TTDL-ZABTER-16-MA-025

From Dudjom Wiki
Revision as of 09:40, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-16-MA-025
Wylie title TTDL-ZABTER-16-MA-025.pdf
Location bdud 'joms gling pa zab gter
Volume 16, Text 25, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༨༧དག་སྣང་ཡེ་ཤེས་དྲྭ་བ་ལས༔ ཟངས་མདོག་དཔལ་རིའི་སྨོན་ལམ་ཐར་བའི་གྲོང་འཇུག་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ པདྨ་བདག་གི་བརྒྱུད་འཛིན་རྣམས༔ ལས་ངན་ལམ་ལས་བཟློག་པའི་ཕྱིར༔ ཉིན་མཚན་དུས་དྲུག་ཀུན་ཏུ་ཡང་༔ སྨོན་ལམ་རྣམ་དག་འདིར་བརྩོན་བྱ༔ ས་མ་ཡ༔ ཨེ་མ་ཧོ༔ ཀ་དག་སྤྲོས་མཐའ་བྲལ་བ་ཆོས་ཀྱི་སྐུ༔ ལྷུན་གྲུབ་སྐུ་དང་ཡེ་ཤེས་ལོངས་སྤྱོད་རྫོགས༔ ཐུགས་རྗེ་མ་འགགས་སྒྱུ་འཕྲུལ་སྤྲུལ་པའི་སྐུ༔ གཉིས་མེད་ལྷུན་རྫོགས་ཨོ་རྒྱན་རིན་པོ་ཆེ༔ བཀའ་དྲིན་ཡོན་ཏན་དྲན་པས་གསོལ་བ་འདེབས༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ ད་ལྟ་ཉིད་དུ་བྱིན་གྱིས་བརླབ་ཏུ་གསོལ༔ ཚེ་རབས་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ༔ སྐད་ཅིག་འབྲལ་མེད་རྗེས་སུ་འཛིན་པ་དང་༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོར་དབུགས་འབྱིན་མཛོད༔ ནམ་ཞིག་ཚེ་འདིའི་སྣང་བ་གནས་འགྱུར་ཚེ༔ དཔལ་རི་པདྨ་འོད་ཀྱི་གཞལ་ཡས་སུ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དུ༔ ཨོ་རྒྱན་ཆེ་མཆོག་པདྨ་འབྱུང་གནས་ཀྱི༔ འཁོར་གྱི་ཐོག་མར་སངས་རྒྱས་ཐོབ་པར་ཤོག༔ ཐུགས་རྗེ་མ་འགགས་རོལ་པའི་གདིང་ཆེན་གྱིས༔ དཔག་ཡས་མི་མཇེད་སྤྲུལ་པའི་འདུལ་ཞིང་དུ༔ གདུལ་བྱ་ཇི་སྙེད་མཆིས་པ་དེ་སྙེད་ཀྱིས༔ སྣང་ངོར་འདུལ་བྱེད་སྤྲུལ་སྐུའི་སྟོན་པ་རེས༔ གང་འདུལ་ཆོས་ཀྱི་འཁོར་ལོ་རབ་བསྐོར་ནས༔ མཐར་ཐུག་སྟོན་འཁོར་དབྱེར་མེད་རོ་གཅིག་ཏུ༔ ཉག་གཅིག་ཆོས་སྐུའི་དབྱིངས་སུ་བྱང་ཆུབ་ཤོག༔ བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་སྟོབས་དང་༔ ཕ་གཅིག་མཚོ་སྐྱེས་རྡོ་རྗེའི་བྱིན་རླབས་དང་༔ ཆོས་ཉིད་རྣམ་དག་རྒྱུ་འབྲས་བསླུ་མེད་མཐུས༔ སྨོན་ལམ་བཏབ་པ་དེ་བཞིན་འགྲུབ་གྱུར་ཅིག༔ མོས་གུས་ལྡན་པའི་སྐལ་ལྡན་ཀུན༔ རྣམ་དག་སྨོན་ལམ་འདིས་གྲོལ་བྱེད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཨྠིྀ༔ ཞེས་པ་འདི་ནི་ཟླ་རྒྱུད་ཕྱོགས་ཀྱི་རྣལ་འབྱོར་དཀོན་མཆོག་བཀྲ་ཤིས་ཞེས་བྱ་བས་བསྐུལ་ངོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་དག་སྣང་ལས་ཕབ་པ་དགེའོ།།ལེགས་སོ།།