TTDL-ZABTER-02-KHA-048

From Dudjom Wiki
Revision as of 09:48, 4 June 2024 by Jeremi (talk | contribs)

TTDL-ZABTER-02-KHA-048
Wylie title TTDL-ZABTER-02-KHA-048.pdf
Location bdud 'joms gling pa zab gter
Volume 2, Text 48, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༤༨༧ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཆི་མེད་ཚེ་ཡི་བསྐུལ་བ་རྡོ་རྗེའི་ཕྲེང་བ་བཞུགས་སོ༔ ན་མོ་གུ་རུ་པདྨ་ར་ཀ་ཡེ༔ ༠༠༠༠བརྡ་ཡིག༤༨༧མ་འོངས་པདྨའི་བརྒྱུད་འཛིན་གྱིས༔ སྙིང་པོའི་ས་ལ་གཞོལ་བའི་ཚེ༔ ཕྱི་ནང་བར་ཆད་གེགས་གྲོལ་ཕྱིར༔ ཐུགས་དམ་གནད་ནས་བསྐུལ་བ་ནི༔ ཧཱུྃ་ཧྲཱིཿགཞི་དབྱིངས་རྣམ་དག་དོན་གྱི་འོག་མིན་ཞིང་༔ གཞི་སྣང་ལོངས་སྐུའི་བཀོད་པ་ལྷུན་གྲུབ་དཔལ༔ ཡོངས་རྫོགས་བདག་ཉིད་མགོན་པོ་ཚེ་མཐའ་ཡས༔ སྒྱུ་འཕྲུལ་རོལ་པ་རིགས་ལྔ་རིགས་བརྒྱ་སོགས༔ གདུལ་དཀའ་ཐབས་ཀྱིས་འདུལ་ཕྱིར་སྣ་ཚོགས་གར༔ ཞིང་དང་སྟོན་འཁོར་མཛད་པ་དཔག་ཡས་སྟོན༔ ཡེ་ཤེས་དབྱིངས་སུ་གཉིས་མེད་རོལ་པ་ཆེ༔ ཡེ་ཡིན་སྙིང་པོའི་དོན་ལས་རིང་དགོངས་ཏེ༔ གཉིས་སྣང་མུན་པའི་ཁྲོད་དུ་ཉམ་ཐག་གི༔ སྡུག་བསྔལ་གདུང་བས་རྟག་མྱོས་ཁུར་མ་བཟོད༔ དེ་ལས་འབྲོས་ཕྱིར་འབད་པས་དེ་རྒྱུ་བསྒྲུབ༔ རང་བྱས་ལས་ཀྱི་མཐའ་ལ་ཐུག་དུས་མེད༔ ད་ནི་སྐྱབས་དང་སྐྱེལ་མ་མ་མཆིས་པས༔ བདེ་གཤེགས་རྒྱལ་བ་རྒྱ་མཚོར་སྐྱབས་འཚོལ་ཞིང་༔ སྐད་ཅིག་མི་འབྲལ་རྟེན་གྱི་མཆོག་ཏུ་ཁུར༔ ཐུགས་རྗེས་ཡལ་བར་དོར་ན་སུ་ལ་རེ༔ བསྐུལ་ལོ་བསྐུལ་ལོ་དུས་གསུམ་བདེ་གཤེགས་རྣམས༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ཤིག༔ ཕྱི་དགྲ་སྲིད་པའི་དགྲ་གདོན་བགེགས་ཚོགས་སྒྲོལ༔ ནང་དགྲ་ལོག་འདྲེན་བདུད་དང་དམ་སྲི་ཐུལ༔ གསང་དགྲ་ཉོན་མོངས་བརྒྱད་ཁྲིའི་འཁྲུལ་འཁོར་ཟློག༔ ཡེ་ཤེས་དབྱིངས་སུ་བཞེངས་བཞུགས་མི་མངའ་ཡང་༔ སོ་སྐྱེས་གཉིས་འཛིན་རེ་བའི་བློ་སེམས་ཀྱིས༔ དད་མོས་དྲག་པོས་ཐུགས་དམ་རྒྱུད་བསྐུལ་ལོ༔ ཐུགས་བསྐྱེད་རྣམ་དག་ནམ་མཁའི་ཀློང་ཆེན་ནས༔ མཁྱེན་བརྩེ་ནུས་པའི་རྩལ་ཤུགས་མྱུར་དུ་ཕྱུངས༔ བདག་རྒྱུད་འཁོར་བར་བཅིང་བའི་རྒྱུ་དང་རྐྱེན༔ ཆོས་ཟད་བློ་འདས་ཆེན་པོའི་དབྱིངས་སུ་ཤིག༔ གབ་གསང་གཉན་པོའི་རང་ཞལ་མངོན་གྱུར་ནས༔ འཕོ་མེད་ཕྱག་རྒྱ་ཆེན་པོའི་ས་ལ་སྐྱོལ༔ འཁོར་འདས་འུབ་ཆུབ་རོལ་པའི་དབྱིངས་ཆེན་མོ༔ ཉག་གཅིག་སྟོང་ཆེན་དབང་མོ་ཨེ་ཀ་ཛཿལྷུན་གྲུབ་རྫོགས་ལྡན་གཉིས་མེད་རོལ་བ་ཆེ༔ ཐབས་ཀྱིས་སྐུར་བཞེངས་ལེགས་ལྡན་ཧེ་རུ་ཀ༔ བདེ་སྟོང་སྙོམས་འཇུག་རོལ་བའི་གདངས་ཆེན་པོ༔ ལོག་རྟོག་འཇོམས་ཕྱིར་སྲས་མཆོག་རཱ་ཧུ་ལ༔ ཡེ་ཤེས་རྩལ་ལས་ཕྲིན་ལས་ཡོངས་གྲུབ་ཆེ༔ དབང་ཆེན་སྟོབས་ལྡན་གནོད་སྦྱིན་ཤན་པ་ཆེ༔ ཁམས་གསུམ་སྐུ་གསུང་ཐུགས་སུ་མངའ་དབང་བསྒྱུར༔ སྲིད་པའི་མེས་པོ་ལྷ་ཆེན་ཚོགས་ཀྱི་བདག༔ གསང་ཆེན་བསྟན་པའི་སྲུང་མ་དམ་ཚིག་ཅན༔ བསྐུལ་ལོ་ཐུགས་དམ་གཉན་པོའི་དུས་ལ་བབ༔ སངས་རྒྱས་བསྟན་དང་བསྟན་འཛིན་བུ་སློབ་སྐྱོངས༔ སྣང་སྲིད་དྲེགས་པ་དབང་བསྡུས་བཀའ་ནན་ཐོབ༔ རབ་འབྱམས་ཕྲིན་ལས་མ་ལུས་ལྷུན་གྲུབ་ཅིང་༔ མི་སྲུན་ཞིང་བཅུའི་དགྲ་སྡེ་ཐལ་བར་རློག༔ རྣལ་འབྱོར་ཡིད་ལ་འདོད་དོན་ཡོངས་འགྲུབ་མཛོད༔ ས་མ་ཡ༔ དེ་ལྟར་གནད་བསྐུལ་ཟབ་མོ་རུ༔ བརྩོན་པས་ལས་ཀུན་ཐོགས་མེད་འགྲུབ༔ བཀའ་སྲུང་དབང་ཕྱུག་ཆེན་པོས་སྲུངས༔ མ་གཡེལ་མ་འགྱངས་ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའོ།།དགེའོ།།དགེའོ།།དགེའོ།།