DJYD-KABUM-08-NYA-024

From Dudjom Wiki
Revision as of 15:46, 9 July 2024 by Mort (talk | contribs)

DJYD-KABUM-08-NYA-024
Wylie title DJYD-KABUM-08-NYA-024.pdf
Location bdud 'joms rin po che bka' 'bum
Volume 8, Text 24, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 8: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön རྡོ་རྗེ་ཐོགས་མེད་ (rdo rje thogs med)
Genre
Cycle ཟབ་ཆོས་ཡིད་བཞིན་འོད་འཕྲོ་ (zab chos yid bzhin 'od 'phro)
[edit]
༄༅། །ཟབ་ཆོས་ཡིད་བཞིན་འོད་འཕྲོ་ལས། སྔོན་འགྲོའི་ངག་འདོན་ཁྲིགས་སུ་བསྡེབས་པ་བྱང་ཆུབ་མཆོག་གི་ས་བོན་ཞེས་བྱ་བ་བཞུགས་སོ། །

(1བ)ན་མོ་གུ་རུ་པདྨ་ཀཱ་ར་ཡེ། (གང་ཞིག་ཟབ་ལམ་གྱི་སྐལ་བ་དང་ལྡན་ཅིང་ཚེ་འདིར་མི་སློབ་ཟུང་འཇུག་གི་གོ་འཕང་མངོན་དུ་བྱེད་པར་འདོད་པས་ཐོག་མ་ཉིད་ནས་ལམ་འདི་ཁོ་ན་ལ་ནན་ཏན་དུ་འབད་པར་བྱ་སྟེ། དེའི་ཚུལ་ལ་གཉིས། རྒྱུད་སྣོད་རུང་དུ་བྱེད་པ་ཐུན་གྱི་སྔོན་འགྲོ་དང་། རིམ་གཉིས་རྣལ་འབྱོར་སྒོས་ཀྱི་སྔོན་འགྲོའོ། །) (དང་པོ་ནི། བདེ་བའི་སྟན་ལ་ལུས་གནད་བསྲང་ཞིང་དུག་གསུམ་གྱི་རླུང་རོ་བསལ་ནས་ཤེས་པ་རྣལ་དུ་ཕབ་སྟེ་རང་བབ་ཀྱི་བསམ་གཏན་ལ་དྲན་པ་མངོན་དུ་ཕྱོགས་པས། མདུན་གྱི་ནམ་མཁར་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་ཉིད་རྣམ་པ་ཨོ་རྒྱན་རྡོ་རྗེ་འཆང་གི་ཚུལ་དུ་རང་ལ་དགྱེས་པ་ཆེན་པོས་དགོངས་ཏེ་བཞུགས་པར་བསམ་ལ་མོས་གུས་གདུང་ཤུགས་དྲག་པོས།) དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་བླ་མ་རིན་པོ་ཆེ་མཁྱེན། །(2ན)བདག་གི་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་བརླབ་ཏུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། །ཚེ་འདི་ཉིད་ལ་འོད་གསལ་རྫོགས་པ་ཆེན་པོའི་ལམ་མཆོག་མཐར་ཕྱིན་པར་བྱིན་གྱིས་བརླབ་ཏུ་གསོལ། (ཞེས་གསོལ་བ་དྲག་ཏུ་བཏབ་པས་བླ་མའི་སྐུ་ལས་འོད་ཟེར་དཔག་ཏུ་མེད་པ་བྱུང་། རང་ལ་ཐིམ་པས་སྒོ་གསུམ་གྱི་སྒྲིབ་པ་བསལ། མཐར་བླ་མ་འོད་དུ་ཞུ་ནས་རང་ལ་ཐིམ་པས་རྒྱུད་བྱིན་གྱིས་བརླབས་པར་བསམ་ལ་རིག་པ་འཛིན་མེད་ཀྱི་ངང་དུ་དར་ཅིག་མཉམ་པར་བཞག་གོ །) (གཉིས་པ་ལ་གཉིས། ཐུན་མོང་བློ་སྦྱོང་དང་། ཁྱད་པར་བསགས་སྦྱོང་ངོ་། །དང་པོ་ལ། ཐོག་མར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཉིད་ཤིན་ཏུ་རྙེད་དཀའ་བར་བསམ་པ་ནི།) དལ་འབྱོར་འདི་ནི་(2བ)ཤིན་ཏུ་རྙེད་པར་དཀའ། །སྐྱེས་བུས་དོན་སྒྲུབ་ཐོབ་པར་གྱུར་པ་ལ། །གལ་ཏེ་འདི་ལ་ཕན་པ་མ་སྒྲུབ་ན། །ཕྱིས་འདི་ཡང་དག་འབྱོར་པར་ག་ལ་འགྱུར། །(འདུས་བྱས་ཐམས་ཅད་མི་རྟག་འཇིག་པའི་རང་བཞིན་དུ་བསམ་པ་ནི།) སྲིད་གསུམ་མི་རྟག་སྟོན་ཀའི་སྤྲིན་དང་འདྲ། །འགྲོ་བའི་སྐྱེ་འཆི་གར་ལ་བལྟ་དང་མཚུངས། །སྐྱེས་བུའི་ཚེ་ནི་ནམ་མཁའི་གློག་འདྲ་སྟེ། །རི་གཟར་འབབ་ཆུ་བཞིན་དུ་མྱུར་མགྱོགས་འགྲོ། །ལས་དཀར་ནག་གི་རྒྱུ་འབྲས་བསླུ་བ་མེད་པའི་ཚུལ་ལ་བསམ་པ་ནི།) དུས་ཀྱི་བསྙེན་ནས་རྒྱལ་པོ་འགྲོ་གྱུར་ན། །ལོངས་སྤྱོད་མཛའ་དང་གཉེན་བཤེས་རྗེས་མི་འབྲང་། །སྐྱེས་བུ་དག་ནི་གར་ནས་གར་འགྲོ་ཡང་། །ལས་ནི་གྲིབ་མ་བཞིན་དུ་རྗེས་སུ་འབྲང་། །(ཁམས་གསུམ་འཁོར་བའི་གནས་ལ་སྡུག་བསྔལ་གྱི་རང་བཞིན་བཟོད་གླགས་མེད་པར་བསམ་པ་ནི།) སྲེད་སྲིད་མ་རིག་དབང་གིས་སྐྱེ་བོ་རྣམས། །མི་དང་ལྷ་དང་ངན་སོང་རྣམ་གསུམ་པོ། །འགྲོ་བ་ལྔ་པོ་དག་ཏུ་མི་མཁས་འཁོར། །དཔེར་ན་རྫ་མཁན་འཁོར་ལོ་འཁོར་བ་བཞིན། །སྲིད་གསུམ་རྒ་དང་ནད་ཀྱི་སྡུག་བསྔལ་བར། །འདི་ན་འཆི་མེ་རབ་འབར་མགོན་མེད་དེ། །སྲིད་ལས་བྱུང་ལ་འགྲོ་བ་རྟག་ཏུ་རྨོངས། །བུམ་པར་ཆུད་པའི་བུང་བ་འཁོར་བ་བཞིན། །(དེ་ལྟ་བུའི་ཚུལ་ལ་ངེས་པར་འབྱུང་བའི་བློས་རྒྱུད་ཡང་དག་བྱང་ཆུབ་ཀྱི་ལམ་དུ་བསྐུལ་བ་ནི།) (3ན)མཁའ་ཁྱབ་འགྲོ་ཀུན་བདག་གི་ཕ་མ་སྟེ། །བདེ་བ་འདོད་ཀྱང་སྡུག་བསྔལ་འབའ་ཞིག་སྒྲུབ། །ཐར་མེད་འཁོར་བར་འཁྱམས་པ་སྙིང་རེ་རྗེ། །དེ་རྣམས་བདག་གིས་ཅི་ནས་བསྒྲལ་བར་བྱ། །དེ་ཕྱིར་ཡེངས་མེད་བརྩོན་པའི་ཤུགས་བསྐྱེད་ནས། །ཟབ་མོའི་རྣལ་འབྱོར་མཐའ་རུ་ཕྱིན་པར་བགྱི། །(ཞེས་སྟོན་པ་བཀའ་དྲིན་གྱི་གསུངས་དྲི་མ་མེད་པའི་མཚོན་ཐར་པར་བསྐུལ་བའི་ཚིག་རྣམས་ངག་ཏུ་བརྗོད་ཅིང་དོན་རྒྱུད་ལ་འདྲེས་ངེས་སུ་བྱའོ། །) (གཉིས་པ་ལ་ལྔ་ལས། དང་པོ་ལམ་ཐམས་ཅད་ཀྱི་གཞི་རྟེན་སྐྱབས་སུ་འགྲོ་བ་ནི། ཐོག་མར་སྐྱབས་ཡུལ་གསལ་གདབ་པའི་སླད་དུ།) རང་མདུན་དྲི་མེད་ཀོ་ཤའི་མཚོ༔ དེ་དབུས་པད་སྡོང་རྒྱས་པ་ཡི༔ སྙིང་པོར་ཉི་ཟླའི་གདན་གྱི་སྟེང་༔ རྩ་བའི་བླ་མ་པདྨ་འབྱུང་༔ སྣང་སྲིད་ཟིལ་གནོན་དཀར་དམར་མདངས༔ ཟ་བེར་ཆོས་གོས་ཕོད་ཀ་གསོལ༔ དབུ་ལ་འདབ་ལྡན་སྙན་ཞུ་མཛེས༔ རྡོ་རྗེ་ཐོད་པ་ཚེ་བུམ་འཛིན༔ ཁ་ཊཱཾ་རྩེ་གསུམ་གཡོན་དུ་འཁྲིལ༔ ཁྲོ་འཛུམ་བརྩེ་བའི་ཉམས་ལྡན་པའི༔ དབུ་གཙུག་སྤྱན་རས་གཟིགས་དབང་ཕྱུག་༔ དེ་སྟེང་མགོན་པོ་ཚེ་དཔག་མེད༔ མཐའ་སྐོར་རྒྱུད་ལུང་མན་ངག་གི༔ བླ་མ་རིག་འཛིན་ཚོགས་ཀྱིས་བསྐོར༔ གཡས་སུ་ཤཱཀྱ་ཐུབ་པ་ལ༔ བསྐལ་བཟང་སངས་རྒྱས་སྟོང་ལ་སོགས༔ (3བ)བདེ་གཤེགས་རྒྱལ་བའི་ཚོགས་ཀྱིས་བསྐོར༔ རྒྱབ་ཏུ་ཡུམ་ཆེན་ཤེར་ཕྱིན་ལ༔ བཀའ་བསྟན་མན་ངག་ཚོགས་ཀྱིས་བསྐོར༔ གཡོན་དུ་བྱམས་པ་མགོན་པོ་ལ༔ གནས་བརྟན་ཆེན་པོ་བཅུ་དྲུག་སོགས༔ འཕགས་པའི་དགེ་འདུན་རྣམས་ཀྱིས་བསྐོར༔ མདུན་དུ་རྟ་ཕག་ཡབ་ཡུམ་ལ༔ ཡི་དམ་མཁའ་འགྲོ་རྒྱ་མཚོས་བསྐོར༔ ཕྱི་རོལ་བཀའ་སྲུང་གཏེར་བདག་སོགས༔ མ་ལུས་འཁོར་གྱིས་བསྐོར་བར་གྱུར༔ (ཞེས་གསལ་བཏབ་ལ། དེ་དག་གི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་མགྲིན་གཅིག་སྒོ་གསུམ་གུས་པ་ཆེན་པོས་ཅི་མཛད་ཁྱེད་མཁྱེན་སྙམ་པའི་བློ་གཏད་རེ་ལྟོས་ལིང་བསྐྱུར་གྱི་སྒོ་ནས་བྱང་ཆུབ་སྙིང་པོའི་བར་དུ་སྐྱབས་སུ་འགྲོ་བའི་འདུན་པ་བཅས།) ན་མོ༔ བདག་སོགས་མཁའ་མཉམ་འགྲོ་ཀུན་དུས་འདི་ནས༔ རྣམ་མཁྱེན་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར༔ དུས་གསུམ་དཀོན་མཆོག་རྩ་གསུམ་ཀུན་འདུས་པའི༔ བཀའ་དྲིན་མཉམ་མེད་རྗེ་ལ་སྐྱབས་སུ་མཆི༔ འགྲོ་ཀུན་ཐར་པ་མཆོག་ལ་འགོད་མཛད་པའི༔ དཀོན་མཆོག་རིན་ཆེན་གསུམ་ལ་སྐྱབས་སུ་མཆི༔ བྱིན་རླབས་དངོས་གྲུབ་ཆར་འབེབས་བར་ཆད་སེལ༔ རྩ་གསུམ་དཀྱིལ་འཁོར་ལྷ་ལ་སྐྱབས་སུ་མཆི༔ (ཞེས་ཅི་ནུས་སུ་བྱ་ཞིང་། ཐུན་བསྡུ་བའི་ཚེ་སྐྱབས་ཡུལ་བརྒྱུད་(4ན)པའི་བླ་མ་དཀོན་མཆོག་རྩ་གསུམ་འཁོར་གྱི་ཚུལ་དུ་བཞུགས་པ་རྣམས་རྩ་བའི་བླ་མའི་སྐུ་ལ་འདུས། བླ་མ་ཡང་དགྱེས་པས་འོད་དུ་ཞུ་ནས་རང་ལ་ཐིམ་པས་དབྱེར་མེད་དུ་གྱུར་པར་བསམ་ལ་མི་དམིགས་པའི་ངང་དུ་བཞག་གོ །) (གཉིས་པ་ཐེག་ཆེན་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ནི། གདོད་ནས་རང་བཞིན་རྣམ་པར་དག་པའི་དབྱིངས་ལས་མ་གཡོས་ཀྱང་། མེད་སྣང་གློ་བུར་འཁྲུལ་པའི་དབང་གིས་འཁོར་བ་སྡུག་བསྔལ་གྱི་རྒྱུ་འབྲས་འབའ་ཞིག་ལ་རྟག་ཏུ་སྤྱོད་པའི་མ་རྒན་སེམས་ཅན་ཐམས་ཅད་གཏན་བདེ་སངས་རྒྱས་ཀྱི་ས་ལ་བདག་ཁོ་ནས་འགོད་པར་བྱའོ་སྙམ་པ་སྨོན་པ་དང་། དེའི་ཆེད་དུ་ལམ་ཟབ་མོ་ཉམས་སུ་བླངས་ཏེ་བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་བསླབ་པར་བགྱིའོ་སྙམ་པ་འཇུག་པ་དང་། དོན་དམ་པར་ཆོས་ཐམས་ཅད་ཡེ་ནས་བཅིང་གྲོལ་ལས་འདས་པ་འཁོར་འདས་མཉམ་རྫོགས་ཆེན་པོའི་རང་བཞིན་དུ་ཤེས་པའི་སྒོ་ནས།) འགྲོ་ཀུན་བདེ་གཤེགས་སྙིང་པོར་ལྷུན་གྲུབ་ཀྱང་༔ དེ་ཉིད་མ་རྟོགས་འཁོར་བར་འཁྱམས་པའི་འགྲོ༔ མ་ལུས་བྱང་ཆེན་མཆོག་ལ་འགོད་བྱའི་ཕྱིར༔ སྨོན་འཇུག་དོན་དམ་བྱང་ཆུབ་སེམས་བསྐྱེད་དོ༔ (ཞེས་ཅི་ནུས་སུ་བརྗོད་ཅིང་སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་ལ་བློ་ནན་གཏན་དུ་སྦྱང་ངོ་། །) (གསུམ་པ་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བྱེད་རྡོར་སེམས་བསྒོམ་བཟླས་ནི། རང་གི་སྤྱི་བོར་རྩ་བའི་བླ་མ་རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པར་གསལ། སྔར་བྱས་ཀྱི་སྡིག་(4བ)པའི་ལས་ཐམས་ཅད་ལ་གནོང་འགྱོད་དྲག་པོ་བསྐྱེད་ཅིང་། ཕྱིན་ཆད་སྲོག་ལ་བབ་ཀྱང་མི་བྱེད་སྙམ་པའི་དམ་བཅའ་དང་། ཐུགས་ཀའི་སྔགས་ཕྲེང་ལས་བྱུང་བའི་སེམས་བདུད་རྩིའི་རྒྱུན་གྱིས་རང་གི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་ལྷག་མེད་དུ་སྦྱོང་བར་བསམ་པ་སྟེ་སྟོབས་བཞིའི་གནད་དང་ལྡན་པས།) རང་ཉིད་ཐ་མལ་སྤྱི་བོར་པད་ཟླའི་སྟེང་༔ རྩ་བའི་བླ་མ་དཔལ་ལྡན་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་ཞི་འཛུམ་མཛེས༔ ལོངས་སྐུའི་ཆ་ལུགས་རྡོ་རྗེ་དྲིལ་བུ་འཛིན༔ མཚན་དཔེའི་གཟི་འབར་སེམས་དཔའི་སྐྱིལ་ཀྲུང་བཞུགས༔ ཐུགས་ཀར་རྡོ་རྗེ་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ སྐུ་དང་སྔགས་ལས་བྱང་སེམས་བདུད་རྩིའི་རྒྱུན༔ དཔག་མེད་བབས་སྟེ་རང་གི་སྤྱི་བོར་ཞུགས༔ ལུས་ཀུན་གང་བས་ནད་གདོན་སྡིག་སྒྲིབ་ཀུན༔ དག་ནས་དྲི་མ་མེད་པའི་ལུས་སུ་གྱུར༔ ཨོཾ་བཛྲ་སཏྭ་ས་མ་ཡ་(སོགས་ཡི་གེ་བརྒྱ་པ་ཅི་ནུས་སུ་བཟླས་པའི་མཐར། མོས་གུས་གདུང་ཤུགས་དྲག་པོས།) མགོན་པོ་བདག་ནི་མི་ཤེས་རྨོངས་པ་ཡིས། །དམ་ཚིག་ལས་ནི་འགལ་ཞིང་ཉམས། །བླ་མ་མགོན་པོས་སྐྱབས་མཛོད་ཅིག །གཙོ་བོ་རྡོ་རྗེ་འཛིན་པ་ཀྱེ། །ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན། །འགྲོ་བའི་གཙོ་ལ་བདག་སྐྱབས་མཆི། སྐུ་གསུང་ཐུགས་རྩ་བ་དང་ཡན་ལག་གི་དམ་ཚིག་ཉམས་(5ན)ཆག་ཐམས་ཅད་མཐོལ་ལོ་བཤགས་སོ། །སྡིག་པ་དང་སྒྲིབ་པ་ཉེས་ལྟུང་དྲི་མའི་ཚོགས་ཐམས་ཅད་བྱང་ཞིང་དག་པར་བྱིན་གྱིས་བརླབ་ཏུ་གསོལ། (ཞེས་གསོལ་བ་བཏབ་པས། རྡོ་རྗེ་སེམས་དཔའ་དགྱེས་བཞིན་འཛུམ་པ་དང་བཅས་པས་རིགས་ཀྱི་བུ་ཁྱོད་ཀྱི་སྡིག་སྒྲིབ་ཉེས་ལྟུང་ཐམས་ཅད་དག་པ་ཡིན་ནོ་ཞེས་གནང་བ་སྩལ་བ་དང་ཆབ་གཅིག་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་རྡོ་རྗེ་སེམས་དཔའི་སྐུ་གསུང་ཐུགས་དང་དབྱེར་མེད་དུ་གྱུར་པར་བསམ་ལ་བཤགས་བྱ་བཤགས་བྱེད་མི་དམིགས་པའི་ངང་ལ་མཉམ་པར་བཞག་གོ །) (བཞི་པ་མཐུན་རྐྱེན་ཚོགས་བསགས་མཎྜལ་འབུལ་བ་ནི། ཚོགས་ཞིང་སྐྱབས་ཡུལ་ལྟར་གསལ་གདབ་པའི་སྤྱན་སྔར་དངོས་སུ་བཤམས་པའི་མཎྜལ་དཔེར་མཚོན་ནས། ཕྱི་ལྟར་སྟོང་གསུམ་མི་མཇེད་བྱེ་བ་ཕྲག་བརྒྱའི་ཞིང་ཁམས་ནང་ལྟར་རང་ལུས་ཕུང་ཁམས་སྐྱེ་མཆེད་རང་བྱུང་ལྷུན་གྲུབ་ཀྱི་བཀོད་པ། གསང་བ་ཆོས་དབྱིངས་འོད་གསལ་རྡོ་རྗེ་སྙིང་པོའི་ཞིང་ཁམས་ལྷུན་གྲུབ་སྐུ་དང་ཐིག་ལེའི་སྣང་བ་ཚད་མེད་པའི་རང་བཞིན་ཆོས་ཉིད་བསམ་གྱིས་མི་ཁྱབ་པའི་ཚུལ་གྱིས་འབུལ་བའི་བདུན་པ་དང་བཅས།) ཨོཾ་ཨཱ༔ ཧཱུྃ། རིན་ཆེན་མཎྜལ་ཡིད་འོང་མཆོད་པའི་སྤྲིན། །བླ་མ་ཐུགས་རྗེ་སྤྲུལ་པའི་སྐུ་ལ་འབུལ། །ལུས་དབང་ཕུང་ཁམས་སྐྱེ་མཆེད་འདོད་ཡོན་གཏེར། །བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་ལ་འབུལ། །ཆོས་དབྱིངས་འོད་གསལ་སྐུ་དང་ཐིག་ལེའི་རྒྱན། །བླ་མ་(5བ)ཀུན་ཁྱབ་ཆོས་ཀྱི་སྐུ་ལ་འབུལ། །བདག་གཞན་འགྲོ་ཀུན་ཚོགས་ཆེན་རབ་རྫོགས་ཏེ། །སྐུ་གསུམ་རྒྱལ་བའི་ཞིང་ལ་སྤྱོད་པར་ཤོག །(ཅེས་ཅི་ནུས་སུ་འབུལ་ལོ། །)

(ལྔ་པ་དངོས་གཞི་བྱིན་རླབས་ལམ་བྱེད་བླ་མའི་རྣལ་འབྱོར་ལ། ཐོག་མར་ཚོགས་རྟེན་གསལ་གདབ་པ་ནི།) ཨ༔ ཀུན་གཞི་མ་བཅོས་སྟོང་པའི་ངང་ཉིད་ལས༔ རང་ཉིད་གཞི་ལུས་བདེ་ཆེན་མཚོ་རྒྱལ་དཀར༔ གཞོན་ཚུལ་ཞི་འཛུམ་དར་དང་རིན་ཆེན་བརྒྱན༔ གྲི་གུག་ཐོད་འཛིན་པད་ཟླར་འདོར་སྟབས་བཞེངས༔ མདུན་གྱི་ནམ་མཁར་འཇའ་འོད་འཁྱིལ་བའི་ཀློང༔ པད་སྡོང་ཉི་ཟླ་བརྩེགས་པའི་གདན་གྱི་སྟེང་༔ སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་ནི༔ པདྨ་འབྱུང་གནས་མཚོ་སྐྱེས་རྡོ་རྗེའི་སྐུ༔ སྐུ་མདོག་དཀར་དམར་ཞི་ཚུལ་འཛུམ་ཞིང་མཛེས༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་པ་འཛིན༔ དབུ་སྐྲ་ཐོར་ཚུགས་ནོར་བུའི་རྩེ་ཕྲན་ཅན༔ རིན་ཆེན་དབུ་རྒྱན་སྙན་ཆ་མགུལ་ཆུ་དང་༔ དོ་ཤལ་སྐ་རགས་ཕྱག་ཞབས་གདུ་བུས་བརྒྱན༔ དར་གྱི་ཤམ་ཐབས་དར་དཔྱང་རུས་རྒྱན་སྤྲས༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ མཚན་དཔེ་རབ་རྒྱས་ཐུགས་རྗེས་འགྲོ་ལ་གཟིགས༔ ཞིང་ཁམས་མ་ལུས་སྐུ་ཡི་བཀོད་པས་ཁྱབ༔ སྐུ་ཉིད་ཡེ་ཤེས་དབྱིངས་ཁྱབ་བརྡལ་བའི་ཀློང་༔ (6ན)ཟུང་འཇུག་མི་ཟད་རྒྱན་གྱི་འཁོར་ལོ་གསལ༔ (ཞེས་ཡིད་ཡུལ་དུ་འཆར་ངེས་པར་གསལ་བཏབ་ལ།) ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨྱོན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱིས་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱ༔ ཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ (ཞེས་བྱིན་དབབ་ཅིང་དམ་ཡེ་གཉིས་མེད་དུ་བཞུགས་པར་མོས། ཚོགས་བསགས་པའི་སླད་དུ།) ཨོཾ་ཨཱ༔ ཧཱུཾ༔ བླ་མེད་དཀོན་མཆོག་རྩ་གསུམ་རྒྱ་མཚོ་ལ༔ ཀུན་ནས་ཡིད་རབ་དང་བས་ཕྱག་འཚལ་ལོ༔ དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་མཆོད༔ དུས་གསུམ་མཉམ་ཉིད་མ་ཤེས་མཐོལ་ལོ་བཤགས༔ མ་ཆགས་ཐབས་ཀྱི་སྤྱོད་པར་རྗེས་ཡི་རང་༔ བླ་མེད་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ༔ འགྲོ་ཀུན་ཕན་བདེའི་ལམ་ལ་འཇུག་པའི་ཕྱིར༔ མྱ་ངན་མི་འདའ་བཞུགས་ (6བ)པར་གསོལ་བ་འདེབས༔ བདག་གཞན་དུས་གསུམ་དགེ་བ་ཅི་བསགས་པ༔ བླ་མེད་བྱང་ཆུབ་ཆེན་པོར་བསྔོ་བར་བྱ༔ (ཞེས་ཡན་ལག་བདུན་པ་བྱ། དེ་ནས་རང་རྒྱུད་ལ་བྱིན་རླབས་འཇུག་པའི་ཕྱིར་མདུན་གྱི་རྩ་བའི་བླ་མ་ལ་མོས་གུས་གདུང་ཤུགས་དྲག་པོས་བློ་གཏད་རེ་ལྟོས་ལིང་བསྐྱུར་གྱི་སྒོ་ནས། སྤྲོ་ན་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས།) སྟོབས་བཅུའི་བདག་ཉིད་ཀུན་མཁྱེན་འགྲོ་བའི་མགོན། །སངས་རྒྱས་ཀུན་འདུས་རྩ་བའི་བླ་མ་མཁྱེན། །བརྒྱུད་ཁྲི་བཞི་སྟོང་གསུང་རབ་བདུད་རྩིའི་མཛོད། །དམ་ཆོས་ཀུན་འདུས༴ རྒྱལ་བའི་གདུང་འཚོ་བ་ཚོགས་ཀྱི་ཞིང་གི་མཆོག །དགེ་འདུན་ཀུན་འདུས༴ བརྒྱུད་པ་དྲུག་ལྡན་བྱིན་རླབས་རྒྱ་མཚོའི་གཏེར། །བླ་མ་ཀུན་འདུས༴ དཔག་ཡས་རྒྱུད་སྡེའི་དཀྱིལ་འཁོར་ཡོངས་ཀྱི་གཙོ། །། ཡི་དམ་ཀུན་འདུས༴ ཇི་སྙེད་ཞིང་གི་འཁོར་ལོའི་དབང་ཕྱུག་ཆེ། །མཁའ་འགྲོ་ཀུན་འདུས༴ ་འགྱུར་མེད་འཇའ་ལུས་རྡོ་རྗེའི་སྐུ་མཆོག་གི །བྱིན་རླབས་ལུས་ལ་སྩོལ་ཅིག་བླ་མ་རྗེ། །འགག་མེད་བརྗོད་བྲལ་རྡོ་རྗེའི་གསུང་མཆོག་གི །བྱིན་རླབས་ངག་ལ་སྩོལ་ཅིང༴ འཁྲུལ་མེད་རིག་སྟོང་རྡོ་རྗེའི་ཐུགས་མཆོག་གི །བྱིན་རླབས་སེམས་ལ་སྩོལ་ཅིག༴ བླ་མ་མཁྱེན་ནོ་སྐྱབས་གནས་ཀུན་འདུས་རྗེ། །ཐུགས་རྗེས་ཟུངས་ཤིག་སྙིང་རྗེའི་གཏེར་ཆེན་པོ། །(7ན)བྱིན་གྱིས་རློབས་ཤིག་བཀའ་དྲིན་མཉམ་མེད་མཆོག །མགོན་ཁྱོད་གོ་འཕང་སྐད་ཅིག་ཉིད་འགྲུབ་མཛོད། །(ཅེས་མོས་གུས་ཀྱི་ཉམས་མ་སྐྱེས་ཀྱི་བར་དུ་གསོལ་བ་བཏབ་ཅིང་།) ཨོཾ་ཨཱ༔ ཧཱུཾ་བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿསིདྡྷི་ཕ་ལ་ཧཱུྃ་ཨཱ༔ (ཞེས་ཐུགས་དམ་གནད་ནས་བསྐུལ་བའི་སྙིང་པོ་འབྲུ་ཉེར་བཞི་པའི་བཟླས་པ་རྩེ་གཅིག་ཏུ་བྱས་པའི་མཐར་དབང་བླང་བ་ནི། བླ་མའི་གནས་གསུམ་དུ་ཨོཾ་ཨཱ༔ ཧཱུཾ་དཀར་དམར་མཐིང་གསུམ་འོད་འབར་བས་མཚན་པ་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་བདག་ཉིད་དུ་བཞུགས་པར་བསམ་ལ།) བླ་མའི་སྤྱི་བོའི་ཨོཾ་ལས་འོད་ཟེར་དཀར་པོ་ཟླ་གཞོན་ཤར་བ་ལྟ་བུ་འཕྲོས། རང་གི་དཔྲལ་བར་ཐིམ་པས་བུམ་པའི་དབང་ཐོབ། ལུས་རྩའི་སྒྲིབ་པ་སྦྱངས། ལམ་བསྐྱེད་རིམ་བསྒོམ་པ་ལ་དབང་། ས་བརྒྱད་པ་ནོན། འབྲས་བུ་སྤྲུལ་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། མགྲིན་པའི་ཨཱ༔ ལས་འོད་ཟེར་དམར་པོ་འཆར་ཁའི་ཟེར་ཐག་ལྟ་བུ་འཕྲོས། རང་གི་མགྲིན་པར་ཐིམ་པས་གསལ་བའི་དབང་ཐོབ། ངག་རླུང་གི་སྒྲིབ་པ་སྦྱངས། ལམ་གཏུམ་མོ་བསྒོམ་པ་ལ་དབང་། ས་བཅུ་གཅིག་པ་ནོན། འབྲས་བུ་ལོངས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོ་མཐིང་ཞུན་གྱི་དྭངས་མ་ལྟ་བུ་འཕྲོས། (7བ)རང་གི་སྙིང་གར་ཐིམ་པས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། ཡིད་ཐིག་ལེའི་སྒྲིབ་པ་སྦྱངས། ལམ་བདེ་བ་ཆེན་པོ་བསྒོམ་པ་ལ་དབང་། ས་བཅུ་གསུམ་པ་ནོན། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས། སླར་ཡང་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཇའ་ཚོན་ཤར་བ་ལྟ་བུ་འཕྲོས། རང་གི་གནས་གསུམ་དུ་ཐིམ་པས་དབང་བཞི་པ་ཐོབ། ཆ་མཉམ་ཡེ་ཤེས་ཀྱི་སྒྲིབ་པ་སྦྱངས། ལམ་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། བཅུ་དྲུག་ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ངོ་བོ་ཉིད་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་སོ། །(སླར་ཡང་མོས་གུས་གདུང་ཤུགས་དྲག་པོས།) སྐྱབས་གནས་ཀུན་གྱི་ངོ་བོ། །མཁྱེན་བརྩེ་ནུས་པའི་བདག་ཉིད། །དྲིན་ཅན་མཚོ་སྐྱེས་རྡོ་རྗེ། །སྙིང་ནས་གསོལ་བ་འདེབས་སོ། །རྟག་ཏུ་གཡེལ་མེད་ཐུགས་རྗེས། །བདག་རྒྱུད་བྱིན་གྱིས་རློབས་ཤིག །(ཅེས་གསོལ་བ་བཏབ་པས།) བླ་མ་དགྱེས་པ་ཆེན་པོས་འོད་དུ་ཞུ་བའི་འོད་ལྔའི་གོང་བུ་ཚོན་གང་བཞིན་ཏུ་གྱུར་ཏེ་རང་གི་སྙིང་དབུས་ཐིམ་པས་བླ་མའི་ཐུགས་དང་རང་སེམས་དབྱེར་མེད་དུ་གྱུར་པར་(བསམ་ལ་བློ་འདས་འོད་གསལ་གཉུག་མ་དོན་གྱི་བླ་མའི་རང་ཞལ་བསྐྱངས་ཏེ་ཅི་གནས་སུ་མཉམ་པར་བཞག་གོ ། རྗེས་ཐུན་ལས་ལྡང་བར་བརྩམས་པ་ན།) དགེ་བ་འདི་ཡིས་མྱུར་དུ་བདག །(8ན)དཔལ་ལྡན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡིས་ལ་འགོད་པར་ཤོག །(ཅེས་དང་།) འདིས་མཚོན་དུས་གསུམ་བསགས་པའི་དགེ་བ་རྣམས། །རང་དོན་ཞི་བདེའི་དྲི་མས་མ་གོས་པར། །མཐའ་ཡས་སེམས་ཅན་ཚོགས་རྣམས་མ་ལུས་པ། །བླ་མེད་བྱང་ཆུབ་ཐོབ་པའི་རྒྱུ་རུ་བསྔོ། །འདི་བཟུང་སྐྱེ་བའི་ཕྲེང་བ་ཐམས་ཅད་དུ། །རྡོ་རྗེ་འཆང་དངོས་དཔལ་ལྡན་བླ་མའི་ཞབས། །འབྲལ་མེད་རིགས་ཀྱི་བདག་པོར་རྟག་བཞུགས་ཏེ། །བརྩེ་བས་རྗེས་སུ་འཛིན་པའི་དཔལ་ཐོབ་ཤོག །དད་དང་མོས་གུས་ཟབ་མོའི་རྟེན་འབྲེལ་ལས། །བྱིན་རླབས་བདུད་རྩི་སྙིང་ལ་རབ་ཞུགས་ནས། །ཐུགས་ཡིད་གཅིག་འདྲེས་དགོངས་པའི་རྩལ་ཆེན་རྫོགས། །དོན་གཉིས་ལྷུན་གྲུབ་འཁོར་བ་དོང་སྤྲུགས་ཤོག །(ཅེས་བསྔོ་སྨོན་གྱིས་མཚམས་སྦྱར་ཏེ་སྤྱོད་ལམ་ལ་འཇུག །ཐུན་མཚམས་རྣམས་སུ་སྣང་གྲགས་རྟོག་གསུམ་དཔལ་ལྡན་བླ་མའི་གསང་བ་གསུམ་གྱི་ཡེ་ཤེས་སུ་ལམ་དུ་ཁྱེར་ཞིང་དད་མོས་དང་དམ་ཚིག་རྣམ་པར་དག་པའི་སྒོ་ནས་ཚོགས་གཉིས་ཟུང་འབྲེལ་གྱི་རྣལ་འབྱོར་གོང་ནས་གོང་དུ་སྤེལ་བ་ལ་བརྩོན་པར་བྱའོ། །དེ་ལྟར་གོང་གི་བློ་ལྡོག་རྣམ་བཞིས་མཚོན་བསགས་སྦྱོང་གི་རིམ་པ་རྣམས་སོ་སོའི་ཉམས་ཀྱི་མྱོང་བ་མ་སྐྱེས་ཀྱི་བར་དུ་འབད་ཅིང་། ཁྱད་པར་བླ་མའི་རྣལ་འབྱོར་ནི་རྡོ་རྗེ་ཐེག་པའི་ལམ་གྱི་ཟབ་གནད་ཐུན་མོང་(8བ)མ་ཡིན་པ་ཁོ་ནར་ངེས་པའི་ཕྱིར་འདི་ཉིད་དངོས་གཞིའི་ཉམས་ལེན་གྱི་སྲོག་ཏུ་བཟུང་སྟེ་བརྩོན་པ་དྲག་པོས་ཉམས་སུ་བླངས་ན་བསྐྱེད་རྫོགས་གཞན་གྱི་ཉམས་ལེན་ལ་ལྟོས་མི་དགོས་པར་རྔ་ཡབ་པདྨ་འོད་ཀྱི་ཞིང་དུ་དབུགས་དབྱུང་སྟེ་ས་ལམ་གྱི་བགྲོད་པ་མིག་འཕྲུལ་ལྟ་བུས་ཁྱབ་བདག་ཀུན་བཟང་པདྨ་ཀཱ་རའི་གོ་འཕང་ལ་རེག་པར་གྱུར་པ་ནི་ངེས་པའོ། །ཞེས་པའང་ཟབ་མོའི་ལམ་འདིར་འཇུག་པའི་གང་ཟག་དང་པོའི་ལས་ཅན་རྣམས་ལ་སྨན་པའི་བསམ་པ་བཟང་པོས་ཀུན་ནས་བསླངས་ཏེ། ཡིད་བཞིན་འོད་འཕྲོ་རྩ་བའི་གཞུང་གི་དགོངས་དོན་གཏེར་འབྱིན་རིག་འཛིན་ཆེན་པོ་ཉིད་ཀྱིས་ས་བཅད་ཟིན་ཐུན་དུ་སྩལ་བ་ལས་ཅུང་ཟད་རྒྱས་པར་སྤྲོས་ཏེ་ངག་འདོན་རྣམ་གསལ་བཀླག་ཆོག་གི་ཚུལ་དུ། ལམ་འདིའི་བཀའ་བབས་ལུང་ཐོབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་སྟེ། འདིས་ཀྱང་འབྲེལ་ཚད་རྣམ་པར་གྲོལ་བའི་ལམ་བཟང་མྱུར་དུ་བགྲོད་པའི་རྒྱུར་གྱུར་ཅིག། སརྦ་མངྒ་ལཾ།། །།)