TTDL-ZABTER-09-TA-004

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-09-TA-004
Wylie title TTDL-ZABTER-09-TA-004.pdf
Location bdud 'joms gling pa zab gter
Volume 9, Text 4, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༣༥ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ དྲང་སྲོང་གཟའ་བདུད་རླུང་ཞོན་ནག་པོའི་རྦད་པ་གནམ་ལྕགས་ཐོག་མདའ་བཞུགས་སོ༔

ན་མོ་གུ་རུ་བཛྲ་པ་ཎི་ཡེ༔ ༠༠༠༠༠བརྡ་ཡིག༣༥རང་ཉིད་ལྷ་ཡི་ང་རྒྱལ་དང་ལྡན་པས༔ རྦད་པ་གནམ་ལྕགས་ཐོག་མདའ་འདི་བརྗོད་བྱ༔

ཧཱུྃ་ཀྵ༔ ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ རླུང་གི་འཁོར་ལོའི་རྩིབས་བརྒྱད་སྟེང་༔ ཕྱག་ན་རྡོ་རྗེའི་བཀའ་ཉན་ཅིང་༔ གསང་ཆེན་བསྟན་པའི་བྱ་ར་བ༔ མཐུ་སྟོབས་མངའ་བདག་རཱ་ཧུ་ལ༔ ཁྱེད་ཀྱི་དམ་ཚིག་དུས་ལ་བབ༔ རྦད་དོ་བསྟན་པའི་དགྲ་ལ་རྦད༔ ཆོས་ཤིག་སྡང་བའི་དགྲ་ལ་ཆོས༔ དགྲ་ཡུལ་ཐན་གྱིས་གང་བར་གྱིས༔ ཛཿརྩུབ་འགྱུར་ཚལ་གྱི་དུར་ཁྲོད་དུ༔ ཨེ་ཀ་ཛ་ཏིའི་བཀའ་ཉན་ཅིང་༔ རྫོགས་ཆེན་བསྟན་པའི་སྲུང་མ་ཆེ༔ སྡེ་བརྒྱད་འདུས་པའི་དྲག་རྩལ་ཅན༔ རྦད་དོ་དམ་ཚིག་གཉན་གྱིས་རྦད༔ མཐུ་རྩལ་དྲག་པོའི་སྟོབས་ཤུགས་བསྐྱེད༔ ཆོས་ཤིག་བརྣག་པའི་དགྲ་ལ་ཆོས༔ ལྟས་ངན་ཕུང་འགྱེད་དགྲ་ལ་ཐོངས༔ ཛཿཁྲག་ཞག་རྦ་ཀློང་འཁྲུགས་པ་ཡི༔ དུག་གི་རྒྱ་མཚོ་ཆེན་པོའི་ཀློང་༔ པདྨ་འབྱུང་གནས་བཀའ་ཉན་ཅིང་༔ ཟབ་གསང་གཉན་གྱི་སྲུང་མ་ཆེ༔ གཟའ་བདུད་དུག་གི་སྤུ་གྲི་ཁྱོད༔ ལྷ་སྲིན་དྲེགས་པའི་སྡེ་ཚོགས་དང་༔ སྣང་སྲིད་ལྷ་འདྲེའི་དཔུང་དང་བཅས༔ རྦད་དོ་དམ་ཚིག་གཉན་གྱིས་རྦད༔ ཆོས་ཆོས་སྡང་བའི་དགྲ་ལ་ཆོས༔ ཡིད་ལ་བརྣག་པའི་དགྲ་བོ་ལ༔ མི་སྡུག་རྟགས་དང་ཆོ་འཕྲུལ་སྟོན༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོས༔ གསང་སྔགས་ཟབ་མོ་ལྷུར་ལེན་ཅིང་༔ དམ་ཚིག་གཉན་པོ་དཔང་བཙུག་ནས༔ གྲོགས་སུ་བསྟན་སྲུང་ཁྱོད་བསྟེན་གྱིས༔ རྦད་པའི་ལས་ལ་རྩལ་མ་ཞན༔ དོ་ནུབ་བརྣག་པའི་དགྲ་བོ་ལ༔ མངོན་སྤྱོད་དྲག་པོའི་ལས་མཛོད་ཅིག༔ ཧཱུྃ་ཛཿགཟའ་བདུད་འཁོར་བཅས་དགོངས་སུ་གསོལ༔ དམ་ཚིག་གཉན་པོ་དྲན་མཛོད་ཅིག༔ དང་པོ་སྤྱི་དཔལ་ཆེན་པོའི་བཀའ༔ བར་དུ་ཕྱག་ན་རྡོ་རྗེའི་དམ༔ ཐ་མ་རིག་འཛིན་བརྒྱུད་པའི་ཚིག༔ རྣལ་འབྱོར་བདག་གི་དཔང་དུ་བཙུག༔ བསྟན་སྲུང་གཉན་པོ་བསྒྲུབ་པའི་གཏའ༔ མ་འདའ་མ་གཡེལ་མ་འགྱང་བར༔ མྱུར་མགྱོགས་མཐུ་དང་རྩལ་ཤུགས་ཕྱུངས༔ སྡང་བའི་དགྲ་ལ་དྲག་ཏུ་རྒྱུག༔ ཛཿགཟའ་མཆོག་ཆེན་པོ་དགྲ་ལ་རྦད༔ ཁ་རླངས་དུག་གི་སྤུ་གྲིས་ཐོབས༔ ཟོར་སྲིན་དཀར་མོ་དགྲ་ལ་རྦད༔ བམ་སྲིན་ནག་མོ་དགྲ་ལ་རྦད༔ ཀོང་སྲིན་ཆེན་མོ་དགྲ་ལ་རྦད༔ འབྲོག་སྲིན་རྒྱལ་མོ་དགྲ་ལ་རྦད༔ སྤྲུལ་བའི་གཟའ་བརྒྱད་དགྲ་ལ་རྦད༔ རྒྱུ་སྐར་ཉེར་བརྒྱད་དགྲ་ལ་རྦད༔ ལྷ་སྲིན་སྡེ་བརྒྱད་དགྲ་ལ་རྦད༔ སྣང་སྲིད་ལྷ་འདྲེ་དགྲ་ལ་རྦད༔ ནད་མུག་མཚོན་འཁྲུགས་སྣ་ཚོགས་ཐོངས༔ ནང་འཁྲུགས་ཕུང་འགྱེད་བྱེད་དུ་ཆུག༔ འབྱུང་བ་བཞི་ཡིས་འཇིགས་པ་ཕོབས༔ ཐན་དང་ལྟས་ངན་ཡེ་འདྲོག་སོགས༔ མི་སྡུག་རྟགས་དང་ཆོ་འཕྲུལ་སྟོན༔ བཟླས་པ་སྔགས་ཀྱིས་དྲག་ཏུ་རྦད༔ ཆོས་ཉིད་བདེན་པ་མ་བསླུ་ཞིག༔ རྒྱུ་འབྲས་ཟབ་མོ་ཆུད་མ་ཟ༔ རྣལ་འབྱོར་བདག་ཀྱང་ཡི་མ་བཅད༔ དམ་ཅན་སྲུང་མ་དམ་ལ་འདུས༔ མ་གཡེལ་མ་འགྱངས་མཐུ་རྩལ་ཕྱུངས༔ བཅོལ་བའི་ཕྲིན་ལས་མྱུར་འགྲུབ་མཛོད༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཏྲི་དུ་མ་བྷྱོ༔ ས་མ་ཡ་དགྲ་ལ་རྦད༔ འདི་ནི་གནད་ཀྱི་ཡང་ཞུན་དམ་པ་ཡིན༔ མི་ཚིག་དག་གིས་བར་མ་ཆོད་ལ་དང་༔ སྟན་གྱི་དྲོད་མི་ཉམས་པར་བཟླ་བར་བྱ༔ རྦད་རྟགས་མ་བྱུང་བར་དུ་དེ་ཁོ་ནའོཿབཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་གྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་གཏན་ལ་ཕབ་པའི་ཡི་གེ་པ་ནི་མི་བསྐྱོད་ནམ་མཁའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།།།