DJYD-KABUM-08-NYA-002
DJYD-KABUM-08-NYA-002
འཕགས་མཆོག་ནམ་མཁའི་རྒྱལ་པོའི་བརྒྱུད་འདེབས་སྨིན་གྲོལ་མཆོག་སྩོལ་ཞེས་བྱ་བ་བཞུགས་སོ། ། ཁྱབ་བདག་དང་པོའི་མགོན་པོའི་འོད་མི་འགྱུར། །ཚད་མེད་སྙིང་རྗེའི་རང་གཟུགས་ནམ་མཁའི་རྒྱལ། །འགྲོ་འདུལ་སྤྲུལ་པའི་སྐུར་སྣང་ཐོད་ཕྲེང་རྩལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །གསང་ཆེན་བཀའ་ཡི་སྡུད་པོ་མཁར་ཆེན་བཟའ། །གངས་ཅན་ཕན་བདེའི་ཉིན་བྱེད་མངའ་བདག་རྒྱལ། །ཟུང་འཇུག་གོ་འཕང་མངོན་གྱུར་འབྲོག་བན་རྗེ། །གསོལ་བ༴ ས་བཅུའི་དབང་ཕྱུག་བདུད་འདུལ་ནུས་ལྡན་རྩལ། །གྲུབ་པའི་ཁྱུ་མཆོག་རྒྱལ་སྲས་མཐོང་གྲོལ་མཚན། །རིག་འཛིན་ས་བརྙེས་འཆི་མེད་རྡོ་རྗེ་ལ། །གསོལ་བ༴ བརྟུལ་ཞུགས་ཐོགས་མེད་ཕྲིན་ལས་ནོར་བུའི་དཔལ། །སྙིགས་མའི་འགྲོ་འདྲེན་ཆོས་ཀྱི་རྒྱ་མཚོའི་སྡེ། །སྙིང་པོའི་དོན་གཟིགས་སྐལ་བཟང་རྡོ་རྗེའི་ཞབས། །གསོལ་བ༴ ཟབ་ལམ་གསལ་མཛད་བསྟན་འཛིན་འཕེལ་རྒྱས་བཟང་། །གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་མཆོག །བཀའ་དྲིན་གསུམ་ལྡན་རྩ་བའི་བླ་མ་ལ། །གསོལ་བ༴ རྒྱལ་ཀུན་ཐུགས་རྗེ་སྒྱུ་འཕྲུལ་(1བ) དྲྭ་བའི་གར། །ནམ་མཁའི་རྒྱལ་པོའི་དཀྱིལ་འཁོར་འཁོར་ལོའི་སྤྲིན། །མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་བཅས་ལ། །གསོལ་བ་འདེབས་སོ་སྨིན་གྲོལ་དངོས་གྲུབ་སྩོལ། །མ་དག་སྒྲིབ་པས་ཡོངས་བསྐྱེད་སྒོ་གསུམ་པོ། །འཕགས་པའི་གསང་གསུམ་ཕྱག་རྒྱར་ལེགས་སྨིན་ནས། །གཞན་ཕན་ཕྲིན་ལས་ཆགས་ཐོགས་མི་མངའ་བས། །མཁའ་མཉམ་འགྲོ་ཁམས་དོང་སྤྲུགས་མཐུ་ཐོབ་ཤོག །(ཅེས་པའང་ལས་བྱང་ཕན་བདེའི་ཤིང་རྟ་དང་འབྲེལ་བར་འཇུག་པ་བདེ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བའི་སིདྡྷི་རསྟུ།། །།)