DJYD-KABUM-08-NYA-015
DJYD-KABUM-08-NYA-015
(1ན)ན་མོ་གུ་རུ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། བདུད་འདུལ་ཕུར་པའི་བསྙེན་སྒྲུབ་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་སྦྱོར་བ་ནི། དུས་ཚོད་དགེ་བའི་ཉིན་དབུ་བརྩམས་ཏེ་དགོངས་ཐུན་ལ་སྐྱབས་སེམས་སྔོན་དུ་འགྲོ་བས་གསང་སྒྲུབ་ལྟ་བུའི་བདག་བསྐྱེད་བསྒོམ་ནས་བཟླས་པ་ཅུང་ཟད་མཐར་དཀར་གཏོར་སྤྱི་འགྲོ་བཏང་། བགེགས་གཏོར་བསྔོས་ལ་བགེགས་བསྐྲད་ནན་ཏན་དུ་བྱས་རྗེས། སྒོ་དྲུང་དུ་ཐོ་བཙུགས་པ་རྒྱལ་ཆེན་སྡེ་བཞིར་བསྐྱེད་བསྟིམ་གཏོར་འབུལ་ཕྲིན་བཅོལ་བརྟན་བཞུགས་སྤྱི་ལྟར་བྱས་ལ་སྲུང་འཁོར་བསྒོམ་སྟེ་མཚམས་དམ་དུ་བཅད། དེ་ནས་དམ་ཚིག་གི་བྲིས་སྐུ་སོགས་བྱིན་རླབས་ཅན་གྱི་རྟེན་བཀྲམ་པའི་མདུན་གྱི་སྟེགས་བུའམ་གཏོར་ཁང་ནང་དུ་འཛོམ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པའམ། མེད་ན་མཎྜལ་ལ་མེ་ཏོག་སྔོན་པོས་ཚོམ་བུ་ལྷ་གྲངས་བཀོད་པའི་ཁར་འཕྲུལ་སྟེགས་ལ་ཐོད་པ་གླིང་བཞི་པར་ཆུ་ཚོན་གྱིས་འཁོར་ལོ་སེར་པོ་རྩིབས་བརྒྱད་པ་བྲིས་པའི་ནང་འབྲུ་ནག་གིས་བཀང་བ་ལ་བསྙེན་ཕུར་ཡུངས་ཀར་གྱི་ཐུམ་བུ་དང་དར་མཐིང་ནག་གི་ཅོད་པན་ཅན་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱང་བ་ཉིད་བཙུགས་པ་བཀོད། དེའི་མདུན་རྒྱབ་གང་བདེར་ཡི་དམ་གྱི་མཆོད་གཏོར། དམ་ཅན་སྤྱི་དང་ཕུར་སྲུང་གི་གཏོར་མ། གཡས་གཡོན་དུ་སྨན་རཀ ། ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་རམ་བསྐོར་བཤམ་གང་བདེ། གཞན་ཡང་ཚོགས་གཏོར་སོགས་ཉེར་མཁོའི་རིགས་རྣམས་ཚང་བར་འདུ་བྱས་ནས་བསགས་སྦྱོང་སོགས་ཅི་ནུས་ཀྱིས་ཉལ་བའི་རྣལ་འབྱོར་ལ་འཇུག ། གཉིས་པ་ (1བ) དངོས་གཞི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི། དང་པོ་བསྙེན་པ་ནི། འདིར་སྔ་ཐུན་ནས་མགོ་འཛིན་དགོས་པས་ཕྱིར་ནང་ནམ་ལངས་པ་དང་བརྒྱུད་འདེབས་སྐྱབས་སེམས་ཚོགས་བསགས་སྔོན་དུ་འགྲོ་བས་དཀར་བགེགས་བསྔོ་བ་རྒྱུན་དུ་མི་དགོས་པ་ཙམ་ལས་བཀའ་བསྒོ་མཚམས་གཅོད་ནས་བརྩམས་ལས་བྱང་གི་གཞུང་བསྲང་རྗེས་བཟླས་པའི་མགོར་བགྲང་ཕྲེང་བྱིན་བརླབ་སྤྱི་ལྟར་བྱས་ལ་ཟུར་བྱང་བཞིན་ཛཔྲ་བསྐུལ་བཅས་བཟླས་དམིགས་གསལ་བཏབ་སྟེ་མགལ་མེ་ཀླད་བསྐོར་གྱི་འཕྲོ་འདུ་རྩ་བར་བཟུང་ནས་བཟླས་པ་ལ་འཇུག །ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་ལན་གསུམ་རེས་སྔགས་ཀྱི་ལྷག་ཆད་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ་སྟོང་ཚིག་མཆོད་བསྟོད་མཐར། སྲུང་འཁོར་མི་བསྡུ་བར་བཞག་ནས་དཀྱིལ་འཁོར་བསྡུ་ལྡང་བསྔོ་སྨོན་གྱིས་ཐུན་མཚམས་ལ་འཇུག །དེ་ནས་དགོངས་ཐུན་དང་སྲོད་ཐུན་ལ་སྲུང་འཁོར་གསལ་འདེབས་ཙམ་བྱས་རྗེས་ཏིང་འཛིན་རྣམ་གསུམ་ལ་འཇུག་པས་ཆོག་ཅིང་། ཕྲེང་བ་བྱིན་རླབས་ཀྱང་དོར། སྲོད་ཐུན་གྱི་མཐར་ཆོས་སྐྱོང་སྤྱི་དང་བྱེ་བྲག་ཕུར་སྲུང་དམ་ཅན་གྱི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱ། ཕྱིར་ནང་ཐོར་ཐུན་གྱི་མགོར་སྔོན་འགྲོ་རྣམས་དང་ཕྲེང་བ་བྱིན་རླབས་སོགས་སྦྱར། སྔ་ཐུན་མན་ཆད་ལྔ་ཉིན་གྱི་ཐུན་དང་འདྲ། ཚོགས་མཆོད་འབྱོར་ན་སྲོད་ཐུན་ལ་མ་ཆག་པར་བྱ་དགོས་ཀྱང་མི་འགྲུབ་ན་བསྙེན་པ་ཚུགས་པའི་ཐུན་དང་པོ་དང་། གྲོལ་བའི་ཐུན་ཕྱི་མ། ཡར་མར་གྱི་ཚེས་བཅུ་ཉ་སྟོང་བརྒྱད་གསུམ་ལ་ངེས་པར་ཆག་ཏུ་མི་རུང་(2ན)ཞིང་ལྷག་མ་གཏར་བཟུང་། དེ་ལྟར་ཐུན་བཞིའི་རིམ་པས་དུས་ཟླ་བ་དྲུག་གམ་གསུམ་མམ་གཅིག་གི་བར་དང་། གྲངས་འབྲུ་འབུམ་བདུན་འབུམ་ཉི་ཁྲི་ཡན་ཆད། མཚན་མ་གྲུབ་པའི་རྟགས་མཐོང་གི་བར་སོགས་གང་རུང་གྲུབ་ནས། གཉིས་པ་སྒྲུབ་པ་ནི། མཆོད་གཏོར་ཁ་གསོས་ལ་ཞོག་ཐུན་ནས་བརྩམས་ཏེ་རང་དང་མདུན་གྱི་དཀྱིལ་འཁོར་སྒྲུབ་རྟེན་ཕུར་བུ་དང་བཅས་པ་དམ་ཚིག་གི་འཁོར་ལོར་དབྱེར་མེད་དུ་བསྐྱེད་པའི་ཁྱད་པར་ཙམ་མ་གཏོགས་གཞན་ལས་གཞུང་སྲོང་ལུགས་སྔ་མ་དང་འདྲ་བ་ལས། བསྙེན་དུས་བུང་བ་ཚང་ཞིག་གི་ཚུལ་ཁྱད་པར་དུ་བྱས་པའི་བཟླས་པ་སྔོན་དུ་བཏང་རྗེས། བདག་ཉིད་ལས་མདུན་རྟེན་གྱི་དཀྱིལ་འཁོར་ཕཊ་ཛཿས་ཕྱེས་པ་མདུན་གྱི་ནམ་མཁར་བཞུགས་པར་མོས་ཤིང་དོ་ལི་ལ་སྤྲོ་བསྡུའི་དམིགས་གནད་སྦྱར་སྟེ་རྩ་སྔགས་ལ་འཕྱོང་སྔགས་འབྲུ་གསུམ་བཏགས་པ་ཉིད་བཟླས་པའི་དངོས་གཞི་བྱ་ཞིང་། ཐུན་མཇུག་གི་བྱ་བའང་ཛཔྲ་ཁང་རང་ལ་བསྡུ་བ་ཙམ་ཁྱད་པར་རོ། །དེ་ལྟ་བུའི་གྲངས་དུས་མཚན་མའི་བཟླས་པ་གོང་དུ་སྨོས་པ་བཞིན་གང་རིགས་ཐེམས་ནས། གསུམ་པ་ལས་སྦྱོར་ནི། ཆོ་གའི་ཆིངས་དང་དམིགས་གནད་ཀྱི་གཞི་སྔར་དང་འདྲ་བ་ལས་བསྙེན་སྒྲུབ་ཀྱི་སྔགས་སྟོང་རྩ་ཙམ་སོང་རྗེས་མགར་གྱི་ཚྭ་ཚྭ་སྤྲོ་བ་ལྟ་བུའི་དམིགས་གནད་དང་སྦྱར་ཏེ་རྩ་སྔགས་ལ་སྤུ་གྲིའི་དྲག་སྔགས་བཏགས་པ་བཟླ་ཞིང་། ཐུན་རྗེས་སོགས་འདྲ། གྲངས་ཚད་ཁྲི་ཕྲག་ཙམ་མ་མ་སྒྲུབ་པའི་བཅུ་ཆ་སོགས་སྐབས་(2བ)དང་སྦྱར་རོ། ། རྩ་བའི་གསུམ་པ་རྗེས་དངོས་གྲུབ་བླང་བ་ནི། དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་བཅས་གྲུབ་ནས་མཆོད་གཏོར་རྙིང་པ་ཁ་གསོ་ཞིང་གསར་པ་བཟང་དུ་བསྐྱེད། དངོས་གྲུབ་ཀྱི་འབྲང་རྒྱས་དང་བྷནྡྷ་བདུད་རྩི་ཨ་མྲྀ་ཏས་བྲན་པ་བཅས་གཤམ་ལ། ནུབ་ཐ་མའི་ཐོར་ཐུན་ལ་སྔོན་འགྲོ་ནས་བརྩམས་བཟླས་པའི་བར་སྔར་གྱི་དཀྱུས་བཞིན་དང་། ཚོགས་བསྒྲལ་བསྟབ་ཀྱི་བར་ལས་བྱང་གཞུང་བསྲང་རྗེས། ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔྲ་དགོངས་བཅས་སྙིང་པོ་ལ་ཨོཾ་ཨཱ༔ ཧཱུྃ་སརྦ་སིདྡྷི་ཨཱ༔ ཞེས་བཏགས་པ་བརྒྱ་སྟོང་སོགས་དྲག་ཏུ་བཟླས་མཐར། མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དང་འབྲུ་གསུམ་དཀར་དམར་མཐིང་གསུམ་ཆར་བབས་པ་ལྟར་འཕྲོས་ནས་རང་གི་གནས་གསུམ་དུ་ཐིམ་པས་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ཞིང་། ཧཱུྃ༔ དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ༔ རིག་འཛིན་མཁའ་འགྲོ་དམ་ཅན་ཚོགས༔ དཔང་གྱུར་ཐམས་ཅད་དགོངས་སུ་གསོལ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབ༔ བསྐྱེད་རྫོགས་གཉིས་ཀྱི་ལས་གཞུང་བསྲང་༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་ཀྱང་སྦྱངས༔ ཞག་དུས་གྲངས་དང་རྟགས་ཀྱང་ཐེམས༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ འདོད་རྒུའི་དངོས་གྲུབ་རིན་ཆེན་གཏེར༔ ད་ནི་འབྱུང་བའི་དུས་ལ་བབ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་ (3ན)དང་སྙིང་རྗེས་གང་འདུལ་བའི༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་དང་དངོས་གྲུབ་བདག་ལ་སྩོལ༔ ལྷ་དང་སྐལ་བ་མཉམ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧོ༔ ཞེས་བསྐུལ་ལ་སྒྲུབ་རྟེན་ཕུར་བ་གནས་གསུམ་དུ་བཞག་ཅིང་འབྲང་རྒྱས་བདུད་རྩི་སོགས་ལ་ལོངས་སྤྱད། དེ་ནས་སྲུང་མའི་གཏོར་ཆོག་རྒྱས་པར་བྱ་ཞིང་། དེ་ཉིན་ལྷག་ཆོག་དང་སྦྲེལ་ཏེ་སྔར་གྱི་ལྷག་མ་རྣམས་ཀྱང་ཕྱི་རོལ་དུ་བཏང་། ཆད་མདོ་བསྒྲག་ཅིང་གཏོར་མ་ཟོར་དུ་བསྐུལ་ཏེ་འཕང་། བརྟན་མ་བསྐྱང་ལ་བྲོ་བརྡུང་ཞིང་ཚེ་འགུགས་བྱ། གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་མཐར་ཚོམ་བུ་ཡིན་ན་ཡེ་ཤེས་པ་གཤེགས་སུ་གསོལ། རས་བྲིས་ཡིན་ན་བརྟན་བཞུགས་བྱ། དམ་ཚིག་པ་སྲུང་འཁོར་དང་བཅས་པ་བསྡུ་ཞིང་ཐུན་མཚམས་ཀྱི་ལྷར་ལངས་ཏེ་བསྔོ་སྔོན་མ་དང་ཤིས་པ་བརྗོད་པས་མཐའ་བརྒྱན། མཚམས་ཀྱི་ཁོངས་དེ་གར་ཁ་སྐོང་ཞི་བའི་སྲེག་བླུག་བསྙེན་པའི་བཅུ་ཆའི་གྲངས་ལོངས་བསགས་ནུས་ན་མཆོག་དང་། དེ་མིན་སྔགས་ཀྱིས་ཁ་བསྐང་བས་ཀྱང་རུང་། མཐར་རྒྱལ་ཐོ་ལ་མཆོད་བསྟོད་སྔར་བཞིན་ཕུལ་ནས་གཤེགས་སུ་གསོལ་ལ་ཐོ་འགྲོལ། གནས་སྲུང་ཅི་འགྲུབ་བཅས་ཀྱིས་ལེགས་པར་གྲུབ་བོ། །དེ་ལྟར་འདིར་སྨོས་པ་ནི་བསྙེན་སྒྲུབ་སྤྱིར་གོ་བ་ཆགས་པ་ཞིག་གི་དབང་དུ་བྱས་ནས་སྐབས་ཐོབ་ཀྱི་ལག་ལེན་ཕྱོགས་མཚོན་ཙམ་བརྗོད་པ་སྟེ་ཞིབ་པར་ཁོ་བོས་བགྱིས་(3བ)པའི་བདུད་འཇོམས་ཕུར་པའི་བསྙེན་ཡིག་སོགས་གཞན་ལས་ཤེས་པར་བྱའོ། །ཞེས་པའང་མོས་ལྡན་འགའ་ལ་ཕན་འདོད་ཀྱི་བསམ་བས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ། །