DJYD-KABUM-05-CA-013

From Dudjom Wiki
Revision as of 05:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-05-CA-013

༄༅། །ཁྲོ་རོལ་གཏོར་ཟློག་དགྲ་བགེགས་དཔུང་འཇོམས་ ཀྱི་ཆོ་གའི་བཅས་གཤོམ་ལག་ལེན་ ཟིན་བྲིས་བཞུགས་སོ། །

(1བ)ཤྲཱི་བི་ཛ་ཡནྟུ། ཁྲོ་རོལ་གཏོར་ཟློག་དགྲ་བགེགས་དཔུང་འཇོམས་ཀྱི་ཆོ་གའི་བཅས་གཤོམ་ལག་ཏུ་ལེན་པའི་ཚུལ་ནི། དྲག་པོའི་ལས་ལ་བསྔགས་པའི་དུས་ཀྱི་ཆར་གང་དུ་བྱ་བའི་གནས་ཁང་བྱི་དོར་གྱིས་གཙང་བར་བྱས་ལ་སྤྱན་གཟིགས་སྣ་ཚོགས་པ་མཛེས་ཤིང་བརྗིད་ཆགས་པར་བཀྲམ། ཕུག་ལོགས་སུ་དམ་ཚིག་གི་བྲིས་སྐུ་སོགས་རྟེན་བྱིན་རླབས་ཅན་བཤམས་པའི་མདུན་དུ་སྟེགས་བུ་རིམ་པ་དང་པོ་ལ་པད་སྣོད་དུ་དཔལ་གཏོར་གཙོ་འཁོར་དགུ་པ་མཐེབ་ཀྱུ་དང་རྒྱན་སྤྲོས་དར་གདུགས་ཀྱིས་སྤྲས་པ། དེའི་གཡས་སུ་ཆོས་སྐྱོང་དམ་ཅན་སྤྱིའི་གཏོར་སྤུངས་དང་། ཆོས་སྨན་སྦྱར་བའི་བདུད་རྩི། གཡོན་དུ་དྲེགས་པའི་སྡེ་དཔོན་དམར་གཏོར་ཟུར་གསུམ་གཅིག་ལ་འཁོར་སུམ་ཅུས་བསྐོར་བ་དང་། སོ་ལྔ་པ་སྦྱར་བའི་རཀྟ། རིམ་གཉིས་པར་ཞི་དྲག་གི་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་དུ་བཤམ། དེའི་མདུན་དུ་ལས་དཀྱིལ་གྱི་གཞི་སྔར་མ་དུལ་བ་ཡིན་ན་སའི་ཆོ་ག་མདོར་བསྡུས་ཙམ་སྔོན་དུ་འགྲོ་བས་སྟེགས་བུ་གྲུ་བཞི་དུར་ཁྲོད་ཀྱི་ས་ལ་ཁྲག་ཆང་གིས་ཆག་ཆག་བཏབ་(2ན)པ་རྒྱ་ཆེ་ཆུང་སྤྱོད་ཡུལ་དང་མཉམ་པ་རོ་སོལ་སོགས་ཀྱིས་ནག་པོར་བྱུགས་པའི་སྟེང་། ལྟེ་བ་ཆ་ཆེན་གཉིས། མུ་ཁྱུད་ཆ་ཕྲན་གཅིག །རྩིབས་ཆ་ཆེན་གཅིག །རྡོར་ཆ་ཕྲན་གཅིག །མེ་རི་ཆ་ཆེན་གཅིག་བཅས་བསྐོར་བའི་ལྟེ་བར་ཆོས་འབྱུང་གི་ཐིག་ནི། ནུབ་ཀྱི་ཚངས་ཐིག་དང་། སྐོར་ཐིག་དང་པོ་འཛོམ་ས་ནས་ལྟེ་བར་ཚད་པས་སྐོར་ཐིག་དང་པོའི་གཡས་གཡོན་དུ་མཚན་མ་བྱ། དེ་གཉིས་དང་ཤར་གྱི་ཚངས་ཐིག་སྐོར་ཐིག་དང་པོ་འཛོམ་ས་གསུམ་གྱི་རྩེ་སྦྲེལ་བས་འབྱུང་ངོ་། །དེ་ལ་ལྟེ་བའི་གྲུ་གསུམ་མཐིང་ནག །ཟླ་གམ་དམར་པོ། མུ་ཁྱུད་ཐོད་སྐམ་གྱི་ཕྲེང་བ། མཚོན་འཁོར་རྩིབས་བརྒྱད་སྔོན་པོ། རྩིབས་མཆན་དམར་པོ། རྡོར་གཞི་ནག་པོ་ལ་རྡོར་ཕྲེང་སེར་པོ། མེ་རི་དམར་སེར་འབར་བ། དེ་རྒྱབ་མ་ཏྲཾ་སྔོ་སྐྱ་ཁྲོ་བོའི་བཞིན་རས་ཅན། དབུས་དང་རྩིབས་རྣམས་ལ་ཧཱུཾ་ཡིག་ལྷ་སོ་སོའི་ཁ་དོག་ཅན་རེ་བྲི། དེ་སྟེང་ཟློག་པའི་གཏོར་ཆེན་ནི་ལྕགས་ཟངས་ལ་སོགས་པའི་སྣོད་གཙོ་འཁོར་ཕྱེད་པར་འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པའི་(2བ)ཟན་ལ་གཏོར་མ་ཟུར་གསུམ་ཐོག་མདེའུ་ལྟ་བུའི་རྣོ་དབལ་ཅན་གཙོ་བོ་ཁྲུ་གང་བ། དཔལ་བརྒྱད་དེ་ལས་ལྔ་ཆས་དམན་པ། དགུ་ཀ་ལ་སོ་སོའི་སུམ་ཆར་འཁོར་ཟུར་གསུམ་བཞི་རེ་དང་། བར་མཚམས་རྣམས་སུ་ཁྲག་ཀོང་ཟུར་གསུམ་དང་མཐེབ་ཀྱུ་བཅད་ཁ་ཕྱིར་བསྟན་གྱིས་གཅེར། སོ་སོའི་སྲུང་ཟློག་གི་འཁོར་ལོ་རྒྱབ་སྤྲོད་དུ་སྦྱར་བའི་སྲུང་འཁོར་ནང་བསྟན་གྱི་རྩེར་སྐུ་ཙཀ་བྱ་ཁྱུང་བཅས་བཙུགས་པ་ལ་དར་ནག་གི་གདུགས་ཕུབ། ལོགས་རྣམས་སུ་མཚེ་ཡུངས་རྩང་དམར་ཤ་དུམ་གྱིས་བརྒྱན། མཐའ་སྐོར་དུ་རྩང་ཐུར་སྲིན་མོ་འགྲོས་སུ་བཙུགས་པ་ལ་གློ་སྙིང་གི་དུམ་བུ་གཟེར་བ་དང་། རྒྱུ་མའི་ལྡ་ལྡི་བཀལ་ཞིང་མེ་རི་སོགས་དྲག་རྒྱན་རྔམས་བརྗིད་དང་ལྡན་པར་བྱས་ལ་དབུས་དང་ཕྱོགས་མཚམས་ཀྱི་མཉྫི་སོ་སོར་མ་འཆོལ་བར་འགོད། ཁྱུང་གི་བཅས་ནི་བག་ཟན་བཙོས་པའི་རྒྱུ་ལས་བྱ་ཁྱུང་ཁྲོ་བོའི་བཞིན་ལ་རྡོ་རྗེའི་མཆུ་ཅན་རྭ་ལ་གཉེར་མ་དྲུག་དང་། རལ་པའི་ཟར་བུ་བཅུ་དྲུག །གཤོག་སྒྲོ་ལྔ་ལྔ། མཇུག་སྒྲོ་བརྒྱད་ཡོད་པ། ལག་གཉིས་ཀྱིས་སྦྲུལ་བཟུང་ནས་ཞལ་དུ་འདྲེན་པ། སྦྲུལ་སོགས་རྒྱན་གྱིས་བརྒྱན་པ། དབུས་མ་མཐིང་ནག །ཤར་དང་ཤར་ལྷོ་དཀར། ལྷོ་དང་ལྷོ་ནུབ་སེར། (3ན)ནུབ་དང་ནུབ་བྱང་དམར། བྱང་དང་བྱང་ཤར་ལྗང་གུར་བྱས་ལ་རེ་རེ་བཞིན་ལྟོ་འཁོར་གཞུག །མཐར་ཁྲག་གི་མཆོད་ཡོན་སོགས་དྲག་པོའི་ཉེར་སྤྱོད་གཡས་བསྐོར་དུ་བཤམས་པའི་ཕྱི་ནས་སྒབ་དཀྲིས་བཏང་། ལྕགས་ཧོམ་དུ་བསད་འཁོར་ལིངྒ་ཚུལ་བཞིན་བྲིས་པ་དྲི་བྲལ་དུ་བྱས་ཏེ་ལྟེ་བ་ལུགས་གསུམ་པོ་གང་ཡང་རུང་བས་བལྟབ་ལ་ཚོན་སྐུད་སྔོ་དམར་གྱིས་བཅིངས་ནས་བཞག་པའི་ཁར། ཉ་བོ་ནི་ཤ་ཉ་ཤ་བུ་རམ་ཏིལ་སྦྲང་རྩི་སྟེ་ཟས་ལྔ་དང་། བསྒྲུབ་བྱའི་དྲི་མ་དང་རྐང་རྗེས་ཀྱི་ས་དང་བཅས་པས་སྦགས་པའི་ཟན་ལ་ལིངྒ་རིད་ཅིང་ཉམ་ཐག་པ་ཡན་ལག་ལྕགས་སྒྲོག་གིས་བསྡམས་ཤིང་ཞགས་པས་མགྲིན་པ་བཅིངས་པ་ཕོ་མོ་གང་ཡིན་གྱི་མཚན་མ་ཅན་ཁོངས་པར་ལིང་རྐྱང་ངམ་མིང་རུས་སོགས་གྲོ་ཤོག་ལ་བྲིས་པ་བཅུག་ནས་ཁྲག་གིས་དམར་པོར་བྱུགས་པ་ཉིད་བཞག་སྟེ་རེ་ནག་གི་ཁ་བཀབ་པ་གོ་ཡུལ་འགྲིགས་ན་གཏོར་ཆེན་གྱི་འོག་དང་། མི་འགྲིགས་ན་ལྷོ་ནུབ་ཏུ་བཞག །ཉེ་ལོགས་སུ་འགུགས་རྫས་གྲི་ལྕགས་ཀྱི་ལྕགས་ཀྱུ། མཐུ་ནུས་འཕྲོག་བྱེད་ཐང་ཕྲོམ་ནག་པོའི་གོང་བུ། དབྱེ་རྫས་གུལ་ནག་ཚིལ་ཆེན་སོགས་སྦྱར་བ་དང་། བྱ་འུག་གི་དང་སྒྲོ་ཡུངས་ཀར་ཏིལ་ནག་བཅས། དབབ་རྫས་ཡུངས་དཀར་(3བ)ནག །བྱད་དུ་འཆིང་རྫས་ཡུགས་སྐྲ་དང་ཚོན་སྐུད་སྔོ་དམར་གྱི་བྱད་ཐག །སྨྱོ་རྫས་བཙན་དུག་ར་དུག་སྨྱོ་ཁྲག་ཐང་ཕྲོམ་རྣམས་ཁྲག་དང་སྦྱར་བ། རྡུང་རྫས་རྡོ་རྗེའི་ཐོ་བ་དང་། ལྕགས་ཕྱེ་ཟངས་ཕྱེ་རྦབ་རྡོའི་ཕྱེ་མ་སྟེ་ཕྱེ་གསུམ་སྦྱར་བའི་ཐུན། སྟོབ་རྫས་མི་རྐང་གི་གཟར་བུའམ་ཧོམ་གཟར། གདབ་ཁའི་ཆས་མངགས་ཕུར་ཁྲོ་ཞལ་གསུམ་པ་དར་ནག་གི་ཅོད་པན་ཅན། ཕུར་བུ་གཟི་བྱིན་བསྐྱེད་པའི་རྫས་གུ་གུལ་ཡུངས་ཀར་རཀྟ། ཐུན་བདུན་གྱི་གདབ་ཕུར་རི་རབ་མ། རཀྟ། ཡུངས་ཀར་གང་བུ། མཚེའི་ཕོན་ཕོ། དུག་སྣའི་ཁུ་བ། གྲི་ལྕགས་ཕྱེ་མ། རྦབ་རྡོ་རྣམས་དང་། གྲི་ལྕགས་ཀྱི་སྒྲལ་གྲི་བཅས་ཕྱོགས་གང་བདེར་འགོད། ཟོར་རྫས་ནི། ཕུང་ཤུལ་དུ་ཁྲོད་གཡུལ་བཀྱེ་བའི་རུས་འདྲེ་ཅན་སོགས་ཕུང་ས་སྣ་ཚོགས་དུག་སྣའི་ཆུས་སྦྲུས་པའི་ཀོང་བུ་གྲུ་གསུམ་གདེངས་ཀ་ཅན་ཁ་དཔངས་མཉམ་པར་སོར་བཞི་པ་ནང་དུག་ཁྲག་གིས་དམར་པོ་དང་ཕྱི་རོ་སོལ་གྱིས་ནག་པོར་བྱུགས་པ་བདུན་གྱི་ནང་དུ། བྲག་ནག་ལ་སྐྱེས་པའི་མཚེ། དུག་སྣ་ཚོགས་ཚད་ཁྲག་གིས་བྲན་པ། འབྲུ་ནག་གི་ངར་ཕྱེ་དུག་ཁྲག་གིས་སྦྲུས་པའི་དམར་གཏོར་ཐོག་གཟུགས་ཁྲག་གིས་བྱུགས་པ། སྐྱེར་པའི་(4ན)ཕུར་པ་དུག་གིས་ངར་བཏགས་པ། ཁྲག་སྣ་ཚོགས་ཚད་དུག་སྣ་དང་སྦྱར་ཏེ་ཁྲག་རློན་གྱིས་བྲན་པ། ཕུང་ཤུལ་དགུའི་ས་སྣ་ཆུ་མིག་ལྐུག་པའི་ཆུས་སྦྲུས་པའི་རི་རབ་གཟུགས། གྲི་ལྕགས་ཀྱི་རལ་གྲི་སོར་བཞི་པ་བཅས་བཙུགས་པ་དང་། དུར་ཁྲོད་ཀྱི་རྡོ་ནག་ལ་དུག་ཁྲག་གིས་བྷྱོ་ཟློག་རྦད་བྲིས་པ་དང་ཚོན་སྐུད་ཀྱི་སྒུལ་མོ་ཞིང་ལྤགས་ཀྱི་མཐིལ་ཡུགས་སྐྲའི་འཇག་ཅན་དང་བཅས་པ། སྐྱེར་མདའ་ལྟས་ངན་གྱི་བྱའི་སྒྲོས་བརྒྱན་ཅིང་གྲི་ལྕགས་ཀྱི་མདེའུ་ཅན་དམེ་ཁྲག་དང་དུག་ཆུས་བྱུགས་ཤིང་དྲག་སྔགས