་རྗེ་རྒྱལ་པོ་དང་། ལུམ་པ་བཀྲ་ཤིས་རྒྱལ་པོ་ནས་དབུ་ཁྲིད་ཐོག་ལྷ་མིའི་(258བ)ཚོགས་འདུ་གྲོས་བསྡུར་གྱིས་ཆབ་སྲིད་ལོ་གཅིག་ཙམ་བསྐྱངས། ལྕགས་གླང་། སྤྱི་ལོ་༡༧༢༡པ་ནས་དའི་ཆིང་སྦ་དུར་བསོད་ནམས་རྒྱལ་པོ། ང་ལུམ་གཉིས། ཕོ་ལྷ་ཐའི་ཇི་བསོད་ནམས་སྟོབས་རྒྱལ། སྦྱར་ར་བ་བློ་གྲོས་རྒྱལ་པོ་བཅས་བཀའ་བློན་ཐུན་མོང་ནས་སྲིད་འགན་བླངས་ཏེ་མེ་ལུག །སྤྱི་ལོ་༡༧༢༧བར་ལོ་བདུན་གྱི་རིང་ཆབ་སྲིད་བསྐྱངས། དེ་ནས་བོད་སྤྱིའི་བསོད་ནམས་དམན་པ་དང་རྒྱལ་འགོང་གདུག་པའི་ཆོ་འཕྲུལ་སོགས་ཨོ་རྒྱན་ཆེན་པོའི་ལུང་བསྟན་དུས་བབས་ལྟ་བུས་བཀའ་བློན་རྣམས་ཐུགས་ནང་མ་མཐུན་པའི་རྐྱེན་གྱིས་གཙང་ཕོ་ལྷ་བ་གཡོལ་ནས་རང་གཞིས་སུ་ཕྱིར་ཕེབས། ང་ལུམ་སྦྱར་གསུམ་ནས་དའི་ཆིངས་སྦ་དུར་བསོད་ནམས་རྒྱལ་པོ་ལ་མ་དགའ་བས་ལས་ཁུངས་ཚོགས་སར་གཡོ་འཕྲུལ་གྱིས་བཀྲོངས་ཤིང་། ཕྱོགས་གཏོགས་ཡུམ་སྲས་ཆུང་ངུ་དང་བཅས་པ་ཉེས་པ་མེད་བཞིན་དུ་ཉམས་ཉེས་སུ་བཏང་། ས་སྤྲེལ། སྤྱི་ལོ་༡༧༢༨པར་ཕོ་ལྷ་བས་གཙང་སྟོད་ནས་གཡུལ་བཤམས་ཏེ་འཐབ་པས། ལས་འབྲས་དང་བསོད་ནམས་ཀྱི་དཔུང་ཤུགས་བཙན་པོས་བོད་ལྗོངས་སྟོད་སྨད་ཀྱི་ས་ཕྱོགས་ཕལ་ཆེ་བ་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱི་(259ན)ཕྱོགས་སུ་བྱུང་། སྐབས་དེར་ཕོ་ལྷ་བའི་ཐབས་བྱུས་ཀྱིས་ྋགོང་ས་བདུན་པ་ཆེན་པོའི་སྐུ་ཕྱྭའི་འགན་སྲུང་བ་ཡིན་ཚུལ་ཨམ་བན་དཔུང་དམག་བཅས་ཆེད་བསྐུལ་ལྷ་སར་འབྱོར་ཏེ་ཕོ་ལྷ་བས་ཞུས་རྗེས་ལྟར་ང་ལུམ་སྦྱར་གསུམ་རྗེས་འབྲངས་དང་བཅས་མི་བཅུ་གསུམ་དུས་གཅིག་ལ་བཀུམ། ས་སྤྲེལ་ལོ་མཇུག་ནས་མི་དབང་ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་གྱིས་བོད་རྗེའི་ཁྲི་བཟུང་། ལོ་འདིར་སྨོན་ལམ་གྲལ་དབུ་སོགས་བསྟན་པ་འཛིན་སྐྱོང་གི་རྒྱལ་ཚབ་ཏུ་རྒྱལ་སྲས་སྤྲུལ་སྐུ་འཇིགས་མེད་ཡེ་ཤེས་གྲགས་པ་བསྐོ་བཞག་གནང་སྟེ་གོང་ས་མཆོག་མདོ་ཁམས་སྨད་ཀྱི་འགྲོ་བའི་དོན་ལ་ལི་ཐང་དུ་ཕེབས་ནས་ལོ་གཅིག །དེ་ནས་མགར་ཐར་དུ་ཕེབས་ནས་ལོ་ལྔ་བཞུགས་རྒྱུན་རིང་དགའ་ལྡན་དགོན་གསར་ཕྱག་བཏབ་ཅིང་། བཤད་སྒྲུབ་ཀྱི་འཕྲིན་ལས་རྒྱ་ཆེན་པོས་རྒྱལ་བསྟན་རིན་པོ་ཆེ་རིས་སུ་མ་ཆད་པ་ཧོར་སོག་གི་ཡུལ་གྲུ་ཀུན་ཏུ་ཁྱབ་སྤེལ་མཛད། ཤིང་སྟག །སྤྱི་ལོ་༡༧༣༤པར་བོད་འབྲུག་འཁྲུགས་ཟིང་ཚབ་ཆེ་བྱུང་བར་འབྲུག་སྡེ་སྲིད་མཚན་ཐོག་པ་ཁྲི་སྤྲུལ་མི་ཕམ་དབང་པོ་ནས་ཀརྨ་པ་ཡབ་སྲས་བརྒྱུད་སྙན་གསེང་ཞུས་པ་བཞིན། མི་དབང་སོད་ནམས་སྟོབས་(259བ)རྒྱལ་ནས་སྐུ་ཚབ་མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ་སོགས་འབྲུག་ཡུལ་དུ་མཆེད་མངགས་གནང་ནས་དགའ་འབྲུག་དམ་གཙང་དར་དཀར་ཡུག་གཅིག་ཏུ་གནས་པའི་ཆིངས་སྒྲིག་མཛད་ཅིང་། འབྲུག་སྡེ་སྲིད་ཀྱི་སྐུ་ཚབ་དབོན་སྲས་ཚེ་རིང་དབང་ཕྱུག་ཆེད་རྫོངས་ཀྱིས་འདི་ལོ་ནས་ལྷ་སར་ལོ་ཕྱག་པ་གཏན་འཛུག་གི་འབྲེལ་ཟབ་ཚུགས། ཤིང་ཡོས། སྤྱི་ལོ་༡༧༣༥པར་ྋགོང་ས་བདུན་པ་མཆོག་སླར་བོད་ལྗོངས་ལྷ་མིའི་གདན་ཞུ་རིམ་བཅར་གྱིས་སྤྱན་དྲངས་ཏེ་ཕོ་བྲང་ཆེན་པོའི་གསེར་ཁྲིར་ཞབས་སོར་འཁོད། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་འདིའི་སྐུ་རིང་ལ་རྒྱལ་བའི་བཀའ་འགྱུར་རོ་ཅོག་པར་དུ་བསྒྲུབས་པ་སོགས་བསྟན་འགྲོར་སྨན་པའི་ཕྱག་རྗེས་ཤིན་ཏུ་མང་། མཐར་ཁྲི་ལོ་ཉི་ཤུ་པ་རབ་བྱུང་བཅུ་གསུམ་པའི་མེ་ཡོས། སྤྱི་ལོ་༡༧༤༧པར་དགའ་ལྡན་ཁང་གསར་དུ་སྐུ་གཤེགས། ལོ་དེར་ཕོ་ལྷའི་སྲས་སྦ་དུར་འགྱུར་མེད་རྣམ་རྒྱལ་ནས་ཇུན་ཝང་གི་གོ་མིང་དང་བཅས་ཡབ་དུས་བཞིན་བོད་ཀྱི་ལས་དོན་ལོ་ངོ་བཞིའི་རིང་བསྐྱངས་མོད། ནག་ཕྱོགས་ཀྱིས་ཐུགས་རྒྱུད་དཀྲུགས་པ་ལྟ་བུས་མཛད་སྤྱོད་ལམ་ལྷོངས་མ་བྱུང་བས་ལྕགས་རྟ། སྤྱི་ལོ་༡༧༥༠པར་ཁྲོམ་གཟིགས་ཁང་དུ་བཀྲོངས། དེའི་ཚབ་རྡོ་རིང་(260ན)པཎྜི་ཏས་ ལོ་གཅིག་ཙམ་སྲིད་བསྐྱངས་ནས། ྋགོང་ས་མཆོག་དགུང་གྲངས་བཞི་བཅུ་ཞེ་བཞིར་སོན་པ་ལྕགས་ལུག །སྤྱི་ལོ་༡༧༥༡པར་བོད་ལྗོངས་བསྟན་འགྲོའི་བདེ་ཐབས་ལ་དགོངས་ཏེ་ལུགས་གཉིས་ཀྱི་ཐུགས་འགན་གཙོ་བོར་ྋགོང་ས་བདུན་པ་རང་ཉིད་ནས་བཞེས། བཀའ་བློན་རྡོ་རིང་ནོ་ཡོན་པཎྜི་ཏ། མདོ་མཁར་ཞབས་དྲུང་ཚེ་རིང་དབང་རྒྱལ། ཐོན་པ་སྲི་གཅོད་རྡོ་རྗེ་ཚེ་བརྟན། རྩེ་མགྲོན་དར་ཧན་ཉི་མ་རྒྱལ་མཚན་བཅས་བཀའི་བློན་པོ་བཞི་དང་། དྲུང་མགྲོན། འགག་པ། ཡིག་ཚང་ཁང་། ལས་ཁུངས་ཟུར་འབྱེད་གནང་བའི་སྐུ་དྲུང་ན་ཡི་གེ་པའི་བྱེད་པོ་བཅས་གསར་དུ་བསྐོ་བཞག་བསྩལ་ཏེ། ལུགས་གཉིས་ཀྱི་ཁྲིམས་སྲོལ་བཟང་པོ་སྔོན་བྱོན་ཆོས་རྒྱལ་མེས་དབོན་གསུམ་གྱི་རྣམ་ཐར་མ་ཉམས་པས་བོད་ཁམས་ལ་དབང་བསྒྱུར་ཏེ་ཕན་བདེས་ཁྱབ་པར་མཛད། མཐར་དགུང་གྲངས་ལྔ་བཅུར་ཕེབས་པ་མེ་གླང་། སྤྱི་ལོ་༡༧༥༧པར་དགོངས་པ་ཆོས་དབྱིངས་སུ་ཐིམ་པའི་ཚུལ་བསྟན། དེ་རྗེས་ཟླ་ཤས་བཀའ་བློན་རྣམས་ཀྱིས་ཆབ་སྲིད་བསྐྱངས་བཞིན་པ་ནས། བོད་ལྗོངས་ལྷ་མིའི་སྤྱི་མོས་བཞིན་དེ་མོ་ངག་དབང་འཇམ་དཔལ་བདེ་ལེགས་རྒྱ་མཚོ་(260བ)རྒྱལ་ཚབ་སྲིད་སྐྱོང་དུ་བསྐོས། འདིས་བསམ་ཡས་གཙུག་ལག་ཁང་ཉམས་གསོ་སོགས་ཆོས་སྲིད་ཀྱི་མཛད་སྒོ་ཕུན་སུམ་ཚོགས་པ་བྱུང་ངོ་། ། ༈ ྋརྒྱལ་དབང་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོ་ནི། གཙང་ཐོབ་རྒྱལ་ལྷ་རི་སྒང་དུ་ཡབ་བསོད་ནམས་དར་རྒྱས་དང་ཡུམ་ཕུན་ཚོགས་དབང་མོའི་སྲས་སུ། རབ་བྱུང་བཅུ་གསུམ་པའི་ས་སྟག །སྤྱི་ལོ་༡༧༥༨པར་སྐུ་བལྟམས། ལྷུམས་ཞུགས་སྐབས་ཡུམ་དང་གཟིམ་ཁང་ལ་འཇའ་ཟུག་པ། བྱ་རོག་གཉིས་གཟིམ་ཁང་ཕྱི་སྐོར་དུ་རྒྱུན་པར་བསྲུང་བའི་ཚུལ་གྱི་བསྡད་པ་སོགས་ངོ་མཚར་མཐའ་ཡས། དགུང་གྲངས་ལྔ་པ་ཆུ་རྟ། སྤྱི་ལོ་༡༧༦༢པར་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། དེ་མོས་མེ་བྱ། སྤྱི་ལོ་༡༧༧༧བར་ཁྲི་ལོ་ཉེར་གཅིག་བསྐྱངས་ཏེ་ལོ་དེར་བསྟན་རྒྱས་གླིང་དུ་སྐུ་གཤེགས། དེ་རྗེས་ཟླ་ཤས་རིང་ལས་དོན་གང་ཅི་ཞབས་པད་རྣམས་ཀྱིས་མཛད་ནས། མེ་བྱ་ལོ་དེར་དགའ་ལྡན་ཁྲི་ཟུར་ཚེ་སྨོན་གླིང་པ་ངག་དབང་ཚུལ་ཁྲིམས་སྲིད་སྐྱོང་དུ་ཕེབས། ཤིང་འབྲུག །སྤྱི་ལོ་༡༧༨༤པར་ྋགོང་ས་མཆོག་ནས་ཀྱང་ལུགས་གཉིས་ཀྱི་ཐུགས་འགན་བཞེས་ཏེ་མེ་རྟ། སྤྱི་ལོ་༡༧༨༦བར་ལོ་གསུམ་(261ན)རིང་ཆབ་སྲིད་ལྷན་དུ་བསྐྱངས། འཕྲུལ་སྣང་སྟེང་ཤོད་བར་གསུམ་ཁྱམས་ར་དང་བཅས་པར་ཉམས་གསོ་ཕུལ་ཕྱིན་གནང་། མེ་ལུག །སྤྱི་ལོ་༡༧༨༧པར་འགོང་པོའི་ཆོ་འཕྲུལ་གྱིས་རུ་གནོན་བཞིའི་ནང་ཚན་སྤུ་བོ་མདུང་ཆུ་ཚངས་པ་རླུང་གནོན་གྱི་ལྷ་ཁང་དེ་ཉིད་ས་གཡོས་དྲག་པོས་རྨང་ནས་བཤིག མི་རིང་བར་རྩེ་ཤོད་ནས་སྔ་ཕྱི་ལུང་དོན་བཞིན་བཀའ་བབས་ཀྱི་སྐྱེས་ཆེན་སྒམ་པོ་པ་ཨོ་རྒྱན་འགྲོ་འདུལ་གླིང་པར་ཆེད་གཉེར་བཀའ་མངགས་དགོངས་དོན་བཞིན་སྤུ་བོར་བྱོན་ཏེ་མདུང་ཆུ་ལྷ་ཁང་རྟེན་དང་བརྟེན་པར་བཅས་པ་ཉམས་གསོ་གསར་བཞེངས་དང་འབྲེལ་དུས་རིམ་རྒྱ་ཆེན་པོ་བསྒྲུབ་པར་མཛད། དེ་སྐབས་ལྕང་སྐྱ་དགོངས་པ་རྫོགས་པའི་ཚབ་ཏུ་ཁྲི་ཆེན་ཚེ་སྨོན་གླིང་པ་གོང་མའི་དབུ་བླར་གདན་ཞུས་བསྐྱངས་པ་ལྟར་པེ་ཅིང་དུ་ཕེབས་དགོས་བྱུང་། དེ་རྗེས་ལོ་ལྔ་ྋརྒྱལ་མཆོག་རང་ཉིད་ནས་ཐུགས་འགན་བཞེས་སྐབས་ཀྱི་ས་བྱ་དང་ལྕགས་ཁྱི་གཉིས་རིང་རྟ་ཚག་རྗེ་དྲུང་བྷི་ལིག་ཐུ་ལྟག་སྒོ་ཁང་གསར་དུ་བཞུགས་ནས་བཀའ་བློན་རྣམས་ཀྱི་ལས་རོགས་མཛད་དེ་སླར་པེ་ཅིང་དུ་ཕེབས། ལྕགས་ཕག །སྤྱི་ལོ་༡༧༩༡པའི་ལོ་འགོར་ཁྲི་ཆེན་ཚེ་སྨོན་གླིང་པ་རྒྱ་ཡུལ་ནས་སྲིད་འཛིན་ཕྱག་རོགས་སུ་ཕེབས་ཀྱང་ཟླ་གསུམ་(261བ)ཐོག་རྩེར་སྐུ་གཤེགས། དེ་མ་ཐག་རྟ་ཚག་བསྟན་པའི་མགོན་པོ་རྒྱ་ཡུལ་དུ་ཕེབས་ལམ་ནས་ཕྱིར་ལོག་གནང་སྟེ། ྋགོང་ས་མཆོག་གི་འཕྲིན་ལས་ཀྱི་རམ་འདེགས་ཞབས་ཞུ་མཛད། ལོ་འདིར་གོརྵའི་དཔུང་དམག་ནས་ཚུར་རྒོལ་གྱིས་གཉའ་སྐྱིང་རྫོང་ཁག་སོགས་འཕྲོག་བཟུང་དང་། བཀྲས་ལྷུན་པ་ཤོར། ཆུ་བྱི། སྤྱི་ལོ་༡༧༩༢པར་བོད་དམག་དཔུང་འཇུག་ཕར་རྒོལ་འཐབ་འཛིང་ངང་། ཆུ་གླང་ལོར་གོརྵའི་དཔུང་དམག་ཤུལ་གཙང་ཕྱིར་འབུད་བྱས། མེ་འབྲུག །སྤྱི་ལོ་༡༧༩༦པར་གོར་བོད་ཆིངས་གདན་བཞག་སྟེ། ཆིངས་དོན་དུ་བོད་ལ་ཕྱི་དགྲས་གཙེར་སུན་བྱུང་ན་དམག་རོགས་གཏོང་རྒྱུ་ཞེས་སོགས་བཀོད། ཤིང་བྱི། སྤྱི་ལོ་༡༨༠༤པར་ྋགོང་ས་མཆོག་དགུང་གྲངས་བཞི་བཅུ་ཞེ་བདུན་པའི་ཐོག་གཟུགས་སྐུའི་བཀོད་པ་ཆོས་དབྱིངས་སུ་བསྡུས། རྟ་ཚག་རྗེ་དྲུང་སྲིད་འཛིན་ཕྱག་རོགས་གནང་མུས་ཐོག་ཤིང་གླང་ལོར་བོད་ལྗོངས་ཆོས་བཞིན་སྐྱོང་བའི་རྒྱལ་ཚབ་སྲིད་འཛིན་དུ་བསྐོས་སོ། ། ༈ ྋརྒྱལ་དབང་སྐུ་ཕྲེང་དགུ་པ་ལུང་རྟོགས་རྒྱ་མཚོ་ནི། མདོ་ཁམས་འདན་ཡུལ་ཆོས་འཁོར་དགོན་འགྲམ་དུ། ཡུམ་དོན་གྲུབ་སྒྲོལ་མའི་སྲས་སུ། རབ་བྱུང་བཅུ་གསུམ་(262ན)པའི་ཤིང་གླང་། སྤྱི་ལོ་༡༨༠༥པར་སྐུ་བལྟམས། རབ་བྱུང་བཅུ་བཞི་པའི་ས་འབྲུག །སྤྱི་ལོ་༡༨༠༨པར་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། པཎ་ཆེན་བསྟན་པའི་ཉི་མ་ལས་རབ་བྱུང་གི་སྡོམ་པ་བཞེས། རྟ་ཚག་གིས་ཁྲི་ལོ་དྲུག་བསྐྱངས་ཏེ་ལྕགས་རྟ། སྤྱི་ལོ་༡༨༡༠པར་ཀུན་གླིང་ཕོ་བྲང་དུ་སྐུ་གཤེགས། དེ་འཕྲལ་སྲིད་ཚབ་ཡོངས་འཛིན་དེ་མོ་བློ་བཟང་ཐུབ་བསྟན་འཇིགས་མེད་རྒྱ་མཚོ་བསྐོ་བཞག་གནང་། ལྕགས་ལུག །སྤྱི་ལོ་༡༨༡༡ནས་སྲིད་སྐྱོང་གི་ཁྲིར་ཕེབས། ཤིང་ཕག །སྤྱི་ལོ་༡༨༡༥བར་ྋགོང་ས་ལུང་རྟོགས་རྒྱ་མཚོ་ཉིད་དགུང་གྲངས་བཅུ་གཅིག་ཏུ་ཕེབས་པ་ན་གློ་བུར་དུ་དགོངས་པ་རྫོགས། སླར་ཡང་དེ་མོ་རྒྱལ་ཚབ་ཏུ་མངའ་གསོལ་ཞིང་། དེས་ཁྲི་ལོ་བཅུ་བསྐྱངས་ཏེ་ས་ཡོས། སྤྱི་ལོ་༡༨༡༩པར་བསྟན་རྒྱས་གླིང་དུ་སྐུ་གཤེགས། དེ་འཕྲལ་ཚོགས་འདུ་སྤྱི་མོས་ཀྱིས་ཚེ་སྨོན་གླིང་པ་ངག་དབང་འཇམ་དཔལ་ཚུལ་ཁྲིམས་རྒྱ་མཚོ་སྲིད་འཛིན་དུ་མངའ་གསོལ་བར་བྱས་སོ། ། ༈ ྋརྒྱལ་དབང་སྐུ་ཕྲེང་བཅུ་པ་ཚུལ་ཁྲིམས་རྒྱ་མཚོ་ནི། རབ་བྱུང་བཅུ་བཞི་པའི་མེ་བྱི། སྤྱི་ལོ་༡༨༡༦(262བ)པར་ཁམས་ལི་ཐང་དུ་སྐུ་བལྟམས། འདིའི་ཡབ་ཡུམ་གྱི་མཚན་ཞལ་གསལ་མ་རྙེད། དགུང་གྲངས་བདུན་པ་ཆུ་རྟ། སྤྱི་ལོ་༡༨༢༢པར་མདོ་ཁམས་ནས་གདན་དྲངས་ཏེ་བོད་ཟླ་བརྒྱད་པའི་ཚེས་བརྒྱད་ལ་ཕོ་བྲང་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། མདོ་སྔགས་རིག་གནས་ལ་གསན་བསམ་ཕ་རོལ་ཏུ་ཕྱིན་ཅིང་། པཎ་ཆེན་བསྟན་པའི་ཉི་མ་ལས་རབ་བྱུང་གི་བསླབ་སྡོམ་བཞེས། ལྕགས་སྟག །སྤྱི་ལོ་༡༨༣༠པར་རྒྱལ་ཁྱབ་བཀའ་ཞིབ་ཀྱིས་ཞིབ་གཞུང་གསར་བཀོད་མཛད། དགུང་གྲངས་ཉེར་གཉིས་པ་མེ་བྱ། སྤྱི་ལོ་༡༨༣༧པ་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་མནལ་ལོ། ། ༈ ྋརྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་མཁས་གྲུབ་རྒྱ་མཚོ་ནི། མདོ་ཁམས་མགར་མཐར་ཕྱོགས་སུ་རབ་བྱུང་བཅུ་བཞི་པའི་ས་ཁྱི། སྤྱི་ལོ་༡༨༣༨པར་སྐུ་བལྟམས། འདིའི་ཡབ་ཡུམ་གྱི་མཚན་ཡང་ཞལ་གསལ་མ་རྙེད། དགུང་གྲངས་ལྔ་པ་ཆུ་སྟག །སྤྱི་ལོ་༡༨༤༢པར་མདོ་ཁམས་ནས་གདན་དྲངས་ཏེ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། ཡོངས་འཛིན་རྣམས་ལས་སྐུ་ཡོན་གསན་བཞེས་ཀྱི་རིམ་པ་དང་། པཎ་ཆེན་བསྟན་པའི་ཉི་མ་ལས་རབ་བྱུང་གི་སྡོམ་ (263ན)བཞེས་གནང་། སྲིད་སྐྱོང་ཚེ་སྨོན་གླིང་པས་ཁྲི་ལོ་ཉི་ཤུ་རྩ་དྲུག་བསྐྱངས་ཏེ་ཤིང་འབྲུག །སྤྱི་ལོ་༡༨༤༤པར་སྲིད་དབང་སྐོར་ལ་རྙོག་སྒྲ་ཅུང་ཟད་བྱུང་བར་བརྟེན་བོད་བཞུགས་ཆེའི་ཀྲུང་ཐང་གིས་ཁྲི་ལས་ཕབ་སྟེ་རྒྱ་ཡུལ་དུ་སྤྱུགས། ལོ་དེར་ཀུན་གཟིགས་པཎ་ཆེན་བསྟན་པའི་ཉི་མ་གཙང་ནས་ལྷ་སར་གདན་དྲངས་ཏེ་སྲིད་སྐྱོང་གི་མཚན་གནས་ཕུལ་ཀྱང་། ཟླ་བ་ཕྱེད་དགུ་ཙམ་ལས་སྲིད་བསྐྱངས་མ་གྲུབ། དེ་ནས་ཤིང་སྦྲུལ། སྤྱི་ལོ་༡༨༤༥པར་རྭ་སྒྲེང་ཨ་ཆི་ཧོ་ཐོག་ཐུ་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་མཚན་ལ་སྲིད་སྐྱོང་གི་མཚན་གནས་ཕུལ། དེས་ཤིང་ཡོས་བར་ཁྲི་ལོ་བཅུ་གཅིག་ངོ་མཐོང་ཙམ་སྲིད་བསྐྱངས་ནས། འདི་ལོར་ྋགོང་ས་མཆོག་ལ་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་འབུལ་བཞེས་གནང་བ་བཞིན་ཟླ་ཤས་རིང་ཆབ་སྲིད་འཛིན་སྐྱོང་གི་འཕྲིན་ལས་བསྐྱངས་མོད། དགུང་གྲངས་བཅོ་བརྒྱད་དུ་སོན་པ་ཤིང་ཡོས། སྤྱི་ལོ་༡༨༥༥པར་དགོངས་པ་ཆོས་དབྱིངས་སུ་གཤེགས། དེ་མ་ཐག་ཚོགས་འདུ་གྲོས་བསྡུར་གྱིས་སླར་ཡང་རྭ་སྒྲེང་ངག་དབང་ཡེ་ཤེས་ཚུལ་ཁྲིམས་རྒྱལ་ཚབ་སྲིད་འཛིན་དུ་བསྐོས། ལོ་འདིར་སླར་ཡང་གོར་དམག་བོད་དུ་སླེབས་ཏེ་འཁྲུགས་ཟིང་(263བ)བྱུང་། མེ་འབྲུག །སྤྱི་ལོ་༡༨༥༦པར་གོང་བོད་ཆིངས་འགྲིགས་བྱུང་སྟེ་ལྷ་སར་གོར་གཞུང་གི་ཀབ་ཏན་བཞག་གོ ། ༈ ྋརྒྱལ་དབང་སྐུ་ཕྲེང་བཅུ་གཉིས་པ་འཕྲིན་ལས་རྒྱ་མཚོ་ནི། ཉང་པོ་འོལ་དགའ་རྫིང་ཆེའི་ཞོལ་དུ། ཡབ་ཕུན་ཚོགས་ཚེ་དབང་དང་ཡུམ་ཚེ་རིང་གཡུ་སྒྲོན་གྱི་སྲས་སུ། རབ་བྱུང་བཅུ་བཞི་པའི་མེ་འབྲུག །སྤྱི་ལོ་༡༨༥༦པར་སྐུ་བལྟམས། དགུང་གྲངས་ལྔ་པ་ལྕགས་སྤྲེལ། སྤྱི་ལོ་༡༨༦༠པར་གསེར་བུམ་བརྟགས་གསལ་བཞིན་ལྷ་སར་གདན་དྲངས་ཏེ་ཕོ་བྲང་ཆེན་པོའི་གསེར་ཁྲིར་མངའ་གསོལ། རིམ་བཞིན་ཡོངས་འཛིན་རྣམས་ལས་སྐུ་ཡོན་གསན་སྦྱོང་གི་རིམ་པ་དང་། ཁྲི་མཁྱེན་རབ་དབང་ཕྱུག་ལས་རབ་བྱུང་གི་སྡོམ་བཞེས་གནང་། རྭ་སྒྲེང་གི་ཁྲི་ལོ་བརྒྱད་བསྐྱངས་ཏེ་ཆུ་ཁྱི། སྤྱི་ལོ་༡༨༦༢པར་འབྲས་སྤུངས་རིགས་གྲྭ་ཆེན་མོའི་གཏོང་སྒོ་ཆག་སྐོར་གྲྭ་དམངས་ནས་ངོ་རྒོལ་ཞུས་ཤིང་། དགའ་འབྲས་དྲུང་སྤྱི་ཚོགས་པ་སོགས་ཟང་ཟིང་གིས་རྭ་སྒྲེང་པས་སྲིད་ཐམ་བསྣམས་ཏེ་རྟབ་རྟབ་པོར་བྱང་བརྒྱུད་ནས་རྒྱ་ནག་ཏུ་བྲོས་ཏེ་ཕེབས། ལོ་དེ་གའི་མཇུག་ཏུ་བཤད་སྒྲ་བ་དབང་ཕྱུག་རྒྱལ་པོ་སྡེ་སྲིད་ཀྱི་ཁྲིར་བཀོད། སྤྱི་མཁན་རྒྱལ་དབང་(264ན)ཆོས་རྗེ་ཕྱིར་འཐེན་བྱས་ཏེ་ཚབ་ཏུ་དགའ་ཁྲིའི་ཕྱག་མཛོད་དཔལ་ལྡན་དོན་གྲུབ་བསྐོས། ཆུ་ཕག །སྤྱི་ལོ་༡༨༦༣པར་མདོ་ཁམས་ཉག་རོང་མགོན་པོ་རྣམ་རྒྱལ་གྱི་མངའ་རིས་ཐམས་ཅད་དབང་དུ་བསྡུས། བཤད་སྒྲ་བ་ཁྲི་ལོ་གསུམ་པ་འདིར་སྐལ་བཟང་ཕོ་བྲང་དུ་སྐུ་གཤེགས་པས། བོད་སྤྱི་ཚོགས་འདུས་གྲོས་མོལ་བྱས་དོན་བཞིན་དགའ་ལྡན་ཁྲི་ཟུར་སྡེ་དྲུག་ཧོ་ཐོག་ཐུ་ཡོངས་འཛིན་བློ་བཟང་མཁྱེན་རབ་དབང་ཕྱུག་སྲིད་སྐྱོང་དུ་བསྐོས། རབ་བྱུང་བཅོ་ལྔ་པའི་ལྕགས་ལུག །སྤྱི་ལོ་༡༨༧༡པར་སྤྱི་མཁན་དཔལ་ལྡན་དོན་གྲུབ་ཀྱི་བྱེད་སྤྱོད་སྣ་ཚོགས་ལ་བརྟེན་དགའ་ལྡན་ནང་ཟིང་བྱུང་། སྡེ་དྲུག་པས་སྲིད་ཁྲི་ལོ་བཅུ་བསྐྱངས་ཏེ་ཆུ་བྱ། སྤྱི་ལོ་༡༨༧༣པར་ནོར་གླིང་དུ་སྐུ་གཤེགས། ྋགོང་ས་མཆོག་དགུང་གྲངས་བཅོ་བརྒྱད་དུ་ཕེབས་པ་རབ་བྱུང་བཅོ་ལྔ་པའི་ཆུ་བྱ་འདིར་རྒྱལ་བ་རང་ཉིད་ནས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་བཞེས་མོད། འོན་ཀྱང་སྐྱེ་འགྲོའི་བསོད་ནམས་ཀྱིས་མ་ཆུན་པར་དགུང་གྲངས་ཉི་ཤུ་ཐམ་པར་སོན་པ་ཤིང་ཕག །སྤྱི་ལོ་༡༨༧༥པར་དགོངས་པ་གཞན་དོན་དུ་གཤེགས། དེ་ནས་ཟླ་ཤས་རིང་བོད་ཀྱི་ལས་དོན་བཀའ་ཤག་(264བ)གིས་བསྐྱངས་ཤིང་། མི་རིང་བར་ཚོགས་འདུ་རྒྱས་འཛོམ་གྱི་ཐོག་སྤྱི་མོས་བཞིན་རྟ་ཚག་རྗེ་དྲུང་ངག་དབང་དཔལ་ལྡན་ཆོས་ཀྱི་རྒྱལ་མཚན་ལོ་དེར་རྒྱལ་ཚབ་སྲིད་སྐྱོང་དུ་བསྐོས་སོ། །
