TTDL-ZABTER-09-TA-041

From Dudjom Wiki
Revision as of 09:45, 4 June 2024 by Jeremi (talk | contribs)

TTDL-ZABTER-09-TA-041
Wylie title TTDL-ZABTER-09-TA-041.pdf
Location bdud 'joms gling pa zab gter
Volume 9, Text 41, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༢༨༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བཙན་རྒོད་སྲོག་སྒྲུབ་པདྨ་དཀར་པོའི་སྨད་ཆ་འདོད་འབྱུང་དཔག་བསམ་རྒྱས་པ་བཞུགས་སོ༔ ༠༠༠༠༠བརྡ་ཡིག༢༨༨ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བདག་འདྲ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ བཙན་རྒོད་སྲོག་སྒྲུབ་པདྨ་དཀར་པོ་ཡི༔ སྨད་ཆ་འདོད་འབྱུང་དཔག་བསམ་རྒྱས་པ་བསྟན༔ འདི་ཉིད་ཉམས་སུ་ལེན་པའི་རྣལ་འབྱོར་གྱིས༔ ལེགས་ཉེས་ཤན་འབྱེད་བཀྲ་མོའི་ལག་ལེན་ནི༔ ཟངས་ལྕགས་ཤྭའམ་ཁྱི་དམར་རྐང་གི་ཤྭ༔ ཡང་ན་བཙན་ཤིང་དམར་པོའི་ཤྭ་བྱས་ཏེ༔ ལེབ་བདུན་ལ་ནི་ཡིག་འབྲུ་བདུན་པོ་བྲི༔ ནཱཿགཿཙནཿཏྲིཿཡེཿསྭཱཿཧཱཿབསྒྲུབ་པའི་རྟེན་ལ་ཤྭ་བཞག་སྟེ༔ བཀྲ་མོའི་དུས་སུ་ལག་ཏུ་བླངས༔ དེ་ནས་བཀྲ་མོ་ཤན་འབྱེད་སྨོས༔ ཧེ་ཀའི་བསྭོ་བསྭོ༔ བཙན་དམར་རོལ་པ་སྐྱ་གཅིག༔ སྲོག་བདུད་ཤན་པ་ཀུས་འདེབས༔ ཀུས་ཤེས་བཀྲ་བའི་མོ་ལྷ༔ ཤཱཀྱའི་བསྟན་སྲུང་ཆེན་པོ༔ ཨོ་རྒྱན་བཀའ་ཡི་སྲུང་མ༔ ཁྱོད་སྟོང་གསུམ་གང་ན་གནས་ཀྱང་༔ སྐད་ཅིག་ཉིད་ལ་འདིར་གཤེགས༔ ཐ་ཚིག་གཉན་གྱིས་འབོད་དོ༔ གཡར་དམ་གཉན་ལ་མ་འདའ༔ དམ་ཚིག་དབང་གིས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿབདག་གིས་བཀྲ་བའི་མོ་འདི་ཅིའི་ཕྱིར་ན་བཏབས་པ་ཡིན་པས༔ མོ་འདི་རང་གཞུང་གི་བརྟགས་དཔྱད་མ་ནོར་བར་བཟང་ངན་གཉིས་ཤན་ཕྱེས༔ གབ་བརྐུང་མེད་པར་གསལ་བར་ཕོབ་ཅིག༔ ཨོཾ་ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ཧཱུྃ་བཛྲ་ས་མ་ཡ་ཛ་ཛཿབཀྲ་མོ་གསལ་བར་ཕོབ་ཅིག༔ ལན་གྲངས་བརྒྱའམ་ཉེར་གཅིག་བཟླས༔ དེ་ཚེ་རང་ཉིད་ཡི་དམ་ལྷའི༔ བསྐྱེད་པ་དང་ནི་མི་འབྲལ་བར༔ མེ་དཔུང་ཀློང་དུ་བསྐྱེད་དེ་འདེབས༔ ཤྭ་ནི་དར་དམར་སྟེང་དུ་འཕེན༔ དང་པོ་ནཱཿལ་བབ་གྱུར་ན༔ གཞི་ལ་དགེ་ཞིང་ནོར་ཡང་འཕེལ༔ སྲོག་ཕྱྭར་བཟང་ཞིང་ནད་པར་བཟང་༔ བློ་ཕྱྭ་ལམ་འགྲོ་དོན་ཡང་འགྲུབ༔ སྟེར་རྙེད་ཇག་ལ་ནོར་དང་འཕྲད༔ ཨི་ཐོན་ཐོན་དང་ཨི་འཕྲད་འཕྲད༔ རྟ་ཕྱྭ་བཟང་ཞིང་དགྲ་ཡང་མེད༔ གཉིས་པ་གཿལ་བབ་གྱུར་ན༔ ཀུན་ལ་ངན་སྟེ་ཉེས་པ་ཆེ༔ གསུམ་པ་ཙནཿལ་བབ་གྱུར་ན༔ གཞི་ལ་བཟང་སྟེ་ནོར་ཕྱར་བཟང་༔ མགྲོན་པོ་མི་འོང་སྲིད་ཀྱང་འཕེལ༔ སྲོག་ཕྱྭ་བརྟན་ཏེ་ནད་པ་འཚོ༔ རྟ་ཕྱྭ་ལ་བཟང་དགྲ་ཡང་མེད༔ ཀུན་ལ་ཤིན་ཏུ་བཟང་བའི་མཆོག༔ བཞི་པ་ཏྲིཿལ་བབ་གྱུར་ན༔ གཞི་ལ་འབྲིང་སྟེ་ནོར་ལ་ངན༔ སྲིད་བྱུང་འཆི་སྟེ་སྲོག་ཕྱྭར་ངན༔ ནད་པར་འབྲིང་སྟེ་བློ་ཕྱྭར་བཤོལ༔ ཨི་འོང་ན་ཡང་སྒོར་མེད་ན༔ མི་འོང་འཇིགས་ཆེ་དགྲ་ཕྱྭ་རྒོད༔ རྟ་ལ་འབྲིང་སྟེ་གང་ལའང་འབྲིང་༔ ལྔ་པ་ཡེཿལ་བབ་གྱུར་ན༔ གཞི་ཕྱྭར་ངན་སྟེ་ནོར་ལ་འབྲིང་༔ དོན་ཕྱྭར་དོན་འགྲུབ་བློ་ཕྱྭར་ལེགས༔ སྲིད་ལ་ངན་སྟེ་སྲོག་ཕྱྭར་བཟང་༔ ནད་པ་ལ་ངན་རྟ་ཕྱྭར་བཟང་༔ ཨི་འོང་འོང་སྟེ་ཨི་འཕྲད་འཕྲད༔ དྲུག་པ་སྭཱཿལ་བབ་གྱུར་ན༔ གཞི་ཕྱྭ་ནོར་ཕྱྭ་བློ་དོན་ཕ༔ ནད་པ་སྲོག་ཕྱྭ་རྟ་ཕྱྭ་སྲིད༔ ཀུན་ལ་ངན་སྟེ་ཉེས་པ་ཆེ༔ ཨི་འོང་ན་ཡང་མི་འོང་སྟེ༔ ཨི་འཕྲད་ན་ཡང་ངེས་པར་འཕྲད༔ བདུན་པ་ཧཱ༔ ལ་བབ་གྱུར་ན༔ ཀུན་ལ་བཟང་སྟེ་དགེ་བའོ༔ ས་མ་ཡ༔ དེ་ནས་དགྲ་བོ་བསྒྲལ་འདོད་ན༔ ཧོམ་དུ་མིང་རུས་བྲིས་ལ་བཅུག༔ བསྐུལ་ཞིང་འགུགས་གཞུག་བྱེད་པ་ནི༔ དཀོན་མཆོག་གསུམ་དང་རྩ་བ་གསུམ༔ བསྟན་བསྲུང་དམ་ཅན་རྒྱ་མཚོ་ཡི༔ བྱིན་རླབས་དམ་ཚིག་བདེན་པའི་མཐུས༔ དམ་ཉམས་དགྲ་བོ་ཆེ་གེ་མོ༔ གཟུགས་བྱང་ལིངྒ་འདི་ལ་ཁུག༔ ཁུག་སྟྭཾ་བཛྲ་ཨཾ་ཀུ་ཤ་ཡ་ཛཿནམ་གྱི་སྲོད་ལ་ལན་བརྒྱ་བརྗོད༔ དེ་ནས་གྲུ་གུ་དམར་པོསབཅིངས༔ ཧོཿབཙན་རྒོད་ཤན་པ་རྫུ་འཕྲུལ་ཅན༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ ཡིད་ལ་བརྣག་པའི་དགྲ་བོ་འདི༔ བཙག་ཞགས་དམར་པོ་གྲུ་ཆིངས་ཀྱིས༔ ནཱ་ག་ཙནྟྲི་ཡཀྴ་ཡཀྴ་ས་མ་ཡ༔ དགྲ་བོ་ཆེ་གེ་མོ་ཆིངས་ཆིངས་རྦད་ཐུལ༔ དེ་ནས་མཚོན་གྱིས་གཟིར་བྱས་ཏེ༔ ཧོཿབཙན་རྒོད་ཆེན་པོའི་དུས་ལ་བབ༔ ཁྱོད་ཀྱི་དམ་ཚིག་དུས་ལ་བབ༔ དམ་ཉམས་དགྲ་བོ་ཆེ་གེ་མོར༔ སྲོག་གཅོད་མཚོན་་ཆ་ངར་མས་ཐོབ༔ རྗེས་ཤུལ་ཙམ་ཡང་མེད་པར་གྱིས༔ ཐལ་བའི་རྡུལ་དུ་བརླག་པར་གྱིས༔ ནཱ་ག་ཙནྟྲི་ཡཀྴ་ཡཀྴ་ས་མ་ཡ་དགྲ་བོ་ཆེ་གེ་མོའི་ཚེ་བླ་སྲོག་གསུམ་ཧུར་ཐུམ་རྦད་རྦད་ནན་ནན་ཕྱེ་མ་རྡུལ་ཕྲན་རློག་རློག་རྦད་ནན་སོད༔ བཙན་དམར་སྲོག་གི་སྤུ་གྲི་ལ༔ བརྟེན་པའི་དགྲ་བོའི་སྲོག་འབྱིན་གྱི༔ དྲག་འཁོར་མེ་དབལ་དམར་པོ་ལ༔ མུ་ཁྱུད་རིམ་པ་བཞི་བསྐོར་ཏེ༔ ལྟེ་བར་ཙ་ཡིག་ཅེས་བྲིས་ཏེ༔ དེ་མཐར་ཨོཾ་བཛྲ་ཙཎྜ་མ་ཧཱ་རོ་ཥ་ཎ་ཧཱུྃ་ཕཊ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ནཱ་ག་ཙནྟྲི་ཡཀྴ་ཡཀྴ་ས་མ་ཡ་ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཧཱུྃ་ཕཊ༔ དེ་མཐར་འཁོར་ལོ་རྩིབས་བདུན་ལ༔ ནཱཿགཿཙནཿཏྲིཿཡཀྴཿཀྲོཿཏཿཧཱུྃ༔ བྲིས་ལ་རྩིབས་མཆན་ལ༔ དགྲ་བོའི་བླ་ཁུག་རྦད༔ དགྲ་བོའི་ཚེ་ཁུག་རྦད༔ དགྲ་བོའི་སྲོག་ལ་རྦད༔ དགྲ་བོའི་དབང་ཐང་ཁུག་རྦད༔ དགྲ་བོའི་བསོད་ནམས་ཁུག་རྦད༔ དགྲ་བོའི་རྣམ་ཤེས་ཁུག་རྦད༔ དགྲ་བོའི་རླུང་རྟ་ཁུག་རྦད༔ དེའི་ཕྱི་རིམ་མུ་ཁྱུད་ལ༔ ནཱ་ག་ཙནྟྲི་ཡཀྴ་ཀྲོ་ཏ་ས་མ་ཡ་དགྲ་བོ་ཆེ་གེ་མོ་ཁུག་རྦད་ནན་སོད་སོད་ཧུར་ཐུམ་ཛ་ཐུམ་རི་ལི་ལི་རྦད་ནན༔ ཞེས་བྲིས་དེ་མཐར་རྡེའུ་ཁྲམ་ཤིང་དང་༔ མེ་འབར་ཆུ་རིས་བྲིས་ཏེ་བརྩེགས༔ བཙན་བསྒྲུབ་བསྐུལ་བའི་མཐར་བཙུག་གོ༔ དེས་ནི་དགྲ་བོ་ངེས་པར་ཐུབ༔ བཙན་རྒོད་རོལ་པ་ཆེན་པོ་ཡི༔ འཁུ་ཞིང་ཕྲག་དོག་གཅོད་པ་ནི༔ ཧོཿབཙན་རྒོད་རོལ་པ་ཆེན་པོ་ཁྱོད༔ སངས་རྒྱས་བསྟན་སྲུང་ཡིན་སྲིད་ན༔ ཁྱོད་ལ་དམ་ཚིག་མེད་དམ་ཅི༔ ཡོད་ན་དགའ་མགུ་ཅི་ལ་ཆེ༔ རྣལ་འབྱོར་སྲུང་མ་མིན་ནམ་ཅི༔ ཡིན་ན་དམ་ཚིག་འཁུ་ཞིང་ལྡོག་པ་མེད༔ བདག་གི་ཁྱོད་ལ་མཆོད་གསོལ་བཞིན༔ མི་སྲུན་བགེགས་ལ་བྱས་གྱུར་ཀྱང་༔ ཕ་ལྟར་བརྩེ་ཞིང་མ་ལས་གདུང་༔ དམ་ཚིག་བཀའ་བསྒོས་དཔང་ལ་ཡོད༔ བདེ་གཤེགས་བདེན་པ་འགྱུར་མེད་དེ༔ རྒྱལ་བའི་བཀའ་གཉན་མི་འདས་བསྲུང་༔ དེས་ན་ཁྱོད་ཀྱང་ཕྲག་མ་དོག༔ གོང་མ་གཡེལ་ལ་ལས་མ་འགྱང་༔ སངས་རྒྱས་བསྟན་བསྲུང་དམ་ཅན་ལ༔ རུ་ང་ཕྲག་དོག་ག་ལ་ཡོད༔ བདག་ཀྱང་དམ་ལ་གནས་པའི་ཕྱིར༔ ཕྱིར་ཡང་མི་སྤངས་ཁྱོད་མཆོད་བསྟོད༔ མ་ལྟར་བརྩེ་བའི་གྲོགས་མཛོད་ལ༔ སྲིང་ལྟར་གདུང་བའི་ཕྲིན་ལས་སྒྲུབས༔ སྔར་གྱི་ཆད་ཉམས་འགལ་འཁྲུལ་བཤགས༔ དམར་གཏོར་སྐྱེམས་དང་མཐུན་རྫས་ཀྱིས༔ ཁྱོད་ཀྱི་ཐུགས་དམ་བསྐང་གྱུར་ཅིག༔ སླན་ཆད་འཁུ་ལྡོག་མ་བྱེད་ཅིག༔ རུ་མ་ང་ལ་ཕྲག་མ་དོག༔ བདག་གིས་མ་རིག་མ་ཤེས་པའི༔ ཉེས་བྱས་ཤོར་ཡང་ཕྲག་མ་དོག༔ བཀའ་ནི་སྟོན་པའི་བཀའ་ཡིན་ནོ༔ མ་འདའ་དམ་ཚིག་དཔང་ལ་ཡོད༔ བདག་ལ་སྡང་བའི་དགྲ་བྱུང་ན༔ ཕ་ཁུ་ཡིན་ཀྱང་སོད་ལ་ཤོག༔ མ་སྲུ་ཡིན་ཡང་སྒྲོལ་ལ་ཤོག༔ བཛྲ་ས་མ་ཡ་བཛྲ༔ མྱུར་དུ་བྲན་ལ་འཁོར་བའི་ཕྱིར༔ ཐ་ཚིག་གཉན་གྱིས་འབོད་པ་ནི༔ ཧོཿབཙན་རྒོད་ཤན་པ་སྐྱ་གཅིག་ཁྱོད༔ འབོད་དོ་དམ་ཚིག་གཉན་གྱིས་འབོད༔ བདག་ནི་རྣལ་འབྱོར་དམ་ཚིག་ཅན༔ དམ་ལ་གནས་ཤིང་ལྷ་ལ་འཕྲེང་༔ ཁྱོད་ནི་ཆོས་སྐྱོང་དམ་ཚིག་ཅན༔ སྟོན་པ་ཤཱཀྱ་ཐུབ་པའི་བཀའ༔ རིག་འཛིན་པདྨ་འབྱུང་གནས་བཀའ༔ གསང་བདག་ཕྱག་ན་རྡོ་རྗེའི་བཀའ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་བཀའ༔ བཀའ་དང་དམ་ཚིག་གཉན་གྱིས་འབོད༔ བཀའ་དང་ཐ་ཚིག་གཉན་གྱིས་བསྒྲུབ༔ མ་འགྱང་མ་གཡེལ་ད་ལྟ་རུ༔ བདག་གི་གྲོགས་མཛོད་ཕྲིན་ལས་སྒྲུབས༔ ཁྱོད་ཀྱང་དམ་ལ་མ་འདའ་བར༔ བདག་ལ་མ་བུ་བཞིན་དུ་སྐྱོང་༔ བདག་ཀྱང་དམ་ལ་མ་འདའ་བར༔ ཁྱོད་མཆོད་བསྒྲུབ་ཅིང་བསྟོད་བགྱིའོ༔ རུ་ང་ཕྲག་དོག་མ་མཛད་པར༔ ཕྲིན་ལས་སྒྲུབས་ཤིག་ས་མ་ཡ༔ ལན་གསུམ་བརྗོད་ཅིང་གསོལ་མཆོད་བྱ༔ དེ་ནས་ཕྲིན་ལས་བཅོལ་བ་ནི༔ ཧོཿབཙན་རྒོད་ཆེན་པོ་རྫུ་འཕྲུལ་ཅན༔ ཁྱོད་ལ་ཕྲིན་ལས་བཅོལ་བ་ནི༔ བདག་གི་ཟས་ནོར་རྒྱས་པར་མཛོད༔ སྡང་བའི་དགྲ་བོ་བྱུང་དུས་སུ༔ སྔོན་དུ་བདག་ལ་བྱ་ཐོངས་ཤིག༔ ནད་དང་ཟུག་རྡུ་བྱུང་དུས་སུ༔ འཚོ་བའི་སྨན་ཐོངས་བགེགས་དང་ཕྲོལ༔ བདག་གི་ཡིད་ལ་བརྣག་པའི་དགྲ༔ ལོ་དང་ཟླ་བར་མ་བཞག་པར༔ ཞག་དང་ཟ་མར་མྱུར་དུ་སོད༔ བདག་གི་ཡིད་ལ་གང་འདོད་ཀུན༔ འབད་མེད་ལྷུན་གྱིས་གྲུབ་པར་མཛོད༔ བཛྲ་ས་མ་ཡ༔ བཙན་ལ་བརྟེན་པའི་དབང་སྡུད་ནི༔ ཧོཿབཙན་རྒོད་ཤན་པ་ཆེན་པོ་ཁྱོད༔ དམ་ཚིག་གཉན་གྱིས་ད་བསྐུལ་ལོ༔ དམ་ཚིག་དབང་གིས་འཕྲིན་ལས་སྒྲུབས༔ བདག་གི་ཡིད་ལ་འདོད་པའི་དོན༔ དགྲ་བོ་ཆེ་གེ་དབང་བསྡུས་ཤིག༔ ནཱ་ག་ཙནྟྲི་ཡཀྵ་ཡཀྵ་ས་མ་ཡ་ཆེ་གེ་མོ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ༔ བཅོལ་ཞིང་གཉེར་གཏད་བྱེད་པ་ནི༔ ཧོཿབཙན་རྒོད་ཤན་པ་ཆེན་པོ་ཁྱོད༔ བདག་ལ་གསན་ཅིང་དགོངས་སུ་གསོལ༔ བདག་གི་རྟ་ཕྱུགས་ཟས་ནོར་ཀུན༔ དགྲ་འདྲེའི་དབང་དུ་མ་བཏང་ཞིག༔ མི་ལ་ན་ཚ་མ་བཏང་ཞིག༔ ཕྱུགས་ལ་གོད་ཁ་མ་བཏང་ཞིག༔ སྲུངས་ཤིག་སྐྱོབས་པར་མ་གཡེལ་ཅིག༔ དགྲ་དང་ཟིན་གཉིས་འཐབ་པའི་ཚེ༔ དགྲ་བོའི་མི་རྟ་ཆོམ་ལ་ཕོབ༔ རང་གི་བུ་རྟའི་ཁ་འཛིན་མཛོད༔ ཕམ་ཁ་དམ་ཉམས་དགྲ་ལ་ཐོབ༔ དགེ་རྒྱལ་མཚན་གསུམ་བདག་ལ་སྤྲོད༔ བདག་ཉིད་གཅིག་པུར་གནས་པའི་ཚེ༔ འབད་དང་རྩོལ་བ་མི་དགོས་པར༔ ཟས་དང་ནོར་གྱི་ཆར་པ་ཕོབ༔ བཀའ་བསྒོ་ཡིན་ནོ་བཀའ་མ་བཅག༔ དམ་ཚིག་ཡིན་ནོ་དམ་མ་ཉམས༔ དཀོན་མཆོག་རྩ་གསུམ་དཔང་ལ་བཞུགས༔ བཛྲ་ས་མ་ཡ་བཛྲ༔ ཉམས་སུ་ལེན་པའི་གང་ཟག་ལ༔ མ་ཡི་བུ་སྡུག་བཞིན་དུ་སྐྱོང་༔ ཕྲིན་ལས་ཐོགས་མེད་འགྲུབ་འགྱུར་རོ༔ མདོ་སྔགས་སྲུང་མ་ཐམས་ཅད་ལ༔ འདི་ལས་འགྲུབ་ཐག་ཉེ་བ་ནི༔ གཅིག་ཀྱང་མེད་དོ་ཡོད་རེ་ཀན༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ངས༔ གུ་རུའི་བཀའ་བཞིན་ཡི་གེར་བྲིས༔ མ་མོ་སྲིད་པའི་རྒྱལ་མོས་སྲུངས༔ དམ་ཉམས་ལག་ཏུ་མ་བཏང་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་སྤྲང་བན་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་བྲག་ནས་བཏོན་ཏེ་སྨར་སྟོད་འབྲོས་ཕུག་མཁའ་འགྲོའི་གནས་མཆོག་དབེན་པའི་ཁྲོད་དུ་དག་པར་ཕབ་པའི་ཡི་གེའི་རིས་བྱེད་ཕུན་ཚོགས་བཀྲ་ཤིས་སོ།།དགེའོ།།སརྦ་མངྒ་ལཾ།།