TTDL-ZABTER-07-JA-022

From Dudjom Wiki
Revision as of 09:48, 4 June 2024 by Jeremi (talk | contribs)

TTDL-ZABTER-07-JA-022
Wylie title TTDL-ZABTER-07-JA-022.pdf
Location bdud 'joms gling pa zab gter
Volume 7, Text 22, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
༠༠༠༠བརྡ་ཡིག༣༠༣ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ མཁའ་འགྲོའི་འབུམ་བསྐུལ༔ དྲག་པོའི་གད་རྒྱངས་བཅུ་གསུམ༔ ལོག་རྟོག་དཔུང་འཇོམས་ལེའུ་འོ༔ ༠༠༠༠བརྡ་ཡིག༣༠༣དཔལ་ཆེན་ཁྲོ་རྒྱལ་ཆེན་པོ་དམར་ནག་མེ་ཡི་ཕྲེང་བ་ཅན་ལ་ཕྱག་འཚལ་ལོ༔ བདག་འདྲ་པདྨ་ཐོད་ཕྲེང་ངས༔ མ་འོངས་ལས་ཅན་དོན་ཆེན་དུ༔ གད་རྒྱངས་ལོག་རྟོག་དཔུང་འཇོམས་བསྟན༔ རང་ཉིད་ཁྲོ་མོའི་ང་རྒྱལ་གྱིས༔ གད་རྒྱངས་བསྐུལ་འབོད་འདི་བརྗོད་བྱ༔ ཧཱུྃ་ཧཱུྃ༔ བཞེངས་ཤིག་བཞེངས་ཤིག་ཀུན་བཟང་མོ༔ འོག་མིན་ཆོས་ཀྱི་དབྱིངས་ནས་བཞེངས༔ གནས་འདིར་སྐད་ཅིག་གཤེགས་སུ་གསོལ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ བཛྲ་ས་མ་ཡ་ཛ་ཛཿཧ་ཧ༔ བཞེངས་ཤིག་གསང་བ་ཡེ་ཤེས་མ༔ དུར་ཁྲོད་གསང་ཆེན་གནས་ནས་བཞེངས༔ གནས་འདིར་གཤེགས་ལ་གར་བསྒྱུར་གྱིས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ བཛྲ་ས་མ་ཡ་ཛ་ཛཿཧེ་ཧེཿབཞེངས་ཤིག་ཡེ་ཤེས་མཚོ་རྒྱལ་མ༔ དཔལ་རི་མཁའ་འགྲོའི་གླིང་ནས་བཞེངས༔ གནས་འདིར་གཤེགས་ལ་གང་འདུལ་གྱིས༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ བཛྲ་ས་མ་ཡ་ཛ་ཛཿཧི་ཧིཿབཞེངས་ཤིག་ཡེ་ཤེས་མཁའ་འགྲོ་ལྔ༔ འོད་གསལ་ཀློང་ནས་སྐུར་བཞེངས་ཤིག༔ གནས་འདིར་གཤེགས་ལ་གར་བསྒྱུར་གྱིས༔ དྲག་པོའི་ཕྲིན་ལས་ད་ལྟ་མཛོད༔ ཧོ་ཧོཿབཞེངས་ཤིག་ལས་བཞིའི་མཁའ་འགྲོ་མ༔ ཚད་མེད་རྣམ་བཞིའི་ངང་ནས་བཞེངས༔ གང་འདུལ་མ་ངེས་ཆོ་རོལ་གྱིས༔ དྲག་པོའི་མངོན་སྤྱོད་དུས་ལ་བབ༔ བཛྲ་ས་མ་ཡ་ཛ་ཛཿབྷྱོ་བྷྱོཿབཞེངས་ཤིག་དབང་མོ་ཉེར་བརྒྱད་ཚོགས༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་པའི༔ མ་མོ་མཁའ་འགྲོ་རྒྱ་མཚོ་ཚོགས༔ དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ལ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ བཛྲ་ས་མ་ཡ་ཛ་ཛཿཧ་ཧེ་ཧོ་ཧི་ཧཱུྃ་དང་བྷྱོ༔ ཕཊ་ཀྱི་གད་རྒྱངས་སྒྲ་ཡིས་འབོད༔ བསྟན་པ་གཉན་ལ་དགྲ་དར་བས༔ དོ་ནུབ་རྣལ་འབྱོར་དཔུང་ལ་འབོད༔ དྲག་པོའི་སྐུར་བཞེངས་མཐུ་རྩལ་ཕྱུང་༔ བཅོལ་བའི་ལས་མཛོད་ས་མ་ཡ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོའི༔ ལས་ཀ་འདི་ལས་གཞན་མིན་ཕྱིར༔ དྲག་པོའི་མཐུ་ལ་འབད་དོན་དེ༔ ཁྱེད་ཅག་མ་དང་མཁའ་འགྲོ་མ༔ འགྲོ་བའི་དོན་ལས་ལས་མེད་ན༔ རྣལ་འབྱོར་བདག་གི་མཐུ་དཔུང་མཛོད༔ ལ་ལ་ནམ་མཁའི་ཀློང་ནས་གཤེགས༔ གཟུགས་མེད་གཡོ་འཁྲུགས་འདུལ་བར་ཤོག༔ ལ་ལ་བར་སྣང་ཁམས་ནས་གཤེགས༔ གཟུགས་ཁམས་གཡོ་འཁྲུགས་འདུལ་བར་ཤོག༔ ལ་ལ་དབང་ཆེན་གཞི་ནས་གཤེགས༔ འདོད་ཁམས་གཡོ་འཁྲུགས་འདུལ་བར་ཤོག༔ ཁམས་གསུམ་དབང་དུ་བསྡུས་ལ་ཤོག༔ སྲིད་གསུམ་ཟིལ་གྱིས་གནོན་པར་གྱིས༔ གང་ལ་དམིགས་བྱའི་དགྲ་དང་བགེགས༔ མཐུ་རྩལ་དྲག་པོས་སྒྲོལ་ལ་ཤོག༔ འགུགས་བསྒྲལ་མནན་བསྲེགས་ལས་འདི་ལ༔ མཐུ་མ་ཆུང་ལ་རྩལ་མ་ཞན༔ བཟློག་བསྒྱུར་དྲག་པོའི་ལས་འདི་ལ༔ མ་གཡེལ་མ་འགྱང་ས་མ་ཡ༔ ཁྱེད་ཅག་རྣམས་ལ་བཅོལ་བའི་ལས༔ འདི་ལྟར་གསོན་དགོངས་བསྒྲུབ་ལ་ཆོས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བསྐུལ་གཞུང་དུ་འཇུག༔ དཔུང་འབོད་བཅོལ་ཡུལ་མོས་པའི་ཞིང་༔ འདི་ལྟར་བགྱིས་པས་ལས་གང་ལ༔ ཐོགས་པ་མེད་པར་འགྲུབ་འགྱུར་རོ༔ ཀུན་མཁྱེན་རྒྱལ་པོའི་བཀའ་བཞིན་དུ༔ མཚོ་རྒྱལ་བདག་གིས་ཡི་གེར་བཀོད༔ མ་མོ་སྲིད་པའི་རྒྱལ་མོས་སྲུངས༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ནས་གླིང་པ་བདུད་འཇོམས་རྡོ་རྗེས་བཏོན་ཏེ་སྨར་གྱི་འབྲོས་ཕུག་དབེན་པའི་རི་ཁྲོད་དུ་ཤོག་སེར་ལས་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ།།།།