་བྲིས་པ། མི་རྩིབས་ཀྱི་གཞུ་ཞིང་རྒྱུས་ཀྱིས་དྲངས་པ་དང་བཅས་རྡོ་རའི་མཐའ་སྐོར་དུ་འགོད། སྲིན་མོ་ཟ་ལམ་གྱི་རྫས་ནི། ཟངས་ལྕགས་རྫ་གསར་གང་འབྱོར་གྱི་སྣོད་དུ། ནས། སྲན་མ། བྲ་བོ་རྣམས་ཀྱི་ངར་ཕྱེ་ཟན་དུ་བྱས་པ་ཆ་གསུམ་དུ་བགོས་པའི་ཆ་གཅིག་ལ་མི་མོ་རལ་པ་ཅན་དར་ནག་གི་གོས་གྱོན་པ་གཡས་གཏོར་ཟོར་དང་གཡོན་ཀོང་ཟོར་ཐོགས་པ་ནུ་མ་འཕྱང་ཞིང་ཁྲོ་ཚུལ་རྔམས་ཞིང་ཞུང་བ་གཅིག་བྱ། ཆ་གཅིག་ལ་ཁྲག་ཀོང་བཅུ་གསུམ་བྱས་ཏེ་མ་མོའི་མཐའ་ལ་བསྐོར། ཆ་གཅིག་ལ་དཀྱུས་གཏོར་གྲུ་གསུམ་བཅུ་གསུམ་བྱས་ལ་སྤེལ་མར་བཀོད། (4བ)དེ་ལ་ཤ་ཁྲག་དང་སྙིང་སྣ་རིན་པོ་ཆེ་དང་སྨན་ཕུད་ཉ་མཁྲིས་རྣམས་ཀྱང་བླུགས་པ་ཕྱོགས་གང་བདེར་འགོད། ཉེ་ལོགས་སུ་དམར་སྦྲེང་གི་ཁྲག་སྣོད་གཟར་བུ་དང་བཅས་པ། སྔོན་གཏོར་སྲུང་མའི་གཏོར་འབུལ། ཐུན་གཏོར། ཆད་བརྟན། ཚོགས་ཀྱི་ཡོ་བྱད། གསེར་སྐྱེམས་ཐོར་ཆས་སོགས་དང་། སློབ་དཔོན་གྱི་མདུན་དུ་ནང་མཆོད། རྡོ་དྲིལ། ཌཱ་རུ། འབྲུ་ཟེ། མངགས་ཕུར། གཡབ་དར་བཅས། གཞན་ཡང་རྔ་སིལ་དང་རོལ་མོའི་ཆ་བྱད་སོགས་ཉེ་བར་མཁོ་བའི་རིགས་མཐའ་དག་མ་ཚང་བ་མེད་པ་མཐོང་བརྒྱུད་ཀྱི་ལག་ལེན་བཞིན་ཚོགས་པར་བྱའོ། །ཡང་སྐབས་འགའ་ཞིག་ཏུ་འཕྲལ་གྱི་རྐྱེན་སེལ་ལྟ་བུར་སྟབས་བདེའི་ལག་ལེན་གཏོར་ཟློག་རྐྱང་པའི་ལུགས་སུ་བསྒྲུབ་པར་འདོད་ན། ལས་དཀྱིལ་གྱི་གཞིར་རས་བྲིས་ཡོད་ན་བཀྲམ། མེད་ན་ཞིང་ལྤགས་གཡང་གཞིར་འབྲུ་ནག་དུག་ཁྲག་གིས་གཤེར་བས་ཚོམ་བུ་དགུ་བཀོད་པའི་ཁར། སྣོད་གཅིག་ཏུ་ཟོར་གཏོར་གཙོ་འཁོར་ཕྱོགས་བསྡུས་སུ་བཀོད་ལ་གཙོ་བོའི་གཏོར་མར་སྤྱི་དྲིལ་སྲུང་ཟློག་གི་འཁོར་ལོ་སོགས་འཛུག །ཁྱུང་གི་བཅས་མ་འགྲུབ་ན་ཙཀླིས་འཐུས་པར་བྱེད་ཅིང་། བསད་འཁོར་ཀྱང་ལས་ཉི་ཚེ་བར་མེད་ཀྱང་ཆོག་པས་ཟན་ལིང་གིས་འཐུས། (5ན)བསྒྲལ་ལས་དོན་བརྒྱད་དང་། ཐུན་བདུན་གྱི་ཡོ་བྱད་ཙམ་ལས། ཟོར་ཆས་ཟ་ལམ་སོགས་ཀྱི་བཅས་དང་འདོན་ཆ་མི་དགོས་པ་བཅས་རྒྱས་བསྡུས་དང་བསྟུན་པའི་འདོར་ལེན་གྱི་དབྱེ་བ་ཕྱེད་ཤེས་པ་གཅེས་སོ། །

    ༈  གོང་དུ་བཤད་མ་ཐག་པའི་སྲུང་བའི་འཁོར་ལོ་ནི།  དར་རས་ཤོག་གུ་གང་རུང་ལ་མུ་ཁྱུད་རིམ་པ་དྲུག་ཏུ་བསྐོར་བའི་ལྟེ་བར་ཧཱུཾ་གི་མཐའ་སྐོར་དུ་གཙོ་བོའི་སྔགས་དང་།  འདི་འཆང་བ་པ་སོགས་བསྲུང་བྱའི་མིང་སྤེལ་མཐར།  ཀཱ་ཝཱ་ཙི་བཛྲ་རཀྵ་རཀྵ་བྷྲཱུྃ༔  ཞེས་བྲི།  དེ་རྒྱབ་མུ་ཁྱུད་ལ་དྲག་སྔགས་སོ་ལྔ།  དེ་རྒྱབ་མུ་ཁྱུད་ལ་དྲག་འཁོར་རྩིབས་བརྒྱད་ཀྱི་དབུས་སུ་ཧཱུཾ་རེའི་མཐའ་སྐོར་དུ་དཔལ་བརྒྱད་སོ་སོའི་སྔགས་མཐར་མིང་སྤེལ་སྲུང་སྔགས་བཅས་བྲི།  རྩིབས་མཚན་བརྒྱད་ལ་ཤར་ལྷོ་ན་གཡས་བསྐོར་དུ།  རྡོ་རྗེ།  ཁ་ཊྭཱཾ།  བེ་ཅོན།  ཐོད་དབྱུག  །  རལ་གྲི།  ཐོ་བ།  ཕུར་བུ།  ལྕགས་ཀྱུ་རྣམས་བྲི།  དེ་རྒྱབ་མུ་ཁྱུད་ལ།  ན་མཿས་མནྟ་དུངྔྷ་ནཱཾ།  ན་མཿས་མནྟ་དྷརྨ་ནཱཾ།  ན་མཿས་མནྟ་སཾ་གྷ་ནཱཾ།  ཨོཾ་སི་ཏཱ་ཏ་པ་ཏྲེ།  ཨོཾ་བི་མ་ལ།  ཨོཾ་ཤངྐ་ར།  ཨོཾ་པྲ་ཏྱཻ་གི་ར།  བཛྲ་ཨུཥྞི་ཥ་ཙཀྲ་ཝ་རྟི།  སརྦ་ཡནྟྲ་མནྟྲ།  མཱུ་ལ་ཀརྨ།  བནྡྷ་ནཾ།  ཏཱ་ཌ་ནཾ།  ཀཱི་ལ་ནཱཾ།  ཝཱ་མ་མ་ཀྲྀ་ཏེ།  ཡེ་ན་ཀེ་ན་ཙི་ཏ།  (5བ)ཀྲི་ཏནྟཏ།  སརྦཱནྟུ།  ཙྩིནྡྷ་ཙྪིནྡྷ།  བྷིནྡྷ་བྷིནྡྷ།  ཙི་རི་ཙི་རི།  གི་རི་གི་རི།  མ་ར་མ་ར།  ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ་ཧཱུཾ།  ཕཊ་ཕཊ་ཕཊ།  ཅེས་གཙུག་ཏོར་འཁོར་ལོས་སྒྱུར་བའི་སྔགས་དང་།  དབྱངས་གསལ་རྟེན་སྙིང་འདོད་གསོལ་བཅས།  དེ་རྒྱབ་རྡོར།  དེ་རྒྱབ་མེ་རི་གཡས་བསྐོར་དུ་འབར་བ་བཅས་བྲི།  ཡིག་མགོ་དང་ཕྱག་མཚན་གྱི་རྩེ་རྣམས་ཕྱིར་བསྟན་བྱ།  ཚོན་ཐོབ་ནི།  ལྟེ་བ་སྔོ།  རྩིབས་སེར།  རྩིབས་མཆན་དམར།  མུ་ཁྱུད་ནང་མ་ལྗང་།  ཕྱི་མ་དམར།  རྡོ་ར་གཞི་ནག་རྡོ་ཕྲེང་སེར།  མེ་རི་དམར་སེར་རོ།  །དཔལ་དགུ་བྱེ་བྲག་གི་འཁོར་ལོར་མུ་ཁྱུད་བཞི་རེ་བསྐོར་བའི་ལྟེ་བར་ཧཱུཾ་གི་མཐར་སོ་སོའི་སྔགས་དང་སྲུང་བའི་སྤེལ་ཚིག   །རྩིབས་བཞིར་ཧཱུཾ་རེ་དང་།  རྩིབས་མཆན་ལ་ཕཊ་རེ།  མུ་ཁྱུད་ལ་འདོད་གསོལ།  དེ་རྒྱབ་མེ་རི་བཅས།  ཚོན་ཐོབ་ལྟེ་བ་དམར།  རྩིབས་སྔོ།  རྩིབས་མཆན་སེར།  མུ་ཁྱུད་ལྗང་།  མེ་རི་དམར་སེར་རོ།  །ཟློག་པའི་འཁོར་ལོ་ནི།  དུག་ཤོག་ལ་སྲུང་འཁོར་ལྟར་མུ་ཁྱུད་འཁོར་རྩིབས་ས་བོན་སྔགས་རྣམས་འདྲ་བ་ལས།  ཡིག་མགོ་དང་ཕྱག་མཚན་གྱི་རྩེ་མོ་ནང་བསྟན།  སྔགས་ཤམ་དུ།  སརྦ་དུཥྚན་མཱ་ར་ཡ་བྷྱོ་བྷྱོ་ཟློག་ཟློག༔  ཅེས་སྦྱར།  