DJYD-KABUM-06-CHA-014

From Dudjom Wiki
Revision as of 10:26, 9 July 2024 by Mort (talk | contribs)

DJYD-KABUM-06-CHA-014
Wylie title DJYD-KABUM-06-CHA-014.pdf
Location bdud 'joms rin po che bka' 'bum
Volume 6, Text 14, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 6: . Kalimpong: Dupjung Lama, 1979-1985.
Side notes   Verso: pad gling phur pa
More details More details
Tertön (pad+ma gling pa)
Genre
Cycle དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲི་ (dpal rdo rje phur bu yang gsang srog gi spu gri)
Deity rdo rje phur pa
[edit]
(1ན)(ཕུར་པ་ཡང་གསང་སྲོག་གི་སྤུ་གྲིའི་རྒྱུན་ཁྱེར་བཞུགས། རྒྱུན་བཤགས་ཡན་ལག་བརྒྱད་པས་ཚོགས་བསགས་པ་སྔོན་དུ་འགྲོ་བས།) ཧཱུྃ། རྡོ་རྗེ་ཁྲོས་པས་ཞེ་སྡང་གཅོད། །མཚོན་ན་སྔོན་པོ་འབར་བ་ཡིས། །ནམ་མཁའི་དཀྱིལ་ནས་ཐིག་པ་ཤར། །རང་བྱུང་རྒྱུ་ཡི་ཧཱུྃ་མཐིང་ལས། །འོད་འཕྲོས་སྣོད་བཅུད་སྟོང་པར་སྦྱངས། །སྟོང་ཉིད་དེ་ཡི་མཁའ་དབྱིངས་སུ། །འབྱུང་བ་རིམ་བརྩེགས་རི་རབ་སྟེང་། །རབ་འཇིགས་དུར་ཁྲོད་གཞལ་ཡས་དབུས། །བྲག་ཆེན་པདྨ་ཉི་ཟླའི་གདན། །ལྷ་ཆེན་ཕོ་མོ་བསྣོལ་བའི་སྟེང་། །རྒྱུ་ལས་འོད་འཕྲོས་དོན་གཉིས་བྱས། །ཚུར་འདུས་རྡོ་རྗེ་རྩེ་དགུར་གྱུར། །དེ་ལས་ཚོགས་གཉིས་རྫོགས་པའི་སྐུ། །བདག་ཉིད་བཅོམ་ལྡན་དཔལ་ཆེན་པོ། །རྡོ་རྗེ་གཞོན་ནུ་མཐིང་ནག་འབར། །དབུ་གསུམ་ཕྱག་དྲུག་ཞབས་བཞི་བགྲད། །ཞལ་གཡས་དཀར་བཞད་གཡོན་དམར་གཤེ། །དབུས་མཐིང་གཏུམ་རྔམས་མི་བཟད་འཇིགས། །རལ་པ་ཁམ་ནག་གྱེན་དུ་འཁྱིལ། །ཐོད་སྐམ་རིགས་ལྔའི་དབུ་རྒྱན་ཅན། །(1བ)གཡས་གཉིས་རྩེ་དགུ་རྩེ་ལྔ་དང་། །གཡོན་གཉིས་མེ་དཔུང་ཁ་ཊྭྰཾ་བསྣམས། །ཐ་གཉིས་རི་རབ་ཕུར་པ་འདྲིལ། །རྡོ་རྗེ་རིན་ཆེན་གཤོག་པ་གདེངས། །སྐྲ་དང་བ་སྤུའི་ཉག་མ་རྣམས། །རྡོ་རྗེ་ཕྲ་མོའི་རྣམ་པས་གཏམས། །སྤྱན་དགུ་སྡང་མིག་གློག་སྟོང་འགྱུ། །ཤངས་ནས་ཧཱུཾ་གི་ང་རོ་དང་། །ཞལ་ནས་ཕཊ་ཀྱི་སྒྲ་ཆེན་སྒྲོགས། །སྦྲུལ་རིགས་ལྔ་ཡིས་ཕྱག་ཞབས་བརྒྱན། །གླང་ཆེན་ཞིང་གི་ན་བཟའ་དང་། །སྟག་ཤམ་ཐོད་ཕྲེང་ག་ཤ་ཅན། །ཁྲག་ཞག་ཐལ་བའི་ཚོམ་བུས་བརྒྱན། །མཐིང་ནག་དར་གྱི་ཅོད་པན་འཕུར། །སྲ་བརྟན་རྡོ་རྗེའི་གོ་ཁྲབ་གསོལ། །ཙིཏྟ་རིན་ཆེན་ཟུར་བརྒྱད་ནང་། །ཡེ་ཤེས་སེམས་དཔའ་ཚོན་གང་བ། །དཀར་གསལ་རྡོ་རྗེ་དྲིལ་བུ་འཛིན། །རིན་ཆེན་རྒྱན་མཛེས་བརྐྱང་བསྐུམ་བཞུགས། །དེ་ཡི་ཐུགས་དབུས་འོད་གུར་སྦུབས། །ཉི་དཀྱིལ་སྲན་གཤགས་ཙམ་པའི་སྟེང་། །རྡོ་རྗེ་ནས་འབྲས་ཙམ་པ་ཡི། །ལྟེ་བར་ཧཱུཾ་ལ་ཀཱི་ལ་ཡ། །འབྲུ་དགུ་སྤུ་རིས་ཙམ་པ་ནི། །མགལ་མེད་ལྟ་བུ་གཡས་ཕྱོགས་འཁོར། །སྲོག་གི་གོ་རུ་(2ན)ཤར་བ་དང་། །སྙིང་གི་དཀྱིལ་དུ་བསྒོམ་པར་བྱ། །ཙིཏྟའི་སྒོ་སྲུང་རྟ་མགྲིན་དམར། །པདྨ་བྷནྡྷ་ཡུམ་འཁྱུད་འཁྲིལ། །སྐུ་དང་གྲིབ་མའི་ཚུལ་དུ་ཡུམ། །འཁོར་ལོ་རྒྱས་འདེབས་མཐིང་ག་གཡས། །ཨུཏྤལ་ཡབ་འཁྱུད་བྷནྡྷ་གཡོན། །རིགས་ལྔས་དབུ་རྒྱན་གཟིག་ཤམ་གསོལ། །འཁྲིལ་སྦྱོར་བདེ་ཆེན་སྙོམས་པར་ཞུགས། །མི་བཟད་གར་དགུའི་ཉམས་དང་ལྡན། །བསྐལ་པའི་མེ་དཔུང་ཀློང་ན་བཞུགས། །གདོད་མ་ཉིད་ནས་དམ་ཚིག་དང་། །ཡེ་ཤེས་འཁོར་ལོ་དབྱེར་མེད་པ། །སངས་རྒྱས་ཀུན་གྱི་སྐུ་གསུང་ཐུགས། །ཡོན་ཏན་ཕྲིན་ལས་ཡོངས་རྫོགས་གྱུར། །ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས། །འབར་བའི་འོད་ཟེར་མཁའ་ཁྱབ་འཕྲོས། །རྒྱལ་མཆོད་རྒྱུད་བསྐུལ་བྱིན་རླབས་བསྡུས། །འགྲོ་བའི་སྒྲིབ་སྦྱངས་བདེ་ལ་བཀོད། །དམ་ཅན་སྲུང་མ་ལས་ལ་བཙུད། །རིག་འཛིན་མཆེད་ལྕམ་ཐུགས་དམ་བསྐངས། །དགྲ་བགེགས་གདུག་པ་ཚར་ཐག་བཅད། །འཁོར་འདས་དྭངས་བཅུད་སླར་འདུས་ཏེ། །བདག་(2བ)ཐིམ་ཆེ་བའི་ཡོན་ཏན་བསྐྱེད། །སྣང་གྲགས་རིག་པ་ལྷ་དང་སྔགས། །ཆོས་ཉིད་གཉུག་མའི་ཕྱག་རྒྱར་རྫོགས། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཛཿཧཱུྃ་ཨཱཿཞེས་ཅི་ནུས་སུ་བཟླས་མཐར། ཧཱུཾ་ཧཱུཾ་ཧཱུཾ། སྣོད་བཅུད་འོད་ཞུ་རང་ལ་ཐིམ། །རང་ཡང་ཐུགས་སྲོག་ཧཱུཾ་ཡིག་ལ། །ཧཱུཾ་ཡང་རང་བཞིན་གྱེན་རྫོགས་དང་། །ཆོས་ཉིད་གསལ་སྟོང་ཀློང་དུ་བཞག །ཕཊ་ཕཊ་ཕཊ། སླར་ཡང་ཆུ་ལས་ཉ་ལྡང་བཞིན། །དཔལ་ཆེན་སྐུ་རུ་ལམ་གྱིས་གསལ། །གནས་གསུམ་འབྲུ་གསུམ་རྡོ་རྗེའི་གོ །སྣང་སྲིད་ལྷ་སྔགས་ཡེ་ཤེས་ཆེ། །ཧཱུཾ་ཧཱུཾ་བཛྲ་ཀཱ་ཝཱ་ཙི་ཧཱུཾ། བཛྲ་ཙཀྲ་ཏིཀྵྞ་ཀརྨ་ཀཱི་ལ་ཡ་ཛྭ་ལ་རཾ་ཧཱུཾ་ཕཊ། དགེ་འདིས་མཐའ་ཡས་སེམས་ཅན་ཀུན། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །སྐྱེ་མེད་ཆོས་སྐུ་རང་བཞིན་རྣམ་དག་ལས། །ཐུགས་དམ་དབང་གིས་གཟུགས་ཀྱི་སྐུ་སྤྲུལ་པ། །རྡོ་རྗེ་གཞོན་ནུ་མི་འགྱུར་རྟག་པའི་སྐུ། །དགེ་ལེགས་འབྲས་བུ་སྨིན་པའི་བཀྲ་ཤིས་ཤོག། (3ན)(ཅེས་པའང་རྒྱུན་གྱི་ཉམས་ལེན་འཇུག་པ་བདེ་བའི་སླད་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།། །།)