TTDL-ZABTER-18-TSHA-003

From Dudjom Wiki
Revision as of 09:49, 4 June 2024 by Jeremi (talk | contribs)

TTDL-ZABTER-18-TSHA-003
Wylie title TTDL-ZABTER-18-TSHA-003.pdf
Location bdud 'joms gling pa zab gter
Volume 18, Text 3, Pages (Folios to )
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. : . Thimphu, Bhutan: Lama Kuenzang Wangdue, 2004.
Side notes  
More details More details
Genre
[edit]
དཔལ་ཨོ་རྒྱན་པདྨ་ཐོད་ཕྲེང་རྩལ། །གནས་མི་འབྲལ་ཆོས་ཀྱི་འཁོར་ལོར་བཞུགས། །ཁྱོད་ལས་སྨོན་རྟེན་འབྲེལ་ཕུན་ཚོགས་པས། །རྒྱུད་ཟོལ་མེད་དོན་གྱི་རྣལ་འབྱོར་ལགས། །དུས་ཐོག་མཐའ་བར་གསུམ་ཀུན་སྙོམས་པས། །ཐབས་གང་འདུལ་འགྲོ་བའི་དོན་ལ་རེམ། །ཕ་བླ་མ་དམ་པས་རྗེས་བཟུང་མཐུས། །དོན་རང་རིག་སྐྱེ་མེད་ལམ་ཟིན་གདའ། །ད་ཐུན་དང་ཐུན་མཚམས་མེད་སྙམ་ནས། །ཚེ་བཟླས་བརྗོད་ལབ་མོར་མ་ཟད་པར། །དུས་རྟག་ཏུ་མཉམ་བཞག་རྗེས་ཐོབ་ཀྱི། །གནད་ལྡན་པས་ཆོས་ཉིད་ཟད་སར་སྐྱོལ། །ཆོས་གང་ལ་བལྟས་ཀྱང་མི་ཟབ་མེད། །དོན་རྒྱུད་ལ་མ་འབྱོར་ཕན་པ་མེད། །ཟས་ཞིམ་པོ་མིག་གིས་མཐོང་ན་ཡང་། །དེ་མ་ཟོས་ལྟོ་བ་མི་འགྲང་བཞིན། །ཆོས་ཉམས་སུ་མ་བླངས་འཚང་མི་རྒྱ། །ལར་འཁོར་འདས་བྱེད་པོ་རང་གི་སེམས། །འདི་མ་གྲོལ་སངས་རྒྱས་སུ་ཡིས་ཐོབ། །དུས་དེང་སང་གཟུང་འཛིན་མ་གྲོལ་ན། །ཚེ་ཕྱི་མར་གྲོལ་བ་གང་གིས་རྙེད། །རང་རྒྱུད་ཀྱི་སྐྱོན་ཡོན་ཚོད་ལ་ལྟོས། །སེམས་གྲོལ་ནས་ཆོས་གཞན་ཅིའི་ཕྱིར་བསྒྲུབ། །ལར་ཕྱག་རྫོགས་ཀུན་གྱི་ལམ་གཅིག་པུ། །དོན་ངོ་བོ་ཉིད་དུ་ངང་བཞག་ཀྱང་། །མིང་གདགས་གཞི་ཐ་སྙད་གཞི་ལ་བྱས། །གཞིའི་ཡིན་ལུགས་ཚུལ་བཞིན་མ་ཤེས་ན། །ཁ་སྟོང་སྐད་ཆེ་ཡང་དོན་གོ་ཆུང། །དེའི་ཕྱིར་ན་བདེན་པ་མཐོང་བ་གནད། །གནས་ངེས་མེད་འགྲིམ་པའི་བྱ་བྲལ་བ། །ཚེ་རྐང་པའི་འདེགས་འཇོག་ལ་མ་ཟད། །གནས་ཕ་ཡུལ་སྤངས་པའི་རྣལ་འབྱོར་པ། །ཡུལ་ཕ་གིར་ཆོས་བརྒྱད་ཟོག་མ་སྤྱོད། །ཕ་བླ་མ་བསྟེན་པའི་བུ་བརྒྱུད་རྣམས། །ཁྱེད་དམ་ཚིག་ངོ་ལྐོག་མ་བྱེད་རེམ། །བློ་ཆོས་ལ་དྲིལ་བའི་ཉམས་ལེན་པ། །འཁོར་གྲྭ་སློབ་ཆེད་དུ་བློ་མ་འཁྲུལ། །དོན་གཏན་བདེ་བསྒྲུབ་པའི་རྣལ་འབྱོར་རྣམས། །རྒྱུ་གཉིས་ཕུང་ཕྱོགས་རིས་རྩོད་པ་སྤོངས། །ཆོས་ཐེག་ཆེན་བསྒོམ་པའི་རྟོགས་ལྡན་རྣམས། །རང་ཆེ་མཐོ་འདོད་པས་གཞན་མ་སྨད། །དོན་རང་རིག་ཞལ་མཐོང་སྒོམ་ཆེན་རྣམས། །གཞན་ཆེ་མཐོར་འཁུ་ཞིང་ཕྲག་མ་དོག།སྔགས་ཐེག་ཆེན་སྤྱོད་པའི་བླ་མ་རྣམས། །ཆོས་གདམས་ངག་ཁྲོམས་སུ་ལབ་པ་སྤོངས། །གཞན་ཆོས་སུ་བཅོས་པའི་སློབ་དཔོན་རྣམས། །རང་ཆོས་མིན་བློ་ངན་སྤང་བར་གྱིས། །མཚམས་དམ་པོར་གནས་པའི་སྒྲུབ་པ་བ། །ཁ་ལག་པ་དལ་མེད་སྤྱོད་པ་སྤོངས། །སྒོ་གསུམ་གྱི་གཙོ་བོ་མ་ཤེས་སམ། །ལུས་ངག་གི་བྱ་བྱེད་སྤོངས་ལ་ཞོག།ད་སྣང་བ་ཕྱི་རུ་བཟུང་བའི་ཡུལ། །མིང་དངོས་པོའི་སྟེང་ནས་སྟོང་ལ་ལྟོས། །ཡུལ་རེ་དོགས་གནས་འགྱུར་འཁོར་འདས་གཉིས། །དེ་གྲུབ་མ་མྱོང་བའི་ཚུལ་ལ་ལྟོས། །ཡང་སྐྱོབ་བྱེད་ལྷ་དང་གནོད་བྱེད་བདུད། །ཡེ་གདོད་ནས་ཡུལ་མེད་ཚུལ་ལ་ལྟོས། །ལར་དགེ་བ་དང་ནི་སྡིག་པའི་ཆོས། །ཕྱོགས་གནས་ཡུལ་གང་དུ་འདུག་ལ་ལྟོས། །ཚེ་འདི་སྣང་ཕྱི་སྣང་རྨི་ཉིན་སྣང་། །དེ་རང་སྣང་གནས་འགྱུར་མཉམ་ལ་ལྟོས། །གཞི་ཀ་དག་ཕྱོགས་ཡན་ཆེན་པོའི་ཀློང་། །སྒྲིབ་བག་ཆགས་མ་རིག་ཤེས་པ་འདྲེས། །དེ་འཁྲུལ་པ་ཀུན་གྱི་གཞི་རུ་ཤར། །དེར་ངར་འཛིན་རྒྱུན་ཆགས་འཐས་པ་ལས། །ཡུལ་གཅིག་ལས་མཆེད་པའི་གཉིས་སྣང་ཤར། །དེ་གཟུང་བའི་ཡུལ་གྱུར་ཁྱིམ་ཞིང་བཞིན། །བདག་འཛིན་ལས་འགྱུ་བྱེད་ཡིད་ལངས་ཏེ། །སྒོ་ལྔ་རུ་རྣམ་པར་རྟོག་པ་མཆེད། །དེ་འཛིན་པ་སེམས་ཞེས་ཁྱིམ་བདག་བཞིན། །ལར་སེམས་དང་སྣང་བ་ཐམས་ཅད་ཀུན། །དོན་ཕྱི་དང་ནང་དུ་མ་ཡིན་ཏེ། །གཞི་ཀུན་ནས་ཟླུམ་པ་ཐིག་ལེའི་ཀློང་། །ཀློང་དེ་ལས་འདས་པའི་གཞན་རྒྱུད་པ། །རྡུལ་ཕྲ་རབ་ཙམ་ཡང་ངས་མ་མཐོང་། །དུས་དེང་སང་མཁས་པ་འགའ་ཞིག་གིས། །ཡུལ་གང་ཟག་ངོས་ན་མ་གྲུབ་སྟེ། །གཞན་སེམས་ཅན་རང་ངོར་རང་རྒྱུད་ཡོད། །ཅེས་ཟེར་བ་བདེན་ན་རྨི་ཉམས་དངོས། །འདི་གསུམ་ཀ་བདེན་རྫུན་མེད་པར་མཉམ། །དེ་སོ་ཟིན་མེད་པ་གད་མོ་བྲོ། །ལར་འཁོར་འདས་རང་ངོར་བདེན་གྲུབ་ནས། །སངས་རྒྱས་དང་སེམས་ཅན་ལག་སྦྲེལ་དུ། །ཡུལ་བདེ་འཇམ་ཡངས་པར་འཁྲིད་པ་མཚར། །ལས་རྒྱུ་འབྲས་ལས་འདས་དམྱལ་མི་ཡིས། །ལས་དཀར་ནག་རྩི་ཞིང་ཉེས་ཅན་བཟུང་། །ཁོང་མི་མནར་གཞན་དག་མནར་བྱེད་ཀྱི། །ཡུལ་ཉེ་རིང་ཅན་དུ་འཁྲིད་པ་མཚར། །ད་བདག་གི་ཁ་ལ་ཉན་བྱེད་ན། །སེམས་གཟུང་འཛིན་ཡུལ་དུ་ཞེན་གོལ་ནས། །རྐྱེན་མི་ཐུབ་སྟོང་ཉིད་ཕུར་ཁུང་ལ། །སྒོམ་མཐར་ཐུག་ཡིན་དུ་མ་རློམ་པར། །སྤྱིར་སྣང་སྲིད་འཁོར་འདས་ཐམས་ཅད་ཀུན། །དོན་རང་སྣང་ཉིད་ལས་མི་གཞན་པས། །ཚུལ་གཏན་ལ་དབབ་ནས་ཤེས་པར་གྱིས། །བློ་བཅོས་བསྒྱུར་ཡིད་ལ་མི་ལྟོས་པར། །མཐར་གཉིས་མེད་རོལ་པར་འུབ་ཆུབ་པའི། །གདིང་ཁ་ཙམ་མིན་པར་ངེས་ཐོབ་མཛོད། །མིག་ལོང་བས་འོལ་ཚོད་ལྟ་བུ་ཡིས། །ཚུལ་མི་ཤེས་སྟོང་སྐད་མི་མཐོ་བར། །ཆོས་ཐེག་མཆོག་རྫོགས་པ་ཆེན་པོ་ཡི། །ཚུལ་གནས་ལུགས་ཡིན་ལུགས་མིང་དང་དོན། །ཇི་བཞིན་པར་ཤེས་པ་གནད་དུ་ཆེ། །གཞི་གཞི་རུ་གནས་ཙམ་མ་ཡིན་པར། །གཞི་རང་ངོར་སངས་པ་གནད་དུ་ཆེ། །ལམ་བློ་ཡིད་ཀུན་ཕྱིར་མ་ནོར་བར། །བབ་མ་བཅོས་ངང་གནས་ཆེན་པོར་བཞག།ཚུལ་ཁས་ལེན་མེད་པར་བསམ་བརྗོད་བྲལ། །ལྟ་སྒོམ་དུ་མེད་པས་ཅི་ཡང་མིན། །དམིགས་གཏད་སོ་མེད་པས་ཟང་མ་ཐལ། །ཡུལ་ཞེན་གོལ་བྲལ་བས་ཧད་དེ་བ། །རྩལ་མ་འགགས་རང་བྱུང་ལྷུག་པར་ཡན། །འབྲས་ཐོབ་བྱུང་མེད་པར་རང་ཐོག་གྲོལ། །གདིང་གཞན་སྒོ་མ་ཡིན་རང་སར་ཐོབ། །ཞིང་གཞན་དུ་མི་འཕོ་རང་གཞིར་སངས། །སྐྱབས་གཞན་ལ་མི་ལྟོས་ངོ་བོ་ཉིད། །ཕན་སུ་ཡིས་མི་ཐོགས་སྤྲོས་མཐའ་བྲལ། །གནོད་གང་གིས་མི་བསྐྱལ་སྟོང་པ་ཉིད། །དེ་གདོད་མའི་སངས་རྒྱས་མ་ལགས་སམ། །དོན་འདི་ལས་མེད་དོ་རྣལ་འབྱོར་པ། །ངས་ཐོས་བསམ་གཉིས་ཀ་མི་ཤེས་ཀྱང་། །རང་རིག་སྐུ་མཚོ་སྐྱེས་ཞལ་ལུང་ཐོབ། །ཕྱིའི་ཡུལ་ལ་ལྟད་མོ་མ་བལྟས་ཀྱང་། །རང་ཚུལ་ལ་རང་གིས་བལྟས་པས་གོ། །དེ་གོ་ཡང་བསྟན་པས་སུས་མི་རྟོགས། །ཁས་བཤད་ཀྱང་གོ་བར་མི་འགྱུར་ཡང་། །ཁྱེད་ཞལ་ངོ་མ་ལྡོག་བྲིས་པ་ཡིན། །ཐུགས་དགྱེས་ན་ཆུང་ལི་སྐུ་ཚེ་རིང་། །ཁྲེལ་གནང་ན་སྡིག་དང་བཟླུམས་ཏེ་བཤགས། །ཞེས་པ་འདི་ཡང་བྱ་བྲལ་བ་ཆགས་མེད་རང་གྲོལ་གྱིས་བསྐུལ་ངོར་སྤྲང་མ་ནུས་སེམས་ཉིད་ཧད་པོས་སྨྲས་པ་ཡོངས་སུ་དགེ་བར་གྱུར་ཅིག།དགེའོ། །། །