གཙུག་ཏོར་འཁོར་(6ན)སྒྱུར་སྔགས་དང་དབྱངས་གསལ་རྟེན་སྙིང་གི་མལ་དུ་དྲག་སྔགས་སོ་ལྔ་པ་ཡང་ཟློག་ཉིང་ཟློག་གི་སྔགས་ཤམ་བུ་དང་བཅས་པ།  རྡོར་མི་དགོས་ཤིང་མེ་རི་གཡོན་བསྐོར་དུ་བྲི།  ཚོན་ཐོབ་གོང་བཞིན་ནོ།  །དཔལ་དགུ་བྱེ་བྲག་སོ་སོར་འཁོར་ལོ་མུ་ཁྱུད་ལྔ་རེ་བསྐོར་བའི་ལྟེ་བར་ཧཱུཾ་གི་མཐར་སོ་སོའི་སྔགས་ཟློག་ཤམ་ཅན།  རྩིབས་བཞིར་སོ་སོའི་རིགས་བཞི་དང་མ་མོའི་བཀྲག་གསལ་མའི་སྔགས་ལྟེ་བའི་སྔགས་མཐར་སྤེལ།  རྩིབས་མཆན་ལ་སོ་སོའི་ཕྱག་མཚན།  མུ་ཁྱུད་ནང་མར་དམོད་ཚིག   །ཕྱི་མར་དྲག་སྔགས།  མཐར་མེ་རི།  ཡིག་མགོ་དང་ཚོན་ཐོབ་སྤྱི་འཁོར་བཞིན་ནོ།  །བསད་པའི་འཁོར་ལོ་ནི།  དུག་ཤོག་ལ་འཁོར་ལོ་མུ་ཁྱུད་གསུམ་བསྐོར་བསྐོར་བའི་ལྟེ་བར་ལིངྒ་མིང་རུས་བླ་དྭགས་སོགས་སྤྱི་མཐུན།  གཉིས་པར་རྩིབས་རྩེ་ནང་བསྟན་བརྒྱད་ཀྱི་ཤར་རྩིབས་ལ་ཆེ་མཆོག་དང་ཡང་དག་གི་སྔགས།  ལྷག་མ་བདུན་ལ་དཔལ་བདུན་གྱི་སྔགས་བསད་པའི་སྤེལ་ཚིག་ཅན།  རྩིབས་མཆན་ལ་ཕྱག་མཚན་བརྒྱད་རྩེ་མོ་ནང་བསྟན།  མུ་ཁྱུད་ནང་མར་དྲག་སྔགས་མེ་ཕུང་མ་སྤེལ་ཚིག་ཅན།  ཕྱི་མར།  དགྲ་བགེགས་སྡིག་ཅན་འདིའི་གཟུགས་(6བ)ཕུང་རྡུལ་ཕྲན་བཞིན་དུ་བཤིགས་ནས་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་སྤོར་ཅིག   །སོགས་དམོད་ཚིག་གང་འོས་བྲི།  ཡིག་མགོ་ཕྱིར་བལྟ་ཁོ་ན་བྱ།  ཚོན་ཐོབ་ལྟེ་བ་དམར།  རྩིབས་སྔོ།  མཆན་དམར།  མུ་ཁྱུད་ནང་དམར།  ཕྱི་སེར་རོ།  །ཡང་བསད་པའི་ལིང་རྐྱང་སོགས་ནི་སྔགས་དང་ཁ་བསྒྱུར་སྤེལ་ཚིག་སོགས་སྐབས་ཐོབ་འཕྲུལ་ཤེས་པར་བྱས་ལ་འབྲི་ཚུལ་སྤྱི་བཞིན་ནོ།  །ཁྱུང་འཁོར་ནི།  འཁོར་ལོ་མུ་ཁྱུད་གསུམ་བསྐོར་བའི་ལྟེ་བར་ཁྲོཾཿམཐར།  ཨོཾ་བུངྔྷ་ག་རུ་ཌ་ཙ་ལེ་ཙ་ལེ་ཧཱུཾ་ཕཊ༔  ཅེས་བསྐོར།  རྩིབས་བཞི་ལ་བཛྲ་ག་རུ་ཌ་སོགས་རིགས་བཞི།  རྩིབས་མཆན་ལ་སརྦ་དུཥྚན་སོགས་ཟློག་སྔགས།  མུ་ཁྱུད་ལ་དྲག་སྔགས་མེ་ཕུང་ཟློག་ཤམ་ཅན།  མཐར་མེ་རིའོ།  །ཡིག་མགོ་ནང་ལྟ།  ཚོན་དབུས་སྔོ།  རྩིབས་སེར།  མཆན་དམར།  མུ་ཁྱུད་ལྗང་།  མེ་དམར་སེར་རོ།  །གཞན་ཡང་ཁྱུང་གི་རལ་པ་བཅུ་གསུམ།  གཤོག་སྒྲོ་བཅུ་དྲུག   །མཇུག་སྒྲོ་བརྒྱད་དང་བཅས་པའི་སྔགས་བྱང་སོ་སོ།  