TTDL-ZABTER-01-KA-028

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-01-KA-028
Wylie title TTDL-ZABTER-01-KA-028.pdf
Location bdud 'joms gling pa zab gter
Volume 1, Text 28, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་བསྐང་བ་ཚངས་པའི་སྒྲ་དབྱངས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠༠བརྡ་ཡིག༢༧༡༔ གསང་སྔགས་ཟབ་མོ་ཉམས་ལེན་པའི༔ སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་གྱི༔ དམ་ཚིག་ཉམས་ཆག་བསྐང་བའི་ཕྱིར༔ ལོངས་སྤྱོད་ཚོགས་ཀྱི་འཁོར་ལོ་ལ༔ བརྟེན་ནས་བསྐང་བཤགས་འདིར་བརྩོན་བྱ༔ ཨོཾ་ཨཱཿཧཱུྃ༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་སོགས༔ ཁཾ་སྭཱ་ཧཱ༔ ལན་གསུམ་ཚང་བར་བརྗོད་མཐར༔ ཨོཾ་ཨཱཿཧཱུྃ༔ མི་མཇེད་འཇིག་རྟེན་བྱེ་བ་ཕྲག་བརྒྱ་རུ༔ སྣོད་བཅུད་འདོད་ཡོན་ལོངས་སྤྱོད་ཐམས་ཅད་ཀུན༔ བློ་ཡིས་བླངས་ཏེ་མཆོད་པའི་སྤྲིན་དུ་དམིགས༔ རྩ་གསུམ་རྒྱ་མཚོའི་ཐུགས་དམ་བསྐང་ཕྱིར་འབུལ༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་ཆེན་པོ་རུ༔ སེམས་དང་སེམས་བྱུང་རྒྱུ་འབྲས་འཐས་པ་ལས༔ འབྱུང་བའི་ཚོགས་ཡུལ་འདོད་ཡོན་རང་བྱུང་བ༔ རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐང་ཕྱིར་འབུལ༔ ཧཱུྃ་ཧྲཱིཿའོག་མིན་བརྡལ་ཁྱབ་ཆེན་པོའི་ཕོ་བྲང་ནས༔ ཆོས་སྐུ་ཀུན་བཟང་ཡབ་ཡུམ་ཐུགས་དམ་བསྐང་༔ ལྷུན་གྲུབ་བཀོད་པ་རབ་རྫོགས་གཞལ་ཡས་ནས༔ ལོངས་སྐུ་རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་༔ གཞོན་ནུ་བུམ་པ་སྐུ་ཡི་དཀྱིལ་འཁོར་ནས༔ སྤྲུལ་སྐུ་དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་༔ ཆོས་ཉིད་བདེ་ཆེན་རོལ་པའི་དཀྱིལ་འཁོར་ནས༔ རིག་འཛིན་ཤྲཱི་སེང་ཧའི་ཐུགས་དམ་བསྐང་༔ རྔ་ཡབ་པདྨ་འོད་ཀྱི་གཞལ་ཡས་ནས༔ རིག་འཛིན་པདྨ་འབྱུང་གནས་ཐུགས་དམ་བསྐང་༔ མཁའ་དབྱིངས་བདེ་བ་ཆེན་པོའི་ཕོ་བྲང་ནས༔ མ་གཅིག་ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་༔ སྒྲུབ་པའི་གནས་མཆོག་གསང་ཆེན་དཀྱིལ་འཁོར་དུ༔ གྲུབ་ཆེན་རྗེ་འབངས་ཉེར་ལྔའི་ཐུགས་དམ་བསྐང་༔ རང་སྣང་རྣམ་པར་དག་པའི་ཕོ་བྲང་ནས༔ དྲིན་ཆེན་རྩ་བའི་བླ་མའི་ཐུགས་དམ་བསྐང་༔ ཧཱུྃ་ཧྲཱིཿའཁོར་འདས་དག་མཉམ་ཆེན་པོའི་གཞལ་ཡས་ནས༔ དྲག་པོ་བདེ་ཆེན་རྒྱལ་པོའི་ཐུགས་དམ་བསྐང་༔ ནམ་མཁའ་རྣམ་པར་དག་པའི་མཁའ་དབྱིངས་སུ༔ སྦྱོར་སྒྲོལ་ཡུམ་ཆེན་མཁའ་འགྲོའི་ཐུགས་དམ་བསྐང་༔ དྲག་པོ་སྐུ་ཡི་དཀྱིལ་འཁོར་ཆེན་པོ་ནས༔ སྒྱུ་འཕྲུལ་གསང་ཆེན་ལྷ་ལྔའི་ཐུགས་དམ་བསྐང་༔ ཞེ་སྡང་གཟུགས་ཀྱིས་ཞེ་སྡང་འཇོམས་མཛད་དཔལ༔ རྡོ་རྗེ་དྲག་རྩལ་འཁོར་བཅས་ཐུགས་དམ་བསྐང་༔ ང་རྒྱལ་གཟུགས་ཀྱིས་ང་རྒྱལ་འཇོམས་མཛད་དཔལ༔ རཏྣ་དྲག་རྩལ་འཁོར་བཅས་ཐུགས་དམ་བསྐང་༔ འདོད་ཆགས་གཟུགས་ཀྱིས་འདོད་ཆགས་འཇོམས་མཛད་དཔལ༔ པདྨ་དྲག་རྩལ་འཁོར་བཅས་ཐུགས་དམ་བསྐང་༔ ཕྲག་དོག་གཟུགས་ཀྱིས་ཕྲག་དོག་འཇོམས་མཛད་དཔལ༔ ཀརྨ་དྲག་རྩལ་འཁོར་བཅས་ཐུགས་དམ་བསྐང་༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་ཆེན་པོ་ནས༔ རིག་འཛིན་ཧཱུྃ་ཆེན་ཀཱ་རའི་ཐུགས་དམ་བསྐང་༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་ཆེན་པོ་ནས༔ རིག་འཛིན་མཉྫུ་མི་ཏྲའི་ཐུགས་དམ་བསྐང་༔ པདྨ་གསུང་གི་དཀྱིལ་འཁོར་ཆེན་པོ་ནས༔ རིག་འཛིན་ནཱ་གརྫུ་ནའི་ཐུགས་དམ་བསྐང་༔ ཕུར་པ་ཕྲིན་ལས་དཀྱིལ་འཁོར་ཆེན་པོ་ནས༔ རིག་འཛིན་པྲ་ཆེན་ཧསྟིའི་ཐུགས་དམ་བསྐང་༔ མ་མོ་རྦོད་གཏོང་དཀྱིལ་འཁོར་ཆེན་པོ་ནས༔ རིག་འཛིན་དྷ་ན་སཾསྐྲྀའི་ཐུགས་དམ་བསྐང་༔ བླ་མ་རིག་འཛིན་འདུས་པའི་དཀྱིལ་འཁོར་ནས༔ བི་མ་མི་ཏྲ་ཡབ་ཡུམ་ཐུགས་དམ་བསྐང་༔ མཆོད་བསྟོད་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ རིག་འཛིན་རམ་བུ་གུ་ཧྱའི་ཐུགས་དམ་བསྐང་༔ མངོན་སྤྱོད་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ རིག་འཛིན་ཤཱནྟིཾ་གརྦྷའི་ཐུགས་དམ་བསྐང་༔ ཕྲིན་ལས་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ དབང་ཕྱུག་ཉེར་བརྒྱད་འཁོར་བཅས་ཐུགས་དམ་བསྐང་༔ ཚད་མེད་རྣམ་བཞིས་འགྲོ་བ་གནས་ནས་འདྲེན༔ ཡེ་ཤེས་སྒོ་མ་བཞི་ཡི་ཐུགས་དམ་བསྐང་༔ གཞལ་ཡས་ཆེན་པོའི་ཕྱི་རིམ་ཁོར་ཡུག་ཏུ༔ བཀའ་སྐྱོང་དྲེགས་པ་རྒྱ་མཚོའི་ཐུགས་དམ་བསྐང་༔ ཐུགས་དམ་གཉན་པོ་བསྐང་བའི་དམ་རྫས་ནི༔ ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་ཐུགས་དམ་བསྐང་༔ གཟུགས་སྒྲ་དྲི་རོ་རེག་བྱས་ཐུགས་དམ་བསྐང་༔ ནང་མཆོད་སྨན་གཏོར་རཀྟས་ཐུགས་དམ་བསྐང་༔ སྦྱོར་སྒྲོལ་ཏ་ན་ག་ནས་ཐུགས་དམ་བསྐང་༔ འདོད་ཡོན་ལོངས་སྤྱོད་ཚོགས་ཀྱིས་ཐུགས་དམ་བསྐང་༔ བསྐང་གྱུར་དབང་དང་དངོས་གྲུབ་སྩལ་དུ་གསོལ༔ ཧོཿགསོན་ཅིག་དགོངས་ཤིག་རྩ་གསུམ་དམ་ཅན་རྣམས༔ བདག་ནི་མ་རིག་འཁྲུལ་པའི་དབང་གྱུར་ཏེ༔ སོ་ཐར་བྱང་སེམས་གསང་སྔགས་ཟབ་མོ་ཡི༔ སྡོམ་དང་བསླབ་པ་དམ་ཚིག་ཐམས་ཅད་དང་༔ ཉམས་ཆག་འགལ་འཁྲུལ་ནོངས་པ་ཅི་མཆིས་ཀུན༔ འགྱོད་སེམས་དྲག་པོའི་ཤུགས་ཀྱིས་དྲན་བྱས་ཏེ༔ མི་འཆབ་མི་སྦེད་སྙིང་ནས་བཤགས་པར་བགྱི༔ ལུས་དང་ལོངས་སྤྱོད་དགེ་རྩ་ཐམས་ཅད་ཀུན༔ མ་ལུས་ལུས་པ་མེད་པར་འབུལ་ཏེ་བཤགས༔ ཕྱིན་ཆད་སྲོག་གི་ཕྱིར་ཡང་མི་འགལ་སྡོམ༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གནད་དུ་བསྣུན༔ དེ་ཕྱིར་ཚེ་རབས་སྐྱེ་བའི་ཕྲེང་བ་ཀུན༔ ལྷ་མཆོག་ཁྱོད་ཀྱིས་རྗེས་སུ་བཟུང་དུ་གསོལ༔ ཉམས་པ་སོར་ཆུད་འགལ་བ་འདུམ་པ་དང་༔ འཁྲུལ་པ་ལས་གྲོལ་དག་པའི་ས་ལ་སྐྱོལ༔ མཆོག་དང་ཐུན་མོང་དངོས་གྲུབ་མྱུར་སྩོལ་ཞིང་༔ འཇའ་ལུས་འཕོ་བ་ཆེན་པོར་དབུགས་འབྱིན་མཛོད༔ སྣང་སེམས་འཁྲུལ་པའི་འཁོར་ལོའི་འཕྱངས་པ་ཀུན༔ ཀ་དག་ཆོས་སྐུའི་དགོངས་པར་འུབ་ཆུབ་རོལ༔ ཡི་གེ་བརྒྱ་པ་ཚང་བར་བརྗོད༔ དེ་ཡིས་ཉམས་ཆག་ཀུན་བསྐང་ནས༔ རྣམ་མཁྱེན་ཡང་དག་ས་ལ་སྦྱོར༔ འདི་ནི་གནད་ཀྱི་ཡང་ཞུན་ཏེ༔ ལྷ་ཆེན་ཚོགས་ཀྱི་བདག་པོ་དང་༔ གནོད་སྦྱིན་ཤན་པ་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་གྲོ་ལོད་ཀྱིས་གཏེར་ནས་བཏོན་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཀ་དག་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཆོས་ཉིད་ནམ་མཁའི་རྡོ་རྗེས་སོ།།དགེའོ།།དགེའོ།།དགེའོ།།།།