༈ ྋརྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་ནི། གནས་ཙཱ་རི་ཏྲ་དང་། བོད་ཀྱི་རི་བོ་ཤནྟིའི་ཉེ་འདབས། ཤར་ཕྱོགས་དྭགས་སྨད་རི་བོ་གླང་ཆེན་འགྱིང་འདྲའི་མདུན་རོལ་དུ་ཡོད་པས་ན་གླང་མདུན་དུ་གྲགས་པ་ཡུལ་དགེ་བཅུ་ཚང་བའི་གནས་སུ། ཡབ་རིགས་བཟང་ཀུན་དགའ་རིན་ཆེན་དང་ཡུམ་བློ་བཟང་སྒྲོལ་མ་གཉིས་ཀྱི་སྲས་སུ། རབ་བྱུང་བཅོ་ལྔ་པའི་མེ་བྱི། སྤྱི་ལོ་༡༨༧༦པར་སྐུ་བལྟམས། དེའི་ཚེ་དགུན་དུས་མེ་ཏོག་བཞད་པ་སོགས་ངོ་མཚར་བའི་ལྟས་མང་དུ་བྱུང་། རྒྱལ་བ་གོང་མ་འཕྲིན་ལས་རྒྱ་མཚོའི་སྐུ་སྐྱེ་ཡིན་ངེས་བླ་མཚོ་བརྟགས་པ་སོགས་གསལ་རྗེན་མཐུན་གྲུབ་ཏུ་བྱུང་བས། པཎ་ཆེན་ཐམས་ཅད་མཁྱེན་པ་བསྟན་པའི་དབང་ཕྱུག་དང་། རྒྱལ་ཚབ་རྟ་ཚག་རྗེ་དྲུང་རྣམ་གཉིས་ཀྱིས་གཙོས་བོད་འབངས་མགྲིན་གཅིག་ནས། གསེར་བུམ་བརྟག་དཔྱད་མི་དགོས་པར་ངོས་འཛིན་ཞུས་ཆོག་པའི་ངེས་པ་རྙེད་དེ་ཡབ་གཞིས་གླང་མདུན་(265ན) ནས་གདན་དྲངས། ས་སྟག །སྤྱི་ལོ་༡༨༧༨བོད་ཟླ་དང་པོའི་ནང་ཚལ་གུང་ཐང་དུ་ཞབས་སོར་འཁོད། པཎ་ཆེན་རིན་པོ་ཆེར་གཙུག་ཕུད་འབུལ་བཞེས་ཀྱི་མཚན། རྗེ་བཙུན་ངག་དབང་བློ་བཟང་ཐུབ་བསྟན་རྒྱ་མཚོ་འཇིགས་བྲལ་དབང་ཕྱུག་ཕྱོགས་ལས་རྣམ་པར་རྒྱལ་བའི་སྡེ་ཞེས་གསོལ། ས་ཡོས། སྤྱི་ལོ་༡༨༧༩བོད་ཟླ་དྲུག་པའི་ཡར་ཚེས་བཟང་པོར་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ། ནོར་བུའི་ཐམ་ཁ་དང་གསེར་གྱི་འཇའ་ས་སོགས་ཕུལ། སྲིད་སྐྱོང་ཀུན་གླིང་རྟ་ཚག་དང་། ཕུར་ལྕོག་བྱམས་པ་རྒྱ་མཚོ་རྣམ་གཉིས་ཡོངས་འཛིན་དུ་བཞེས་ཏེ་གསན་བསམ་གྱི་དབུ་ཚུགས་ཤིང་། རིམ་བཞིན་ཕུར་ལྕོག་ལས་རབ་བྱུང་གི་བསླབ་པ་བཞེས། སྐུ་ན་ཆུང་ངུའི་དུས་ནས་བླ་མ་དང་ལྷག་པའི་ལྷ་མང་པོའི་ཞལ་གཟིགས་ལུང་བསྟན་རྒྱུན་མར་ཡོད་ངེས་འདུག་ན་ཡང་ཐུགས་སྒམ་པས་གཞན་ལ་གསལ་བར་མི་གསུངས། སྲིད་སྐྱོང་རྟ་ཚག་རྗེ་དྲུང་ནས་ཁྲི་ལོ་བཅུ་གཉིས་བསྐྱངས་ཏེ་མེ་ཁྱི། སྤྱི་ལོ་༡༨༨༦པར་རྩེར་སྐུ་གཤེགས། ལས་ཐམ་བསྡུས་ནས་བོད་ལྗོངས་ཚོགས་འདུ་སྤྱི་མོས་བཞིན་དེ་མོ་ཧོ་ཐོག་ཐུ་ངག་དབང་བློ་བཟང་འཕྲིན་(265བ)ལས་རབ་རྒྱས་ནས་ཟླ་ཤས་རིང་སྲིད་ཚབས་དང་། དེ་ནས་སྲིད་འཛིན་གྱི་མཚན་ཐོབ་ཕུལ། ས་བྱི། སྤྱི་ལོ་༡༨༨༨བོད་ཟླ་དང་པོའི་ནང་པཎ་ཆེན་རིན་པོ་ཆེའི་མཆོག་སྤྲུལ་ངོས་འཛིན་གྱིས་གཙུག་ཕུད་བཞེས་ཏེ། མཚན་བློ་བཟང་ཆོས་ཀྱི་ཉི་མ་དགེ་ལེགས་རྣམ་རྒྱལ་ཞེས་གསོལ་ཞིང་བཀྲ་ཤིས་པའི་མེ་ཏོག་འཐོར། ལོ་འདིར་དབྱིན་ཇིས་བོད་ཕྱོགས་སུ་བཙན་འཛུལ་གྱིས་གྲོ་མོ་གཡའ་གྲོང་དུ་ཚོང་ར་བཙུག །ས་གླང་། སྤྱི་ལོ་༡༨༨༩པར་དབྱིན་བོད་ཆིངས་འགྲིགས་བཞག །ྋགོང་ས་མཆོག་གདན་ས་ཆེན་པོ་སེ་འབྲས་གཉིས་སུ་ཆོས་ཞུགས་ཀྱི་མཛད་སྒོར་རིམ་གྱིས་ཕེབས་ནས་མཚན་ཉིད་གསན་བཞེས་ཀྱིས་ཆོས་ར་སོ་སོར་བགྲོ་གླེང་དཔྱིས་ཕྱིན་པར་མཛད་དེ་སྔོན་གོམས་ཀྱི་རང་རྟགས་གསལ་བར་བསྟན། ཡོངས་འཛིན་རྣམ་གཉིས་ཀྱིས་གཙོས་དགེ་བའི་བཤེས་གཉེན་མང་དུ་བསྟེན་ནས་ས་དགེ་བཀའ་རྙིང་སོགས་མདོར་ན་བོད་དུ་ཡོད་པའི་ནང་པའི་གྲུབ་མཐའ་ཡོངས་རྗོགས་ཀྱི་མདོ་སྔགས་རིག་གནས་དང་བཅས་པར་གསན་བསམ་རྒྱ་མཚོའི་ཕ་རོལ་དུ་སོན། དགུང་གྲངས་ཉི་ཤུར་ཕེབས་པ་ཤིང་ལུག །སྤྱི་ལོ་༡༨༩༥བོད་ཟླ་དང་པོའི་ནང་ཡོངས་འཛིན་ཕུར་ལྕོག་པ་ལས་བསྙེན་རྫོགས་(266ན)ཀྱི་བསླབ་སྡོམ་བཞེས། སྲིད་སྐྱོང་དེ་མོ་ནས་ཁྲི་ལོ་བཅུ་བསྐྱངས་ཏེ་ལོ་འདིར་དགོངས་པ་ཞུ་འཁྲོལ་ཐོག །བོད་ལྗོངས་ལྷ་མི་ཚང་མས་མགྲིན་གཅིག་ཏུ་གསོལ་བ་བཏབ་པ་བཞིན། ཤིང་ལུག་ཟླ་བ་བརྒྱད་པའི་ཚེས་བརྒྱད། སྤྱི་ལོ་༡༨༩༥པར་གངས་ལྗོངས་བསྟན་པ་ཆབ་སྲིད་ཡོངས་རྫོགས་ཀྱི་བདག་པོར་མངའ་གསོལ་ཞིང་དགའ་སྟོན་ལེགས་འབུལ་མཆོད་སྤྲིན་རྒྱ་ཆེར་སྤྲོས་ནས་དངུལ་ཐམ་སོགས་འབུལ་བཞེས་གནང་། ས་ཁྱི། སྤྱི་ལོ་༡༨༩༨པར་བོད་ལྗོངས་ཡོངས་ལ་སྦུག་ཐམ་རྩ་ཚིག་དོན་ཚན་ལྔ་པ་བསྩལ། གཞུང་ལུགས་བཀའ་པོད་ལྔ་ཟུར་བཀོལ་དང་བཅས་པར་གསན་བསམ་མཐར་ཕྱིན་པར་མཛད་ནས། མཚན་བཏགས་ཀྱི་གྲྭ་བསྐོར་དམ་བཅའ་བསྟན་པའི་མིག་རྒྱན་དུ་བསྩལ་སླད་དཔལ་ལྡན་འབྲས་སྤུངས་ཀྱི་ཆོས་གྲྭ་ཆེན་པོར་ཕེབས་ཏེ། ས་ག་ཟླ་བའི་ཚེས་བཅུ་བཞིར་ཚོགས་ཆེན་རྡོ་གཅལ་པད་སྤུངས་ཀྱི་བཞུགས་ཁྲིར་ཞབས་སོར་འཁོད་འཕྲལ། ཡོངས་འཛིན་གླིང་སྤྲུལ་རིན་པོ་ཆེས་མཇལ་དར་རྟེན་གསུམ་དང་། ཆོས་ཀྱི་འཁོར་ལོ། དུང་དཀར་སོགས་འབུལ་གནང་གིས་མདུན་བདར་ནས། ྋགོང་ས་མཆོག་གིས་སྤྱི་བཤད་མཛད་དེ། (266བ)མཁན་པོ་ཁྲི་པ་ནས་གཞུང་འགོད་དང་། དེ་འབྲེལ་བླ་སྤྲུལ་དགེ་བཤེས་ལུང་རིག་སྨྲ་བའི་མཁས་པ་རྣམས་ཀྱིས་རིམ་པ་བཞིན། བཀའ་པོད་རྩ་འགྲེལ་གཞུང་ཚིག་དང་མཐུན་པའི་བརྒལ་བརྟག་གི་རིགས་ལམ་ཆ་ཕྲ་མོ་ནས་སྙན་དུ་གསོལ་བ་ལ། རྒྱལ་བའི་གསུང་རབ་ཀྱི་དགོངས་དོན་དང་མི་འགལ་བར་གྲུབ་མཐའ་སོ་སོའི་བཞེད་སྲོལ་སྙིང་པོར་དྲིལ་བའི་གསུང་ལན་འཇིགས་མེད་སེང་གེའི་ང་རོས་རྒོལ་བའི་སྤོབས་པ་མཐའ་དག་བཅོམ་པར་མཛད། ཆོས་སྐྱོང་ཆེན་པོ་དགྲ་ལྷ་འོད་ལྡན་དཀར་པོས་གཏང་རག་གི་མཎྜལ་དང་ཞབས་བརྟན་ཕུལ། དད་སྦྱིན་ཁག་གི་བསྙེན་བཀུར་ཚོགས་དབུར་ཕེབས་ཏེ་ཟབ་རྒྱས་ཆོས་ཀྱི་བདུད་རྩི་སྩལ་ཞིང་། རྟེན་ལ་གནས་གཟིགས་དང་འབྲེལ་ཐུགས་སྨོན་མཚམས་སྦྱོར་རྒྱ་ཆེན་པོ་བསྐྱངས། དེ་ནས་སེ་ར་ཐེག་ཆེན་ཆོས་གླིང་གི་ཆོས་གྲྭར་ཕེབས་ཏེ། གྲྭ་ཚང་བྱེས་སྨད་གཉིས་སུ་གྲྭ་བསྐོར་དམ་བཅའ། རིག་གཞུང་བགྲོ་གླེང་སོགས་འབྲས་སྤུངས་ལྟར་མཛད་ནས་ཕོ་བྲང་ཆེན་པོ་པོ་ཏ་ལར་ཞབས་སོར་བཀོད། སླར་འབྲོག་དགའ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་ཆིབས་བཏེགས་ཏེ། ཤར་བྱང་གི་གྲྭ་ཚང་སོ་སོའི་ཆོས་གྲྭར་དམ་བཅའ་རྟགས་གསལ་བགྲོ་(267ན)གླེང་གི་རིམ་པ་སེ་འབྲས་བཞིན་གནང་། དེ་འབྲེལ་གནས་གཟིགས་མཆོད་འབུལ་སོགས་གྲུབ་སྟེ་ལྷ་ལྡན་རྒྱལ་ཁབ་ཆེན་པོར་ཞབས་འཁོད་ཀྱིས་ལེགས་འབུལ་དགྱེས་བཞེས་དང་། དད་ལྡན་མང་པོའི་མོས་པ་དང་འཚམས་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་སོགས་ལུགས་གཉིས་ཀྱི་འཕྲིན་ལས་བཟང་པོས་གངས་ལྗོངས་ཕན་བདེའི་སྣང་བས་ཁྱབ་པར་མཛད། ས་ཕག །སྤྱི་ལོ་༡༨༩༩པར་གནམ་ལོའི་དགའ་སྟོན་གྲུབ་བསྟུན་ལྷ་ལྡན་སྨོན་ལམ་ཆེན་མོའི་གྲྭ་བསྐོར་མཚན་བཞེས་སྔོན་བྱོན་རྒྱལ་དབང་ན་རིམ་གྱི་མཛད་ལམ་ཉམས་པར་བསྐྱངས། འདི་ལོར་བོད་དང་ལ་སིང་ས་མཚམས་ཀྱི་དབྱེ་བ་དང་ཚོང་དོན་སྐོར་གྱི་ཆིངས་དོན་བཞག །ལྕགས་བྱི། སྤྱི་ལོ་༡༩༠༠པར་ལྷོ་དྭགས་ཁུལ་གྱི་གནས་གཟིགས་སུ་ཆིབས་བཏེགས་ཏེ། དགའ་ལྡན་ནས་མལ་གྲོ་བརྒྱུད། འོལ་དགའ། ཆོས་འཁོར་རྒྱལ། དྭགས་ལྷ་སྒམ་པོ། ཙཱ་རི། འཁྲུངས་གཞིས། ཡར་ལུང་ཁུལ། བསམ་ཡས་སོགས་ཀྱི་རྟེན་རྣམས་ལ་མཆོད་འབུལ་དང་འབྲེལ་བསྟན་འགྲོར་སྨན་པའི་ཐུགས་སྨོན་མཚམས་སྦྱོར་ཟབ་མོ་གནང་། ཤིང་འབྲུག །སྤྱི་ལོ་༡༩༠༤པར་(267བ)སླར་ཡང་དབྱིན་ཇིའི་དཔུང་དམག་ལྷ་སར་སླེབས་འབྱོར་གྱིས་རྒོལ་ཟིང་ལ་བརྟེན། སྐུ་ཚབ་སྲིད་སྐྱོང་ལས་ཚབ་དགའ་ལྡན་ཁྲི་ཐོག་བརྒྱད་ཅུ་གྱ་དྲུག་པ་བློ་བཟང་རྒྱལ་མཚན་ལ་བསྐོ་བཞག་དང་འབྲེལ་སྦུག་ཐམ་རྩིས་སྤྲོད་བསྩལ་ཏེ། ྋགོང་ས་མཆོག་བྱང་ལམ་བརྒྱུད་རྒྱ་སོག་ཡུལ་དུ་ཆིབས་བསྒྱུར་གནང་བའི་ཕེབས་ཐོན་ཉིན་རྟ་ལམ་སྒོར་མོར་འུག་པས་ཆིབས་འོག་ཏུ་འཛུལ་བ་སོགས་ཆོས་སྐྱོང་བྲན་དུ་འཁོལ་བའི་རྟགས་མཚན་གསལ་བསྟན་བྱུང་། དེ་ནས་རིམ་པར་མཁར་ཁའི་ཡུལ་དུ་ཕེབས་པར་རྗེ་བཙུན་དམ་པ་ནས་གོ་བབས་ཀྱི་སྣེ་ལེན་སྲི་ཞུ་ཟབ་རྒྱས་ཞུས། རྒྱ་སོག་གི་དཔོན་རིགས་དང་སེར་སྐྱ་མི་དམངས་སྤྱི་ལ་ཆོས་འབྲེལ་དང་། དེ་གའི་དགོན་སྡེ་གྲྭ་ཚང་བཀྲ་ཤིས་ཆོས་གླིང་། ཀུན་དགའ་ཆོས་གླིང་། ཡིད་དགའ་ཆོས་འཛིན་བཅས་སོ་སོའི་ཆོས་རར་ཕེབས་ཏེ་རྩོད་རྒྱུགས་བཞེས་པ་སོགས་ལུགས་གཉིས་ཀྱི་དག་ཐེར་མཛད། འདི་སྐབས་ལྷ་ལྡན་དུ་འབྲུག་རྒྱལ་ཨོ་རྒྱན་དབང་ཕྱུག་གིས་སྣེ་ཤན་རོགས་རམ་མཛད་དེ་དབྱིན་གཞུང་ནས་འཐུས་མི་དབང་ཆ་ཚང་མ་ཡོད་པ་དམག་དཔོན་ཀར་ནེལ་ཡན་ཧས་བྷན་ཌི་དཔུང་དམག་བཅས་ཤིང་འབྲུག་ཟླ་བ་དྲུག་པའི་ནང་ལྷ་སར་འབྱོར་ནས་(268ན)ལྷ་ཀླུང་སྒར་བབས། དབྱིན་བོད་ཕན་ཚུན་སྣེ་འཕྲོད་མ་ཐུབ་པར་ཞག་ཤས་ལུས། དེར་སྲིད་སྐྱོང་རང་ནས་དགོངས་དཔྱད་ཀྱིས་དབྱིན་ཇིའི་དམག་སྒར་དུ་བོད་ཀྱི་རྒྱལ་པོ་ཕེབས་ཀྱི་ཡོད་ཅེས་ཞོལ་གཉེར་གཅིག་བརྡ་སྐྱེལ་དུ་བཏང་། དེ་ནས་སྲིད་སྐྱོང་རང་ཉིད་སྐུ་འཁོར་ཉུང་བསྡུས་ཀྱིས་དམག་སྒར་དུ་ཕེབས་པར། དབྱིན་ཇིའི་དཔོན་དམག་ནས་ཞི་བའི་རུ་བསྒྲིགས་ཆེ་བསྟོད་ཞུས་ཏེ་བཀའ་མོལ་སྣེ་འཕྲོད། རིམ་བཞིན་བོད་ཚོགས་འདུ་ནས་འགན་ལེན་ཆིངས་གྲོས་ཞུས་ཏེ་ཤིང་འབྲུག །སྤྱི་ལོ་༡༩༠༤པར་དབྱིན་བོད་ཆིངས་ཡིག་སྔ་མ་བཞག དབྱིན་བོད་མཐུན་ལམ་ཐོག་དབྱིན་ཇིས་རྒྱལ་རྩེ་སོགས་སུ་ཚོང་ར་བཙུགས་ནས་ཕྱིར་ལོག །ཤིང་སྦྲུལ། སྤྱི་ལོ་༡༩༠༥པར་གོང་མ་ཡུམ་ཆེན་མོས་ཨམ་བན་ལ་བཀའ་ཕབ་སྟེ་སྐུ་སྲུང་དམག་མི་དང་། དབྱིན་ཇིའི་དོན་གཅོད་སྐོར་གྱི་བཀའ་ཡིག །ཐུགས་མཁོ་རྒྱ་ཆེར་བསྩལ། ལོ་འདིའི་ཟླ་བ་གསུམ་པའི་ནང་ཨུ་ཅུ་མུ་ཅི་ཆིང་ཝང་ནས་བརྟན་བཞུགས་དང་འབྲེལ་གོས་དར་དང་། རྒྱ་དངུལ་གྱི་ཁྲི་འབུལ་སོགས་ཞུས། ངྷ་ཁུ་རལ་དགོན་སྡེ་རྣམས་ཀྱི་མི་སྣ། རྒྱ་སོག་གི་དཔོན་རིགས་སོགས་ཕེབས་ (268བ)སྐྱེལ་དང་བཅས། རིམ་གྱིས་མཁའ་འགྲོ་ཆིན་ཝང་གི་ཕེབས་བསུས་རྡོ་རྗེ་ཕུ་རལ་བཀྲ་ཤིས་ལྷུན་པོའི་གླིང་དང་། ཛ་ཡ་ནས་གསོལ་བ་བཏབ་པ་བཞིན་དགའ་ལྡན་སོགས་སུ་ཞབས་སོར་འཁོད། དགོན་སྡེའི་གར་འཆམས། སྦེར་ག །རྡོ་འགྱོགས། རྟ་རྒྱུགས་སོགས་སྤྱན་ལམ་དུ་བསྟར། མི་རྒན་མགོན་པོ་ཚེ་རིང་གིས་འཆམས་རྣམ་གྲྭ་པར་སློབ་སྦྱོང་གནང་། གོང་མ་ཡུམ་ནས་རང་ཉིད་ཀྱི་ལག་བཟོས་སྤྱན་རས་གཟིགས་ཀྱི་སྐུ་ཐང་ཚེམས་དྲུབ་མ། དྲས་དྲུབ་མ། དངུལ་དངོས་རྒྱ་ཆེ་བཅས་ཕུལ། དེ་ནས་སྐུ་འབུམ་བླ་སྤྱིས་གདན་ཞུས་ལྟར་ཕེབས་ནས་དེ་གའི་གྲྭ་ཚང་ཁག་ལ་དབང་ཆོས་འཆད་རྩོམ་སོགས་ཀྱིས་བསྟན་པ་བྱི་དོར་མཛད། སླར་གོང་མ་ཆེན་པོས་གདན་ཞུས་བཞིན་གནས་མཆོག་རི་བོ་རྩེ་ལྔར་ཕེབས་པའི་ལམ་བར་ལན་གྲུའི་གྲོང་ཁྱེར་དུ། ཡུལ་དེའི་ཞི་དྲག་གི་དཔོན་རིགས་རྣམས་ནས་ཕེབས་བསུའི་རུ་བསྒྲིགས་སོགས་བཞུགས་བསྒྲིགས་ཆེ་བསྟོད་ཟབ་རྒྱས་ཞུས། དེ་ནས་རིམ་བཞིན་གནས་ཆེན་ངོས་སུ་ཕེབས་སྐབས་མགོན་པོའི་བླ་རིའི་རྩེར་འཇའ་འོད་ཀྱི་གུར་ཁང་ཤིན་ཏུ་ཡ་མཚན་པའི་རྟགས་དེར་ཡོད་སྐྱེ་བོ་ཐམས་ཅད་ཀྱི་མཐུན་སྣང་དུ་གྲུབ་པ་བྱུང་། མེ་ལུག །(269ན)སྤྱི་ལོ་༡༩༠༧པར་བཀའ་ཡིག་གི་ལམ་ནས་ཁྲི་ཟུར་རིན་པོ་ཆེར་སྲིད་སྐྱོང་ལས་ཚབ་ཐོག །བཀའ་ཟུར་བཤད་སྒྲ། ཞོལ་ཁང་། ཆང་ཁྱིམ་པ་གསུམ་ལ་སྲིད་སྐྱོང་ལས་རོགས་བློན་ཆེན་དུ་བསྐོ་བཞག་བསྩལ་བ་བཞིན་ཐུགས་འགན་མཉམ་བཞེས་ཀྱི་ཆབ་སྲིད་བསྐྱངས། ས་སྤྲེལ། སྤྱི་ལོ་༡༩༠༨ བོད་ཟླ་བདུན་པར་གོང་མའི་བཀའ་འབྲེལ་པེ་ཅིང་རྒྱལ་ཁབ་ཏུ་ཕེབས་སྐབས་ལམ་ཁེལ་ཡུལ་དགོན་དཔོན་རིགས་སོ་སོས་ཆིབས་བསུ་ཕེབས་བསྒྲིགས་དམག་མི་རུ་བསྒྲིགས་ཀྱི་གུས་བཏུད་བཅས་རིམ་གྱིས་གོང་མའི་ཡུམ་ཧོང་ཐའི་ཧུའི་བཞུགས་ཡུལ་མེ་འཁོར་སེར་པོའི་གཟིམ་ཆུང་དུ་ྋགོང་ས་མཆོག་དང་། དེ་བྱིངས་སྐུ་འཁོར་རྣམས་སྡོད་གནས་ཟབ་རྒྱས་བསྩལ་ཏེ། བོད་ཟླ་བརྒྱད་པའི་ཚེས་གསུམ་ལ་པེ་ཅིང་དུ་ཕེབས་འབྱོར་སྐབས་མེ་འཁོར་ས་ཚུགས་སུ་དབུ་གདུགས། ཉི་ཟླ། རྟགས་རྫས་སོགས་ཕྱག་མཚན་གྱི་བསྟར་བསྒྲིགས། ཞི་དྲག་གི་བློན་ཆེན་སོགས་ནས་ཆེ་བསྟོད་ཀྱི་ཕེབས་བསུ་བཅས་ཕེབས་བསྒྲིགས་གཟིམ་ཆུང་དུ་གདན་འདྲེན་ཞུས། གོང་མ་ཡུམ་སྲས་ལྷན་ནས་ཆེད་གནང་ཅུན་ཇི་ངྷཱ་རིན་གྱི་ཐོག་མཚམས་ཞུ་འབུལ་རེས་མཛད། དེ་ནས་(269བ)ཧད་ཐའི་ཕོ་བྲང་དུ་གདན་དྲངས་ཏེ། གོང་མ་ཀོང་ཞུ་དང་ཡུམ་བཅས་གསེར་ཞལ་མཇལ་འཛོམ་ཐོག་མཚན་འཕར་དངོས་འབུལ་སོགས་རྒྱལ་མཆོག་ལྔ་པ་ཆེན་པོའི་དུས་ལས་ལྷག་པའི་གཟེངས་བསྟོད་མཛད། ས་བྱ། སྤྱི་ལོ་༡༩༠༩བོད་ཟླ་དང་པོར་གོང་མ་ཀོང་ཞུ་གཤེགས་པའི་དགོངས་རྫོགས་མཆོད་འབུལ་སོགས་གནང་སྟེ། ངྷཱ་ཆེན་ཤོན་ཐོང་གོང་མ་ཆེན་པོའི་གསེར་ཁྲིར་དབང་བསྐུར་ལེགས་སྐྱེས་དང་སྐུ་ཚེ་ཆབ་སྲིད་བརྟན་པའི་བདེན་ཚིག་གི་ཤིས་སྨོན་རྒྱ་ཆེར་སྤེལ། དེ་རྗེས་ཡུམ་ཧོང་ཐའི་ཧུ་གཤེགས་པའི་དགོངས་རྫོགས་ཀྱང་སྔར་བཞིན་བསྐྱངས། དེར་བོད་ཀྱི་ཆབ་སྲིད་འཛིན་སྒོ་ཐུགས་བཞེད་བཞིན་ལེགས་པར་གྲུབ་ནས་བོད་ལྗོངས་སྤྱི་སྒེར་སོ་སོས་གདན་ཞུའི་མི་སྣ་སྙན་ཞུ་རིམ་འབྱོར་དང་བསྟུན་གོང་མ་ཤོན་ཐོང་མཇལ་འཕྲད་ཀྱིས་གནང་བ་ཞུས་ཤིང་། གོང་མ་ནས་ཀྱང་དངོས་འབུལ་རྒྱ་ཆེ་དང་འབྲེལ་ཕེབས་སྐྱེལ་སྐུ་སྲུང་ཁྲི་ཕྲག་ལྷག་པ་བཅས་པེ་ཅིང་རྒྱལ་ཁབ་ནས་ཞབས་བཏེགས་ཏེ་ལན་གྲུ་བྱང་ལམ་བརྒྱུད་རིམ་གྱིས་ཕེབས་པའི་བཤུལ་ལམ་དུ་མཐོང་ཐོས་དྲན་རེག་གི་འགྲོ་བ་ཐམས་ཅད་ཕན་བདེའི་ལམ་ལ་འགོད་བཞིན་པར་བྱོན། ས་བྱ་ཟླ་བ་བཅུ་གཅིག་པའི་ཚེས་དགུ་དགེ་བར་(270ན)རང་ལྗོངས་རྒྱལ་ཁབ་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲིར་ཞབས་སོར་འཁོད་དེ་དགྱེས་སྟོན་རྒྱ་ཆེར་སྤྲོས། ལྕགས་ཁྱི། སྤྱི་ལོ་༡༩༡༠པར་རྒྱའི་བློན་པོ་ལོག་སྨོན་ཅན་དབང་དང་གོ་ས་ཆེ་བ་འགའ་ཞིག་དང་། ཟི་ཁྲོན་ཙུང་ཐུང་། བོད་སྡོད་ཨམ་བན་བཅས་ནས་ངན་གཡོའི་ཐབས་ཤེས་དུ་མས། བོད་ཀྱི་སྣོད་བཅུད་མ་ལུས་བཟའ་སེམས་ཀྱིས། འབའ་ཐང་། ལི་ཐང་ཁུལ། ཚ་སྡེ་བཅས་པར་དཔུང་དམག་དྲངས་ཏེ་ཆོས་གཞིས་དགེ་འདུན་གཙུག་ལག་ཁང་མང་པོ་གཏོར་བཤིག་བྱེད་པ་སོགས་བཙན་གནོན་སྡིག་སྤྱོད་ཚད་མེད་ཐོག །སྒྲའོ་ཨེར་ཕུང་ལ་བོད་ལྗོངས་ཡོངས་ཀྱི་སྤྱི་ཁྱབ་ཀྱི་ལས་དོན་བྱེད་པོར་ཕྲང་ཁྲུའི་གོ་མིང་གསར་དུ་བཏགས་ཏེ། དྲག་དམག་ཁྲི་ཕྲག་དང་བཅས་བོད་དུ་ཡོང་ནས་བོད་བཙན་འཕྲོག་བྱ་རྒྱུ་ཉག་གཅིག་ཏུ་ངེས་པར། རླུང་འཕྲིན་བརྒྱུད་རྒྱ་ནག་གོང་མ་ཤོན་ཐོང་རང་ལ་བཀའ་མོལ་གནང་བས་གོང་མས་ཆེད་མངགས་ཀྲང་ངྷཱ་རིན་ཞིབ་གཅོད་དུ་སླེབས། དེ་ནས་རྒྱ་བོད་དབྱིན་གསུམ་ཆིངས་ཡིག་འཇོག་སྐབས་ཚོང་ར་ཁག་ཏུ་ཁྲོམ་སྲུང་དམག་མི་འཛུག་རྒྱུའི་རོགས་རམ་ལ་བསྙད་བཏགས་ཏེ་མགོ་སྐོར་བཏང་བ་བོད་མི་སྤྱི་འཐུས་ནས་བཟང་པོ་བློས་(270བ)འགེལ་གྱིས་རང་འཚམས་ལག་རྟགས་ཐལ་བ་བཞིན། ཨམ་བན་ནས་ཁྲོམ་སྲུང་དམག་མི་དྲུག་སྟོང་དགོས་ལུགས་དང་། ཀྲང་ངྷཱ་རིན་ནས་ཀྱང་འདྲ་བདེན་རྫུན་བསྒྲིགས་ཀྱིས་གཏམ་འཆལ་ཁྱབ་སྤེལ་ལ་བརྟེན་ཟི་ཁྲོན་ཙུང་ཐུང་ནས་རྒྱ་དམག་ཕོན་ཆེ་བོད་ཕྱོགས་སུ་བཏང་། ལྷ་སྡོད་ཨམ་བན་ནས་གཞུང་སྒེར་གྱི་རྒྱུ་དངོས་འཕྲོག་བཅོམ། མི་དམངས་ལ་བརྡབ་བསིག །དོན་གཅོད་མི་ནག་ངོ་གཡོག་གི་སྐེ་གཅོད་པ་སོགས་བསམ་སྦྱོར་ངན་ཤོམས་མཐའ་སྐྱེལ་ཁོ་ན་དང་། ལྕགས་ཁྱིའི་ལོ་འདིའི་ཟླ་བ་དང་པོའི་ཚེས་གསུམ་ཉིན་རྒྱ་དམག་སྟོང་ཕྲག་ཁ་ཤས་ལྷ་ལྡན་དུ་ལྷགས་ཏེ། རྩེ་ཕོ་བྲང་དང་། གཙུག་ལག་ཁང་བཅས་པར་མེ་མདའ་གྲངས་མེད་འཕངས་ཐོག་བོད་ཀྱི་སྲིད་དབང་བཙན་འཕྲོག་བྱ་རྒྱུ་དངོས་ཤུགས་ནས་བསྟན་པ་མ་ཟད། གྲངས་ཉུང་གི་མི་རིགས་ལ་འཐབ་རྩོད་ཀྱིས་སེར་སྐྱ་ཕོ་མོ་མང་པོ་དམར་བསད་བཏང་བར་བརྟེན། སྐྱེ་འགྲོའི་སྲོག་ལ་གནོད་འཚེ་མི་འབྱུང་ཞིང་རང་སྲིད་བདེ་ཐབས་བཅས་ཀྱི་སླད་དེ་ནུབ་ས་སྲོད་ཙམ་ན། དགའ་ལྡན་ཁྲི་འཛིན་ཚེ་སྨོན་གླིང་པ་ཧོ་ཐོག་ཐུ་ལ་ཆོས་སྲིད་གང་ཅིའི་མཛད་སྒོ་བཀའ་མངགས་དང་འབྲེལ་རྒྱལ་ཚབ་ཏུ་བསྐོ་བཞག་དང་། (271ན)ཕྱག་རོགས་སུ་མཁན་དྲུང་ཏཱ་བླ་མ་མཁྱེན་རབ་ཕུན་ཚོགས་བསྐོ་བཞག་མཛད་ནས། ྋགོང་ས་མཆོག་དང་སྲིད་བློན་སོགས་སྟོན་འཁོར་ཆིབས་ཞབས་ཧྲག་བསྡུས་བཅས་ནམ་ཕྱེད་ཙམ་ན་རྩེ་ཕོ་བྲང་ནས་ནོར་གླིང་དུ་ཆིབས་བསྒྱུར་གནང་ཞིང་། ནམ་ལངས་ཁར་ར་མ་སྒང་གི་གྲུ་བརྒལ་ཏེ་ཉིན་ཞག་གཉིས་ཀྱི་ཕེབས་ལམ་ཉིན་གཅིག་ལ་བཅད་ནས་ལྕགས་ཟམ་བླ་བྲང་དུ་ཕེབས། དེ་ནས་དཔལ་དི། སྣ་རྩེ་བརྒྱུད་ཡར་འབྲོག་བསམ་སྡིངས་དགོན་པར་བཞུགས་ཞག་གསུམ་བཞུགས་ཤིང་། རྒྱ་དམག་ནས་རྗེས་བསྙེགས་བྱུང་བར་ལྕགས་ཟམ་གྲུ་ཁར་ཚ་རོང་ཟླ་བཟང་དགྲ་འདུལ་དང་། ཕྱིས་བཀའ་བློན་ཚ་རོང་། གྲ་བཞི་རུ་དཔོན་སྐལ་བཟང་དགྲ་འདུལ་ཅན་དཔུང་དམག་ནས་གདོང་བཀག་སྲ་བརྟན་ཞུས་པས་རྒྱ་མིས་རྗེས་འདེད་རྒོལ་འཛིང་མ་ཐུབ་པར་ཕྱིར་ལོག །དེ་ནས་རིམ་པར་སྐུ་བཅར་ཟླ་བཟང་དགྲ་འདུལ་ཅན་ཆིབས་ཞབས་སུ་བཅར། ྋགོང་ས་མཆོག་སྐུ་འཁོར་བསམ་སྡིངས་ནས་ཛ་ར་བརྒྱུད་ར་ལུང་། ཁང་དམར། མདུད་སྣ། ཕག་རི་རྫོང་། ཤར་སིང་མར་དབྱིན་གཞུང་ཚོང་རའི་སྤྱི་ཁྱབ་མེག་སྒྲོལ་ས་ཧེབ་ཀྱི་གཟིམ་ཤག་ཏུ་ཞག་བཞུགས་ཀྱིས་རྫ་ལེབ་(271བ)ལ་བརྒྱུད་ཀ་སྤུག་ཏུ་ཕེབས། རིང་མིན་ཀ་ལི་ཀ་ཏར་ཕེབས་ནས་དབྱིན་གཞུང་སྐུ་ཚབ་མོ་ལུག་ལར་དང་མཇལ་འཕྲད་ཟིན་རྗེས་རྡོར་གླིང་དུ་ཕེབས་བཞུགས་གནང་། དབྱིན་གཞུང་ནས་ཀ་རྡོར་གཉིས་སུ་བཞུགས་འཇགས་རིང་ཕེབས་བསྒྲིགས་དང་སྐུ་སྲུང་སོགས་གཟེངས་བསྟོད་གཟབ་ལེགས་ཞུས། ཟླ་བ་བཅུ་གཉིས་པའི་ནང་འཕགས་ཡུལ་གནས་ཆེན་ཁག་ལ་མཇལ་གཟིགས་སུ་ཕེབས་ནས་མཆོད་འབུལ་ཐུགས་སྨོན་བསྐྱངས། སླར་རྡོར་གླིང་དུ་ཕྱིར་ཕེབས་ཀྱི་རྡོ་བཙུགས་ཕོ་བྲང་དུ་ལྕགས་ཕག །སྤྱི་ལོ་༡༩༡༡བོད་གནམ་ལོ་གསར་ཚེས་ཀྱི་དགྱེས་སྟོན་མཛད་སྒོ་སྔར་ལམ་ལྟར་དང་དད་ལྡན་སྐྱེ་བོར་ཆོས་སྦྱིན་གྱིས་རེ་བ་བསྐངས། གཙང་ལྗོངས་ཁུལ་གྱི་རྒྱ་དམག་རྣམས་མཐར་སྐྲོད་གཏོང་བར་སྐུ་བཅར་ཟླ་བཟང་དགྲ་འདུལ་རོགས་བཅས་བརྫོང་བརྡ་གནང་བ་བཞིན་དབུས་གཙང་ཡོངས་ནས་རྒྱ་དཔུང་ཕམ་ཉེས་མཐར་བསྐྲད་བཏང་ཞིང་། རྒྱ་མི་འགའ་ཞིག་རྒྱ་གར་ཆུ་ཐོག་བརྒྱུད་ཕྱིར་ལོག །དད་ཅན་འབྲུག་རྒྱལ་གཟིམ་དཔོན་རཱ་ཛ་ཨོ་རྒྱན་རྡོ་རྗེ་ནས་ལྷག་བློས་ཀ་སྤུག་ཏུ་ཕོ་བྲང་གསར་བཞེངས་ཞུས་པར་གདན་ཞུས་ཐོག་འབུལ་དངོས་རྒྱ་ཆེ་བ་ཕུལ། ྋགོང་ས་མཆོག་ནས་ཕོ་བྲང་(272ན)གསར་པའི་མཚན་དུ་མི་འགྱུར་མངོན་དགའ་ཕོ་བྲང་ཞེས་འདོགས་གནང་མཛད། གཙོ་བོར་རྒྱ་བོད་ཆབ་སྲིད་སྐོར་ལ་དབྱིན་ཇིས་བར་དཔང་གིས་ཆིངས་མོལ་ཞིབ་ནན་གྱིས་བོད་ལྗོངས་བསྟན་འགྲོའི་བཞེད་དོན་ལེགས་འགྲུབ་བྱུང་སྟེ། ཆུ་བྱི། སྤྱི་ལོ་༡༩༡༢བོད་ཟླ་བཞི་པའི་ཚེས་བཅུ་ཉིན་ཀ་སྤུག་ཕོ་བྲང་ནས་རང་ལྗོངས་སུ་ཆིབས་ཞལ་བཏེགས་ཏེ། ནགས་ཐང་ནས་རྫ་ལེབ་ལ་བརྒྱུད། ཤར་སིང་མ། ཕག་རི་སོགས་ས་ཚུགས་སོ་སོའི་ལྷ་སྡེ་མི་སྡེ་ཚང་མས་ཕེབས་བསུའི་བཀོད་པ་ཚར་དུ་དངར་བ་དང་བཅས་ཕེབས་བཤུལ་དུ་ཆབ་འབངས་སྐྱེ་བོ་མཆོག་དམན་ཀུན་གྱི་དད་པའི་རེ་བ་ཡིད་བཞིན་དུ་འཇོ་བར་མཛད་བཞིན་བོད་ཟླ་བཅུ་གཉིས་པའི་ཚེས་བཅུ་དྲུག་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ཉིན་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲིར་ཞབས་སོར་འཁོད་དེ་ཕེབས་སྟོན་ཟབ་རྒྱས་བསྟར། ྋགོང་ས་མཆོག་འཕགས་ཡུལ་དུ་བཞུགས་རིང་ཤུལ་དུ་བོད་ཀྱི་བསྟན་སྲིད་ལ་ཞབས་འདེགས་ཟལ་ཐོན་བྱུང་རིགས་ཁག་ལ་གང་འོས་ཀྱི་གཟིགས་བཟོས་བདག་རྐྱེན་དང་། ཚ་རོང་ཟླ་བཟང་དགྲ་འདུལ་བོད་ལྗོངས་དྲག་པོའི་དཔུང་དམག་གི་སྤྱི་འདོམས་ཆེ་བར་བསྐོ་བཞག་གནང་།(272བ)ཁྱད་པར་དགའ་ལྡན་ཁྲི་པ་ཚེ་སྨོན་གླིང་པ་ཐུགས་བསྐྱེད་རྨད་དུ་བྱུང་ཞིང་མཛད་སྒོ་ཚང་མ་དགོངས་མཐུན་ཐོག བསྟན་དགྲ་རྒྱ་དམག་ནས་ཚུར་རྒོལ་དམག་ཟིང་སྐབས་ཀྱང་གཞན་དྲིང་མི་འཇོག་པའི་ཐབས་ཤེས་ཟབ་མོས། འཕྲུལ་སྣང་གི་གཙུག་ལག་ཁག་དང་། ཕོ་བྲང་ཡས་མས། གདན་ས་སེ་འབྲས་དགའ་གསུམ་སོགས་ལ་མེ་དགྲའི་འཚེ་བས་མ་གོས་པའི་གསུང་བཀོད་དོ་ཁུར་ཐོག །འགལ་ཟླ་མཐར་སྐྲོད་ཐུབ་པ་སོགས་མཛད་རྗེས་བཟང་བས་བཀུར་འོས་ལ་བརྟེན། ཀུན་གླིང་ཧོ་ཐོག་ཐུ་དང་འདྲ་བའི་གདན་ཐོབ་དང་། མཚན་བཟོས་སུ་ཤ་ཅིན་ཏིལ་གིག་ཆེ་ཞེས་པའི་ཆོ་ལོ། ཐམ་ག་གྲུ་སྐོར། མཁན་ཆས་ཆ་ཚང་། རྟ་ཏོག་ཟེ་ལོང་ཁེབས། རྟ་དར། འབོག་ལྕག །གདུགས་སེར་པོ་སོགས་ཆེན་པོར་འོས་པའི་ལུང་ལས་ཀྱིས་གཟེངས་བསྟོད་དང་། གསོལ་ཕོགས་ལག་འཛིན། མཛོད་པ་བསྟན་པ་དར་རྒྱས་ལ་མཁན་ཆུང་གི་གོ་གནས་བཅས་བསྩལ། གངས་ཅན་བོད་ཀྱི་རྒྱལ་ཁབ་འདི་ཉིད་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་རྣམ་ཐར་ལས་བརྩམས་རང་དབང་གཙང་མའི་མངོན་རྟགས་གསལ་བར་བསྟན། བོད་ལྗོངས་ལྷ་མི་ཡོངས་(273ན)ནས་ྋགོང་ས་སྐྱབས་མགོན་ཆེན་པོར་བཀའི་ཕྱག་རྒྱ་གསེར་ཐམ་ཆེན་མོ་ཕུལ་བའི་འབྲུ་དོན་དུ། འཕགས་པའི་ཡུལ་ནས་སངས་རྒྱས་ཀྱི་བཀའི་ལུང་གིས་རྒྱལ་དབང་འཇིག་རྟེན་གསུམ་མགོན་དུས་ཀུན་ས་སྟེང་ཀུན་ཁྱབ་རྒྱལ་བསྟན་ཡོངས་ལ་མངའ་དབང་བསྒྱུར་བ་ཐམས་ཅད་མཁྱེན་པ་འགྱུར་མེད་རྡོ་རྗེ་འཆང་རྒྱ་མཚོའི་བླ་མ་ལྷ་མི་ཡོངས་ཀྱི་སྤྱི་བོས་མཆོད་པའི་ཡིད་བཞིན་དབང་གི་རྒྱལ་པོའི་ཕྱག་རྒྱ། །ཞེས་དང་། སྲིད་བློན་སེར་སྐྱ་རྣམ་གསུམ་ངོ་མའི་ཆེ་འདོན་ཐོག་དངུལ་ཐམ་ལ། རྒྱལ་བ་མཆོག་གི་བཀའི་ལུང་གིས་ངོ་མཚར་ཀུན་ཁྱབ་ཆོས་ལྡན་རྒྱལ་པོའི་ཆབ་སྲིད་འཕྲིན་ལས་ཀྱི་རྒྱལ་མཚན་འབར་བའི་བདེ་སྐྱིད་འཕེལ། ཞེས་པ་ཕུལ་ཞིང་མི་འཇིགས་སེང་གེའི་སྒྲ་བསྒྲགས་པས་ལུང་བསྒྱུར། ལོ་འདིར་རྒྱ་ནག་ཏུ་མི་དམངས་ཁ་འགྲིགས་ཀྱིས་གོང་མ་ཤོན་ཐོང་ཕྱིར་འབུད་བྱས་ནས་རྒྱ་ནག་མི་སེར་དམངས་གཙོའི་རྒྱལ་ཁབ་ཀྱི་འགོ་ཚུགས། ཆུ་གླང་། སྤྱི་ལོ་༡༩༡༣བོད་ཟླ་བཅུ་གཅིག་པའི་ཚེས་བཅོ་ལྔ་ཉིན་རྒྱལ་ཁྱབ་ཡོངས་ཀྱི་རྫོང་གཞིས་རེ་ནས་མི་དམངས་སྤྱི་འཐུས་བསམ་ཡོད་གསུམ་རེ་བླ་བྲང་སྟེང་དུ་ཆེད་འགུགས་འདུ་འཛོམ་བྱེད་དུ་འཇུག་གནང་གིས་འདི་(273བ)ནས་བཟུང་མི་དམངས་ཚོགས་འདུར་སྤྱི་དོན་དགེ་འདོན་སྐྱོན་བསྲང་ཞུས་ཆོག་པའི་དབང་ཆ་བསྩལ། མདོ་ཁམས་ཞི་དྲག་སྤྱི་ཁྱབ་བཀའ་བློན་བླ་མ་བྱམས་པ་བསྟན་དར་གྱིས་ཁམས་ཕྱོགས་ཤར་བྱང་གཉིས་ནས་རྒྱ་དམག་འཕྲོས་ལྷག་རྣམས་ཕྱིར་ཕུད་དེ་ས་གཙང་བཟོས། ཤིང་སྟག །སྤྱི་ལོ་༡༩༡༤པར་ྋགོང་ས་མཆོག་གི་སྐུ་ཚབ་བློན་ཆེན་བཤད་སྒྲ་བ་དཔལ་འབྱོར་རྡོ་རྗེའི་གཙོས་གདན་ས་གསུམ་དང་གཞུང་ཞབས་སེར་སྐྱའི་འཐུས་མི་བཅས་ཆེད་སྩལ་གྱིས། དབྱིན་གཞུང་སྐུ་ཚབ་དང་། རྒྱ་ནག་གི་སྐུ་ཚབ་བཅས་རྒྱ་གར་སིམ་ལར་ལྷན་འཛོམ་ཐོག་རྒྱ་བོད་དབྱིན་གསུམ་ཆིངས་དོན་འདྲ་གསུམ་བཞག་པར། རྒྱའི་སྐུ་ཚབ་ནས་བསམ་བཏང་དྲན་སྐྱེད་ཀྱིས་ཆིངས་ཡིག་ལ་ས་ཡིག་རྒྱབ་སྟེ་ཐམ་ཀ་མ་ཕབ། དེར་བརྟེན་དབྱིན་བོད་གཉིས་ཀྱང་ཟུར་དུ་ཆིངས་ཡིག་བཞག །ལོ་འདིར་ཆབ་སྲིད་བརྟན་ཅིང་བསྟན་འགྲོའི་བདེ་སྐྱིད་སྤེལ་སླད་རྩེ་ཕོ་བྲང་དུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་དངུལ་སྐུ་མཐོང་བ་དོན་ལྡན་བཟོ་བཀོད་ཕུལ་དུ་བྱུང་བ་ཡེ་ཤེས་དངོས་བཞུགས་མིག་གི་བདུད་རྩི་ལྟ་བུ་གསར་བཞེངས་མཛད་ཅིང་། འདི་དང་འབྲེལ་བར་ལྷ་ལྡན་གཙུག་ལག་ཁང་ཆེན་པོར་དམག་ཟིང་(274ན)སྐབས་མེ་མདས་རྒྱ་ཕིབས་དང་མདའ་ཡབ་སོགས་ལ་སྐྱོན་ཆར་བྱུང་བ་རྣམས་ཉམས་གསོ་སྔར་ལས་ལྷག་པ་མཛད། ཤིང་ཡོས། སྤྱི་ལོ་༡༩༡༥པར་རྭ་སྒྲེང་གི་གདན་སར་སྐུ་འཁོར་ཧྲག་བསྡུས་ཀྱིས་ཆིབས་བཏེགས་ཏེ་གནས་གཟིགས་ཐུགས་སྨོན་དང་སྤྱི་སྒེར་གྱི་བཀའ་སློབ་རྒྱ་ཆེར་བསྩལ། དེ་སྐབས་རྭ་སྒྲེང་གི་ཤུག་པ་མིང་ཅན་ཞིག་སྐམ་འདུག་པ་སྲོག་ཤིང་དུ་དགོས་ཞེས་གྲུ་བཞིར་བཟོས་ཏེ་བླ་བྲང་དུ་འཇོག་གནང་མཛད། འདི་ནི་ྋགོང་ས་རང་ཉིད་ཞིང་བརྗེས་ཟིན་ནས་གདུང་རྟེན་མཆོད་སྡོང་ཆེན་མོའི་ཐིག་བཏབ་པ་ན། བུམ་གདན་པདྨ་ནས་ཏོག་གི་བར་རིང་ཐུང་མེད་པ་མ་བསྒྲིགས་ལྷུན་གྲུབ་ཏུ་བྱུང་བས་མ་འོངས་མངོན་སུམ་མཁྱེན་པའི་རྟགས་ཡང་དག་པར་གྲུབ། མེ་འབྲུག །སྤྱི་ལོ་༡༩༡༦པར་ནོར་གླིང་སྐལ་བཟང་ཕོ་བྲང་གི་རིགས་གསུམ་ལྷ་ཁང་དང་། གཟིམ་ཆུང་། རྟེན་བཅས་གསར་བསྐྲུན་ལ་རབ་གནས་དང་དགའ་སྟོན་མཛད། ལོ་འདིའི་ཟླ་བ་བཅུ་པ་ནས་བཟུང་རྒྱལ་བསྟན་དར་ཞིང་རྒྱས་པ་དང་། བོད་ལྗོངས་ཆབ་སྲིད་མངའ་ཐང་གོང་འཕེལ་ཡུན་གནས་སོགས་ཕན་བདེའི་ལེགས་ཚོགས་དུ་མའི་ཆེད་དུ་དགོངས་ཏེ། འཇམ་(274བ)དཔལ་ཁྲོས་པ་རྡོ་རྗེ་འཇིགས་བྱེད་ཀྱི་གཞི་བསྙེན་ཆེན་མོ་གནང་བཞེད་ཀྱིས་བཅད་རྒྱ་ཚུགས་ཁར་གྲུ་འཛིན་ཕོ་བྲང་གི་ལྷོ་ཕྱོགས་སུ་ཀུ་ཤུའི་སྡོང་པོ་ཞིག་འཛུག་པ་གནང་སྟེ། འདི་སྐྱེས་ནས་མེ་ཏོག་ཤར་ན་བཞེད་དོན་མཐར་ཕྱིན་ཡོང་བའི་ལྟས་ཡིན་ཞེས་བཀའ་ཕེབས་པ་བཞིན། རིམ་པས་སྡོང་པོ་ཆེར་སྐྱེས་ཤིང་མེ་ཏོག་དང་འབྲས་བུས་བརྒྱན་པ་བྱུང་བས་ཐུགས་སྨོན་བདེན་འབྲས་མངོན་དུ་གྱུར། བཅད་རྒྱའི་སྐབས་སུ་ཡང་ཆོས་སྲིད་ཀྱི་མཛད་པ་མཐའ་དག་ཉམས་མེད་དུ་བསྐྱངས་བཞིན་པར། ཐུགས་དམ་རིམ་གཉིས་འཁོར་ལོས་དུས་འདའ་བར་མཛད། ས་ལུག །སྤྱི་ལོ་༡༩༡༩ཟླ་བ་དང་པོའི་ཡར་ཚེས་དགེ་བར་བཅད་རྒྱ་གྲོལ་བསྟུན་པཎ་ཆེན་རིན་པོ་ཆེ་ནས་བརྟན་བཞུགས་ལེགས་འབུལ་བསྟར་བ་བདག་གིར་བཞེས་ཤིང་། ལན་གྲུ་ཙུང་ཐུའི་མི་སྣར་མཇལ་ཁ་གནང་། ལྕགས་སྤྲེལ། སྤྱི་ལོ་༡༩༢༠པར་དགུང་གསར་གྱི་མཛད་སྒོ་དང་། སྨོན་ལམ་ཆེན་མོའི་ཚོགས་ཕེབས་ཀྱི་མཛད་སྒོ་མཐའ་དག་ལེགས་པར་བསྐྱངས། བསྟན་པའི་གསོས་སྨན་དགོངས་བཞེད་བླ་ན་མེད་པས་རྒྱ་གར་ནས་རྩེར་ཞབས་སོར་འཁོད་པ་ནས་བཟུང་རིམ་པར་ཞོལ་དུ་བཀའ་འགྱུར་ལྷ་ཁང་བྱམས་(275ན)པ་བཅས་གསར་བཞེངས་དང་། བཀའ་འགྱུར། བུ་སྟོན་རིན་ཆེན་གྲུབ་ཀྱི་བཀའ་འབུམ་བཅས་ཀྱི་སྤར་ཤིང་གསར་བསྐྲུན། འཕྲུལ་སྣང་གཙུག་ལག་ཁང་ཁྱམས་ར་མདའ་ཡབ་དང་བཅས་པ་ཉམས་གསོས་དང་། གཞན་ཡང་སྔ་ཕྱི་ཅི་རིགས་པར་རྒྱ་སྟག་ར་མོ་ཆེ། ཁྲ་འབྲུག །སྤུ་རང་ཇོ་བོ། བྱང་པྲ་དུན། གྲོམ་པ་རྒྱང་། ལྷོ་བྲག་བན་པ་ཕྱག་རྡོར། སོལ་ནག་ཐང་མོ་ཆེ། གསེས་མཁར་དགུ་ཐོག །དྭགས་ལྷ་སྒམ་པོ། ཙཱ་རི་ཅིག་ཅར་ལྷ་ཁང་། འོལ་དགའ་རྫིང་ཕྱི། མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་དང་། གདན་ས་ཁྱད་པར་ཅན་རྣམས་ཉམས་གསོ་དང་གསར་བསྐྲུན་གང་ལ་གང་འོས་སྐབས་བསྟུན་ལེགས་པར་མཛད། ཆུ་ཕག །སྤྱི་ལོ་༡༩༢༣པར་དགའ་ལྡན་ཕོ་བྲང་པ་དང་། བླ་བྲང་བཀྲ་ཤིས་ལྷུན་པོའི་བར་ཆབ་སྲིད་སྲི་ཞུའི་སྒྲུབ་ཕྱོགས་སྐོར་ལ་ཆད་ལྷག་ཟློས་གླེང་ཅི་རིགས་བྱུང་བའི་ཉེར་ལེན་གྱིས་ཀུན་གཟིགས་པཎ་ཆེན་ཆོས་ཀྱི་ཉི་མ་བྱང་ལམ་བརྒྱུད་རྒྱ་སོག་ཡུལ་གྲུར་གསང་ཕེབས་མཛད། ཤིང་བྱ། སྤྱི་ལོ་༡༩༢༤ཕན་སྲིད་བློན་རྣམས་རིམ་པར་གཤེགས་རྗེས་ལོ་དེར་ཡབ་གཞི་གླང་མདུན་གུང་(275བ)ལ་སྲིན་བློན་བསྐོ་བཞག་མཛད། བཀྲས་ལྷུན་དགོན་འབངས་ཉམས་ཆག་མི་འབྱུང་ཆེད་གཙོ་འཛིན་དུ་ཛ་སག་བླ་མ་ངོ་ལས་བསྐོ་རྫོང་བསྩལ། མེ་སྟག །སྤྱི་ལོ་༡༩༢༦པར་ཆབ་མདོ་རུ་ཚ་མཁན་ཆུང་མགོན་པོ་བསོད་ནམས་གཞུང་དོན་ཚོང་སྤྱི་ཡིན་ཞེས་སྤུ་ཡུལ་ཡོངས་རྫོགས་ནས་པདྨ་བཀོད་ཀྱི་རིན་སྤུངས་བར་དུ་ཕེབས་བསྐྱོད་ཀྱིས་མི་མང་ལ་བརྡབ་བསིག་ཤིན་ཏུ་ཆེ་བ་བྱུང་སྟབས་མཐུན་ལམ་མ་བྱུང་བར་བསྙད་བཏགས་ཀྱིས་བཀའ་ཤག་ཏུ་དབྱེན་སྦྱོར་ཅི་རིགས་ཞུས་པར་བརྟེན་སྤུ་བོར་ས་བསྲུང་དུ་མདའ་དཔོན་སྟག་རྣ་བ་དཔུང་དམག་བཅས་ཆེད་རྫོང་གནང་། མཁན་ཆུང་རུ་ཚ་བ་རང་གནས་ཆབ་མདོར་ཕྱིར་ལོག་ཟིན་རྗེས། སྤུ་ཡུལ་སྡེ་ཁག་ཁ་ཤས་ནས་དམག་སྒར་ལ་ངོ་རྒོལ་གྱིས་མདའ་དཔོན་སྟག་རྣ་བ་བཀྲོངས། འདིའི་ཟིང་འཁྲུགས་ལ་བརྟེན་བོད་ནས་མདའ་དཔོན་མཚོ་སྒོ་བ་དཔོན་དམག་སྤུ་བོར་ཆེད་འབྱོར་གྱིས་བྱེད་གཏེ་ཉི་ལོག་སྡེ་པ་སོགས་འཛིན་བཟུང་དང་། དེ་བྱིངས་ཡུལ་ཁམས་རྣམས་བཀའ་ཁྲིམས་བཙན་པོའི་འོག་ཏུ་མནན། ཀཿགནམ་རྒྱལ་པོ་ངོ་གཡོག་ཧྲག་བསྡུས་གཡུ་ཕུག་རོང་ལམ་ནས་རྫ་ཡུལ་བརྒྱུད་རྒྱ་གར་ཤར་དུ་བྲོས། འདི་ནས་ཀཿགནམ་གྱི་རྒྱལ་ས་(276ན)སྟོངས། འདིར་གཏེར་སྟོན་རྡོ་རྗེ་དྲག་སྔགས་ཀྱི་ལུང་བྱང་དུ། བོད་ཁམས་མི་བདེ་འབྱུང་བའི་སྣ་འདྲེན་དུ༔ འགོང་པོའི་འཕྲུལ་གྱིས་ཤར་གྱི་རྒྱལ་སྒོ་ཕྱེ༔ སྤུ་ཀོང་ཞབས་བརྡོལ་རྒྱ་ཡི་སྟག་ཟམ་འཛུགས༔ རོང་གི་ལམ་ནས་སྒམ་གྱི་གནས་མགྲོན་འབྱུང་༔ གཡེར་མ་ཐང་དུ་རྒྱ་ཡི་བཟའ་ཁང་ཆགས༔ རྒྱ་གྲོག་དམར་པོའི་ཚང་ཁ་བོད་དུ་བརྡོལ༔ ཞེས་གསུངས་པའི་ཐོག་ཏུ་བབས་ལ་ཉེ་བར་གོ །མདའ་དཔོན་མཚོ་སྒོ་བ་ལས་རོགས་བཅས་པས་སྔར་སྤུ་ཡུལ་དུ་ཀཿགནམ་མངའ་ཁོངས་གང་ན་ཅི་ཡོད་དང་པདྨ་བཀོད་ཀྱི་ལྗོངས་མཐིལ་རྒྱ་གར་ཤར་ཨ་སམ་དང་ཉེ་བ་མོ་བུབ་ཅེས་པའི་ས་མཚམས་བར་གྱི་གློ་ཡུལ་མི་སེར་རྣམས་ལ་ཞིབ་གཞུང་བཀོད། གངས་ཅན་འདྲེ་སྲིན་གདུག་པ་ཅན་གྱི་གཉེན་པོ་སྙིགས་དུས་ཕན་བདེའི་རྩ་ལག་སློབ་དཔོན་ཆེན་པོ་པདྨའི་འཕྲིན་ལས་ལ་རག་ལས་པའི་དོན་གྱིས། སྔར་རྒྱལ་མཆོག་ལྔ་པ་ཆེན་པོ་སྨིན་གླིང་གཏེར་ཆེན་གཏེར་བདག་གླིང་པ་དང་། རྒྱལ་མཆོག་བདུན་པ་དྭགས་པོ་འགྲོ་འདུལ་གླིང་པ་ཕན་ཚུན་ཆོས་བདག་ལུང་དོན་མཆོད་ཡོན་རྟེན་འབྲེལ་ལེགས་འགྲིགས་ལ་བརྟེན་སྐུ་ཚེ་མཛད་འཕྲིན་མཐར་ཕྱིན་བྱུང་བ་(276བ)དང་། བར་ལམ་སྐུ་ཕྲེང་ཁ་ཤས་ཀྱི་སྐབས་མི་ཆེན་འགའ་ཞིག་ནས་གྲུབ་མཐའི་ཁ་འཛིན་ཕྱོགས་ཁྱེར་དབང་གིས་གུ་རུའི་རྣམ་འཕྲུལ་གཏེར་སྟོན་དང་གཏེར་ལུང་དང་ལེན་མ་མཛད་སྟབས་སྐུ་ཚེ་མཛད་འཕྲིན་མཐར་ཕྱིན་མ་བྱུང་བར་གཟིགས་ཏེ། རྒྱལ་མཆོག་འདི་ཉིད་ནས་གཏེར་སྟོན་ལས་རབ་གླིང་པ་བསོད་རྒྱལ་ལུང་བསྟན་དུས་བབས་ཀྱི་རྟེན་འབྲེལ་བདག་གིར་མཛད་ནས། ཟབ་ཆོས་གསན་བཞེས་དང་འབྲེལ་ཕུར་པ་གསང་བ་སྤུ་གྲིའི་སྒྲུབ་ཆོག་སོགས་རྒྱལ་དབང་རང་ནས་ལྗགས་བསྒྲིགས་མཛད་དེ། རྩེ་རྣམ་རྒྱལ་ཆོག་གྲྭ་དང་། གནས་ཆུང་རྡོ་རྗེ་སྒྲ་དབྱངས་གླིང་དུ་ལོ་བསྟར་ཆག་མེད་སྒྲུབ་རྒྱུན་འཛུགས་པར་མཛད། རབ་བྱུང་བཅུ་དྲུག་པའི་ས་འབྲུག །སྤྱི་ལོ་༡༩༢༨ལོར་ལས་རབ་གླིང་པས་མདོ་ཁམས་གནས་ཆེན་རྡོ་རྗེ་བྲག་ནས་ཟབ་གཏེར་དུ་བཞེས་པའི་ཁམས་གསུམ་དབང་བྱེད་རྟ་ཕག་ཡབ་ཡུམ་གྱི་བླ་རྡོ་ཡིད་བཞིན་ནོར་བུ་རྒྱལ་མཆོག་རང་གི་དབང་སྐལ་དུ་གྲུབ་པ་ཉིད་ཕྱག་ཏུ་ཕུལ་བས་སྐུ་ཚེ་མཛད་འཕྲིན་མཐར་ཕྱིན་ཕྱོགས་ལས་རྣམ་པར་རྒྱལ་བའི་སྨན་ཡོན་དུ་གྱུར། འདི་ནི་ལས་རབ་གླིང་པ་རང་གི་ལུང་བྱང་དུ། ཡང་གཅིག་མངའ་བདག་ཡབ་ཀྱི་གར༔ མེ་བྱ་ལོ་པ་དྭགས་(277ན)ཡུལ་འབྱུང་༔ དེ་ཡང་བདུད་འཇོམས་སྤྲུལ་པ་དང་༔ ཐུགས་མཐུན་རྟེན་འབྲེལ་མ་ལོག་ན༔ མེ་བྱི་ལོ་པའི་རྟེན་སྐལ་མཆོག༔ རྟ་ཕག་བླ་རྡོ་སྲོག་རྫས་གཏེར༔ ནང་རྒྱུད་གསུམ་སོགས་ཆོས་ཀྱི་གཏེར༔ མ་ཉམས་ལག་ཏུ་འབྱོར་པ་དང་༔ སྒྲུབ་སྤེལ་རྟེན་འབྲེལ་ལེགས་འགྲིགས་ཚེ༔ རྒྱལ་རྗེ་ཁྱད་པར་བོད་ཁམས་ཀྱི༔ བསྟན་འགྲོ་བདེ་བར་གནས་པ་དང་༔ དངོས་གྲུབ་ཐོབ་པའི་སྐལ་ལྡན་མང་༔ ཞེས་སྣང་། སྐབས་ཅི་རིགས་པར་སྤྱན་གླིང་གཟིམ་ཆུང་སྐལ་བཟང་བདེ་འཁྱིལ་དང་། བདེ་སྐྱིད་ངོ་མཚར་དཔལ་འཁྱིལ། ཆིབས་རའི་གཟིམ་ཆུང་གཞན་ཕན་དགའ་འཁྱིལ། ཁོར་ཡུག་ལྕགས་རི་ཆེན་པོ་རྒྱ་བསྐྱེད་བཅས་གསར་བཞེངས་གནང་ཞིང་ལེགས་གྲུབ་ཀྱི་དགའ་སྟོན་རྒྱ་ཆེར་སྤྲོས། ས་སྦྲུལ། སྤྱི་ལོ་༡༩༢༩པར་གཡུང་དགོན་མཁན་པོ་སེར་སྨད་དགེ་བཤེས་དཀོན་མཆོག་འབྱུང་གནས་རྒྱ་ནག་ཏུ་སྡོད་མུས་ལ། རྒྱའི་སྤྱི་ཁྱབ་ཅང་ནས་ྋགོང་ས་ཆེན་པོར་ཞུ་ཡིག་རྟེན་ཆས་དང་སྦྲགས་བོད་རྒྱལ་ཁབ་ཏུ་མངགས་བཅར་ཞུས་པར། ལྕགས་རྟ། སྤྱི་ལོ་༡༩༣༠པར་སྦུག་ཐམ་བཀའ་ལེན་དང་བཅས་ཕྱིར་གཏོང་མཛད། དེ་ནས་ནན་ཅིང་བོད་(277བ) གཞུང་སྐུ་ཚབ་ཏུ་གཡུང་ཛ་དཀོན་མཆོག་འབྱུང་གནས་དང་། རྩེ་མགྲོན་ངག་དབང་རྒྱལ་མཚན་སོགས་བསྐོ་འཇོག་གནང་སྟེ་བར་སྐབས་རྒྱ་བོད་མཐུན་ལམ་ངང་དུ་གནས། ལྕགས་ལུག །སྤྱི་ལོ་༡༩༣༡པར་སྔོན་ཡོད་བོད་གཞུང་གི་དངུལ་སྤར་ལས་ཁུངས་ཁག་གསུམ་ཁུ་བསྡུས་ཀྱིས་གློག་འཕྲུལ་ལས་ཁུངས་གསར་དུ་བཙུགས། མདོ་སྤྱི་བཀའ་བློན་བྱམས་པ་བསྟན་དར་འདས་པའི་ཚབས་སུ་བཀའ་བློན་ཁྲི་སྨོན་པ་དང་། བཀའ་བློན་ལས་འཕར་སྨན་སྟོད་པ་བཅས་རིམ་བཞིན་ཕེབས། དེ་རྗེས་བཀའ་བློན་ང་ཕོད་པ་ཕེབས་བསྐྱོད་མདོ་སྨད་ས་གནས་སུ་འབྱོར་མཚམས་རྒྱ་བོད་ས་མཚམས་བྱང་ཤར་གཉིས་ནས་ཟིང་ལངས་ས་ཤར་ཚབ་ཆེ་བྱུང་རྐྱེན་ཆུ་སྤྲེལ། སྤྱི་ལོ་༡༩༣༢པར་ཤར་བརྒྱུད་འབྲི་ཆུ་ཤར་ནུབ་ས་མཚམས་བྱས་ཏེ་ཟི་ཁྲོན་སྐུ་ཚབས་དན་ཤན་དང་མདའ་ཚབས་ཁྱུང་རམ་པ་གཉིས་མཐུན་ཆིངས་བཞག །བྱང་བརྒྱུད་དུ་ཞི་དྲག་སྤྱི་འདོམས་མཁན་དྲུང་དངོས་གཞི་ངོ་ལས་བསྩལ་ཏེ་ཟི་ལིང་པ་དང་བོད་གཉིས་མཐུན་ཆིངས་བཞག །དེ་མུར་བཀའ་བློན་ང་ཕོད་པ་ཆབ་མདོར་སྐུ་གྲོངས་པའི་ཚབས་གསར་བཀའ་ཚབས་བཀྲས་མཐོང་པ་བསྩལ། ལོ་དེའི་སྤྲེལ་ཟླའི་ཚེས་(278ན)བཅུར ྋགོང་ས་མཆོག་གནས་ཆུང་པེ་ཧར་ལྕོག་ཏུ་ཕེབས་ནས་ཆོས་སྐྱོང་ཆེན་པོའི་གཙོས་བསྟན་སྲུང་ཁག་ལ་ཚོགས་བསྐང་འཕྲིན་བཅོལ་གཉེར་གཏད་མཛད། རྭ་སྒྲེང་ཧོ་ཐོག་ཐུ་ལྟོས་བཅས་ནས་གསོལ་བ་བཏབ་པའི་དོན་བཞིན་རྭ་སྒྲེང་གི་གདན་སར་ཕེབས་ཏེ་ཡུལ་དེའི་ལྷ་སྡེ་མི་སྡེ་བཅས་ལ་དབང་བཀའི་རིམ་པ་དང་། གནས་གཟིགས། མཆོད་འབུལ་བརྟན་བཞུགས་སོགས་སྤྱི་སྒེར་ཡུལ་གྲུ་ཀུན་ཏུ་བདེ་ཐབས་རྒྱ་ཆེར་མཛད། ཟླ་བ་དགུ་པའི་ནང་ཆོས་སྐྱོང་རྡོ་རྗེ་གྲགས་ལྡན་གྱི་བཀའ་ལུང་དགོངས་དོན་བོད་ལྗོངས་ཆབ་སྲིད་དང་། སྐྱེ་འགྲོའི་བདེ་ཐབས། མགོན་པོ་གང་གི་སྔ་ཕྱིའི་བཀའ་དྲིན་གསོ་བའི་ཆེད་དུ་ཞབས་བརྟན་འབུལ་དགོས་ཕེབས་པ་ལྟར། བོད་ལྗོངས་ལྷ་སྡེ་མི་སྡེ་ཐུན་མོང་ནས་མཁའ་འགྲོའི་སུན་ཟློག་དང་འབྲེལ་བའི་བརྟན་བཞུགས་འབུལ་བཞེས་མཛད། ལོ་འདིར་གོང་ས་ཆེན་པོས་ཞལ་གདམས་བཀའ་སློབ་གནང་བ་ཡོངས་ལ་ཁྱབ་འགྲེམས་བསྩལ། ཆུ་བྱ། སྤྱི་ལོ་༡༩༣༣པར་དགུང་གསར་མཛད་སྒོ་སྔར་ལམ་ལྟར་དང་། ཚེས་གསུམ་ཟན་རིལ་བརྟག་པ་གནང་སྐབས་སྐུ་ཕྱྭ་དང་བསྟན་སྲིད་ལ་འཚུབས་ཆ་ཤིན་ཏུ་ཆེ་བར་ཕེབས་པ་མ་འོངས་ལུང་བསྟན་དུ་(278བ)མངོན། དེ་ནས་སྨོན་ལམ་ཆེན་མོའི་གསོ་སྦྱོང་། གསུང་ཆོས་ར་བར་སྦྱོར་ཆོས། སྐྱེས་རབས། བུ་ཆོས་སོགས་གསུངས་བཤད་ཐོག་སྤྱི་སྒེར་ཡོངས་ལ་བསླབ་སྟོན་ཕ་མས་བུ་ལ་བསྒོ་བ་ལྟར་གནང་། དགའ་ལྡན་ཡངས་པ་ཅན་གྱི་ལྕམ་ཤིང་འབུས་ཟོས་ཉམས་སྐྱོན་ཆེ་སྟབས་བླ་སྤྱི་ནས་སྙན་ཞུས་ལྟར་ཞྭ་སེར་བསྟན་པའི་འབྱུང་ཁུངས་སུ་དགོངས་བཞེས་ཀྱིས་བཀའ་བློན་བླ་མ་དང་། བཤད་སྒྲ་ཕྱག་མཛོད་གཉིས་ལ་ཉམས་གསོའི་དོ་དམ་བཀའ་ཕབ་པ་ལྟར་ཉམས་གསོ་སྲི་ཞུ་ལེགས་གྲུབ་ཀྱི་རབ་གནས་སུ་ཕེབས་ཏེ་རྟེན་རྣམས་ལ་ཡེ་ཤེས་དངོས་བཞུགས་སུ་བྱིན་གྱིས་བརླབས་ཤིང་། དགའ་ལྡན་དབང་བསྐུར་རིར་ལྷ་བསང་ཐུགས་སྨོན་སོགས་མཛད་དེ་ནོར་གླིང་དུ་སླར་ཞབས་འཁོད། བོད་འདི་སྲིད་ཕྱོགས་ནས་ཕྱི་རྒྱལ་ཁག་དང་འདྲ་བའི་སྟོབས་འབྱོར་མི་ཆེ་ཡང་། ས་གསུམ་ཕན་བདེའི་རྩ་བ་རྒྱལ་བསྟན་རིན་པོ་ཆེ་ཁོ་ནར་རག་ལས་པར་དགོངས་ཏེ་ཆོས་རྒྱལ་གོང་མ་ན་རིམ་གྱི་བཞེད་པ་བཞིན་བསྟན་པ་དང་བསྟན་འཛིན་ལ་གཅེས་སྤྲས་སུ་མཛད་དེ། ལོ་བསྟར་བསྒྲུབ་བྱ་སྟོང་ཕྲག་ལས་ལྷག་པར་རབ་བྱུང་སྡོམ་སྒྲུབ་ཆག་མེད་གནང་བ་དང་། གདན་ས་གསུམ་དང་། སྨོན་ལམ། (279ན)ཚོགས་མཆོད། སྟག་རྩེ་སྒྲུབ་མཆོད། ར་ཆེའི་སྨོན་ལམ་བཅས་པའི་མཆོད་བསྙེན་ཉམས་གསོ། གྲྭ་ས་ཁག་དང་གཞིས་དགོན་ཡོངས་ཀྱི་འདུལ་ཁྲིམས་ལ་དག་ཐེར། དགའ་ལྡན་ཤར་བྱང་། སེ་འབྲས། རྒྱུད་གྲྭ་བཅས་པའི་མཁན་པོར་ཕེབས་ཟིན་པ་རྣམས་ལ་རྒྱུགས་བཞེས། ལྷ་རམ་དགེ་བཤེས་ཀྱིས་མཚོན་མདོ་སྔགས་ཀྱི་དམ་བཅའ་བར་དག་ཐེར། མཁས་པ་སྙན་གྲགས་ཅན་རྣམས་ལ་གཟེངས་ཐོན་གཅེས་སྤྲས་ཆེན་པོ་མཛད། ཆོས་སྲིད་ཟུང་འབྲེལ་གྱི་མཛད་པ་བོད་ལྗོངས་རང་དབང་གཙང་མའི་དཔལ་གྱིས་འཚོ་བའི་བཀའ་དྲིན་སྩལ། ཕྱིའི་རྒྱལ་ཁབ་རྒྱ་དཀར་ནག །སོག་པོ། དབྱིན་ཇི། རི་སྤིན། ཨུ་རུ་སུ། བལ་པོ་སོགས་ལ་ཚོང་འབྲེལ་དང་མཐུན་ལམ་མཛད། ཆུ་བྱ་ཟླ་བ་དགུ་པའི་ལྷ་བབས་དུས་ཆེན་ཉིན་སྔར་ལམ་རབ་བསྙེན་སྡོམ་སྩལ་གྲུབ་ནས། དུས་རྒྱུན་བསླབ་སྡོམ་གནང་ཡུལ་ཚོམས་ཆེན་གྱི་དབུ་ཀླད་བླ་བྲེ་རྒྱུན་པར་སྒྲོན་འཇོག་གནང་མུས་ལ། ད་ནས་སྒྲོན་མ་དགོས་པས་ངེས་པར་སྡུས་ཤིག་ཅེས་བཀའ་གནང་བ་ཡུན་དུ་མི་བཞུགས་པའི་བརྡར་མངོན། འདི་སྐབས་ནས་སྤྱན་གླིང་རྡོ་གཅལ་(279བ)མཐིལ་དུ་བྱ་རྒོད་བབས་པ་དང་། ས་གཡོ་བ། ཐལ་ཆར་བབས་པ། ཟླ་བ་བཅུ་པའི་ཚེས་བཅུ་གཉིས་ཉིན་གཙུག་ལག་ཁང་གི་མདའ་ཡབ་ཟུར་རྒྱན་ཆུ་སྲིན་ཁག་གསུམ་གྱི་ལྐོག་མ་ནས་ཆུ་བབས་པ་སོགས་མི་ཤིས་པའི་ལྟས་མང་དུ་བྱུང་སྐོར་ྋགོང་ས་ཆེན་པོར་བཀའ་ཤག་ནས་ཐུགས་དམ་ཕུལ་བར་ཕྱིར་ཕེབས་སུ། ད་ནས་རྒྱལ་བསྟན་ཆབ་སྲིད་དང་ངོས་ཀྱི་སྒོ་གསུམ་བཅས་ཉམས་པའི་སྒོ་ཤར་བ་ཡིན། ལེགས་ཉེས་ཤན་འབྱེད་ཀྱི་ཐུགས་སྨོན་བསྐྱང་གི་ཡིན་ཅེས་ཕེབས། བླ་སྨན་པ་མཁན་ཆུང་མཁྱེན་རབ་ནོར་བུར་བཀའ་ནན་བཅས་སྨན་རྩིས་ཁང་གི་དོ་དམ་པར་འཇོག་གནང་མཛད། རྣམ་ཀུན་གསོས་སྨན་གྱི་ཞབས་ཞུ་བ་ཐུབ་བསྟན་ཚེ་དབང་དང་། ལྕགས་པོ་རིའི་སྨན་པ་ཐུབ་བསྟན་སྙན་གྲགས་གཉིས་ལ་ཟླ་བ་བཅུ་པའི་ཚེས་ཤར་ལ་གསོལ་རས་ལེགས་དར་བསྩལ་ཏེ་དེ་ཕྱིན་བླ་སྨན་དུ་བཞེས་ཆ་མ་གནང་། ཐུགས་དམ་ལ་བརྩོན་བཞིན་པའི་ངང་ནས་དམ་པ་གོང་མ་མང་པོའི་རྣམ་ཐར་ལ་གཟིགས་པ་དང་། བཀའ་སློབ་ཀྱང་ཅི་རིགས་པར་སྩལ། ཟླ་བ་བཅུ་པའི་ཚེས་ཉི་ཤུ་ནས་མགུལ་ཆམས་ལྟ་བུས་སྐུ་ཁམས་ཅུང་རྙོགས་ཚུལ་བཞེས་ཏེ། (280ན)ཚེས་སུམ་ཅུའི་དགོང་དྲོ་ལ་དགོངས་པ་ཞི་དབྱིངས་སུ་མནལ་བའི་ཚུལ་བསྟན་ཏོ། །
༈ དེ་ནས་སྲིད་བློན་གླང་མདུན་པ་དང་། བཀའ་བློན་བླ་མ་དགེ་འདུན་ཆོས་དར། བཀའ་བློན་ཁྲི་སྨོན་པ་སོགས་ནས་ཟླ་ཤས་རིང་ཆབ་སྲིད་ཀྱི་སྲི་ཞུ་བསྒྲུབ། ཤིང་ཁྱི། སྤྱི་ལོ་༡༩༣༤བོད་ཟླ་དང་པོའི་ཚེས་བཅུའི་ཉིན་བོད་གཞུང་ལྷ་མི་ཡོངས་ཀྱི་སྤྱི་མོས་བཞིན་རྭ་སྒྲེང་ཧོ་ཐོག་ཐུ་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན་རྒྱལ་ཆབ་སྲིད་སྐྱོང་དུ་མངའ་གསོལ་ཐོག །སྲིད་བློན་གླང་མདུན་པ་ཕྱག་རོགས་སུ་སྦྲེལ་ཏེ་ཆོས་སྲིད་ཀྱི་མཛད་ཁུར་བཞེས། འདིས་རྒྱལ་མཆོག་བཅུ་གསུམ་པའི་གདུང་རྟེན་གསེར་གྱི་མཆོད་སྡོང་ཆེན་མོ་གསར་བཞེངས་ཀྱིས་མཚོན་དགོངས་རྫོགས་སྲི་ཞུ་རླབས་ཆེན་དང་། གངས་ཅན་རྒྱན་གཅིག་ཆོས་འཁོར་དཔལ་གྱི་བསམ་ཡས་ལ་ཉམས་གསོ་ཕུལ་ཕྱིན་མཛད། ལྷག་པར་མ་མོའི་བླ་མཚོ་གཟིགས་སྣང་དང་མཐུན་པར་ཨ་མདོ་སྐུ་འབུམ་ཁོངས་གཏོགས་སྟག་འཚེར་ཁྱི་བྱ་སྡེ་པའི་རིགས་ཀྱི་མྱུ་གུར། རབ་བྱུང་བཅུ་དྲུག་པའི་ཤིང་ཕག །སྤྱི་ལོ་༡༩༣༥པར་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོའི་མཚན་དཔེའི་ཉི་མ་བསྟན་(280བ)འགྲོ་པདྨོའི་གཉེན་དུ་ཤར་བ་གང་ཉིད། ས་ཡོས། སྤྱི་ལོ་༡༩༣༩པར་བོད་ལྗོངས་ཆོས་ཀྱི་གདན་ས་ཆེན་པོར་སྤྱན་དྲངས་ཏེ། ལྕགས་འབྲུག །སྤྱི་ལོ་༡༩༤༠བོད་ཟླ་དང་པོའི་ཚེས་བཅུ་བཞི་ཉིན་ཕོ་བྲང་ཆེན་པོ་པོ་ཏ་ལའི་གསེར་ཁྲིར་མངའ་གསོལ་ཞུས། ལོ་འདིའི་མཇུག་ཏུ་རྭ་སྒྲེང་རྒྱལ་ཚབ་ནས་སྲིད་སྐྱོང་མཛད་འཁུར་དགོངས་ཞུས་ཀྱིས། ལྕགས་སྤྲུལ། སྤྱི་ལོ་༡༩༤༡པར་ཡོངས་འཛིན་སྟག་བྲག་པཎྜི་ཏ་སྲིད་སྐྱོང་དུ་བསྐོས། མེ་ཕག །སྤྱི་ལོ་༡༨༤༧པར་རྒྱལ་ཟུར་རྭ་སྒྲེང་པ་དང་། སྲིད་སྐྱོང་མཚན་ཐོག་སྟག་བྲག་པ་རྣམ་གཉིས་སྐུ་སྒེར་མཛད་ཕྱོགས་སྐོར་ལ་ཐུགས་རྩེ་མཐུན་མིན་ལ་བརྟེན་རིམ་གྱིས་ཕྱོགས་འཛིན་འཁོན་རྩོད་གང་ཆེས་སྒེར་དོན་གཞུང་འགེལ་དབང་ཤུགས་ཀྱིས་རྭ་སྒྲེང་རྒྱལ་ཟུར་ལ་དབུ་ཉེས་ཕོག །འདི་ནི་གཏེར་སྟོན་འཕྲིན་ལས་གླིང་པའི་གཏེར་ལུང་དུ། བྱང་རྭ་སྒྲེང་གི་གཡུ་ཤུག་སྡོང་པོ་དེ༔ ཤར་རྒྱ་ལྕང་ནགས་མའི་གྲོགས་སུ་ཆེ༔ གཡུ་ཤུག་སྡོང་པོ་མ་འགྱེལ་བར༔ རྒྱ་ལྕང་ནགས་ཚལ་མཚོ་དང་འགྲོགས༔ མེ་དམར་པོས་དེ་ཕྱོགས་ཉེ་མི་ནུས༔ བོད་སེང་ཆེན་གཡུ་རལ་མཐའ་ནས་རྒྱས༔ དེ་འོན་ཀྱང་བདུད་སྡེའི་བར་ཆད་མང་༔ ནུབ་སྟག་རྒན་ལོང་བའི་སྦར་ཤད་ཀྱིས༔(281ན)ཤུག་སྡོང་རྩ་བ་བསྒྱེལ་ཉེན་ཡོད། དེ་བྱུང་ན་རྒྱ་ལྕང་སིལ་བུར་འཐོར༔ མེ་དམར་པོས་རི་ཀླུང་ཐམས་ཅད་ཁྱབ༔ གངས་རྩེ་ནས་བཞུས་ཏེ་གཡའ་རི་ངོམས༔ སེང་མ་བུ་སྡོད་པའི་གནས་སྐབས་བྲལ༔ དབང་ཡོད་ཚོ་དབང་མེད་ཐོ་ཡོར་འདྲ༔ དབུས་ཀྱི་བློ་གཏོད་སྐྱོབ་གྲོགས་དེས༔ ཤར་གྱི་གྲོག་ཚང་ཕྱེས་ལ་ལྟོས༔ ཞེས་གསུངས་པའི་ཐོག་ཏུ་བབ་ལ་ཉེ་བར་གྱུར། དེ་ནས་ལྕགས་སྟག །སྤྱི་ལོ་༡༩༥༠པར་བོད་ལྗོངས་ལྷ་མི་ཡོངས་ནས་གསོལ་བ་བཏབ་པའི་རེ་འབྲས་བཞིན། ྋགོང་ས་སྐྱབས་མགོན་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནས་གངས་ལྗོངས་ལུགས་གཉིས་ཆབ་སྲིད་ཀྱི་ཐུགས་འགན་ལྷུར་བཞེས་བཀའ་དྲིན་བསྐྱངས་ཏེ་ཕུལ་བྱུང་མཛད་འཕྲིན་གྱི་འོད་སྣང་འཛམ་གླིང་ཁྱབ་པར་བརྡལ་བཞིན་འཚོ་ཞིང་གཞེས་པ་འདི་ལགས་ཏེ། གང་གི་གསང་གསུམ་ངོ་མཚར་མི་ཟད་རྒྱན་གྱི་འཁོར་ལོའི་རྣམ་ཐར་རྒྱ་མཚོ་ལྟ་བུ་ལས། ཐུན་མོང་སྲིད་ཕྱོགས་གཙོ་བོར་སྟོན་པའི་ལོ་རྒྱུས་ཆ་ཤས་ཙམ་སྔོན་བརྗོད་དུ་བསྩལ་བའི་མཛད་རྣམ་རིན་པོ་ཆེ་སྐད་རིགས་མང་པོའི་ཐོག་ནས་འགྲེམས་སྤེལ་མཛད་པ་ལས་ལེགས་པར་ཁོང་དུ་ཆུད་པར་བྱ་བ་ཁོ་ནའོ། །(281བ)དེ་ལྟར་རབ་བྱུང་བཅུ་གཅིག་པའི་ཆུ་རྟ་ནས་བཟུང་དགའ་ལྡན་ཕོ་བྲང་པ་ཆེན་པོས་བོད་ཁམས་ཡོངས་རྫོགས་ལ་མངའ་དབང་བསྒྱུར་ཏེ། ད་ལྟ་རབ་བྱུང་བཅུ་དྲུག་པའི་ལྕགས་མོ་གླང་གི་ལོ་འདི་ཡན་ལོ་སུམ་བརྒྱ་ཉི་ཤུ་ཐམ་པ་སོང་ངོ་། །འདི་ལྟར་སྨོས་པའང་རྒྱལ་དབང་ལྔ་པ་ཆེན་པོ་ནས་བཟུང་རྒྱལ་མཆོག་སྐུ་ཕྲེང་རིམ་བྱོན་གྱི་མཛད་རྣམ་ཁག་དང་མཛད་དེབ་བཅས་ལ་བརྟེན་ནས་འདུས་གསལ་དུ་བཀོད་པའོ། །གངས་ཅན་བོད་ཆེན་པོའི་རྒྱལ་རབས་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ལས། ཕྱི་དར་དགའ་ལྡན་ཕོ་བྲང་པས་བོད་ཀྱི་ཆབ་སྲིད་དབང་དུ་བསྒྱུར་ཚུལ་བཤད་པའི་སྐབས་ཏེ། དུམ་བུ་གསུམ་པའི་བདག་ཉིད་ཅན་གྱི་རེ་ཞིག་རྫོགས་སོ།། །། ༈ །སླར་སྨྲས་པ། གངས་ཅན་བོད་དུ་གྲགས་པའི་ཡུལ་ལྗོངས་སུ། །ཆབ་སྲིད་གསེར་གྱི་འཁོར་ལོས་སྒྱུར་མཛད་པའི། མི་ཡི་ལྷ་རྣམས་སྔོན་ནས་ད་ལྟའི་བར། །ཇི་ལྟར་བྱུང་བ་བརྗོད་པའི་གཏམ་གྱི་ཕྲེང་། །རྣམ་འདྲེན་རྒྱལ་བའི་བཀའ་ལུང་ཐོད་བཅིངས་ཏེ། །བདུད་འཇོམས་བདག་གིས་སྒྲིག་རྩོམ་ལྷུར་བླངས་ཀྱང་། །ཁུང་ལྡན་དཔེ་མང་ལག་ཏུ་མ་སོན་ཅིང་། །ཅུང་ཟད་རྙེད་པའང་ངེས་གསལ་ཞལ་མཐུན་དཀོན། །གནའ་(282ན)བོའི་མི་རྣམས་སྣང་ཆུང་དབང་སོང་ངམ། །ཕལ་ཞིག་ལོ་ཁམས་འདས་ལོ་མི་གསལ་ཞིང་། །ཁུང་མར་གྲགས་ལའང་དོགས་གནས་ཇི་སྙེད་བཅས། །མཐའ་གཅིག་ཁ་ཚོན་གཅོད་དཀའི་གནས་མང་མཐོང་། །འོན་ཀྱང་ཡིག་རྙིང་ཕལ་ཆེར་སོར་བཞག་ལ། །ཁུང་ལྡན་ལེགས་བཤད་རྣམས་ཀྱི་དོན་བསྡུས་ཤིང་། །ལོ་རྒྱུས་རྒན་པོའི་དཔྱད་པ་དང་བཅས་ཏེ། །བལྟ་བདེ་འདུས་གསལ་ཁུལ་དུ་འབད་པས་བསྒྲུབས། །འདི་ལ་ནོར་འཁྲུལ་ཉེས་པའི་ཆ་གང་མཆིས། །དེ་ཀུན་བདག་སྐྱོན་འབའ་ཞིག་ལགས་དེ་ཕྱིར། །མཁའ་རྣམས་བཟོད་པར་བཞེས་ནས་སླར་ལ་ཡང་། །ལེགས་བཤད་སྤྲོས་མཛོད་ཡི་རང་ལན་བརྒྱར་འབུལ། །ཅུང་ཟད་བརྗོད་འདིར་རྣམ་དཀར་ཆ་མཆིས་ན། །དེ་ཉིད་བོད་ཀྱི་བསྟན་སྲིད་རྒྱས་ཕྱིར་བསྔོ། །བོད་ཀྱི་རྒྱལ་རབས་གཏམ་སྙན་ལྷའི་རྔ་སྒྲས། །འཛམ་གླིང་ཁྱོན་ཀུན་འགེངས་པའི་དཔལ་དུ་ཤོག །དམ་ཆོས་ལྡན་པ་ལུགས་ཀྱི་བཀའ་ཁྲིམས་བཙོ་སྦྱངས་གསེར་གྱི་འཁོར་ལོ་ནི། །ཕྱོགས་སུ་མ་ལྷུང་གཟུ་བོའི་མཁའ་ལ་འབད་པ་མེད་པར་མངའ་བསྒྱུར་ནས། །མཐའ་དག་སྐྱེ་བོ་དགེ་བཅུའི་ར་བར་འདའ་མེད་བཀའ་རྟགས་ཕྱག་རྒྱ་ཡིས། །འཇིག་རྟེན་ཀུན་དགར་བྱེད་པའི་གཟི་བརྗིད་ནམ་ཡང་(282བ)འགྲིབ་པར་མ་གྱུར་ཅིག །ཀུན་རྨོངས་གདོན་གྱིས་རྣམ་པར་བརླམས་ལས་ལྟ་ངན་དུག་གི་ཁ་རླངས་ཅན། །ཐར་པ་བདེ་བའི་སྲོག་འཕྲོག་ལ་ཆས་ཕས་རྒོལ་ལྟོ་འགྲོའི་དཔུང་ཚོགས་ཀྱི། གདུག་ཅིང་རྩུབ་པའི་བསམ་སྦྱོར་དེ་ཀུན་རྩ་བ་རུལ་བའི་ལྗོན་ཤིང་བཞིན། །ནམ་ཡང་འབྲས་འབྱིན་ནུས་པ་དང་བྲལ་ཀུན་ལ་ཞི་བདེའི་དཔལ་ཐོབ་ཤོག །མ་ལུས་ཕན་བདེའི་འབྱུང་གནས་གཅིག་གྱུར་རྒྱལ་བསྟན་ནོར་བུའི་ཏོག་མཛེས་ཤིང་། །ཕུན་ཚོགས་སྡེ་བཞི་དཔལ་གྱི་གོས་བཟང་འཕུར་ལྡིང་ལྷབ་ལྷུབ་གཡོ་ལྡན་པ། །གཞོམ་མེད་སྙིང་སྟོབས་རྡོ་རྗེའི་ཡུ་བས་ཀུན་ནས་བརྟེན་བྱས་གངས་ཅན་པའི། །ཆབ་སྲིད་མངའ་ཐང་རྒྱལ་མཚན་གཡོ་མེད་ཕྱོགས་ལས་རྣམ་རྒྱལ་བཀྲ་ཤིས་ཤོག །སརྦ་དཱ་མངྒལ་ཛ་ཡནྟུ།། ༈ །དེ་ལྟར་རྨོངས་བརྟུལ་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ཉིད་ནས། སྔར་ལྕགས་མོ་གླང་གི་ལོར་བསྒྲིགས་བརྩམས་ཞུས་པའི་གངས་ཅན་བོད་ཆེན་པོའི་རྒྱལ་རབས་འདུས་གསལ་དུ་བཀོད་པ་སྔོན་མེད་དྭངས་ཤེལ་འཕྲུལ་གྱི་མེ་ལོང་ཞེས་བྱ་བ་འདི་ཀོ །སྐབས་དང་སྐབས་སུ་ཅུང་ཟད་བཀླག་པ་ན་ད་དུང་ལོ་ཁམས་དང་གོ་རིམ་སོགས་ལ་ཐེ་ཚོམ་(283ན)གྱི་གནས་འགའ་ཞིག་མཐོང་བས་རྐྱེན་བྱས་ནས། སླར་ཡང་དཔེ་རྙིང་གི་ལོ་རྒྱུས་གང་རྙེད་དང་བསྟུན་ཏེ་འཕྲི་བསྣན་གང་ལ་གང་འོས་དང་། སྐབས་སུ་བབས་པའི་ཚིག་ཕྲེང་ཇི་ལྟར་རིགས་པས་ཀྱང་གསལ་བར་བྱས་ཏེ། ད་ལྟ་ས་ཕོ་རྟའི་ལོ་ལ་རང་གི་ཤེས་ཚད་ཀྱིས་གཏན་ལ་ཕབ་ནས་གཙང་དག་ཏུ་སྤེལ་བར་རློམ་པ་ཡིན་ནོ། ། བཀྲ་ཤིས་དཔལ་འབར་འཛམ་གླིང་ཀུན་ཁྱབ་ཤོག། །།