ཁྲམ་ཤིང་བདུན་མཆུ་བྱང་དགུ་དང་བཅས་པ་རྣམས་སྤྲོ་ན་བདེ་འདུས་ཀྱི་གཞུང་བཞིན་ཤེས་པར་བྱའོ།  །བྱུག་རྫས་ནི།  སྲུང་འཁོར་(7ན)ལ།  ཤ་ལྔ།  བདུད་རྩི་ལྔ།  ག་བུར།  གླ་རྩི།  ཤིང་ཀུན།  ཤུ་དག་དཀར་པོ།  གུར་གུམ།  གི་ཝཾ།  གུ་གུལ།  དྲག་སྔགས་བཟླས་པའི་ཡུངས་དཀར་རྣམས་དང་།  ཟློག་བསད་ཁྱུང་འཁོར་རྣམས་ཀྱི་ལྷ་སྔགས་ལ་དྲི་བཟང་།  དྲག་སྔགས་ལ་དུག་ཁྲག   །དམིགས་བྱའི་མིང་གཟུགས་ལ་ཟག་རྫས་རྣམས་དམིགས་ཕྱེད་པར་བྱུག  །  འཁོར་ལོ་རབ་གནས་བྱ་ཚུལ་ནི།  སྟེགས་བུའི་ཁར་ཐོད་པ་སོགས་སྣོད་འབྲུས་བཀང་བའི་ནང་དུ་འཁོར་ལོ་བཀྲམ།  མཐར་ཕྱི་ནང་གི་མཆོད་པ་བཤམས་ལ།  བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བའི་འཁོར་ལོ་ལ་སྦྱོང་ཁྲུས་མདོར་བསྡུས་ཙམ་སྤྱི་ལྟར་བྱས་ནས།  བསང་སྦྱང་།  སྟོང་པའི་ངང་ལས་ཧཱུཾ་ཡིག་ལས་བྱུང་བའི་རྡོ་རྗེའི་གུར་ཁང་མེའི་ར་བས་ཡོངས་སུ་བསྐོར་བའི་ནང་དུ་འཁོར་ལོ་རྣམས་རྟེན་གྱི་དཀྱིལ་འཁོར་ཆེན་པོར་གྲུབ་པའི་ལྷ་གནས་སོ་སོར་ཧཱུཾ་ཡིག་ལས་བྱུང་བའི་དཔལ་ཆེན་གཙོ་དགུ་སོ་སོའི་འཁོར་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར།  དེའི་སྤྱི་བོར་ཨོཾ།  མགྲིན་པར་ཨཱཿ   ཐུགས་ཀར་ཧཱུཾ།  ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་པར་མོས་ཏེ།  ཧཱུཾ༔  ཆོས་ཀྱི་དབྱིངས་ཀྱི་དཀྱིལ་(7བ)འཁོར་ནས༔  བཅོམ་ལྡན་དཔལ་ཆེན་ཁྲག་འཐུང་དགུ༔  ཡབ་ཡུམ་འཁོར་དང་བཅས་པ་རྣམས༔  རང་བཞིན་དབྱིངས་ནས་སྤྱན་འདྲེན་ན༔  འཁོར་ལོ་འདི་ལ་བརྟན་པར་བཞུགས༔  མཐུ་དང་བྱིན་རླབས་དངོས་གྲུབ་སྩོལ༔  ཚེ་སྲིང་དཔལ་སྐྱེད་གཟི་བརྗིད་སྤེལ༔  གདོན་དང་ནད་དང་གནོད་པ་སྲུངས༔  ས་མ་ཡ་ཨ་བེ་ཤ་ཡ་ཨཱཿ   ཞེས་ཡེ་ཤེས་པ་མདུན་གྱི་ནམ་མཁར་སྤྱན་དྲངས་པ་དང་།  ཁྱད་པར་བསྲུང་བྱ་མིང་ཡིག་དང་པོའི་རྣམ་པས་བཀུག་པ་དམ་ཚིག་གི་འཁོར་ལོ་ལ་ཛཿཧཱུཾ་བཾ་ཧོཿས་གཉིས་མེད་དུ་བསྟིམ།  ཕྱི་ནང་གི་མཆོད་པ་དང་བསྟོད་པ་མདོར་བསྡུས་ཙམ་བྱ།  ལྷ་རྣམས་འོད་དུ་ཞུ་བ་འཁོར་ལོར་གྱུར་པའི་སྔགས་ཕྲེང་རྣམས་ལས་ཡེ་ཤེས་བདུད་རྩིའི་རང་བཞིན་གྱི་འོད་ཟེར་འཕྲོས་པ་སྤྲིན་བཞིན་འཁྲིགས་ནས་བསྲུང་བྱའི་མིང་ཡིག་ལ་གོ་ཆ་བཞིན་དུ་བཅིངས་པར་བསམ་ཞིང་།  