TTDL-ZABTER-02-KHA-027

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-02-KHA-027
Wylie title TTDL-ZABTER-02-KHA-027.pdf
Location bdud 'joms gling pa zab gter
Volume 2, Text 27, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠བརྡ་ཡིག༣༢༡ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཆི་བདག་ལས་ཀྱི་གཤིན་རྗེའི་སྲོག་གཏད་ཟིལ་གནོན་རྒྱན་འཁོར་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡིག༣༢༡འཆི་བདག་སྲོག་ལ་དབང་བསྒྱུར་ཕྱིར༔ སྲོག་གཏད་ཟིལ་གནོན་རྒྱན་འཁོར་འདི༔ དམ་ལྡན་བུ་ལ་བསྐུར་བར་བྱ༔ ལག་ཏུ་ལེན་པའི་རིམ་པ་ནི༔ གཏོར་མ་ལ་སོགས་དབང་རྫས་རྣམས༔ བཤམས་ནས་བསྙེན་བསྒྲུབ་གཞུང་བསྲང་སྟེ༔ དབང་གི་བྱ་བ་ལ་བརྩོན་བྱ༔ དང་པོ་ཁྲུས་བྱ་བགེགས་བསྐྲད་ནས༔ ཡ་མཱནྟ་ཀའི་དབང་རྫོགས་མཐར༔ སྐད་ཅིག་གིས་སློབ་མ་འཇམ་དཔལ་ཡ་མཱནྟ་ཀ་སྐུ་མདོག་སེར་ནག་གཡས་རལ་གྲི་དང་གཡོན་ཞགས་པ་བསྣམས་པ་དུར་ཁྲོད་ཆས་བརྒྱད་ཀྱིས་བརྒྱན་ཅིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་བཞུགས་ཤིང་༔ འཁོར་འདས་ཡོངས་ཀྱི་སྲོག་ལ་དབང་བསྒྱུར་བར་བསྐྱེད་དོ༔ མདུན་དུ་འཆི་བདག་ལས་ཀྱི་གཤིན་རྗེ་ཡབ་ཡུམ་བཀའ་སྡོད་དང་བཅས་པའི་སྲོག་སྙིང་ནུས་མཐུ་གཟི་བྱིན་ཐམས་ཅད་དབང་རྫས་རྣམས་ལ་ཐིམ་པས་གཉིས་སུ་མེད་པར་གྱུར༔ ཡོངས་སུ་རྫོགས་པར་གྱུར༔ ཨོཾ་ཡ་མ་རཱ་ཛ་སརྦ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་སྟྭཾ༔ དེ་ནས་དམ་ཆུ་ལྕེ་ལ་བཞག་ནས༔ ཧཱུྃ༔ རྡོ་རྗེ་ཅན་སོགས་རྒྱལ་ཀུན་གྱི༔ གསང་བ་དམ་ཚིག་རྡོ་རྗེའི་ཆུ༔ སློབ་མ་དང་ནི་བསྟན་སྲུང་གི༔ ལྕེ་ལ་བཞག་གོ་མནའ་ཡི་ཆུ༔ མི་འབྲལ་དབྱེར་མེད་གྲོགས་བྱེད་ཀྱི༔ མནའ་ཐོ་ཡིན་ནོ་མ་འདའ་ཞིག༔ དམ་ཚིག་གཉན་པོའི་སྲོག་ཐོབ་ཤོག༔ ས་མ་ཡ་ན་ར་ཀན༔ ཅེས་བསྐྱལ་ལོ༔ དེ་ནས་སློབ་མ་དང་གཉིས་སུ་མེད་པར་གྱུར་ནས་ཕྲིན་ལས་རབ་འབྱམས་ལ་དབང་འབྱོར་བར་བསམ༔ སློབ་མ་དེ་ཉིད་འཆི་བདག་ལས་ཀྱི་གཤིན་རྗེར་གྱུར་ནས་སྣང་སྲིད་ཀྱི་སྲོག་ལ་དབང་བསྒྱུར་ནུས་ཤིང་བཀའ་ཡི་ལྷ་མ་སྲིན་སྡེ་བརྒྱད་སྣང་ཞིང་སྲིད་པའི་ལྷ་འདྲེ་ཐམས་ཅད་ཀྱི་སྲོག་འདུས་པར་བསམ་ལ༔ ཧཱུྃ༔ མི་སྲུན་ནག་པོ་ཁྲོ་གཏུམ་འབར༔ གཅེར་བུ་རྔམས་པའི་སྟངས་སྟབས་ཅན༔ བདག་གི་བཀའ་ལ་ཉན་པ་དང་༔ ཕྲིན་ལས་རབ་འབྱམས་སྒྲུབ་གྱིས་ཤིག༔ ས་མ་ཡ༔ ཡང་དམ་ཆུ་བྲན་ནས༔ དམ་ཚིག་གི་སྲོག་ཐོབ་པར་བསམ༔ དེ་ནས་གཟིག་གི་ལྤགས་པ་གཏད་ལ༔ ཧཱུྃ༔ སྲོག་བདག་མི་སྲུན་ནག་པོ་ལ༔ གཟིག་གི་ལྤགས་པ་འདི་བསྐོན་པས༔ མི་ཤིགས་རྡོ་རྗེའི་སྲོག་ཐོབ་ནས༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྡེ་བརྒྱད་སྲོག་ལ་དབང་ཐོབ་ནས༔ ཕ་རོལ་དགྲ་དཔུང་གཞོམ་པར་ཤོག༔ ཨོཾ་ཡ་མཱནྟ་ཀ་ལི་ཨ་ར་མ་དུ་རུ་ཙ་ཤ་ན་ཀཱ་ཡ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་དགྲ་སྟྭ་ལག་པ་གཡས་སུ་གཏད་ལ༔ ཧཱུྃ༔ ནག་པོ་མི་སྲུན་ཆེན་པོ་ལ༔ གཅོད་བྱེད་དགྲ་སྟྭ་འདི་གཏད་པས༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྡེ་བརྒྱད་སྲོག་ལ་དབང་ཐོབ་ནས༔ ཕ་རོལ་དགྲ་དཔུང་གཞོམ་པར་ཤོག༔ སྔགས་བཟླས་ལ་གཏད༔ དེ་ནས་ཐོད་དབྱུག་ལག་པ་གཡོན་དུ་གཏད་ལ༔ ཧཱུྃ༔ ནག་པོ་མི་སྲུན་དྲག་པོ་ལ༔ གཞོམ་བྱེད་ཐོད་དབྱུག་འདི་གཏད་པས༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྡེ་བརྒྱད་སྲོག་ལ་དབང་ཐོབ་ནས༔ ཕ་རོལ་དགྲ་དཔུང་གཞོམ་པར་ཤོག༔ སྔགས་བརྗོད༔ དེ་ནས་ཁྲམ་ཤིང་གཏད་ལ༔ ཧཱུྃ༔ ནག་པོ་མི་སྲུན་དྲག་པོ་ལ༔ ལས་ཀྱི་ཁྲམ་ཤིང་འདི་གཏད་པས༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྡེ་བརྒྱད་སྲོག་ལ་དབང་ཐོབ་ནས༔ ཕ་རོལ་ཁྲམ་ལ་བཏབ་ཙམ་གྱིས༔ རྗེས་ཤུལ་མེད་པར་བརླག་ནུས་ཤོག༔ སྔགས་བརྗོད༔ དེ་ནས་ཨེ་ཁང་ལིང་ག་གཏད་ལ༔ ཧཱུྃ༔ སྲོག་བདག་མི་སྲུན་དྲག་པོ་ལ༔ ལྕགས་ཁང་ལིང་ག་འདི་གཏད་པས༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྡེ་བརྒྱད་སྲོག་ལ་དབང་ཐོབ་ནས༔ དགྲ་བགེགས་བཀུག་བསྒྲལ་བསད་པའི་ལས༔ དྲན་པ་ཙམ་གྱིས་འགྲུབ་པར་ཤོག༔ སྔགས་བརྗོད༔ དེ་ནས་མེ་ཧོམ་གཏད་ལ༔ ཧཱུྃ༔ ནག་པོ་མི་སྲུན་དྲག་པོ་ལ༔ དྲག་པོའི་མེ་ཧོམ་འདི་གཏད་པས༔ ཞིང་བཅུའི་དགྲ་དཔུང་མ་ལུས་པ༔ བསྟབ་ནས་བསྲེག་པའི་དབང་ཐོབ་ཤོག༔ སྔགས་བརྗོད༔ དེ་ནས་རླུང་གི་འཁོར་ལོ་གཏད་ལ༔ ཧཱུྃ༔ ནག་པོ་མི་སྲུན་དྲག་པོ་ལ༔ རླུང་གི་འཁོར་ལོ་འདི་གཏད་པས༔ མྱུར་མགྱོགས་མངོན་སྤྱོད་དྲག་པོའི་ལས༔ སྐད་ཅིག་ཡོངས་གྲུབ་དབང་ཐོབ་ཤོག༔ སྔགས་བརྗོད༔ དེ་ནས་རྫས་སྣ་གཏད་ལ༔ ཧཱུྃ༔ ནག་པོ་མི་སྲུན་དྲག་པོ་ལ༔ ལས་ཀྱི་རྫས་ཚོགས་འདི་གཏད་པས༔ ཕ་རོལ་དགྲ་བགེགས་ལོག་འདྲེན་ཀུན༔ སྐད་ཅིག་སྒྲོལ་ནུས་མཐུ་ཐོབ་ཤོག༔ སྔགས་བརྗོད༔ དེ་ནས་བསད་འཁོར་གཏད་ལ༔ ཧཱུྃ༔ སྲོག་བདག་མི་སྲུན་དྲག་པོ་ལ༔ བསད་པའི་དྲག་འཁོར་འདི་གཏད་པས༔ ཕ་རོལ་དགྲ་བགེགས་གནོད་བྱེད་ཀྱི༔ མིང་བྲིས་ཙམ་གྱིས་སྒྲོལ་ནུས་ཤོག༔ སྔགས་བརྗོད༔ དེ་ནས་རི་རབ་གཏད་ལ༔ ཧཱུྃ༔ ནག་པོ་མི་སྲུན་དྲག་པོ་ལ༔ རི་རབ་ཆེན་པོ་འདི་གཏད་པས༔ དགྲ་བགེགས་ལོག་འདྲེན་མ་ལུས་པ༔ བསྐལ་བའི་བར་དུ་གནོན་ནུས་ཤོག༔ སྔགས་བརྗོད༔ དེ་ནས་སྲོག་གི་སྙིང་པོ་སྔགས་ཀྱི་ཡི་གེ་གཏད་ལ༔ ཧཱུྃ༔ ནག་པོ་མི་སྲུན་དྲག་པོ་ལ༔ སྔགས་ཀྱི་འཁོར་ལོ་འདི་གཏད་པས༔ འཆི་བདག་ལས་ཀྱི་གཤིན་རྗེ་སོགས༔ སྡེ་བརྒྱད་སྲོག་ལ་དབང་ཐོབ་ནས༔ བཟླས་པ་ཙམ་གྱིས་འགྲུབ་པར་ཤོག༔ སྔགས་མཐརཝཱཀ༴དེ་ནས་ཡ་ཡིག་ཐོགས་ལ༔ ཧཱུྃ༔ སྲོག་བདག་མི་སྲུན་ནག་པོ་ལ༔ སྲོག་གི་སྙིང་པོ་འདི་གཏད་པས༔ འཆི་བདག་ལས་ཀྱི་གཤིན་རྗེ་ཡི༔ སྲོག་ལ་དབང་བསྒྱུར་དབང་ཐོབ་ཤོག༔ སྔགས་མཐར་ཙིཏྟ༴དེ་ནས་སྡེ་བརྒྱད་སྲོག་ཡིག་གཏད་ལ༔ ཧཱུྃ༔ སྲོག་བདག་མི་སྲུན་ནག་པོ་ལ༔ སྡེ་བརྒྱད་སྲོག་སྙིང་འདི་གཏད་པས༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་དང་༔ ལྷ་འདྲེའི་སྲོག་ལ་དབང་ཐོབ་ཤོག༔ ཨོཾ་ཡ་མ་རཱ་ཙ་མ་བྷྱོ་ཨ་ར་མ་དུ་རུ་ཙ་ཤ་ན་ཙིཏྟ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་སྲོག་འཁོར་གཏད་ལ༔ ཧཱུྃ༔ སྲོག་བདག་མི་སྲུན་ནག་པོ་ལ༔ སྲོག་འཁོར་བླ་རྡོ་འདི་གཏད་པས༔ འཆི་བདག་ལས་ཀྱི་གཤིན་རྗེ་ཡི༔ སྡེ་བརྒྱད་སྲོག་ལ་དབང་ཐོབ་ཤོག༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ སྲོག་བདག་མི་སྲུན་ནག་པོ་ལ༔ དམར་གྱི་གཏོར་མ་འདི་གཏད་པས༔ འཆི་བདག་ལས་ཀྱི་གཤིན་རྗེ་ཡི༔ བཀའ་འཁོར་བྲན་གཡོག་བཅས་པ་ཀུན༔ བསྒྲུབ་པ་ཙམ་གྱིས་འགྲུབ་པའི་དབང་༔ ཡོངས་སུ་རྫོགས་པ་ཐོབ་པར་ཤོག༔ སརྦ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་སྲོག་གཏད་པ་ལ་བདེན་པའི་སྟོབས་མཐར༔ སྐལ་ལྡན་གྱི་སློབ་མ་འདི་ལ་འཆི་བདག་ལས་ཀྱི་གཤིན་རྗེ་ཡ་མ་རཱ་ཙ་འཁོར་དང་བཅས་པའི་སྲོག་དབང་ཡོངས་སུ་རྫོགས་པ་ཐོབ་ནས༔ དྲག་པོ་མངོན་སྤྱོད་ཀྱི་ལས་བརྩོན་པ་ཙམ་གྱིས་ཐོགས་མེད་དུ་འགྲུབ་པར་གྱུར་ཅིག༔ ལན་གསུམ་འགྲུབ་པའི་བདེན་ཚིག་མང་པོ་བརྗོད༔ དབང་འདི་ཐོབ་པའི་དམ་ལྡན་ཀུན༔ དྲེགས་པའི་སྲོག་ལ་དབང་ཐོབ་ནས༔ མངོན་སྤྱོད་ལས་ལ་ཐོགས་པ་མེད༔ མཐུ་ཡིས་གྲགས་པས་ས་སྟེང་ཁྱབ༔ སྐྱེ་འགྲོ་ཡོངས་ཀྱི་རྗེ་བོར་འགྱུར༔ བཀའ་སྲུང་དྲང་སྲོང་ཆེན་པོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རྒ་ཡི་བནྡེ་ཀུན་བཟང་དགའ་རབ་བོ།།དགེའོ།།དགེའོ།།དགེའོ།།།།