TTDL-ZABTER-01-KA-024

From Dudjom Wiki
Revision as of 09:43, 4 June 2024 by Jeremi (talk | contribs)

TTDL-ZABTER-01-KA-024
Wylie title TTDL-ZABTER-01-KA-024.pdf
Location bdud 'joms gling pa zab gter
Volume 1, Text 24, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠༠༠༠༠བརྡ་ཡིག༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་སྒྲུབ་སྐོར་ལས་བརྒྱུད་པའི་གསོལ་འདེབས་དངོས་གྲུབ་བུམ་བཟང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག་༢༢༩༔ བླ་མ་རྒྱལ་བ་སྲས་དང་བཅས༔ རྩེ་གཅིག་ཡིད་ལ་དྲན་བྱས་ནས༔ མོས་གུས་དྲག་པོའི་གདུང་ཤུགས་ཀྱིས༔ གསོལ་བ་འདེབས་པའི་ཚིག་འདི་བརྗོད༔ ཨོཾ་ཨཱཿཧཱུྃ༔ ཆོས་སྐུའི་སྟོན་པ་ཀུན་བཟང་ཡབ་ཡུམ་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ ལོངས་སྤྱོད་རྫོགས་སྐུ་རིགས་ལྔ་གངས་ཆེན་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ རིག་འཛིན་ཆེན་པོ་ཤྲཱི་སེང་ཧ་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ སྣང་སྲིད་ཟིལ་གནོན་པདྨ་འབྱུང་གནས་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ མ་གཅིག་དྷཱ་ཀི་ཡེ་ཤེས་མཚོ་རྒྱལ་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ གྲུབ་པའི་རིག་འཛིན་རྗེ་འབངས་ཉེར་ལྔ་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་བླ་མ་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རོལ་པ་རུ༔ གནས་དག་སྨིན་གྲོལ་བྱིན་གྱིས་བརླབ་ཏུ་གསོལ༔ ཧེ་རུ་ཀ་དཔལ་བདེ་ཆེན་རྒྱལ་པོ་དང་༔ སྦྱོར་སྒྲོལ་བདེ་སྟོབ་གསང་བའི་ཡུམ་མཆོག་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ རིགས་ཀྱི་བདག་པོ་སྣང་བ་མཐའ་ཡས་དང་༔ ལོངས་སྤྱོད་རྫོགས་སྐུ་ཐུགས་རྗེའི་གཏེར་ཆེན་པོར༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ དུག་ལྔ་དབྱིངས་སྒྲོལ་ཁྲག་འཐུང་རིགས་ལྔ་དང་༔ གྲུབ་པའི་ཧེ་རུ་ཀ་པ་རིག་འཛིན་བརྒྱད༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ ཡེ་ཤེས་ཁྲོ་བཅུ་ཡབ་ཡུམ་ཟ་གསོད་སྲས༔ དབང་ཕྱུག་ཉེར་བརྒྱད་ཕྲིན་ལས་སྒོ་སྐྱོང་བཅས༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ གཞན་ཡང་རིག་འཛིན་རྡོ་རྗེ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཞག་དམ་ཅན་རྒྱ་མཚོ་ལ༔ གསོལ་བ་འདེབས་སོ་མཆོག་གི་དངོས་གྲུབ་སྩོལ༔ དེ་ལྟར་གསོལ་བ་བཏབ་པའི་མཐུ་བྱིན་གྱིས༔ བདག་ཅག་སྒྲུབ་མཆོག་མཆེད་ལྕམ་ཕོ་མོའི་ཚོགས༔ ཡང་གསང་བླ་མེད་སྒྲུབ་པའི་དཀྱིལ་འཁོར་འདིར༔ བརྟེན་ནས་ཡེ་ཤེས་སྒྱུ་མའི་སྐུ་བརྙེས་ཤིང་༔ སྣང་སེམས་འཁྲུལ་འཁོར་རྨི་ལམ་ལས་སད་ལྟར༔ ཆོས་ཉིད་དེ་བཞིན་ཉིད་དུ་བྱང་ཆུབ་ཤོག༔ ས་མ་ཡ༔ སྒྲུབ་ཚེ་དུས་གསུམ་འདིར་བརྩོན་ན༔ ཕྱི་ནང་བར་ཆད་ཀུན་ལས་གྲོལ༔ ཡང་དག་ལམ་དུ་འཇུག་འགྱུར་རོ༔ བཀའ་སྲུང་ཁྱབ་འཇུག་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཆོས་ཉིད་ནམ་མཁའི་རྡོ་རྗེའོ།།དགེའོ།།དགེའོ།།དགེའོ།།།།