རྩ་སྔགས་སོ་སོའི་མཐར་སྲུང་སྔགས་བཏགས་པ་བརྒྱ་རྩ་སོགས་བཟླ།  རྟེན་འབྲེལ་སྙིང་པོ་ཉེར་གཅིག་གིས་བསྔགས་པའི་མེ་ཏོག་འཐོར་ཞིང་ཤིས་བརྗོད་བྱ།  ཟློག་འཁོར་ལྷ་འོད་ཞུའི་བར་སྔར་དང་དཀྱུས་གཅིག་ཏུ་བྱས་ནས།  ཁྱད་པར་(8ན)སྔགས་ཕྲེང་རྣམས་ལ་འོད་ཟེར་དྲག་ཅིང་རྩུབ་པ་མེ་སྟག་གི་ཚྭ་ཚྭ་ལྟ་བུ་འཕྲོས་པས་དགྲ་བགེགས་བྱད་མ་ལྷ་སྲུང་དང་བཅས་པ་ཐམས་ཅད་རྩྭ་སྦུར་མེས་བསྲེགས་པ་བཞིན་སོང་བར་བསམ་ཞིང་།  དམིགས་བྱའི་མིང་ཡིག་སོགས་ཀྱང་དེ་དང་འདྲ།  རྩ་སྔགས་ལ་ཟློག་སྔགས་བཏགས་པ་བརྒྱ་རྩ་སོགས་ཀྱིས་བྱིན་བརླབ།  བསད་འཁོར་ལྷ་གནས་ངེས་པ་ཅན་གྱི་སྔགས་བཀོད་པ་སྔར་གྱི་དཀྱུས་སུ་སྤྱིར་བསྒྲུབ་ཅིང་།  ཁྱད་པར་སྦྱོང་ཁྲུས་ཀྱིས་རང་གི་དྲི་མ་བསལ་བ་སྔོན་དུ་འགྲོ་བས་ལྕགས་སྣོད་སོགས་སུ་བཀྲམ།  བསྐུལ་གསེར་སྐྱེམས་གཟུ་དཔང་རྣམས་བྱས་ལ།  དམིགས་བྱའི་མིང་གཟུགས་རྣམས་དེར་བསྐྱེད་དེ་བདེན་སྟོབས་ཀྱི་དྲག་ཏུ་བཀུག་ཅིང་རྟེན་ལ་བསྟིམ་ནས་ལྷ་དང་དབྱེ།  བདག་དང་འཁོར་ལོར་བཀོད་པའི་དྲག་སྔག་ཀྱི་ཡིག་འབྲུ་ལས་སྤྲོས་པའི་ལས་བྱེད་ཀྱི་ཕོ་ཉ་རྣམས་ཀྱིས་དམིགས་བྱ་རང་དབང་མེད་པར་བཀུག་སྟེ་བྲུབ་ཁུང་དུ་བཅུག   །སྐྱོབ་བྱེད་ཀྱི་ལྷ་སྲུང་སྦུར་མ་རླུང་གིས་དེད་པ་ལྟར་གཏོར་ཞིང་བསྐྲད།  དུག་དང་མཚོན་ཆའི་ཆར་བབས་པས་ལུས་རྡུལ་ཕྲན་ལྟར་བཤིག་པར་བསམ་ཞིང་དྲག་སྔགས་མེ་ཕུང་མ་(8བ)ཆིག་བསྒྲིལ་དུ་བཟླ།  དཀོན་མཆོག་གསུམ་གྱི་བདེན་སྟོབས་བརྗོད་དེ།  རིག་སྔགས་བསླུ་བ་མེད་པའི་བདེན་པའི་སྟོབས་ཀྱིས་ལས་འདི་མྱུར་དུ་འགྲུབ་པར་གྱུར་ཅིག   །ཅེས་བསྒོམ་ཞིང་བརྗོད་ལ་ཡིག་འབྲུར་བསྒྱུར།  སྔགས་ཀྱི་འོད་ཟེར་ཚ་ཞིང་རྩུབ་པས་མིང་ཡིག་རྣམས་གཟིར་བར་བསམ་ཞིང་འཁོར་ལོ་རྣམས་རྩེ་མོ་ནང་དུ་རིམ་བཞིན་རུབ་ནས་མཚོན་ཆ་ལྟེབ་ཏུ་བྱས་ལ་ཚོན་སྐུད་སྔོ་དམར་གྱིས་དཀྲིས་ནས་བྲུབ་ཁུང་དུ་གཞུག   །མཐར་སྒྲུབ་པ་ཐོན་ནས་སྲུང་བའི་འཁོར་ལོ་བསྲུང་བྱའི་མགུལ་དུ་གདགས་ཤིང་།  ཟློག་བསད་ཀྱི་འཁོར་ལོ་ཟོར་གཏོར་དང་ལྷན་དུ་མེར་བསྲེགས་པར་བྱ་བ་ཡིན་ནོ།  །ཞེས་པའང་ཉེར་མཁོའི་ལག་ལེན་ཕྱོགས་མཚོན་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ།།  །།