DJYD-KABUM-09-TA-006

From Dudjom Wiki
Revision as of 11:00, 11 July 2024 by Mort (talk | contribs)

DJYD-KABUM-09-TA-006
Wylie title DJYD-KABUM-09-TA-006.pdf
Location bdud 'joms rin po che bka' 'bum
Volume 9, Text 6, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. '. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 9: . Kalimpong: Dupjung Lama, 1979-1985.
Side notes  
More details More details
Tertön བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ (Dudjom Rinpoche)
Genre
Cycle དགོངས་གཏེར་ནཱ་ག་རཀྵ་ (dgongs gter na ga rak+sha)
[edit]
(1ན)(གཏེར་གསར་ནཱ་ག་རཀྴའི་རྒྱུན་ཁྱེར་འོག་གདོན་ཚར་གཅོད་བྱ་བ་བཞུགས་སོ།) ན་མོ་གུ་རུ་མ་ཧཱ་ཀྲོ་ངྷ་ཡ། (འདིར་འཇིགས་བྱེད་ནཱ་གརཀྴའི་རྒྱུན་གྱི་རྣལ་འབྱོར་ལ་འཇུག་པར་འདོད་པས། སྦྱོར་བ་ནི།) ན་མོ། བླ་མ་མཆོག་གསུམ་ཡི་དམ་ལྷར། །གུས་པས་སྐྱབས་མཆི་མཁའ་མཉམ་འགྲོ། །གཏི་མུག་ཀླུ་གདོན་ལས་སྐྱོབ་ཕྱིར། །འཇམ་དཔལ་དཔའ་བོ་བསྒྲུབ་པར་བགྱི། (ལན་གསུམ། དངོས་གཞི་ནི།) ཨ༔ སྣང་སྲིད་ཆོས་རྣམས་སྟོང་པ་ཉིད༔ ཀུན་ཁྱབ་ཀུན་གཟིགས་ཀུན་ཏུ་སྣང་༔ མཁའ་ལས་འཇའ་ཚོན་ཤར་བ་ལྟར༔ རང་རིག་ཧཱུྃ༔ གི་ཡི་གེར་ཤར༔ འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ རབ་འཇིགས་དུར་ཁྲོད་དྲག་པོའི་ཞིང་༔ བསྐལ་པའི་མེ་དཔུང་འབར་བའི་ཀློང་༔ གནམ་ལྕགས་འཁོར་ལོ་རྩིབས་བརྒྱད་དབུས༔ ཀླུ་འབུམ་གཉན་ཁྲི་ས་བདག་སྟོང་༔ བསྣོལ་ཞིང་བརྩེགས་པའི་ཁྲི་སྟེང་དུ༔ པདྨ་ཉི་སྟེང་ཧཱུྃ་བབས་པའི༔ འོད་འཕྲོས་འཁོར་འདས་ཟིན་བྱིན་བསྡུས༔ ཡོངས་གྱུར་གཤིན་རྗེའི་གཤེད་ཆེན་པོ༔ ཁྲོ་མཆོག་ནཱ་ག་རཀྴ་ནི༔ མཐིང་ནག་དབུ་དགུ་ཕྱག་བཅོ་བརྒྱད༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་གཙིགས༔ ཉེར་བདུན་སྤྱན་གདངས་ཁྲོ་གཉེར་སྡུད༔ སྨ་ར་སྨིན་མར་(1བ)མེ་སྟག་འཕྲོ༔ སྦྲུལ་མགོ་དགུ་ཡིས་ཐོད་གདེངས་བྱས༔ རིན་པོ་ཆེ་ཡི་པྲོ་གཞུ་གསོལ༔ དམར་ནག་རལ་པ་སྲིད་རྩེར་སླེབས༔ རྩ་བའི་ཕྱག་གཉིས་ཐུགས་ཀ་རུ༔ གྲི་གུག་འབར་བས་སྦྲུལ་གཏུབ་རོལ༔ གཡས་ཕྱག་བརྒྱད་ཀྱི་གྲི་གུག་གིས༔ རྒྱ་མཚོའི་གཏིང་ནས་ཀླུ་རྣམས་བཀུག༔ གཡོན་བརྒྱད་ཀྱིས་བསྡམས་ཆེམ་ཆེམ་རོལ༔ སྦྲུལ་དང་མི་མགོས་དོ་ཤལ་བྱས༔ ཡན་ལག་སྦྲུལ་ལྔའི་ཆུན་པོས་བརྒྱན༔ སྐུ་སྨད་སྦྲུལ་མཇུག་དུག་རླངས་འཕྱོ༔ བཙན་དུག་ངད་རླངས་ནུས་ལྡན་པ༔ མེ་དཔུང་འབར་བའི་ཀློང་དུ་བསྐྱེད༔ སྤྱི་བོར་བདེ་ཆེན་འཁོར་ལོ་རུ༔ ཀླུ་གཤེད་བྱ་ཁྱུང་ནག་པོ་ལས༔ སྤྲུལ་པ་ཡང་སྤྲུལ་སྐར་ལྟར་འཁྲིགས༔ མགྲིན་པར་རྟ་མགྲིན་དམར་ནག་རྔམས༔ རལ་གྲི་སྦྲུལ་འཛིན་འདོར་སྟབས་བགྲད༔ ཐུགས་ཀར་གསང་བདག་ཁྲོ་གཏུམ་མཐིང་༔ རྡོ་རྗེ་སྤྲུལ་འཛིན་འདོར་སྟབས་བགྲད༔ ཀུན་ཀྱང་ཡེ་ཤེས་མེ་དཔུང་ཀློང་༔ དུར་ཁྲོད་ཆས་རྫོགས་ཁྲོ་ཆུང་འགྱེད༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་འཕྲོས་དུས་གསུམ་སངས་རྒྱས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀུན༔ དབྱིངས་ནས་སྤྱན་དྲངས་གཉིས་མེད་ཐིམ༔ (2ན) བཛྲ་ས་མ་ཛ༔ ཛ༔ ཧཱུྃ༔ བཾ་ཧོཿགཉིས་གྱུར༔ ཐུགས་གསང་ཉི་ཟླའི་གའུའི་ནང་༔ ཧཱུྃ༔ མཐིང་ཉིད་ལ་སྔགས་ཀྱིས་བསྐོར༔ ཡིག་འབྲུ་རང་ལས་རང་གི་སྒྲ༔ འབྲུག་སྟོང་དུས་གཅིག་ལྡིར་བ་བཞིན༔ སྣོད་བཅུད་འཕར་འཁྲུགས་ཤིག་ཤིག་འགུལ༔ འོད་ཟེར་མེ་སྟག་ལྟ་བུ་ཡིས༔ ཀླུ་གཉན་ས་བདག་གདོན་གྱི་རིགས༔ ནད་དང་ཆུ་སེར་གྲིབ་དང་བཅས༔ སྦུར་མ་མེ་ལ་བསྲེག་བཞིན་གྱུར༔ (ཅེས་དམིགས་གནད་དྲག་པོ་དང་བཅས།) ཨོཾ་ཕེ་ལཾ་ཧཱུྃ༔ (ཞེས་གཙོ་བོར་བཟླ་ཞིང་།) ནག་པོ་ཏི་པ་ཙ་ཡ་ནཱ་ག་ར་ཙ་ཧཱུྃ༔ ཕཊ༔ (ཅེས་པའང་ཅུང་ཟད་རེ་བཟླ། རྗེས་ནི།) སྣོད་བཅུད་འོད་ཞུ་རང་ལ་ཐིམ། །རང་ཡང་མི་དམིགས་སྤྲོས་བྲལ་ངང་། །སླར་ཡང་སྒྱུ་མའི་སྐུ་རུ་ཤར། །ཀླུ་གདོན་ཕྱོགས་རྣམས་ཚར་གཅོད་གྱུར། །དགེ་འདིས་བདག་དང་འགྲོ་བ་ཀུན། །འཇིགས་བྱེད་ནཱ་ག་རཀྴ་ཡི། །གོ་འཕང་བྱང་ཆུབ་མྱུར་ཐོབ་ནས། །བདུད་ལས་རྣམ་པར་རྒྱལ་བར་ཤོག །(ཅེས་པའང་དོན་གཉེར་ཅན་དུ་མའི་རེ་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ཛ་ཡནྟུ།། །།