TTDL-ZABTER-10-THA-041

From Dudjom Wiki
Revision as of 09:48, 4 June 2024 by Jeremi (talk | contribs)
Wylie title TTDL-ZABTER-10-THA-041.pdf
Location bdud 'joms gling pa zab gter
Volume 10, Text 41, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས༔ མཁའ་འགྲོ་འདུས་པའི་དུར་གཅོད་རྡོ་རྗེའི་ཁོང་གསེང་གི་ལམ་བཟང་ཞེས་བྱ་བ་བཞུགས་སོ༔ དབུ་ཁྲིད་བརྡ་ཡིག༠༠༠༠༠༔ ༠༠༠༠༠༠བརྡ་ཡིག་༣༢༨༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ མཁའ་འགྲོ་འདུས་པའི་གསེང་ལམ་ལ༔ དང་པོ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ ཁྲུས་ཀྱིས་སྦྱངས་ཏེ་སྐྱབས་སོང་ནས༔ འགྲོ་བའི་དོན་དུ་བྱང་སེམས་བསྐྱེད༔ ཕཊ༔ ཁྱོད་ལུས་རྡོ་རྗེ་རྣལ་འབྱོར་མ༔ དཀར་གསལ་གྲི་གུག་ཐོད་ཁྲག་བསྣམས༔ པད་ཉིའི་གནད་ལ་གར་སྟབས་རོལ༔ གཅེར་བུ་པད་དཀར་ཕྲེང་བས་བརྒྱན༔ འཇའ་ཚོན་འོད་ལྔའི་ཀློང་དུ་གསལ༔ ལུས་ནང་ཨ་ཝ་དྷུ་ཏི་ནི༔ དཀར་འཇམ་ཁོག་པ་སྟོང་པར་གསལ༔ མར་སྣ་བདེ་སྐྱོང་འཁོར་ལོར་འགགས༔ ཡར་སྣ་ཚངས་པའི་བུ་གར་ཕྱེས༔ གསང་བར་ལས་ཀྱི་མཁའ་འགྲོ་ལྗང་༔ ལྟེ་བར་རིན་ཆེན་མཁའ་འགྲོ་སེར༔ སྙིང་གར་རྡོ་རྗེ་མཁའ་འགྲོ་མཐིང་༔ མགྲིན་པར་པདྨ་མཁའ་འགྲོ་དམར༔ སྤྱི་བོར་སངས་རྒྱས་མཁའ་འགྲོ་དཀར༔ གཙུག་ཏོར་འཁོར་ལོར་ཁྲོས་མ་ནག༔ གཙུག་རྒྱན་རྡོ་རྗེ་ཕག་མོ་དམར༔ རིགས་བདག་ཀུན་ཏུ་བཟང་མོ་མཐིང་༔ རིགས་ལྔ་ཡེ་ཤེས་མཁའ་འགྲོ་ལྔའི༔ ཕྱག་ན་གྲི་ཐོད་ཁ་ཊྭཱྃ་ཀ༔ གཅེར་བུ་གར་སྟབས་མཚན་དཔེས་སྤྲས༔ བདེ་སྐྱོང་འཁོར་ལོའི་མར་འོག་ཏུ༔ པདྨ་འདབ་བརྒྱད་གྱེས་པའི་སྟེང་༔ རྣམ་ཤེས་ངོ་བོ་ཐིག་ལེ་ནི༔ དཀར་དམར་མདངས་ལྡན་མཐེ་བོང་ཙམ༔ འོད་ཀྱིས་བླ་ཡིད་སེམས་གསུམ་བཅས༔ ཁབ་ལེན་རྡོ་དང་ལྕགས་འཕྲད་བཞིན༔ བསྡུས་ཏེ་དྭངས་མའི་ཐིག་ལེར་ཐིམ༔ རང་ཉིད་ཡེ་ཤེས་མཁའ་འགྲོ་མའི༔ སྣ་བུག་གཉིས་ནས་ཡེ་ཤེས་རླུང་༔ ཁ་དོག་ལྗང་སེར་རབ་འཕྲོས་པས༔ གདན་འོག་ནས་བཏེགས་དབང་མེད་སྤར༔ མཁའ་འགྲོ་ལྔ་ཡི་ཐུགས་དང་འདྲེས༔ སྐུ་གསུམ་མཁའ་འགྲོའི་དགོངས་ཀློང་རྡོལ༔ ཀུན་ཏུ་བཟང་མོའི་བྷ་གར་སངས༔ ཕཊ་སྒྲ་བརྒྱད་ཀྱིས་སྐྱེ་མེད་ངང་༔ མཉམ་པར་བཞག་ཅིང་སླར་ཡང་འདི༔ ཀྱཻ༔ ཁྱབ་བདག་སྤྱི་དཔལ་བླ་མ་མཁྱེན༔ ཀུན་བཟང་རྡོར་འཆང་དགའ་རབ་རྗེ༔ ཤྲཱི་སེང་པད་འབྱུང་བི་མ་ལ༔ བླ་མ་རྣམས་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས༔ རྣམ་ཤེས་དག་པའི་ཞིང་དུ་དྲོངས༔ ཕཊ་སྒྲ་བརྒྱད་ཀྱིས་ཡང་ཡང་སྤར༔ ཀྱཻ༔ ཁྱབ་བདག་སྤྱི་དཔལ་བླ་མ་མཁྱེན༔ ཆོས་སྐུ་དབྱིངས་ཀྱི་ཡུམ་ཆེན་མོ༔ ལོངས་སྐུ་རྡོ་རྗེ་ཕག་མོའི་ཞལ༔ སྤྲུལ་སྐུ་ཁྲོས་མ་ནག་མོ་ལ༔ གསོལ་བ་འདེབས་སོ་ཐུགས་རྗེས་བཟུང་༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས༔ རྣམ་ཤེས་དག་པའི་ཞིང་དུ་དྲོངས༔ ཕཊ་སྒྲ་བརྒྱད་ཀྱིས་ཡང་ཡང་སྤར༔ ཀྱཻ༔ ཁྱབ་བདག་སྤྱི་དཔལ་བླ་མ་མཁྱེན༔ སངས་རྒྱས་མཁའ་འགྲོ་མུན་སེལ་མ༔ པདྨ་མཁའ་འགྲོ་ཆགས་བྲལ་བ༔ རྡོ་རྗེ་མཁའ་འགྲོ་རྟོགས་གྲོལ་རྒྱས༔ རིན་ཆེན་མཁའ་འགྲོ་ཡོན་ཏན་བདག༔ ལས་ཀྱི་མཁའ་འགྲོ་དོན་གྲུབ་མ༔ མ་ཡུམ་ཆེན་ལྔ་ལ་གསོལ་བ་འདེབས༔ ཟབ་ལམ་འཕོ་བའི་ཆོས་སྒོ་ཕྱེས༔ རྣམ་ཤེས་དག་པའི་ཞིང་དུ་སྤོར༔ ཕཊ་སྒྲ་བརྒྱད་ཀྱིས་ཡང་ཡང་སྤར༔ ཀྱཻ༔ ཁྱབ་བདག་སྤྱི་དཔལ་བླ་མ་མཁྱེན༔ ལས་ཀྱི་རིགས་ཀྱི་མཁའ་འགྲོ་ལ༔ འདུ་བྱེད་ཕུང་པོ་ཡོན་དུ་འབུལ༔ ཕྲག་དོག་འཁྲུལ་འཁོར་དབྱིངས་སུ་སྒྲོལ༔ བྱ་གྲུབ་ཡེ་ཤེས་ཀློང་དུ་སྤོར༔ དོན་གྲུབ་རྒྱལ་པོའི་སྲས་སུ་ཟུངས༔ ཕཊ༔ ཀྱཻ༔ ཁྱབ་བདག་སྤྱི་དཔལ་བླ་མ་མཁྱེན༔ རིན་ཆེན་རིགས་ཀྱི་མཁའ་འགྲོ་ལ༔ ཚོར་བའི་ཕུང་པོ་ཡོན་དུ་འབུལ༔ ང་རྒྱལ་ཉོན་འཁྲུལ་འཁོར་ལོ་ཤིག༔ མཉམ་ཉིད་ཡེ་ཤེས་དབྱིངས་སུ་སྤོར༔ རིན་ཆེན་འབྱུང་ལྡན་སྲས་སུ་ཟུངས༔ ཕཊ༔ ཀྱཻ༔ ཁྱབ་བདག་སྤྱི་དཔལ་བླ་མ་མཁྱེན༔ རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ལ༔ རྣམ་ཤེས་ཕུང་པོ་ཡོན་དུ་འབུལ༔ ཞེ་སྡང་འཁྲུལ་འཁོར་དབྱིངས་སུ་ཟློག༔ མེ་ལོང་ཡེ་ཤེས་ཀློང་དུ་སྤོར༔ མི་བསྐྱོད་རྡོ་རྗེའི་སྲས་སུ་ཟུངས༔ ཕཊ༔ ཀྱཻ༔ ཁྱབ་བདག་སྤྱི་དཔལ་བླ་མ་མཁྱེན༔ པདྨ་རིགས་ཀྱི་མཁའ་འགྲོ་ལ༔ འདུ་ཤེས་ཕུང་པོ་ཡོན་དུ་འབུལ༔ འདོད་ཆགས་ཉོན་འཁྲུལ་དབྱིངས་སུ་སྒྲོལ༔ སོར་རྟོག་ཡེ་ཤེས་ཀློང་དུ་སྤོར༔ སྣང་བ་མཐའ་ཡས་སྲས་སུ་ཟུངས༔ ཕཊ༔ ཀྱཻ༔ ཁྱབ་བདག་སྤྱི་དཔལ་བླ་མ་མཁྱེན༔ སངས་རྒྱས་རིགས་ཀྱི་མཁའ་འགྲོ་ལ༔ གཟུགས་ཀྱི་ཕུང་པོ་ཡོན་དུ་འབུལ༔ གཏི་མུག་འཁྲུལ་འཁོར་དབྱིངས་སུ་སྒྲོལ༔ ཆོས་དབྱིངས་ཡེ་ཤེས་ཀློང་དུ་སྤོར༔ རྣམ་པར་སྣང་མཛད་སྲས་སུ་ཟུངས༔ ཕཊ༔ ཀྱཻ༔ ཁྱབ་བདག་སྤྱི་དཔལ་བླ་མ་མཁྱེན༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་ལ༔ ཚེ་འདས་སྒོ་གསུམ་ཡོན་དུ་འབུལ༔ ཁམས་གསུམ་འཁོར་བའི་འཁྲུལ་འཁོར་ཤིག༔ སྐུ་གསུམ་ལྷུན་གྲུབ་ཀློང་དུ་སྤོར༔ ཀུན་ཏུ་བཟང་མོའི་སྲས་སུ་ཟུངས༔ བདེ་ཆེན་འགྱུར་མེད་ས་ཐོབ་ཤོག༔ ཕཊ་ཕཊ་ཕཊ༔ མཐར་ནི་བམ་རོ་མཆོད་སྦྱིན་བྱ༔ ཁྱད་པར་དམར་འགྱེད་བྱ་བ་ལ༔ ཕཊ་ཕཊ་ཕཊ༔ ལྷ་ཡི་རྒྱལ་པོ་གཡག་དཀར་ཞོན༔ སྡེ་ཚོགས་བྱེ་བ་འབུམ་དང་བཅས༔ དངུལ་སྒ་དུང་ཁྲབ་ལམས་སེ་ལམ༔ ཤ་ཁྲག་རུས་ཀླད་ལེན་དུ་ཤོག༔ ཕཊ་ཕཊ་ཕཊ༔ གཤིན་རྗེའི་རྒྱལ་པོ་མ་ཧེ་ཆིབས༔ སྡེ་ཚོགས་བྱེ་བ་འབུམ་དང་བཅས༔ ལྕགས་ཁྲབ་ལྕགས་སྒ་ལམས་སེ་ལམ༔ ཤ་ཁྲག་དམར་འགྱེད་ལེན་དུ་ཤོག༔ ཕཊ་ཕཊ་ཕཊ༔ མ་མོའི་རྒྱལ་པོ་འབྲུག་ལ་ཞོན༔ སྡེ་ཚོགས་བྱེ་བ་འབུམ་དང་བཅས༔ མི་མགོའི་སྒ་དང་མི་ལྤགས་གོས༔ ཁྱེད་ཅག་ཤ་ཁྲག་མགྲོན་ལ་ཤོག༔ ཕཊ་ཕཊ་ཕཊ༔ བདུད་རྒྱལ་ནག་པོ་རྟ་ནག་ཆིབས༔ གནམ་ལྕགས་སྒ་སྲབ་ཁྲབ་རྨོག་ཅན༔ སྡེ་ཚོགས་བྱེ་བ་འབུམ་དང་བཅས༔ ཤ་ཁྲག་སྟོན་འགྱེད་མགྲོན་ལ་ཤོག༔ ཕཊ་ཕཊ་ཕཊ༔ སྲིན་རྒྱལ་མི་སེར་རྟ་སེར་ཅན༔ གསེར་ཁྲབ་གསེར་སྒ་ལྷངས་སེ་ལྷང་༔ སྡེ་ཚོགས་བྱེ་བ་འབུམ་དང་བཅས༔ ཤ་ཁྲག་སྟོན་འགྱེད་མགྲོན་ལ་ཤོག༔ ཕཊ་ཕཊ་ཕཊ༔ བཙན་རྒྱལ་མི་དམར་རྟ་དམར་ཅན༔ ཟངས་ཁྲབ་ཟངས་སྒ་ཁྲབ་རྨོག་བགོས༔ སྡེ་ཚོགས་བྱེ་བ་འབུམ་དང་བཅས༔ ཤ་ཁྲག་སྟོན་འགྱེད་མགྲོན་ལ་ཤོག༔ ཕཊ་ཕཊ་ཕཊ༔ གནོད་སྦྱིན་རྒྱལ་པོ་སྟག་ལ་ཆིབས༔ ཟངས་ཀྱི་སྒ་སྲབ་ཝངས་སེ་ཝང་༔ སྡེ་ཚོགས་བྱེ་བ་འབུམ་དང་བཅས༔ ཤ་ཁྲག་དམར་གཡོས་མགྲོན་ལ་ཤོག༔ ཕཊ་ཕཊ་ཕཊ༔ ཀླུ་རྒྱལ་མི་སྔོན་ཆུ་སྲིན་ཞོན༔ གཡུ་དང་སྦྲུལ་གྱི་སྒ་ཆ་ཅན༔ སྡེ་འཁོར་བྱེ་བ་འབུམ་དང་བཅས༔ ཤ་ཁྲག་སྟོན་འགྱེད་མགྲོན་ལ་ཤོག༔ ཕཊ་ཕཊ་ཕཊ༔ རྒྱལ་པོ་པེ་ཧར་སེང་གི་ཆིབས༔ གསེར་གྱི་སྒ་སྲབ་ལམས་སེ་ལམ༔ སྡེ་འཁོར་བྱེ་བ་འབུམ་དང་བཅས༔ ཤ་ཁྲག་དམར་འགྱེད་མགྲོན་ལ་ཤོག༔ ཕཊ་ཕཊ་ཕཊ༔ གཟའ་བདུད་རྟ་ནི་མོག་པ་ཞོན༔ ཆུ་སྲིན་སྒ་ཆ་འཇིགས་པ་ཅན༔ སྡེ་འཁོར་བྱེ་བ་འབུམ་དང་བཅས༔ ཤ་ཁྲག་དམར་འགྱེད་མགྲོན་ལ་ཤོག༔ ཕཊ་ཕཊ་ཕཊ༔ རྡོ་རྗེ་ལེགས་པ་སེང་གེ་ཆིབས༔ ཟངས་ལྕགས་འདྲེས་མའི་སྒ་ཆ་ཅན༔ སྡེ་འཁོར་བྱེ་བ་འབུམ་དང་བཅས༔ ཤ་ཁྲག་དམར་འགྱེད་མགྲོན་ལ་ཤོག༔ ཕཊ་ཕཊ་ཕཊ༔ ཕོ་གདོན་རྒྱལ་འགོང་ཐམས་ཅད་ནི༔ བླ་བཙུན་ཆས་ཅན་ཆོས་གོས་དམར༔ བར་སྣང་ཐམས་ཅད་དམར་ཐིབས་ཁེངས༔ ཤ་ཁྲག་དམར་འགྱེད་མགྲོན་ལ་ཤོག༔ ཕཊ་ཕཊ་ཕཊ༔ མོ་གདོན་འདྲེ་མོའི་སྡེ་ཚོགས་ནི༔ བུད་མེད་ནག་མོ་ཉམས་པའི་ཆས༔ ས་གཞི་བཤུག་སྒྲ་ཤུགས་ཀྱིས་ཁེངས༔ ཤ་ཁྲག་དམར་འགྱེད་མགྲོན་ལ་ཤོག༔ ཕཊ་ཕཊ་ཕཊ༔ སྣང་སྲིད་ལྷ་འདྲེ་ཕོ་མོའི་ཚོགས༔ ནམ་མཁར་སྐར་ལྟར་བཀྲ་ཞིང་ཤོག༔ བར་སྣང་སྤྲིན་ལྟར་འཐིབ་ལ་ཤོག༔ ས་གཞིར་རླུང་ལྟར་འཚུབས་ཤིང་ཤོག༔ ཞི་ཞིང་དུལ་བའི་སེམས་ཀྱིས་ཤོག༔ ཅ་ཅོ་བཤུགས་སྒྲ་དིར་དིར་ཤོག༔ ཤ་ལ་དགའ་བས་ཤ་ལ་ཟོ༔ ཁྲག་ལ་རྔམས་པས་ཁྲག་ལ་རོལ༔ རྐང་རུས་འདོད་པས་རྐང་རུས་རོལ༔ ལྷག་མ་མེད་པར་སྦྱིན་གྱི་ཁྱེར༔ རྗེས་ཤུལ་ཙམ་ཡང་མ་བཞག་ཅིག༔ ཕཊ་ཕཊ་ཕཊ༔ ས་མ་ཡ༔ འགྱེད་དམིགས་བསྡུ་བསྐྲད་གཞན་ལས་ཤེས༔ སྦྱངས་པ་སྔོན་སོང་རྣལ་འབྱོར་གྱིས༔ གཞན་རྗེས་བཟུང་བ་འདིར་བརྩོན་བྱ༔ སྡིག་ཅན་བཙན་ཐབས་གཟུད་པའི་ཐབས༔ ནམ་མཁའ་གོ་འབྱེད་འདི་བསྔགས་སོ༔ བསྐྱེད་དང་རྫོགས་པའི་རིམ་པ་གནད༔ བཟླས་བརྗོད་ཁ་འབྱམས་ཡང་མ་ཡིན༔ གོ་དོན་འཛོལ་དུ་མ་ཤོར་རེམ༔ གཟའ་བདུད་ཀླུ་བཙན་མ་གཤིན་གྱིས༔ སྲུངས་ཤིག་བཛྲ་ས་མ་ཡ༔ དམ་ཉམས་བཀའ་ལོག་སྙིང་ཁྲག་རོལ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འཁོར་འདས་འུབ་ཆུབ་རོལ་པའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེས་ཆོས་ཉིད་ནམ་མཁའི་ཀློང་མཛོད་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་པདྨ་བཀྲ་ཤིས་སོ།། །།