DJYD-KABUM-05-CA-014

From Dudjom Wiki
Revision as of 09:49, 8 July 2024 by Mort (talk | contribs)

DJYD-KABUM-05-CA-014
Wylie title DJYD-KABUM-05-CA-014.pdf
Location bdud 'joms rin po che bka' 'bum
Volume 5, Text 14, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. . In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 5: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre
Cycle ཐུགས་ཆེན་གཏེར་ཁ་གསུམ་འདུས་ (thugs chen gter kha gsum 'dus)
Deity thugs rje chen po
[edit]
༄༅། །ཐུགས་རྗེ་ཆེན་པོའི་སྒྲུབ་ཐབས་ཡང་སྙིང་

གསང་བ་བཅུད་དྲིལ་ཞེས་ བྱ་བ་བཞུགས་སོ། །

(1བ)ཨོཾ་སྭསྟི། སྲས་བཅས་རྒྱལ་ཀུན་སྤྲོ་བསྡུའི་བདག །འཇིག་རྟེན་དབང་ཕྱུག་ལ་བཏུད་ནས། །གང་གི་ཕྲིན་ལས་བྱེ་བའི་བཅུད། །ཡང་སྙིང་གཅིག་དྲིལ་འཇུག་བདེར་སྤྲོ། །(ཐུགས་རྗེ་ཆེན་པོ་ཡང་སྙིང་གསང་ཀུན་འདུས་གཅིག་དྲིལ་གྱི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པར་འདོད་པས། སྤྲོས་པའི་ཚེ་ན་མདུན་དཀྱིལ་མཆོད་པའི་བྱེ་བྲག་ཅི་འབྱོར་བ་བཤམས་ཤིང་། སྤྲོས་མེད་རྒྱུན་གྱི་ཉམས་ལེན་ལ་དམིགས་པ་ཁོ་ནས་ཁྱབ་པར་བྱས་ཏེ། ཆོ་ག་དངོས་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་སྦྱོར་བའི་རིམ་པ་ལ། སྐྱབས་སུ་འགྲོ་བ་ནི།) སྐྱབས་ཡུལ་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་རིགས་འདུས་(2ན)ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་གྱི་རོལ་པར་བཛྲ་ས་མཱ་ཛཿ(ས་མདུན་མཁར་སད་པར་མོས་ལ།)ན་མོ། བདག་སོགས་འགྲོ་རྣམས་བྱང་ཆུབ་བར། །སྐྱབས་གནས་མ་ལུས་འདུས་པའི་དངོས། །བླ་མ་ཐུགས་རྗེའི་ལྷ་ཚོགས་ལ། །སྙིང་ནས་གུས་པས་སྐྱབས་སུ་མཆི། །(ལན་གསུམ། སེམས་བསྐྱེད་པ་ནི།)ཧོཿ མཁའ་ཁྱབ་སེམ་ཅན་མ་ལུས་ཀུན། །འཇིགས་རུང་སྲིད་མཚོ་ལས་སྒྲོལ་ཕྱིར། །རིགས་འདུས་འཕགས་པའི་རྣལ་འབྱོར་གྱིས། །གཞན་དོན་བསྒྲུབ་པར་སེམས་བསྐྱེད་དོ། །(ལན་གསུམ།)འགྲོ་རྣམས་བདེ་དང་ལྡན་གྱུར་ཅིག །སྡུག་བསྔལ་ཀུན་དང་(2བ)བྲལ་བར་ཤོག །བདེ་དང་རྟག་ཏུ་མི་འབྲལ་ཞིང་། །མཉམ་ཉིད་བཏང་སྙོམས་ལ་གནས་ཤོག །(ཅེས་ཚད་མེད་བཞི་བསྒོམ་ནས། ཚོགས་བསགས་པ་ནི།)སྐྱབས་གནས་རྒྱ་མཚོའི་ཚོགས་རྣམས་ལ། །གུས་པས་ཕྱག་འཚལ་མཆོད་པ་འབུལ། །ཉེས་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་མི་འདའ་གསོལ། །དགེ་ཚོགས་འགྲོ་བ་ཡོངས་ལ་བསྔོ། །བླ་མེད་བྱང་ཆུབ་མྱུར་ཐོབ་ཤོག །བཛྲ་མུཿ(ས་སྐྱབས་ཡུལ་རྣམས་རང་ལ་ཐིམ་པར་བསམ། བགེགས་བསྐྲད་པ་ནི།)རང་ཉིད་དཔའ་བོ་རྟ་མཆོག་རོལ་པའི་སྐུར་གྱུར་(པར་བསམ་ཞིང་། བགེགས་གཏོར་རཾ་ཡཾ་ཁཾ་གིས་བསང་། ཨོཾ་ཨཱཿཧཱུཾ་ཧོཿས་བྱིན་བརླབ།)སརྦ་བྷུ་ཏ་ཨ་ཀརྵ་ཡ་ཛཿ(ས་མགྲོན་བཀུག) ། སརྦ་བིགྷྣཱན་བ་ལིཾ་ཏ་ཁཱ་ཧི། (ཞེས་ལན་གསུམ་གྱིས་བསྔོས་ལ།)ཧྲཱིཿཧཱུཾ། ཉོན་ཅིག་ལོག་འདྲེན་བགེགས་ཀྱི་ཚོགས། །མཆོད་སྦྱིན་བཟང་པོས་ཚིམ་བྱོས་ལ། །འདི་རུ་མ་འདུག་གཞན་དུ་དེངས། །གལ་ཏེ་བཀའ་འདས་བར་གཅོད་ན། །རྡུལ་དུ་བརླག་པར་གདོན་མི་ཟ། །དེ་བས་ད་ལྟ་ཕྱིར་དེངས་ཤིག །ཨོཾ་བཛྲ་ཀྲོ་ངྷ་ཧྱ་གྲཱི་ཝ་ཧཱུཾ་ཕཊ། (ཅེས་དང་)སུམྦྷ་ནི(ས་བསྐྲད། མཚམས་བཅད་པ་ནི།)ཧྲཱིཿ ང་ནི་ཁྲོ་རྒྱལ་རྟ་མགྲིན་ཏེ། །སྐུ་ཡི་འོད་ཟེར་མཚོན་ཆའི་གུར། །(3ན)མེ་རི་འབར་བས་ཕྱོགས་མཚམས་བཅད། །སྲུང་བའི་འཁོར་ལོར་ལྷུན་གྱིས་གྲུབ། །བཛྲ་རཀྵ་རཀྵ་ཧཱུཾ། (མཆོད་རྫས་བྱིན་གྱིས་བརླབ་པ་ནི། རཾ་ཡཾ་ཁཾ།) རྣམ་དག་ཆོས་དབྱིངས་ངང་ཉིད་ལས། །རང་བྱུང་མཆོད་པའི་ཕུང་པོ་ནི། །ཀུན་བཟང་རྣམ་ཐར་སྤྲིན་ལྟ་བུས། །དཔག་གཡས་ནམ་མཁའ་གང་བར་གྱུར། །ཨོཾ་བཛྲ་པུཥྤེ་དྷ྄ཱུཔེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝཱི་དྱ་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤརྴེ་ཨཱཿཧཱུཾ། ཨོཾ་ཨཱཿཧཱུཾ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཧཱུཾ་ཧྲཱིཿཋཱ (ལན་གསུམ།) བཛྲ་སྥ་ར་ཎ་ཁཾ། (གཉིས་པ་དངོས་གཞིའི་རིམ་པ་ལ། དཀྱིལ་འཁོར་དམ་ཚིག་པ་བསྐྱེད་པ་ནི།)ཨ། ཡེ་ནས་མ་སྐྱེས་སྟོང་གསལ་ངང་། །ཀུན་སྣང་བྱང་ཆུབ་སེམས་སྤྲིན་ལས། །རང་བྱུང་རིག་པ་ཧྲཱིཿདམར་གསལ། །དེ་ལས་འོད་འཕྲོས་སྣོད་བཅུད་སྦྱངས། །རྣམ་དག་ཞིང་ཁམས་ཉམས་དགའ་བར། །ལྷུན་གྲུབ་གཞལ་ཡས་མཚན་རྫོགས་དབུས། །པདྨ་ཉི་ཟླའི་གདན་སྟེ་དུ། །ཧྲཱིཿཡིག་ཡོངས་གྱུར་སྐད་ཅིག་གིས། །རང་ཉིད་འཕགས་མཆོག་སྤྱན་རས་གཟིགས། །རཱ་གའི་མདངས་ལྡན་ཞི་འཛུམ་མཛེས། །ཕྱག་གཡས་པད་ཕྲེང་ཐུགས་ཀར་འདྲེན། །ཕྱག་གཡོན་མཉམ་གཞག་བདུད་རྩི་བུམ། །ལོངས་སྤྱོད་རྒྱན་རྫོགས་སྐྱིལ་(3བ)ཀྲུང་བཞུགས། །པང་དུ་ཡུམ་ཆེན་གསང་ཡེ་མ། །གཅེར་མོ་སྐྲ་གྲོལ་རུས་རྒྱན་སྤྲས། །ཌཱ་རུ་ཐོད་ཁྲག་འཛིན་པས་འཁྱུད། །ཐུགས་ཀར་ཡེ་ཤེས་སེམས་དཔའ་ནི། །རྟ་མགྲིན་དམར་ནག་ཁྲོ་ཆས་རྫོགས། །ཐོད་དབྱུག་སྡིགས་མཛུབ་འདོར་སྟབས་ཅན། །རྟ་སྐད་རྔམས་སྒྲོགས་མེ་དབུས་རོལ། །སྤྱི་བོར་རིགས་བདག་སྣང་མཐའ་ཡས། །སྐྱིལ་ཀྲུང་མཉམ་གཞག་ཚེ་བུམ་འཛིན། །གོས་དཀར་ཡུམ་འཁྲུལ་བདེ་ཆེན་སྦྱོར། །གཙོ་བོའི་རང་མདངས་འཁོར་གྱི་ཚུལ། །ནོར་འཛིན་སྲས་མཆོག་གཡས་ནས་འདུད། །གསང་སྔགས་འཛིན་མས་གཡོན་ནས་འདུད། །ཕྱི་རོལ་འདབ་དྲུག་ཐུབ་དྲུག་དང་། །འགྲོ་འདུལ་སངས་རྒྱས་སྟོང་རྩ་གཉིས། །སྒོ་བཞིར་དབང་ཆེན་རིགས་བཞི་སོགས། །སྣང་སྲིད་འཕགས་པའི་དལ་དུ་ཤར། །སྣང་སྟོང་འཇའ་ཟེར་འོད་ཕུང་ཀློང་། །འཁོར་བ་དོང་སྤྲུགས་སྐུ་རུ་རྫོགས། །སྐུ་གསུང་ཐུགས་སུ་ལྷུན་གྲུབ་ཅིང་། །ཡེ་ཤེས་ལྔ་རུ་རང་དབང་བསྐུར། །ཨོཾ་ཨཱཿཧཱུཾ། ཧྲཱིཿཧཱུཾ་ཏྲཱཾ་ཨོཾ་ཨཱཿ ཨ་བྷི་ཥིཉྩ་ཨཏྨ་ཀོཉ་ཧཾ། (ཡེ་ཤེས་པ་སྤྱན་དྲང་བ་ནི།)ཧྲཱི༔ ཚུར་གཤེགས་ཚུར་གཤེགས་སྤྱན་རས་གཟིགས། །སྐྱེ་མེད་ཆོས་དབྱིངས་ངང་ཉིད་ལས། །ཐུགས་རྗེ་གཟུགས་ཀྱི་སྐུར་བཞེངས་ལ། །འཁོར་བ་དོང་ནས་(4ན)སྤྲུགས་པའི་ཕྱིར། །རྒྱལ་བ་རྒྱ་མཚོའི་ཚོགས་དང་བཅས། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །ཨོཾ་ཨེ་ཧྱེ་ཧེ་བྷ་ག་ཝཱ་ན་མ་ཧཱ་ཀ་རུ་ཎི་ཀ་དྲྀ་ཤྱ་ཧོཿ ས་མ་ཡ་སྟཾ། ཛཿཧཱུཾ་བཾ་ཧོཿ (བཞུགས་སུ་གསོལ་བ་ནི།)ཧྲཱིཿ འཕགས་མཆོག་ཐུགས་རྗེའི་ལྷ་ཚོགས་རྣམས། །རིན་ཆེན་གཞལ་ཡས་མཛེས་པ་འདིར། །དགྱེས་ཤིང་བརྩེ་བས་གཤེགས་ནས་ཀྱང་། །འགྲོ་བའི་དོན་དུ་སྐུ་བཞུགས་འཚལ། །ས་མ་ཡ་ཏིཥྛ་ལྷན། (ཕྱག་འཚལ་བ་ནི།)ཧྲཱིཿ བདེ་ཆེན་འགྱུར་མེད་ཆོས་དབྱིངས་ལས། །གང་འདུལ་སྒྱུ་མའི་ཕྱག་རྒྱར་སྣང་། །སྤྱན་རས་གཟིགས་དབང་ལྷ་ཚོགས་ལ། །རྩེ་གཅིག་གུས་པས་ཕྱག་འཚལ་ལོ། །ཨ་ཏི་པཱུ་ཧོཿ པྲ་ཏཱིཙྪ་ཧོཿ (མཆོད་པ་འབུལ་བ་ནི།)ཧྲཱིཿ ཀུན་འབྱུང་ནམ་མཁའི་ཀློང་ཡངས་ལས། །ཉེར་སྤྱོད་འདོད་ཡོན་མཆོད་པའི་ཚོགས། །སོ་སོའི་ལྷ་མོའི་རོལ་པར་བཅས། །རབ་འབྱམས་ཞིང་ཀུན་ཁྱབ་པར་སྤྲོ། །དུག་ལྔ་རྣམ་དག་བདུད་རྩིའི་མཚོ། །ཆགས་ཆེན་རང་བྱུང་དམར་གྱི་རྒྱུན། །སྣང་སྲིད་ཡོངས་རྫོགས་བ་ལིཾ་ཏ། །ཐབས་ཤེས་མཉམ་སྦྱོར་བདེ་བའི་རོ། །ཟུང་འཇུག་མི་དམིགས་སྤྲོས་བྲལ་དབྱིངས། །ཆོས་ཉིད་ཡེ་ཤེས་རོལ་(4བ)པའི་རྒྱན། །དགྱེས་པའི་དམ་ཚིག་མཆོག་ཏུ་རོལ། །བཞེས་ནས་དབང་དང་དངོས་གྲུབ་སྩོལ། །ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝཱི་དྱ་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤརྴེ་མ་ཧཱ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾཏ་མ་ཧཱ་སུ་ཁ་དྷརྨ་དྷཱ་ཏུ་པཱུ་ཛ་ཧོཿ བསྟོད་པ་ནི། ཧྲཱིཿ སྐྱེ་མེད་ཆོས་སྐུའི་ངང་ཉིད་ལས། །མ་འགགས་བདེ་ཆེན་ལོངས་སྤྱོད་རྫོགས། །འགྲོ་བའི་དོན་དུ་གཟུགས་སྐུར་སྤྲུལ། །འཇིག་རྟེན་དབང་ཕྱུག་ཁྱོད་ལ་བསྟོད། །(ཅེས་དང་། སྤྲོ་ན།)རྡུལ་བྲལ་རཱ་གའི་ལྷུན་པོ་ནི། །སྣང་བྱེད་འབུམ་གྱིས་འཁྱུད་པ་བཞིན། །མཚན་དཔེའི་གཟི་བརྗིད་འབར་བའི་སྐུ། །འཇིག་རྟེན་དབང་ཕྱུག་ཁྱོད་ལ་བསྟོད། །ཐུགས་རྗེ་ཚད་མེད་ཞི་ཞིང་འཛུམ། །ཀུན་ཏུ་མི་འཛུམ་བརྩེ་བའི་སྤྱན། །འགྲོ་ལ་གཟིགས་པའི་གཡེལ་མི་མངའ། །འཇིག་རྟེན་དབང་ཕྱུག་ཁྱོད་ལ་བསྟོད། །འཁོར་བ་དབྱིངས་གྲོལ་པད་ཕྲེང་གཡས། །ཉོན་མོངས་བདུད་འཇོམས་བུམ་པ་གཡོན། །མཐའ་གཉིས་ལས་འདས་