TTDL-ZABTER-07-JA-050

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-07-JA-050
Wylie title TTDL-ZABTER-07-JA-050.pdf
Location bdud 'joms gling pa zab gter
Volume 7, Text 50, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠བརྡ་ཡིག༥༩༡མཁའ་འགྲོ་གསང་བའི་གབ་ཐིག་ལས༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་དབང་ཆོག་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠༠བརྡ་ཡིག༥༩༡མཁའ་འགྲོའི་དབང་ཆོག་ཟབ་མོ་ལ༔ བུམ་པ་མཚན་ལྡན་སྐུ་ཡི་རྟེན༔ བྷནྡྷ་བདུད་རྩི་གསུང་གི་རྟེན༔ རྨ་བྱ་མེ་ལོང་ཐུགས་ཀྱི་རྟེན༔ འཇའ་ཤེལ་གསལ་བ་བཞི་པའི་དབང་༔ ཚུལ་བཞིན་དཀྱིལ་འཁོར་མཚན་ལྡན་དུ༔ བཀོད་ཅིང་སྒྲུབ་པའི་གཞུང་དུ་འཇུག༔ བསྙེན་དང་སྒྲུབ་པ་ལས་སྦྱོར་བསྐྱར༔ དེ་མཐར་སློབ་མ་གྲལ་དུ་འཁོད༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སེམས་ཕོག་ནས་མཎྜལ་འབུལ༔ དེ་ལ་གསོལ་བ་གདབ་པ་ལ༔ ཀྱཻ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ སྤྱི་གཟུགས་བླ་མ་མཆོག་ཁྱེད་ཀྱི༔ བདག་ཅག་སྐལ་ལྡན་བུ་རྣམས་ལ༔ ཡེ་ཤེས་མཁའ་འགྲོའི་དབང་བསྐུར་སྩོལ༔ ལན་གསུམ་མཐར༔ སློབ་དཔོན་གྱིས༔ ཀྱཻ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ ཐར་བ་དོན་དུ་གཉེར་འདོད་ཅིང་༔ སྒྲུབ་པ་ལྷུར་ལེན་བྱེད་ནུས་ན༔ དབང་མཆོག་ཟབ་མོ་བསྐུར་བགྱིའོ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགསཀོ྅་ཧཾ༔ དེས་སློབ་མའི་སྒོ་གསུམ་སྟོང་པར་སྦྱངས༔ གཟུང་བ་དང་འཛིན་པས་བསྡུས་པའི་ཆོས་ཐམས་ཅད་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་སོགས༔ གཞུང་གི་ལྷ་བསྐྱེད་ཀྱིས་སློབ་མ་ལྷར་གསལ༔ སྤྱན་འདྲེན་གྱིས་ཡེ་ཤེས་པ་དབབ་བསྟིམ་བྱ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ རིག་པའི་མེ་ཏོག་འབུལ་བ་ལ༔ ཧཱུྃ༔ སྔོན་ནས་ལས་འབྲེལ་གང་ཡིན་གྱི༔ ལྷག་པའི་ལྷ་ལ་དབབ་པར་ཤོག༔ པུཥྤེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱས་མེ་ཏོག་འཐོར༔ དེ་ནས་མིག་དར་བསལ་བ་ནི༔ ཧོཿཡེ་ཤེས་སྣང་བ་སྒྲིབ་བྱེད་ཀྱི༔ མ་རིག་ལིང་ཐོག་དྲི་མ་བསལ༔ ཛྙཱ་ན་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ༔ ཀྱིས་བསལ་ཏེ༔ རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་རྟེན་དང་བརྟེན་པར་བཅས་པ་ཐམས་ཅད་མངོན་དུ་གྱུར་པར་བསམ་ལ༔ དེ་ནས་བུམ་པ་ཐོགས་ཏེ༔ བུམ་པ་ཆོས་དབྱིངས་བརྡལ་ཁྱབ་ཀློང་༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ལུས་དང་རྩ་ཡི་སྒྲིབ་པ་དག༔ བུམ་པ་སྐུ་ཡི་དབང་ཐོབ་སྟེ༔ སྤྲུལ་པའི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཡེ་ཤེས་མཚོ་རྒྱལ་གྱི་སྐུ་གཏད་ལ༔ ཧོཿཆོས་སྐུའི་ཞིང་ན་ཀུན་བཟང་མོ༔ ལོངས་སྐུའི་ཞིང་ན་ཝ་ར་ཧི༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་ཡི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་མཆོག་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རྡོ་རྗེ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿདུས་གསུམ་རྒྱལ་བའི་ཐུགས་གསང་མཛོད༔ རྡོ་རྗེ་མཁའ་འགྲོས་དབང་བསྐུར་རོ༔ མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི༔ ཆོས་ཉིད་རང་ཞལ་མངོན་གྱུར་ཤོག༔ ཧ་བཛྲ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་རཏྣ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿརྒྱལ་བ་ཀུན་གྱི་ཡོན་ཏན་གཏེར༔ རཏྣ་མཁའ་འགྲོས་དབང་བསྐུར་རོ༔ མཉམ་པ་ཉིད་ཀྱི་ཡེ་ཤེས་ཀྱི༔ འཁོར་འདས་དག་མཉམ་གདིང་ཐོབ་ཤོག༔ རི་རཏྣ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་པདྨ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿརྒྱལ་ཀུན་གསུང་གསང་འདུས་པ་སྟེ༔ པདྨ་མཁའ་འགྲོས་དབང་བསྐུར་རོ༔ སོ་སོར་རྟོག་པའི་ཡེ་ཤེས་ཀྱི༔ ཀུན་མཁྱེན་ཀུན་གཟིགས་དབང་ཐོབ་ཤོག༔ ནི་པདྨ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཀརྨ་མཁའ་འགྲོའི་སྐུ་གཏད་ལ༔ ཧོཿརྒྱལ་ཀུན་ཕྲིན་ལས་མངའ་མཛད་མ༔ ཀརྨ་མཁའ་འགྲོས་དབང་བསྐུར་རོ༔ བྱ་བ་གྲུབ་པའི་ཡེ་ཤེས་ཀྱི༔ རབ་འབྱམས་ཕྲིན་ལས་དབང་ཐོབ་ཤོག༔ ས་ཀརྨ་ཌཱཀྐི་ནཱི་ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་བྷནྡྷ་བདུད་རྩི་ཐོགས་ལ༔ ཧོཿལྷུན་གྲུབ་དབྱིངས་ཀྱི་བྷནྡྷ་རུ༔ མཁའ་འགྲོའི་གསུང་གསང་བདུད་རྩི་བསྐྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ ངག་སྒྲིབ་དག་ནས་གསུང་དབང་ཐོབ༔ ལོངས་སྤྱོད་རྫོགས་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་མེ་ལོང་ཐོགས་ལ༔ ཧོཿཀ་དག་མེ་ལོང་གཙང་མའི་ངོར༔ ཡེ་ཤེས་གསལ་བའི་ཐིག་ལེར་ཤར༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ཆོས་ཀྱི་སྐུ་རུ་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཤེལ་རྡོ་ཐོགས་ལ༔ ཧོཿཆོས་དབྱིངས་རྣམ་དག་མཁའ་ཀློང་དུ༔ སྐུ་དང་ཡེ་ཤེས་འོད་ཐིག་གསལ༔ ལྷུན་གྲུབ་འཇའ་ཤེལ་འདི་གཏད་པས༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ ཀ་དག་ཚིག་དབང་ཐོབ་ནས་ཀྱང་༔ ངོ་བོ་ཉིད་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་གཏོར་མ་ཐོགས་ལ༔ ཧོཿསྣང་བ་སྣོད་ཀྱི་གཞོང་པ་རུ༔ སྲིད་པ་དག་མཉམ་གཏོར་མ་བཤམས༔ ཡེ་ཤེས་མཁའ་འགྲོའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་ལ༔ དབང་བསྒྱུར་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་མཐར༔ མཎྜ་ལ་གུ་ཧྱ་ཨ་བྷི་ཥིཉྩ་ཧཱུྃ༔ མེ་ཏོག་འཐོར་ཞིང་ཤིས་པ་བརྗོད༔ དེ་མཐར་བསྔོ་སྨོན་རྒྱ་ཡིས་བཏབ༔ དེ་ལྟར་རྩ་དབང་ཟབ་མོ་ནི༔ ཐོབ་ཅིང་སྒྲུབ་པའི་སྒོར་འཇུག་པའི༔ ལས་དང་སྐལ་ལྡན་སྐྱེས་བུ་རྣམས༔ བསྐྱེད་དང་རྫོགས་པའི་གདིང་ལྡན་ན༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གུ་ཧྱ༔ ཞེས་པ་འདི་སྤྲུལ་པའི་སྐུ་མཆོག་སྣ་ཚོགས་རང་གྲོལ་གྱིས་བསྐུལ་ངོར་རིག་འཛིན་བདུད་འཇོམས་རྡོ་རྗེས་ཡེ་ཤེས་མཁའ་འགྲོའི་གསང་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཀློང་ཆེན་ནོ།།དགེའོ།།དགེའོ།།དགེའོ།།