TTDL-ZABTER-12-NA-065

From Dudjom Wiki
Revision as of 09:48, 4 June 2024 by Jeremi (talk | contribs)

TTDL-ZABTER-12-NA-065
Wylie title TTDL-ZABTER-12-NA-065.pdf
Location bdud 'joms gling pa zab gter
Volume 12, Text 65, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠༠༠བརྡ་ཡིག༣༨༧ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་རྣམ་རྒྱལ་བུམ་པ་སྒྲུབ་ཐབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཨོཾ་མ་ཧཱ་ཤུ་ནྱ་སོགས༔ བུམ་པ་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཡེ་ཤེས་ལྔ་ལྡན་རང་བྱུང་ལྷུན་གྱིས་གྲུབ་པའི་གཞལ་ཡས་ཁང་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་ཡན་ལག་བརྒྱད་ལྡན་བདུད་རྩིའི་རྒྱ་མཚོ་ཆེན་པོ་འཁྱིལ་བའི་ཀློང་དུ་པཾཿལས་པདྨའི་སྡོང་པོ་ཡན་ལག་རགས་ལ་ལོ་འདབ་རྒྱས་པའི་སྟེང་དུ་མཿལས་ཉི་མ་ཨཿལས་ཟླ་བའི་སྟེང་དུ་ཧྲཱིཿལས་འཕགས་མཆོག་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར་གསལ་ཞལ་གཅིག་ཕྱག་བཞི་པ༔ མཚན་དང་དཔེ་བྱད་ཀྱིས་སྤྲས་པ༔ ཕྱག་དང་པོ་གཉིས་ཀྱིས་ཐུགས་ཀར་ཐལ་མོ་སྦྱར་བ༔ གཡས་ཀྱི་འོག་མས་ཤེལ་ཕྲེང་དང་༔ གཡོན་གྱི་འོག་མས་པདྨ་དཀར་པོ་བསྣམས་པ༔ ལོངས་སྤྱོད་རྫོགས་པའི་ཆས་ཐམས་ཅད་ཀྱིས་བརྒྱན་ཅིང་ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པའི་པང་དུ་ཡུམ་མཆོག་གསང་བ་ཡེ་ཤེས་དམར་མོ་གཡས་གྲི་གུག་དང་༔ གཡོན་པདྨ་བསྣམས་པས་འཁྱུད་པའི་སྤྱི་བོར་རིགས་བདག་སྣང་བ་མཐའ་ཡས་ཀྱིས་བརྒྱན་ཅིང་༔ མཐའ་བསྐོར་དུ་ཤར་དུ་མི་བསྐྱོད་པ་ཡབ་ཡུམ༔ ལྷོ་རུ་རིན་འབྱུང་ཡབ་ཡུམ༔ ནུབ་ཏུ་རྣམ་སྣང་ཡབ་ཡུམ༔ བྱང་དུ་དོན་གྲུབ་ཡབ་ཡུམ༔ ཕྱི་རིམ་ཐུབ་པ་དྲུག་དང་༔ སྒོ་བཞིར་སྒོ་བ་བཞི༔ འཁོར་ཡུག་ཏུ་སངས་རྒྱས་བྱང་སེམས་རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་ཏིལ་གྱི་གོང་བུ་ཕྱུར་བ་ལྟར་གསལ་བའི་སྤྱི་བོར་ཨོཾ་དཀར་པོ༔ མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ནག་གསུམ་ལས་འོད་འཕྲོས་པས་རང་བཞིན་གྱི་གནས་ནས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་ཀྱི་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ནས་རྒྱ་མཚོ་ཆེན་པོ་ལ་ཁ་ཆར་བབས་པ་བཞིན་སྤྱན་དྲངས་ལ་བསྟིམ་མོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿཔདྨ་ཀ་མཱ་ལ་ཡེ་སྟྭཾ༔ ཨ་ཏི་པུ་ཧོཿཔྲ་ཏཱིཙྪ་ཧོཿམ་ཧཱ་ཨརྒྷཾ་པཱདྱཾ་སོགས༔ ཤཔྡ་པྲ་ཏིཙྪ་པཱུ་ཛཿཧཱུྃ༔ མ་ཧཱ་རཱུ་པ་སོགས༔ སྤཪྵེ་པྲ་ཏྲིཙྪ་པཱུ་ཛཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་ཏ་ན་ག་ན་པཱུ་ཛ་ཁཱ་ཧི༔ ཞེས་མཆོད༔ དེ་ནས་བསྟོད་པ་བྱ་བ་ལ༔ ཧྲཱིཿབསྐལ་མང་གདོད་ནས་ཡེ་སངས་རྒྱས་མོད་ཀྱང་༔ འགྲོ་བའི་དོན་དུ་གཟུགས་ཀྱི་སྐུར་སྟོན་ཅིང་༔ གང་ལ་གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ འཛབ་བཟླ་བ་ལ༔ རང་ཉིད་འཕགས་པ་སྤྱན་རས་གཟིགས་སུ་གསལ་བའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་གཟུངས་ཐག་ལ་བརྒྱུད་ནས་བུམ་ལྷའི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་བསྐུལ་ཏེ༔ སྐུའི་ཆ་ཐམས་ཅད་ནས་དབང་བཞི་ཡེ་ཤེས་ཀྱི་ཆུ་རྒྱུན་བྱུང་ནས་བུམ་པ་མེར་གྱིས་གང་བར་གྱུར༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿཞེས་ཅི་མང་བཟླས་མཐར༔ སྔར་ལྟར་མཆོད་ཅིང་བསྟོད་དེ༔ ཡེ་ཤེས་པ་གཤེགས༔ དམ་ཚིག་ཆུར་ཞུ་བས་བདུད་རྩིའི་རྒྱ་མཚོ་ཆེན་པོར་གྱུར༔ ཅེས་པ་འདི་ཡང་རྣལ་འབྱོར་པ་རྒྱ་མཚོས་བསྐུལ་ངོར་བདུད་འཇོམས་པས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ།།དགེའོ།།དགེའོ།།སརྦ་མངྒ་ལཾ།།