སྐྱིལ་ཀྲུང་ཅན། །འཇིག་རྟེན་དབང་ཕྱུག་ཁྱོད་ལ་བསྟོད། །འཁོར་བ་མ་སྤང་ལོངས་སྤྱོད་ཆས། །ཆགས་བྲལ་བདེ་ཆེན་ཡུམ་དང་སྦྱོར། །སྐྱོན་སྤང་དྲི་མེད་པད་ཟླར་བཞུགས། །འཇིག་རྟེན་(5ན)དབང་ཕྱུག་ཁྱོད་ལ་བསྟོད། །གང་གི་རིག་སྔགས་ཟབ་མོའི་སྒྲ། །ལན་གཅིག་ཐོས་པའང་དོན་ཆེ་སྟེ། །ངན་འགྲོའི་བསྐལ་པ་རབ་སྟོང་མཛད། འགྲོ་འདུལ་ཚངས་དབྱངས་གསུང་ལ་བསྟོད། །ཇི་སྙེད་སངས་རྒྱས་ཐམས་ཅད་ཀྱང་། །ཁྱོད་ཐུགས་བརྩེ་བའི་ཆ་ཤས་ཕྱིར། །མཁའ་ཁྱབ་སྒྱུ་འཕྲུལ་དྲྭ་བའི་བདག །ཡེ་ཤེས་འཁོར་ལོའི་ཐུགས་ལ་བསྟོད། །(ཅེས་སྦྱར།) ཡེ་ཤེས་གཅིག་ལས་མ་གཡོས་ཀྱང་། །གང་འདུལ་འགྲོ་བའི་དོན་ཕྱིར་དུ། །རབ་འབྱམས་རྒྱལ་བའི་སྤྲིན་ཕུང་སྤྲོ། །དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་བསྟོད། །(ཛཔྲ་བཟླ་བ་ལ། ཕྱི་སྤྲོ་བསྡུ་དོན་གཉིས་སྒྲུབ་པའི་དགོངས་པ་ནི།)ཐུགས་ཀའི་ཡེ་ཤེས་སེམས་དཔའ་ཡི། །ཐུགས་དབུས་ཟླ་སྟེང་ཧྲཱིཿདམར་གསལ། མཐའ་སྐོར་ཡིག་དྲུག་ཕྲེང་བས་བསྐོར། །དེ་ལས་འོད་ཟེར་བསམ་ཡས་འཕྲོས། །བདེ་གཤེགས་སྐུ་གསུང་ཐུགས་མཆོད་མཉེས། །གསང་གསུམ་བྱིན་རླབས་དངོས་གྲུབ་ཀུན། །བདག་ལ་འདུས་ཤིང་འོད་ཟེར་དེས། །ཁམས་གསུམ་རིགས་དྲུག་སེམས་ཅན་གྱི། །སྒོ་གསུམ་སྒྲིབ་སྦྱངས་བདེ་ལ་བཀོད། །ཚུར་འདུས་རང་ཐིམ་དབྱེར་མེད་དང་། །སྣང་སྲིད་ཐུགས་རྗེའི་དལ་(5བ)དུ་རྫོགས། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ (ནང་སྤྲོ་བསྡུ་དྲེགས་པ་ཚར་གཅོད་ཀྱི་དགོངས་པ་ནི།)རྟ་མགྲིན་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་མེ་དཔུང་མཚོན་ཆ་འཕྲོས། །གང་དག་ཞི་བས་མི་འདུལ་བའི། །བདུད་དང་དགྲ་བགེགས་གདུག་ཚར་བཅད། །བཀའ་སྡོད་བྲན་དུ་བཀོལ་ནས་ཀྱང་། །ཐམས་ཅད་ཐུགས་རྗེའི་ཞིང་དུ་གྱུར། །ཨོཾ་མ་ཎི་པདྨེ་ཧཱུཾ་ཕཊ༔ (གསང་བ་དོན་དམ་ཆོས་ཉིད་རང་གསལ་དགོངས་པ་ནི།)ཧྲཱིཿ སྣང་བ་ཐུགས་རྗེ་ཆེན་པོའི་སྐུ། །གཟུང་འཛིན་བྲལ་བའི་སེམས་ལ་ལྟོས། །སྣང་བ་ཐམས་ཅད་རང་སྣང་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿ ཧྲཱིཿ སྒྲ་གྲགས་ཐུགས་རྗེ་ཆེན་པོའི་གསུང་། །ཚིག་དང་བྲལ་བའི་དོན་ལ་ལྟོས། །གྲགས་པ་ཐམས་ཅད་རང་སྒྲ་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ ཧྲཱིཿ རྟོག་ཚོགས་ཐུགས་རྗེ་ཆེན་པོའི་ཐུགས། །ཡེ་ཤེས་ཟང་ཐལ་ངང་ལ་ཞོག །གྲོལ་བ་ཐམས་ཅད་རང་གྲོལ་ཡིན། །ཡེ་ཤེས་རིག་པ་ངོ་མཚར་ཆེ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ ཧྲཱིཿ བལྟས་པས་ཡི་དམ་ལྷ་མི་མཐོང་། །མ་བལྟས་བཞག་པས་ལྷ་དང་མཇལ། །མ་བསྒྲུབ་གནས་པས་སངས་རྒྱས་འགྲུབ། །གྲུབ་པ་མེད་དོ་ཅིར་མི་དགོངས། །རང་བྱུང་ཐུགས་རྗེ་ཆེན་པོ་ཡིན། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ (6ན)(ཞེས་བཟླའོ། །གསུམ་པ་རྗེས་ཀྱི་ལས་རིམ་ལ། ཚོགས་ཀྱི་མཆོད་པ་ནི།)ཧྲཱིཿ བདག་ཉིད་ཐུགས་ལས་རཾ་ཡཾ་ཁཾ། །འཕྲོས་པས་ཚོགས་ཀྱི་ཉེས་སྐྱོན་སྦྱངས། །ཨོཾ་ཨཱཿཧཱུཾ་འཕྲོས་ཟག་མེད་ཀྱི། །འདོད་ཡོན་བདུད་རྩིའི་ཕུང་པོར་གྱུར། །ཨོཾ་ཨཱཿཧཱུཾ། (ཚོགས་ཞིང་སྤྱན་འདྲེན་ནི།) ཧྲཱིཿ རང་བཞིན་ཆོས་དབྱིངས་ཞིང་ཁམས་ནས། །འཇིག་རྟེན་མགོན་པོ་གར་གྱི་དབང་། །བླ་མ་ཡི་དམ་མཁའ་འགྲོར་བཅས། །ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ། །འདི་ན་སྣ་ཚོགས་འདོད་ཡོན་ནི། །ལོངས་སྤྱོད་མ་ཚང་མེད་མཆིས་ཀྱི། །ཀུན་ཀྱང་དགྱེས་པའི་གར་དང་བཅས། །མྱུར་གཤེགས་ཅི་བདེར་བཞེས་སུ་གསོལ། །ཨེ་ཨཱ་རལླི་ཧྲཱིང་ཧྲཱིང་ཛ་ཛཿ (ཚོགས་ཕུད་འབུལ་བ་ནི།)ཧྲཱིཿ བདེ་བར་གཤེགས་སོ་བཅོམ་ལྡན་འདས། །སངས་རྒྱས་ཀུན་གྱི་བདག་ཉིད་ཆེ། །སྤྱན་རས་གཟིགས་དབང་ལྷ་ཚོགས་ལ། །ཞལ་ཟས་ཚོགས་ཀྱི་མཆོད་པ་འབུལ། །མ་ཧཱ་གྷ་ཎ་ཙཀྲ་པཱུ་ཛ་ཧོཿ (བར་པ་བཤགས་པ་ནི།)ཧྲཱིཿ སྔོན་འབྱུང་དུས་ནས་ད་ལྟའི་བར། །མ་རིགས་བདག་ལུས་ངག་སེམས་ཀྱི། །ཉམས་ཆག་འགལ་འཁྲུལ་ཅི་མཆིས་པ། །འདོད་ཡོན་ཚོགས་ཀྱི་མཆོད་པས་བཤགས། །ས་མ་ཡ་ཤུདྡྷེ་ཨ༔ (6བ)(ཐ་མ་བསྒྲལ་བསྟབ་ནི།) ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿཛཿཧཱུཾ་བྃ་ཧོཿ ཧྲཱིཿ མ་ནི་རྟ་མཆོག་ཧེ་རུ་ཀ ། འབར་བའི་ཕོ་ཉ་སྐར་ལྟར་འཁྲུགས། །ཕུར་ཐུན་མཚོན་ཆ་ཐོག་ལྟར་འབེབས། །བཏབ་ན་ལྷ་ཡང་བརླག་འགྱུར་ན། །དགྲ་དང་བགེགས་ལ་སྨོས་ཅི་དགོས། །གནོད་བྱེད་བར་གཅོད་འབྱུང་པོའི་ཚོགས། །ཆོམས་ཤིག་རོལ་ཅིག་མཱ་ར་ཡ། །ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་རྦད་ཕཊ། ཧྲཱིཿ དུག་ལྔས་གཟིར་བའི་གདུག་ཅན་རྣམས། །དྭངས་མ་བདག་མེད་དབྱིངས་བསྒྲལ་བའི། །སྙིགས་མ་འདོད་ཡོན་དམ་ཚིག་རྫས། །བདེ་བ་ཆེན་པོའི་རྒྱན་དུ་འབུལ། །མ་ཧཱ་མཱཾ་ས་རཀྟ་ཀིཾ་ནི་རི་ཏི་ལ་ཁ་རཾ་ཁཱ་ཧི། (འདིར་ཚོགས་ཀྱི་དམ་རྫས་ནང་གི་སྲེག་བླུག་ཏུ་ལོངས་སྤྱོད་ལ། ལྷག་མའི་བསྡོ་བ་ནི།)ཨོཾ་ཨཱཿཧཱུྃ། ཕེཾ། དཔལ་གྱི་བཀའ་ཉན་དམ་ཚིག་ཅན། །བསྟན་པ་སྐྱོང་བའི་ལྷག་སྡུད་རྣམས། །འདིར་གཤེགས་ཤ་ཁྲག་ལྷག་གཏོར་བཞེས། །བཅོལ་བའི་ཕྲིན་ལས་མྱུར་སྒྲུབ་མཛོད། །ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི། (ཆད་མདོ་གཏོང་བ་ནི།) ཧཱུཾ། སྔོན་ཚེ་བརྒྱུད་གསུམ་རིག་འཛིན་གྱིས། །དམ་ལ་བཏགས་པའི་སྲུང་མ་རྣམས། །བཀའ་ཡི་གཏོར་མ་འདི་ལོངས་ལ། །གསང་སྔགས་བསྟན་དང་བསྟན་འཛིན་སྐྱོངས། །བསྟན་དགྲ་འབྱུང་པོ་རྡུལ་དུ་རློགས། །རྣམ་བཞིའི་ཕྲིན་ལས་མྱུར་དུ་སྒྲུབས། (7ན)(བརྟན་མ་སྐྱོང་བ་ནི།)ཧྲཱིཿ སློབ་དཔོན་པདྨ་ཐོད་ཕྲེང་གི ། བཀའ་ཉན་ཆེ་ཞིང་བརྟན་མའི་ཚོགས། །བཤལ་ཆུའི་གཏོར་མ་འདི་བཞེས་ལ། །བསྟན་པ་རྒྱས་པའི་ཕྲིན་ལས་མཛོད། །མ་མ་ཧྲཱིཾ་བ་ལིཾ་ཏ་ཁཱ་ཧི། (རྟ་བྲོ་བརྡུང་བ་ནི།)ཧྲཱིཿ འགྲོ་འདུལ་ཐུགས་རྗེའི་དཀྱིལ་འཁོར་དུ། །དབང་ཆེན་རྔམས་པའི་བྲོ་བརྡུང་པས། །ལོག་འདྲེན་དགྲ་བགེགས་དམ་སྲི་ཀུན། །ལྡང་མེད་གཟིར་མནན་ཆོ་ག་རྫོགས། །ཨོཾ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ། སྟམྦྷ་ཡ་ནན། (དངོས་གྲུབ་བླང་བ་ནི།)ཧྲཱིཿ འཕགས་མཆོག་ཐུགས་རྗེ་ལྷ་ཚོགས་རྣམས། །སྔོན་ཚེ་གོང་ནས་བསྙེན་པའི་ལྷ། །ད་ལྟ་བདག་དང་གཉིས་སུ་མེད། །ཡང་གསང་ཐུགས་ཀྱི་གའུ་ནས། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །སྒྲུབ་མཆོག་རྣལ་འབྱོར་བདག་ལ་སྩོལ། །ལྷ་དང་སྐལ་བ་མཉམ་པར་ཤོག ། ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱི། ཀཱ་ཡ་ཝཱ་ཙིཏྟ་སིངྔྷི་ཕ་ལ་ཧོཿ (འདིར་གཏང་རག་གི་མཆོད་པ་བསྟོད་འབུལ་ཞིང་ནོངས་པ་བཟོད་པར་གསོལ། དཀྱིལ་འཁོར་བསྡུ་བ་ནི།)ཧྲཱིཿ སྣང་སྲིད་གཞལ་ཡས་ལྷ་ཚོགས་རྣམས། །མཁའ་ལ་སྤྲིན་བཞིན་འོད་གསལ་དབྱིངས། །ཆོས་ཉིད་བློ་འདས་གཤིས་སུ་ཐིམ། །དོན་གྱི་འཕགས་པའི་རང་ཞལ་བལྟ། །ཨ། (7བ)ཧྲཱིཿ སླར་ཡང་མཁའ་ལས་འཇའ་ཚོན་ལྟར། །སྣང་གྲགས་ལྷུན་གྲུབ་རྒྱལ་བའི་ཞིང་། །སྟོང་ཉིད་སྙིང་རྗེ་ཟུང་འཇུག་ངང་། །རྒྱུན་དུ་འགྲོ་བའི་དོན་ལ་འཇུག །ཨོཾ་ཨཱཿཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱི༔ (དགེ་བ་བསྔོ་བ་ནི།)ཧོཿ འདིར་འབད་བསོད་ནམས་མཐའ་ཡས་ཚོགས། །བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །མི་གནས་ཟུང་འཇུག་འཕགས་པའི་སྐུ། །འགྲོ་བ་ཀུན་གྱིས་ཡོངས་ཐོབ་ཤོག །(ཤིས་པ་བརྗོད་པ་ནི།)བདེ་གཤེགས་ཐུགས་རྗེའི་དཀྱིལ་འཁོར་དུ། །འགྲོ་འདུལ་ཕྲིན་ལས་མཐར་ཕྱིན་ནས། །རྟག་ཏུ་དཔལ་གནས་བཀྲ་ཤིས་པ། །སྐྱེ་རྒུ་ཡོངས་ཁྱབ་བདེ་ལེགས་ཤོག (ཅེས་སོགས་ཤིས་བརྗོད་རྒྱ་ཆེར་སྤེལ་བས་དགེ་ལེགས་སུ་བྱའོ། །འཕགས་པའི་སྒྲུབ་ཐབས་ཡོངས་རྗོགས་ཀྱི། །སྙིང་པོའི་བཅུད་བསྡུས་གསལ་བྱས་པ། །འདི་ལས་འབྲེལ་བཅས་མཐའ་ཡས་འགྲོ། །ཕན་དང་བདེ་བར་དབུགས་འབྱིན་ཤོག །ཅེས་པའང་ཟ་ཧོར་མཚོ་པདྨ་ཅན་དུ་སྒྲུབ་པའི་རྒྱལ་མཚན་སྒྲེང་བ་བླ་མ་ཡེ་ཤེས་རབ་གསལ་གྱིས་བསྐུལ་བ་ལས། གསང་འདུས་རྣམ་པ་གསུམ་གཏེར་བྱོན་ཐུགས་ཆེན་ཕྲིན་ལས་རྣམས་ཀྱི་སྙིང་པོའི་བཅུད་བསྡུས་ཏེ། བོད་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་(8ན)གར་ནུབ་ཕྱོགས་སིང་ལར་གྲགས་པའི་གྲོང་ཁྱེར་དུ་རྒྱུ་བའི་སྐབས་ཤིག་ལ་སྦྱར་བ་ཤིན་ཏུ་དོན་དང་ལྡན་པར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།)