TTDL-ZABTER-13-PA-065

From Dudjom Wiki
Revision as of 09:39, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-13-PA-065
Wylie title TTDL-ZABTER-13-PA-065.pdf
Location bdud 'joms gling pa zab gter
Volume 13, Text 65, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༢༤༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ དྲེགས་པ་སྡེ་ལྔའི་སྒྲུབ་པ་ཕྲིན་ལས་ཡོངས་གྲུབ་ཅེས་བྱ་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༢༤༨དྲེགས་པ་སྡེ་ལྔའི་སྒྲུབ་པ་འདི༔ ལག་ཏུ་ལེན་པའི་རིམ་པ་ལ༔ མཆོད་རྫས་འབྱོར་ཚོགས་ཡོ་བྱད་བཤམས༔ རང་ཉིད་ཡིད་དམ་གང་རུང་ཉིད༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་མཆོག༔ སྔགས་ཀྱིས་གསལ་བཏབ་ཏིང་འཛིན་གྱིས༔ རང་ཉིད་དཔལ་ཆེན་པོའི་མདུན་དུ་ཡེ་ཤེས་ལྔའི་ངོ་བོ་ལ་རྣམ་པ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་ཡས་ཁང་རྒྱ་ཆེ་ལ་ཁྱོན་ཡངས་པའི་དབུས་སུ་པདྨ་རཱ་ག་ལས་གྲུབ་པའི་ཁྲི་རྒྱ་ཆེ་ལ་དཔངས་མཐོ་བའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་ཨཾཿདང་ཧྲཱིཿལས་ལྷ་ཆེན་དབང་ཕྱུག་ཆེན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་ཞི་མ་ཁྲོ་འཛུམ་གྱི་ཉམས་དང་ལྡན་ཞིང་གཅེར་བུ་གོས་དང་རྒྱན་སྤངས་པ་ཕྱག་གཡས་ལྕགས་ཀྱུ་དང་གཡོན་རླུང་གི་ཞགས་པ་བསྣམས་པ་ཞབས་གཉིས་དོར་ཐབས་སུ་བཞེངས་ཏེ་སྤྱི་བོར་ཟླ་བ་དང་ལྟེ་བར་ཉི་མ་འཆར་བ༔ དེའི་གཡོན་དུ་ལྷ་མོ་ཨུ་མ་དཱེ་ཝི་དམར་མོ་མཚན་དང་དཔེ་བྱད་ཀྱིས་སྤྲས་པ་ཕྱག་གཡས་ལྕགས་ཀྱུ་དང་གཡོན་ཞགས་པ་བསྣམས་པ་མེ་ཏོག་ཀུ་མུཏྟ་དམར་པོའི་ཐོད་གདེངས་བྱས་ཏེ་བདེ་བའི་ཉམས་རྒྱས་ཆགས་པའི་ཟིལ་བ་འཁྲིགས་པ་འོད་ཕུང་བསྐལ་པ་དུས་མཐའི་མེ་ལྟར་འབར་བའི་ཀློང་དུ་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པར་བསྐྱེད་དོ༔ དེའི་ཤར་དུ་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག་ཁྲོ་གཏུམ་རྔམས་བརྗིད་ཀྱི་ཉམས་དང་ལྡན་པ་ཕྱག་བཞི་གཡས་གཉིས་རལ་གྲི་དང་གྲི་གུག་བསྣམས་པ་གཡོན་གཉིས་སྙིང་ཞགས་དང་ཐོད་ཁྲག་འཛིན་ཅིང་སྐུ་ལ་བེར་དམར་དང་དུར་ཁྲོད་ཀྱི་ཆས་རྫོགས་པ༔ ཡུམ་མཆོག་གསོད་བྱེད་སྙིང་འབྱིན་དམར་མོ་གཡས་སྤུ་གྲི་དང་གཡོན་དགྲ་སྙིང་བསྣམས་ནས་མི་ལྤགས་ཀྱི་གཡང་གཞི་གསོལ་ནས་ཡབ་ལ་འཁྲིལ་བ༔ ཡབ་ཡུམ་གཉིས་ཀ་མེ་ཁྱུང་དམར་པོ་རླུང་གི་གཤོག་པ་ཅན་ལ་ཆིབས་ཤིང་བསྐལ་པའི་མེ་དཔུང་དམར་ནག་འབར་བའི་ཀློང་དུ་བསྐྱེད་དོ༔ ལྷོ་རུ་གཟའ་བདུད་དུག་གི་སྤུ་གྲི་དབུ་དགུ་བྱ་རོག་གི་དབུ་དང་བཅུ་ཡོད་པ་ཕྱག་བཞིའི་དང་པོ་གཉིས་ཀྱིས་ཆུ་སྲིན་གྱི་རྒྱལ་མཚན་དང་སྦྲུལ་ཞགས་བསྣམས་པ་འོག་མ་གཉིས་ཀྱིས་རྭ་ཡི་མདའ་གཞུ་འགེངས་པ༔ སྤྱན་མིག་སྟོང་གིས་ཁམས་གསུམ་གཟིགས་ཤིང་རོ་སྨད་སྦྲུལ་དུ་འཁྱིལ་བ་མེ་འབྲུག་དམར་པོ་ལ་ཆིབས་ཤིང་དུག་རླངས་དང་ནད་རླངས་འཁྲིགས་པའི་ཀློང་དུ་བསྐྱེད་དོ༔ ནུབ་དུ་གནོད་སྦྱིན་ཙིའུ་དམར་པོ་ཞལ་གཅིག་ཕྱག་གཉིས་གཡས་བཙན་མདུང་དང་གཡོན་བཙན་ཞགས་བསྣམས་པ་དབུ་ལ་ཟངས་རྨོག་དང་སྐུ་ལ་ཟངས་ཁྲབ་གསོལ་བ་རྐེད་པར་སྟག་རལ་དང་གཟིག་ཤུབ་ཀྱིས་བརྒྱན་པ་བཙན་རྟ་ཀ་ཞུར་ལ་ཆིབས་པ་མེ་རླུང་དམར་ནག་འཁྲིགས་པའི་ཀློང་དུ་རང་འདྲའི་སྤྲུལ་པ་སྐར་ལྟར་འཁྲིགས་པར་བསྐྱེད་དོ༔ དྲེགས་པ་དེ་དག་ཐམས་ཅད་ལ་རང་རང་གི་སྤྲུལ་པའི་ལས་མཁན་དཔག་ཏུ་མེད་པ་དང་༔ ཡང་སྤྲུལ་ལྷ་སྲིན་སྡེ་བརྒྱད་ཀྱིས་བསྐོར་བར་བསྒོམ་མོ༔ བྱང་དུ་པདྨ་དང་ཉི་ཟླའི་གདན་ལ་གནོད་སྦྱིན་ནོར་ལྷ་ཡོངས་འདུས་ཀྱི་བདག་ཉིད་ཨ་པ་ར་ཙིཏྟ་དཀར་པོ་ཞལ་གདངས་ཤིང་ལྗགས་འདྲིལ་ལ་རྣོ་དབལ་གྱི་མཆེ་བ་གཙིགས་པ་བག་དྲོ་ཞིང་ལྷུན་ཆགས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་སུ་བསྒྲད་པ་རལ་པ་རྟིང་རྩར་སླེབ་ཅིང་ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་དང་གཡོན་པས་ནེའུ་ལེའི་ཁ་ནས་དགོས་འདོད་ཀྱི་ཆར་འབེབས་པ་བསྣམས་པ༔ སྤྱི་བོར་ཛམ་དཀར་ཡིད་བཞིན་འཁོར་ལོ༔ མགྲིན་པར་ཛམ་དམར་དབང་གི་རྒྱལ་པོ༔ ཐུགས་ཀར་རྣམ་ཐོས་སྲས་དང་༔ ལྟེ་བར་ཛམ་ལྷ་སེར་པོ༔ གསང་གནས་སུ་ཛམ་བྷ་ལ་ནག་པོ༔ དེ་དག་རྣམས་ཀྱི་གཡས་རྣམས་རང་རྟགས་ཀྱི་ཕྱག་མཚན་དང་གཡོན་རྣམས་ནེའུ་ལེའི་རྐྱལ་པའི་ཁ་ནས་དགོས་འདོད་ཡིད་བཞིན་གྱི་ཆར་འབེབས་པ་འོད་དང་འོད་ཟེར་རབ་ཏུ་འཁྲིགས་པའི་ཀློང་དུ་བསྐྱེད་དོ༔ ལྷ་ཚོགས་དེ་དག་རྣམས་ཀྱི་སྦྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་དཀར་རང་རང་གི་སྲོག་ཡིག་དང་རྡོ་རྗེའི་སྙིང་པོ་ཧཱུྃ་དུ་བསྒོམ་པ་དེ་གསུམ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་ནས༔ ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་ཡེ་ཤེས་དང་འཇིག་རྟེན་གྱི་ཕོ་རྒྱུད་མོ་རྒྱུད་བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་དང་སྟོང་གསུམ་ཡུལ་ལྷ་གཞི་བདག་སོགས་སྣང་སྲིད་དྲེགས་པ་ཅན་འབྱུང་བ་ལྔ་ཡི་ལྷ་དང་བཅས་པ་ཐམས་ཅད་བཀའ་སྲུང་དེ་དག་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྣམ་པར་སྤྱན་དྲངས་ཏེ་རྒྱ་མཚོ་ལ་ཁ་ཆར་བབས་པ་ལྟར་གཉིས་སུ་མེད་པར་བསྐྱེད་པའི་ལྷ་ལ་སིབ་སིབ་ཏུ་ཐིམ་པར་བསྒོམ༔ དེ་ནས་སྤྱན་འདྲེན་ནི༔ ཀྱཻ༔ དད་པ་དང་ནི་དམ་ཚིག་གིས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ ཨུ་མ་དཱེ་ཝི་གཤེགས་སུ་གསོལ༔ གནོད་སྦྱིན་འཁོར་བཅས་གཤེགས་སུ་གསོལ༔ གཟའ་མཆོག་ཆེན་པོ་གཤེགས་སུ་གསོལ༔ གནོད་སྦྱིན་ཙིའུ་དམར་གཤེགས་སུ་གསོལ༔ ཨ་པར་ཙིཏྟ་གཤེགས་སུ་གསོལ༔ འཁོར་དང་བཅས་པ་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་བཞུགས་གསོལ་ནི༔ ཧཱུྃ༔ བཀའ་སྲུང་དྲེགས་པ་འཁོར་དང་བཅས༔ རང་རང་དགྱེས་པའི་གདན་ལ་བཞུགས༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་ནི༔ ཧཱུྃ༔ བཀའ་སྲུང་དྲེགས་པ་སྡེ་ལྔ་ལ༔ བསྟན་པ་བསྲུང་ཕྱིར་ཕྱག་ཀྱང་འཚལ༔ ན་མོ་པུ་རུ་ཤ་ཡ་ཧོཿདེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ༔ ཆོས་སྐྱོང་དྲེགས་པ་སྡེ་ལྔ་ལ༔ དངོས་འབྱོར་ཡིད་ཀྱིས་རྣམ་འཕྲུལ་པའི༔ ཉེར་སྤྱོད་འདོད་ཡོན་སྨན་གཏོར་རཀ༔ འདོད་ཡོན་ནམ་མཁའི་མཛོད་དུ་འབུལ༔ མ་ཧཱ་ག་ཎ་སརྦ་པཱུ་ཛ་ཧོཿདེ་ནས་བསྟོད་པ་ནི༔ ཧཱུྃ༔ བདེ་ཆེན་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ གདུལ་དཀའ་འདུལ་མཛད་སྣ་ཚོགས་སྐུར་སྟོན་ཅིང་༔ རབ་འབྱམས་ཕྲིན་ལས་སྒྲུབ་པའི་ཕོ་ཉ་བ༔ ཞིང་བཅུའི་སྲོག་གི་གཤེད་དུ་ལྷུན་གྱིས་གྲུབ༔ བཀའ་སྲུང་དྲེགས་པའི་ཚོགས་ལ་ཕྱག་འཚལ་བསྟོད༔ དེ་ནས་འབོད་སྔགས་ནི༔ ཨོཾ་མ་ཧཱ་དཱེ་ཝ་ཡཀྴ་རྨ་རུ་ཙེ་རཀྴ་རཱ་ཧུ་ལ་ཤུ་ལ་ཏྲི་ཨ་པ་ར་ཙིཏྟ་བཛྲ་ས་མ་ཡ་ཕེཾ་ཛ་ཛཿདེ་ནས་རྦད་སྔགས་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཡཀྴ་རྨ་རུ་ཙེ་རཀྴ་རཱ་ཧུ་ལ་ཤུ་ལ་ཏྲི་ཨ་པ་ར་ཙིཏྟ་བཛྲ་ས་མ་ཡ༔ དགྲ་བོ་ཆེ་གེ་མོའི་བླ་ཚེ་སྲོག་གསུམ་ལ་མཱ་ར་ཡ་རྦད་རྦད་བྷྱོ༔ དེ་ནས་བསད་སྔགས་ལ༔ ཨོཾ་མ་ཧཱ་དཱེ་ཝ་ཡཀྴ་རྨ་རུ་ཙེ་རཀྴ་རཱ་ཧུ་ལ་ཤུ་ལ་ཏྲི་ཨ་པ་ར་ཙིཏྟ་བཛྲ་ས་མ་ཡ༔ དགྲ་བོའི་བླ་ཚེ་སྲོག་གསུམ་ཧུར་ཐུམ་སོད་མཱ་ར་ཡ་སོད༔ ས་མ་ཡ༔ དྲེགས་པ་སྡེ་ལྔ་སྒྲུབ་པ་ཡི༔ སྐྱེས་བུ་གང་དག་སུ་ཡང་རུང་༔ དང་པོ་སྒྲུབ་པ་ལ་ཞུགས་ཏེ༔ འབོད་པ་དང་ནི་བསྐང་གསོལ་གྱིས༔ འགྲུབ་རྟགས་མངོན་དུ་མ་གྱུར་བར༔ གཞན་ལ་འཕྲད་དང་ཚིག་མི་བསྲེ༔ རྟགས་ནི་གཏོར་མ་མེ་འབར་དང་༔ འོད་འཁྱུགས་མེ་སྟག་འཕྲོ་བ་དང་༔ ཐོག་འཚེགས་འུར་སྒྲ་ཆེམས་སྒྲ་དང་༔ སྐྱོ་ཞིང་བ་སྤུ་གཡོ་ཙམ་འབྱུང་༔ རྨི་ལམ་ན་ཡང་དམག་འདུ་དང་༔ འཁོར་ཚོགས་ལས་གང་བྱེད་ཟེར་འབྱུང་༔ གཞན་དག་ཁྲོ་དང་འཁྲུགས་སེམས་ཀྱིས༔ རང་ལ་རྒོལ་བར་འབྱུང་རྨིས་ན༔ འཁུ་བས་གནད་ལ་དབབ་པར་བྱ༔ སྤྱིར་ན་སྲུང་མ་བསྒྲུབ་པའི་གནད༔ གསལ་དང་བསྡུས་དང་བསྟིམས་པ་ཡི༔ བསྐྱེད་རིམ་གནད་དང་ལྡན་པ་གལ༔ དེ་ལྟར་གནད་དང་ལྡན་གྱུར་ན༔ ཟླ་བ་གསུམ་ལས་མི་རིང་བར༔ མངོན་སུམ་གྲུབ་པར་གདོན་མི་ཟ༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ བསོད་ནམས་རྒྱ་ཆེན་བསགས་ནུས་ན༔ བསོད་ནམས་ལོངས་སྤྱོད་དཔལ་ཀྱང་འཕེལ༔ བཀའ་སྲུང་དྲེགས་པའི་ཚོགས་ཀྱི་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཆོས་གྲགས་ཀྱིས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ནམ་མཁའི་མཛོད་ལས་བསྒྱུར་བའོ།།དགེའོ།།དགེའོ།།དགེའོ།།།།