TTDL-ZABTER-13-PA-052

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-13-PA-052
Wylie title TTDL-ZABTER-13-PA-052.pdf
Location bdud 'joms gling pa zab gter
Volume 13, Text 52, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༡༩༩ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ གཟའ་བདུད་སྒྲུབ་པའི་ཆ་ལག་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ༠༠༠༠བརྡ་ཡི༢༠༠གཟའ་བདུད་ནག་པོ་སྒྲུབ་པ་ཡི༔ སྔགས་པའི་རང་སྲུང་བྱ་བ་ལ༔ ཕ་བོང་ལོང་བུ་མ་ཉམས་པའི༔ ལོག་ལ་མཚལ་གྱིས་ཏྲི་དྲུག་བྲིས༔ དར་གྱིས་དྲིལ་ཏེ་མགུལ་དུ་བཅིང་༔ དེ་ཡིས་སུ་དང་གྲིབ་བཞིན་འཁོར༔ འཁུ་ལྡོག་གདུག་རྩུབ་འབྱུང་མི་སྲིད༔ ས་མ་ཡ༔ དང་པོ་ཟོ་དོར་གཉན་པོ་ལ༔ གསེར་སྐྱེམས་གཏོར་མ་བཏང་བ་ནི༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྣང་སྲིད་ཡུལ་ལྷ་གཞི་བདག་ཐམས་ཅད་སྤྱན་དྲངས་ཏེ་མདུན་དུ་འཁོད་པར་བསམ༔ ཨོཾ་སྭ་བྷཱ་ཝ༴བྷྲཱུྃ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་གསེར་སྐྱེམས་གཏོར་མ་འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་གཏེར་དུ་གྱུར༔ ཨོཾ་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ནམ་མཁའ་མཛོད་སྔགས་གསུམ་དང་༔ ཨ་ཀཱ་རོ་གསུམ༔ ཨ་མྲྀ་ཏ་ཞེས་ལན་གསུམ་བརྗོད༔ ཀྱཻ༔ སྔོན་ཚེ་ཐུབ་པའི་དབང་པོ་དང་༔ ཕྱག་རྡོར་པད་འབྱུང་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཟོ་དོར་ཚོགས༔ དེ་འཁོར་ཡང་འཁོར་བྲན་འབངས་སྡེ༔ འབྱུང་ལྔའི་ཁམས་ལ་གནས་སོ་ཅོག༔ ཐམས་ཅད་འདིར་འདུས་བཀའ་ལ་ཉོན༔ ང་ལ་སྡང་བའི་དགྲ་བོ་འདི༔ བསྒྲལ་བའི་ཞིང་དུ་གྱུར་པ་ཡིན༔ འདི་ལ་མགོན་སྐྱབས་མ་མཛད་ཅིག༔ ཁ་འཛིན་སྡོང་གྲོགས་མ་བྱེད་ཅིག༔ རྒྱབ་བརྟེན་དཔུང་གཉེན་མ་བྱེད་ཅིག༔ བརྩེ་བྱམས་གདུང་སེམས་མ་བྱེད་པར༔ ང་ཡི་བསམ་དོན་མྱུར་དུ་སྒྲུབས༔ འདོད་ཡོན་གཏོར་མ་བདུད་རྩི་སྐྱེམས༔ མི་ཟད་གཏེར་དུ་བྱིན་རླབས་ནས༔ འབུལ་ལོ་བཞེས་ལ་བདག་གྲོགས་མཛོད༔ དུས་གསུམ་རྒྱལ་བ་སྲས་བཅས་ཀྱི༔ བཀའ་དང་དམ་ཚིག་དཔང་བཙུག་ནས༔ ཁྱེད་ལ་ཕྲིན་ལས་བཅོལ་བ་ནི༔ ང་ལ་སྡང་བའི་དགྲ་བོ་འདི༔ ལོ་ཟླ་འགྱངས་སུ་མ་ཤོར་བར༔ དོ་ནུབ་ཉིད་དུ་ཁུག་ལ་སོད༔ བསད་རྟགས་དོན་སྙིང་ཁྱེར་ལ་ཤོག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཉམས་བཀའ་བཅག་གང་སུ་ཡང་༔ རྡོ་རྗེ་ཅན་གྱི་བཀའ་ཆད་ཀྱིས༔ མགོ་འགས་སྙིང་བསྲེགས་དམྱལ་བར་ལྟུང་༔ དེ་བས་བཅོལ་བའི་ཕྲིན་ལས་མཛོད༔ སརྦ་ལོ་ཀ་པཱ་ལ་ས་པ་རི་ཝཱ་ར་ཨེ་དཾ་བ་ལིང་ཏ་ཁཱ་ཧི༔ བཛྲ་ས་མ་ཡ༔ དེ་ནས་གཟུ་དཔང་བྱ་བ་ནི༔ ཀྱཻ༔ དཀོན་མཆོག་གསུམ་པོ་གཟུ་དང་དཔང་༔ རྩ་བརྒྱུད་བླ་མ་གཟུ་དང་དཔང་༔ ཡི་དམ་ལྷ་ཚོགས་གཟུ་དང་དཔང་༔ མ་ཚོགས་མཁའ་འགྲོ་གཟུ་དང་དཔང་༔ བཀའ་སྲུང་དམ་ཅན་གཟུ་དང་དཔང་༔ སྟོང་གསུམ་གཞི་བདག་གཟུ་དང་དཔང་༔ འབྱུང་ལྔའི་ཁམས་ལ་གནས་བརྟེན་པའི༔ ལྷ་སྲིན་སྡེ་བརྒྱད་གཟུ་དང་དཔང་༔ མ་ལུས་ཐམས་ཅད་གསན་ཅིང་དགོངས༔ དམ་ཉམས་དགྲ་བོ་ལས་ངན་འདི༔ བསྒྲལ་བའི་ཞིང་དུ་གྱུར་པ་དང་༔ ཉམས་པ་བདུན་ལ་གཏོགས་པ་ཡིན༔ མ་ཉེས་རྣལ་འབྱོར་སྡུག་ཏུ་བཅུག༔ དཀོར་བརྐུས་ནོར་འཕྲོག་སྒྲོ་སྐུར་བཏབ༔ འཇིགས་པའི་ང་རོས་དྲག་ཏུ་བསྡིགས༔ སྲོག་ལ་རྒོལ་ཞིང་དཀོར་ལ་རྔམས༔ ཆོས་ལ་བར་ཆད་རྐྱེན་ངན་བྱས༔ ཐབས་དང་ཐོབ་ཀྱིས་ང་ལ་བསྡོས༔ ང་ནི་མ་ཉེས་མ་ལན་ནོ༔ ཉེས་མེད་ང་ལ་དགྲ་བྱུང་ན༔ དཀོན་མཆོག་གསུམ་པོ་གཟུ་དཔང་མཛོད༔ ལས་ལན་ང་ཡིས་མ་འབྱོར་ཏེ༔ རྩ་གསུམ་ཆོས་སྐྱོང་ར་མདར་སྦྲན༔ འདོད་ཡོན་གཏོར་མ་བརྔན་དུ་འབུལ༔ དགྲ་བོའི་སྲོག་གི་བདུད་དུ་ཕོབས༔ གང་གིས་མགོན་དང་སྐྱབས་མ་མཛད༔ སྐྱོབ་བྱེད་ལྷ་སྲུང་ཀུན་དང་ཕྲོལ༔ ང་ཡི་དབང་དུ་འགྱུར་བར་མཛོད༔ དམ་ཚིག་ཡིན་ནོ་ཕྲིན་ལས་མཛོད༔ དེ་ནས་མཁྱེན་དཔང་གསོལ་བ་ནི༔ ཀྱཻ༔ དཀོན་མཆོག་གསུམ་གྱིས་མཁྱེན་པར་གསོལ༔ རྩ་གསུམ་སྲུང་མས་མཁྱེན༴སྡེ་བརྒྱད་ལྷ་འདྲེས་མཁྱེན༴གཞི་བདག་སྲུང་མས་མཁྱེན༴ང་ལ་སྡང་བའི་དགྲ་བོ་འདིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ དགེ་འདུན་འདུས་པའི་ཆོས་ཁྲིམས་བཤིག༔ དགེ་བཙུན་ཆོས་པའི་ཟས་ལ་བླངས༔ སྔགས་འཆང་སྒྲུབ་བྱེད་ནོར་ལ་འཕྲོག༔ རྣལ་འབྱོར་སྒྲུབ་པའི་འབྲས་བུ་བཅོམ༔ དེ་འདྲའི་མི་སྲུན་དགྲ་བོ་འདི༔ ད་ལྟ་ཉིད་དུ་མ་བསྒྲལ་ན༔ ཆོས་སྡེའི་དབུ་འཕང་མན་དུ་འཕེན༔ དཀོན་མཆོག་བདེན་པ་རྫུན་དུ་བསྒྱུར༔ དེ་ཕྱིར་ལྷ་དང་སྲུང་མ་རྣམས༔ མ་གཡེལ་མ་འགྱངས་དམག་ལ་ཆོས༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ དགྲ་འདི་དོ་ནུབ་ཉིད་དུ་སྒྲོལ༔ ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ གློག་ལྟར་མྱུར་བའི་ལས་མཛོད་ཅིག༔ དགྲ་བོའི་དོན་སྙིང་ང་ལ་སྤྲོད༔ བླ་སྲོག་ལས་ཀྱི་ལིང་གར་ཕོབས༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ མ་གཡེལ་མ་འགྱངས་ས་མ་ཡ༔ དེ་ནས་བླ་འགུགས་པ་ནི༔ བྷྱོ༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ བཀའ་སྲུང་གཉན་པོའི་དུས་ལ་བབ༔ བླ་འགུགས་སྤྲུལ་འགྱེད་དུས་ལ་བབ༔ གསེར་སྟག་ལྕགས་དོམ་སྤྱང་ཀུ་དང་༔ བྱུ་རུའི་ཁྱི་དང་བྱ་ཁྱུང་དང་༔ གསེར་འཕར་ཟངས་ཀྱི་དྲེད་མོང་སོགས༔ གང་འཚམས་གཟུགས་སུ་སྤྲུལ་པ་ཁྱོད་རྣམས་ཀྱིས༔ བླ་རྟགས་མི་དང་ཤ་བ་རྒོ་བ་ལུག༔ ར་བྱ་གླ་བ་བོང་བུ་ལ་སོགས་པ༔ གང་ལ་བརྫུས་ཀྱང་དེ་ཡི་གཤེད་དུ་སྤྲུལ༔ ད་ལྟར་ཉིད་དུ་ཁུག་ལ་ལིང་གར་ཕོབས༔ ཐར་འཆོར་ནུས་པ་མེད་པར་སོད་ཅིག་སྒྲོལ༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ཞེས་བླ་འགུགས་བརྗོད་ཅིང་ལྷ་དབྱེ་ནི༔ རང་ཉིད་ཡི་དམ་གྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་སྒྲོ་གཉིས་ལ་ཕོག་པས་གནས་སུ་གྱུར་པ་ལས་སྐུ་སྟོད་ཁྲོ་མོ་འུག་པ་དང་བྱ་རོག་གི་མགོ་བོ་ཅན་སྐུ་སྨད་ལྕགས་སྲེག་གི་ཕུར་དབལ་མེ་ཡི་ཚྭ་ཚྭ་འཕྲོ་བ་སྤུ་གྲི་ངར་མའི་འདབ་གཤོག་ཅན་གཉིས་འཛིང་འཐབ་བྱེད་པའི་སྒྲོ་གསེབ་ནས་དུག་ཁྲག་ནད་མཚོན་གྱི་ཆར་བབས་པས་ཁོ་ཡི་ལྷ་སྲུང་ཐམས་ཅད་ཀྱིས་དགྲ་བོ་སྐྱབས་མེད་དུ་བྲོས་ཤིང་དབྱེ་བར་བསམ༔ སླར་ཡང་སྤྲུལ་པ་དེ་འདྲ་བས་སྣང་སྲིད་ཀྱི་ཁམས་ཐམས་ཅད་གང་ནས་མེ་རླུང་མཚོན་ཐུན་དུག་དང་ནད་མུག་གི་ཡོ་ལངས་ཆེན་པོས་དགྲ་བོའི་ལྷ་སྲུང་ཐམས་ཅད་མཐའི་རྒྱ་མཚོའི་ཕ་མཐར་དུ་བསྐྲད་དེ་མཚམས་བཅད་ནས་དགྲ་བོའི་ལྷ་སྐྱབས་རྟེན་མེད་པར་བྱིའུ་ཕྲུག་ཐང་སྟོང་དུ་ལུས་པ་ལྟར་སོང་ནས་དྲན་མེད་དུ་བརྒྱལ་བར་བསམ༔ ཞེས་རྫས་ཀྱི་དུ་བས་བདུག་ལ༔ རྩ་སྔགས་ཤམ་དུ༔ རླུང་ཡང་ཡང་སང་སང་མ་ཆགས་ཀུ་ཏ་ཡ་ཧཱུྃ་ཕཊ༔ ཛཿདཀོན་མཆོག་གསུམ་དང་རྩ་གསུམ་ལྷ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ དགྲ་བོ་སྐྱབས་དང་བྲལ་བའི་ཕྱིར༔ ལྷ་དབྱེའི་ཕྲིན་ལས་ད་མཛོད་ཅིག༔ བྷྱོ༔ མེ་དཔུང་རབ་འཁྲུག་ཀློང་དཀྱིལ་ནས༔ ཁ་ཁ་མུ་ཁ་སྐུར་བཞེངས་ཤིག༔ མཐིང་ནག་ཆེན་མོ་བྱ་རོག་མགོ༔ དཔག་ཚད་ལྔ་བརྒྱ་ཡུད་ཀྱི་བསྒྲོད༔ ཉིན་གྱི་ལས་མཛད་རྫུ་འཕྲུལ་ཅན༔ གཡས་སུ་བསྐོར་ཞིང་དབྱེན་ལས་བྱེད༔ ཤ་ལོག་བྱེད་ཅིང་སྡང་མིག་བལྟ༔ དམ་ཉམས་དགྲ་བོ་ལྷ་དང་ཕྲོལ༔ དུས་ལ་བབ་བོ་ས་མ་ཡ༔ བྷྱོ༔ དུག་ཁྲག་རྒྱ་མཚོ་འཁྲུགས་དཀྱིལ་ནས༔ ཧུ་ལུ་འུག་གདོང་སྐུར་བཞེངས་ཤིག༔ སེར་ནག་རྫུ་འཕྲུལ་སྟོབས་དང་ལྡན༔ དཔག་ཚད་བརྒྱད་ཁྲི་ཡུད་ཀྱིས་བསྐོར༔ མཚན་གྱི་ལས་བྱེད་མཐུ་མོ་ཆེ༔ གཡོན་དུ་བསྐོར་ཞིང་ཕྲ་མ་བྱེད༔ ཤ་མིག་བྱེད་ཅིང་སྡང་མིག་བསྒྲད༔ དམ་ཉམས་དགྲ་བོ་ལྷ་དང་ཕྲོལ༔ ཁ་ཁ་མུ་ཁ་ཛཿཧུ་ལུ་མུ་ཁ་ཛཿདགྲ་བོའི་ལྷ་སྲུང་ཐམས་ཅད་པྲ་ཝེ་ཤ་ཡ་ཕྲ་ཝེ་ཤ་ཡ་ཨུ་ཙ་ཏ་ཡ་ཕཊ༔ ཐུན་གྱིས་བྲབ་ལ༔ ན་མོ་རཏྣ་ཏྲ་ཡ་ཡ༔ ཙ་ལེ་ཙ་ལེ་པྲ་ཙ་ལེ༔ ཤིག་ཤིག་ག་མེ་ཡེ་སྭཱ་ཧཱ༔ ཞེས་དུ་བས་བདུག་སྒྲོས་གཡབ་ཐུན་བྲབ་ཚེ༔ དགྲ་བོའི་ལྷ་སྲུང་ཐམས་ཅད་ཕྱིར་ལྡོག་མི་ཤེས་པར་གླིང་བར་མུན་པའི་ཁྲོད་དུ་བསྐྲད༔ རྨུགས་ཤིང་འཐིབས་པའི་གྲིབ་ཀྱིས་བཏབ་སྟེ་མཚམས་བཅད་པར་བསམ༔ དགྲ་བོ་དེ་ལ་ཐུན་མཚོན་ནད་མུག་མྱ་ངན་གྱི་དལ་ཁས་ཐེབས་ནས་དྲན་མེད་མྱོས་པར་བསྒོམ༔ དེ་ནས་བསད་པ་ལ་འཇུག་གོ༔ དེ་ལྟར་ཆ་ལག་སྤྱི་ལ་དགོས་པའི་རྒྱན༔ རིག་འཛིན་བདུད་འདུལ་དཔལ་གྱི་རྡོ་རྗེ་ཡིས༔ འོད་གསལ་ཆོས་ཉིད་རོལ་པའི་མཁའ་ཀློང་ནས༔ བྱད་དང་གཟུགས་བརྙན་ལྟ་བུའི་རང་རྩལ་ལས༔ ཡེ་ཤེས་སྒྱུ་མའི་སྐུར་ངོམས་བཀའ་འདི་གདམས༔ བཀའ་གཏེར་ཡོངས་བཅུད་ཡིན་སྐད་དབང་ལུང་གནང་༔ འདི་ཡིས་མི་ཐུལ་གང་ཡང་མེད་ཅེས་གསུངས༔ དམ་ཉམས་ལག་ཏུ་མ་ཤོར་སྔགས་སྲུང་མ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིགས་སྲས་མཁྱེན་བརྩེའི་མྱུ་གུ་དང་རེས་གོང་བ་བསོད་ནམས་རྒྱལ་ཀླུ་འབུལ་རྒྱལ་གསུམ་གྱི་བསྐུལ་ངོར།ཁྲག་འཐུང་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་མཛོད་ལས་བསྒྱུར་བའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།ལེགས་སོ།།།།༈གཙོ་སྔགས་ཤམ་བུར་མིང་འདོགས་ལ་བླ་འགུགས་པ་ནི༔ ཨ་ཀཪྴ་ཡ་ཧཱུྃ་ཛ་ཛཿཚེ་འགུགས་པ་ནི༔ ཨ་ཡུརྫྙཱ་ན་ཨ་ཀཪྴ་ཡ་ཧཱུྃ་ཛ་ཛཿཡིད་འགུགས་པ་ནི༔ ཏྲི་ཡཾ་ནི་ཨ་ཀཪྴ་ཡ་ཧཱུྃ་ཛ་ཛཿགཟུགས་འགུགས་པ་ནི༔ རཱུ་པ་རྐནྟ་ཨ་ཀཪྴ་ཡ་ཧཱུྃ་ཛ་ཛཿའབོད་སྔགས་ནི༔ ཧྲཱིཿཏྲི་རཀྴ་རཱ་ཧུ་ལ་ཤག་རུ་རཾ་ན་གེ་ཙིཏྟ་ཏྲཾ་མ་མ་ཟ་འགྲམ༔ ཧ་ཧེ་ཡོ་གེ་ཤ་ལ་ས་མ་ཡ་ཙིཏྟ་ཕྱུངས་ཧྲཱིཾ་ཛ་ཛཿ༈དགྲ་ཉེས་ཆེ་གེ་མོའི་བླ་ཤ་རེ་མ་ཏི་འགྲིམ་འགྲིམ༔ ཤ་མ་རུ་ཏི་ཐུལ་ཐུལ༔ མྱོག་མྱོག༔ ཡེད་ཡེད༔ ཤ་མ་རུ་ཏི་ཁུག་ཁུག༔ ལིང་མྱོག་ལིང་ཤག་ལིང་ཐུམ་ཙ་མུན་ཏྲི་ཛ་ཧཱུྃ་བཾ་ཧོཿ དགེའོ།།།།