TTDL-ZABTER-18-TSHA-029

From Dudjom Wiki
Revision as of 09:40, 4 June 2024 by Jeremi (talk | contribs) (Text replacement - "Khrag 'thung [[Bdud 'joms gling pa]." to "Khrag 'thung Bdud 'joms gling pa.")

TTDL-ZABTER-18-TSHA-029
Wylie title TTDL-ZABTER-18-TSHA-029.pdf
Location bdud 'joms gling pa zab gter
Volume 18, Text 29, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
འཇམ་བསྟན་ལ་གདམས་པའི་གླུ་ཐུང་དངུལ་དཀར་གྱི་རྣ་ཆ་བཞུགས་སོ། །བླ་མ་རྣམས་ལ་གསོལ་བ་འདེབས། །བདག་རྒྱུད་གྲོལ་བར་བྱིན་གྱིས་རློབས། །ལས་སྨོན་སྐལ་བཟང་སྐྱེས་བུ་ཁྱོད། །ད་རེས་དལ་འབྱོར་མི་ལུས་ཐོབ། །འདི་ཡང་རྨི་ལམ་གནས་སྐབས་ཙམ། །འཆི་བ་སྙིང་ནས་དྲན་པར་མཛོད། །འདུས་བྱས་སྣང་བ་སྒྱུ་མ་ཙམ། །སྒོ་གསུམ་དགེ་ལ་དྲིལ་བར་མཛོད། །ལས་འབྲས་རྣམ་སྨིན་བསླུ་མི་སྲིད། །འཁོར་བ་སྡུག་བསྔལ་ཡོ་ལངས་ཡིན། །འདི་ལས་ཐར་པ་དོན་གཉེར་མཛོད། །ཚེ་འདིའི་དོན་དུ་འབད་འབད་ཀྱང་། །སྒྱུ་མ་རྨི་ལམ་ཅི་བཞིན་དུ། །སྙིང་པོ་མེད་པའི་ཚུལ་ལ་ལྟོས། །ཕྱུག་དང་ཐོབ་ཐང་དབང་ཆེ་ཡང་། །འཆི་བའི་དུས་ལ་བབས་པའི་ཚེ། །སྡུག་བསྔལ་སེམས་ལ་བཏགས་བཞིན་དུ། །མི་འདོད་ངན་སོང་གླིང་དུ་འཁྱམས། །དེ་དུས་སྐྱབས་དང་སྐྱོབ་པ་མེད། །རང་མགོ་འདོན་ཐབས་ཞིག་ལ་རེམ། །དབེན་པའི་གནས་བཟུང་བསྒོམ་བསྒྲུབ་འབུང་། །ངར་འཛིན་འཁྲུལ་པའི་ཕུང་པོ་འདི། །གཞི་རྩ་བྲལ་བའི་ཚུལ་ལ་ལྟོས།གཅེས་འཛིན་ཞེན་པ་ཆོད་ལ་ཞོག།མིང་དུ་གདགས་པའི་ཆོས་སོ་ཅོག།མ་གྲུབ་སྟོང་པའི་རང་བཞིན་ལ། །དངོས་པོར་སྣང་བའི་སྣོད་དང་བཅུད། །སྒྱུ་མ་དང་ནི་རྨི་ལམ་གྱིས། །ངང་ཚུལ་དང་མཚུངས་ཤེས་པས་སྤྱོད། །ལྷ་འདྲེ་དགེ་སྡིག་ཕན་གནོད་ཡུལ། །མེད་དང་མ་གྲུབ་སྟོང་པ་ཉིད། །འཁོར་འདས་གནས་ཡུལ་ཐམས་ཅད་ཀུན། །རང་སྣང་རང་ལ་ཤར་ཙམ་ལས། །མ་གྲུབ་སྟོང་པའི་ངང་ཚུལ་ཀུན། །སོ་སོར་རྟོག་པའི་ཤེས་རབ་ཀྱིས། །གཏིང་དཔག་དོན་གྱིས་ཤེས་པར་མཛོད། །བདག་ཉིད་གཅིག་པུའི་མ་རིག་པས། །ཕུང་བོ་ལྔ་བསླང་ཡེ་ཤེས་བསྒྲིབས། །སྣང་བ་སྒྱུ་མའི་འཕྲུལ་བཞིན་སྤེལ། །སེམས་དང་སེམས་བྱུང་རྟོག་པ་ཡིས། །མེད་པ་ཡོད་འཛིན་ཨ་འཐས་འཕྱང་། །ཁམས་གསུམ་འཁོར་བའི་འཁོར་ལོ་བསྐོར། །བདེ་སྡུག་ཆུ་ཡི་གཉེར་བཞིན་སྣང་། །ཀུན་གཞིའི་རྣམ་ཤེས་དྭངས་གསལ་ཀློང་། །དཔེར་ན་རྒྱ་མཚོའི་གཟའ་སྐར་བཞིན། །འདོད་ཡོན་ལྔ་ཡི་སྣང་བ་ཤར། །དེ་དོན་ཤེས་མཛོད་སྐལ་ལྡན་བུ། །འཁོར་འདས་ཐམས་ཅད་སྟོང་པ་ཉིད། །སྟོང་ཉིད་ཀུན་གྱི་ངོ་བོ་སྟེ། །ངོ་བོ་གཞི་ཡི་ཆོས་ཉིད་དེ། །ཆོས་ཉིད་ནམ་མཁའི་རང་བཞིན་ཡིན། །དེ་ཤེས་དེ་རྟོགས་དེ་རིག་པ། །རྫོགས་པའི་སངས་རྒྱས་ཀུན་གྱི་གསུངས། །ལྟ་བ་ནམ་མཁའ་རྒྱ་ཡན་ཡིན། །ནམ་མཁའ་མངོན་གྱུར་རིག་པའི་མཁའ། །མཚན་མ་ཚིག་བྲལ་ཟང་མ་ཐལ། །སྤྲོས་པའི་མཐའ་བརྒྱད་དང་བྲལ་ཞིང་། །རྣམ་ཐར་བརྒྱད་ལྡན་སྟོང་པ་ཉིད། །འདི་ནི་རིག་པའི་ཡེ་ཤེས་ཏེ། །ངོ་བོ་སྟོང་པ་ཁྱབ་གདལ་དབྱིངས། །འདི་ནི་རྒྱལ་བ་ཀུན་གྱི་ཐུགས། །རང་བཞིན་སྐུ་དང་ཡེ་ཤེས་གདངས། །གསལ་ལ་མ་འགགས་ཐབས་ཤེས་སྒོ། །ས་ལམ་འབྲས་བུ་གཅིག་ཆར་རྫོགས། །འདི་ནི་རྒྱལ་ཀུན་གསུང་གི་དབྱིངས། །ཀུན་ཁྱབ་ཀུན་གཟིགས་ཀུན་ཏུ་སྣང་། །རླུང་སེམས་དབུ་མ་ཆེན་པོར་ཆུད། །ཀུན་ཏུ་རྟོག་པ་ཐམས་ཅད་ཟད། །ཡེ་རིག་ཡེ་ཤེས་གོ་མ་འགགས། །འདི་ནི་རྒྱལ་ཀུན་སྐུ་ཡི་དབྱིངས། །གསང་བ་སྐུ་གསུང་ཐུགས་མཆོག་ནི། །རྫོགས་པ་ཆེན་པོའི་ཆོས་ཉིད་ཡིན། །མདོར་ན་དུས་དང་རྣམ་པ་ཀུན། །ལྟ་བའི་སྟངས་དང་སྒོམ་པའི་གདིང་། །སྤྱོད་པ་འབྱོལ་ཉོག་མ་ཤོར་བ། །རྣལ་འབྱོར་རྣམས་ཀྱི་ཉམས་ལེན་ཡིན། །ཤེས་པ་དང་པོ་མ་དག་པའི། །སྙིགས་མ་འཁོར་བའི་སྣང་བར་མཆེད། །འདི་ཉིད་དྭངས་མ་འོད་གསལ་དུ། །གོ་འཕོས་འཕོ་བ་ཆེན་པོའི་ལམ། །མངོན་གྱུར་ཙམ་ནས་ས་ལམ་འབྲས། །སྦྱང་བགྲོད་ཐོབ་ལེན་མེད་པ་རུ། །བརྒལ་བ་ཐོག་ཕེབས་ཐོད་རྒལ་ལམ། །སྒོ་གསུམ་བྱ་བ་ཀུན་བཏང་ནས། །བྱར་མེད་ངང་དུ་གནས་གྱུར་པའི། །ལས་དང་སྐལ་བ་ཞིག་ལྡན་ན། །མཚན་མའི་དྭངས་མ་འོད་གསལ་ཆོས། །མཚན་མེད་ཆོས་ཉིད་ཀ་དག་ཏུ། །ཟད་པའི་ཆོས་སྐུ་ཀུན་བཟང་པོར། །མངོན་སངས་རྒྱས་པར་ཐག་མི་རིང་། །བདེ་མོ་སྐྱིད་པོ་གཞན་མ་འཚོལ། །གཏན་དུ་བདེ་བ་འདི་དོན་གཉེར། །གཞན་གྱིས་འདི་ཕྱིར་ཁ་ད་དང་། །བསྐུལ་མི་མེད་དེ་རང་ཚོད་ཟུངས། །མར་མེ་མཛད་ཀྱི་ལུང་བསྟན་ཡིན། །ཤཱཀྱ་ཐུབ་པའི་ཐུགས་བཅུད་ཡིན། །བྱམས་པ་མགོན་པོའི་ཞལ་གདམས་ཡིན། །རྡོ་རྗེ་འཆང་གི་སྙིང་ཐིག་ཡིན། །ཀུན་ཏུ་བཟང་པོ་དངོས་ཡིན་གྱི། །ཉམས་སུ་ལོངས་ཤིག་སྐལ་ལྡན་བུ། །ཞེས་སློབ་བུ་འཇམ་བསྟན་གྱིས་བསྐུལ་ངོར་མི་རྒན་བདུད་འཇོམས་རྡོ་རྗེས་སྨྲས་པའོ། །དགེའོ། །སརྦ་མངྒ་ལཾ། །། །