DJYD-KABUM-08-NYA-020
DJYD-KABUM-08-NYA-020
((1ན)ཟབ་ཆོས་ཡིད་བཞིན་འོད་འཕྲོའི་རྩ་གསུམ་སྤྱིའི་སྐོང་བ་བསྡུས་པ་ནི།) ཧཱུྃ་ཧྲཱིཿ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་འདིར། །གསང་བའི་དཀྱིལ་འཁོར་གཞུང་བཞིན་བཤམས་ནས་ཀྱང་། །སྒྲུབ་རྫས་གཉན་པོ་ཚུལ་བཞིན་བཀྲམ་པའི་འདིས། །བླ་མ་རིག་འཛིན་ཐུགས་དམ་བསྐང་གྱུར་ཅིག །ཡི་དམ་ལྷ་ཚོགས་ཐུགས་དམ་བསྐང་གྱུར༴ ། དཔའ་བོ་མཁའ་འགྲོའི་ཐུགས༴ ཆོས་སྐྱོང་སྲུང་མའི་ཐུགས་དམ་བསྐང་གྱུར༴ ། མཆོད་པར་འོས་རྣམས་ཐུགས་དམ་བསྐང་གྱུར་ཅིག །ཧྲཱིཿ ཀ་དག་དབྱིངས་སུ་ཡེ་ཤེས་འདུ་འབྲལ་མེད། །རྒྱལ་བ་དགོངས་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ལྷུན་གྲུབ་ངང་ལས་རིག་པ་བདེ་ཆེན་སྐུ། །རིག་འཛིན་བརྡ་བརྒྱུད་བླ་མའི་ཐུགས་དམ་བསྐང་། །ཐུགས་རྗེའི་རང་རྩལ་སྤྲུལ་པས་འགྲོ་དོན་མཛད། །གང་ཟག་སྙན་བརྒྱུད་བླ་མའི་ཐུགས༴ ། སྨོན་ལམ་བཏབ་ནས་མཁའ་འགྲོའི་ལག་ཏུ་གཏད། །མཁའ་འགྲོ་གཏད་རྒྱ་བརྒྱུད་པའི༴ ། ལས་འཕྲོའི་དབང་གིས་ཟབ་མོའི་གཏེར་ལ་སྤྱོད། །བཀའ་བབས་གཏེར་བརྒྱུད་བླ་མའི་ཐུགས༴ ། གུ་རུའི་ཞལ་ཚབ་གདམས་པ་ཀུན་ལ་སྤེལ། །ཤོག་སེར་ཚིག་བརྒྱུད་བླ་མའི་ཐུགས༴ ། དབང་བསྐུར་ལུང་བསྟན་དོན་གཉིས་མཐར་ཕྱིན་མཛད། །མན་ངག་བྱིན་རླབས་(1བ)བརྒྱུད་པའི་ཐུགས་དམ༴ ། ཤེས་བྱ་ཐམས་ཅད་རྣམ་པ་ཀུན་མཁྱེན་པའི། །དུས་གསུམ་སངས་རྒྱས་རྣམས་ཀྱི་ཐུགས༴ ། འགྲོ་ཀུན་ཞི་བདེའི་ངང་ལ་འདྲེན་མཛད་པའི། །གསུང་རབ་དམ་ཆོས་རྣམས་ཀྱི་ཐུགས༴ ། ས་དང་ལམ་ལ་གནས་ནས་བསྟན་པ་སྐྱོང་། །འཕགས་པའི་དགེ་འདུན་རྣམས་ཀྱི་ཐུགས༴ ། ལྟ་སྒོམ་མཁྱེན་པ་མཆོག་ལ་མངའ་བརྙེས་པའི། །སྐྱེས་མཆོག་བླ་མ་རྣམས་ཀྱི་ཐུགས༴ ། དངོས་གྲུབ་རྣམ་གཉིས་ཐོགས་པ་མེད་པ་སྟེར། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཐུགས༴ ། ཕྱི་ནང་གསང་བའི་བར་ཆད་ཀུན་སེལ་བའི། །དཔའ་བོ་མཁའ་འགྲོ་རྣམས་ཀྱི་ཐུགས༴ ། ལེགས་ཉེས་སྟངས་འཛིན་སངས་རྒྱས་བསྟན་པ་སྲུང་། །དམ་ཅན་ཆོས་སྐྱོང་རྣམས་ཀྱི་ཐུགས༴ ། སྒྲུབ་པ་པོ་ལ་ལོངས་སྤྱོད་འདོད་རྒུ་སྩོལ། །ནོར་ལྷ་གཏེར་བདག་རྣམས་ཀྱི་ཐུགས་དམ༴ ། དཀར་ཕྱོགས་སྐྱོང་ཞིང་སྣོད་བཅུད་གཟི་མདངས་བསྐྱེད། །གནས་བདག་གཞི་བདག་རྣམས་ཀྱི་ཐུགས༴ ། སྣང་སྲིད་གཞིར་བཞེངས་དག་པ་རབ་འབྱམས་ཞིང་། །འཁོར་འདས་མགྲོན་གྱུར་ཀུན་གྱི་ཐུགས༴ ། ཧྲཱིཿ སྣང་སྲིད་ཟིལ་གནོན་རྡོ་རྗེ་ཐོད་ཕྲེང་རྩལ། །བླ་མ་རིག་འཛིན་འདུས་པའི་ཐུགས༴ ། འགྲོ་བ་ཀུན་འདུལ་པདྨ་དབང་གི་རྒྱལ། །ཡི་དམ་དབང་ཆེན་རོལ་པའི་ཐུགས་དམ༴ ། (2ན)དུས་གསུམ་རྒྱལ་ཡུམ་བདུད་འདུལ་ཌཱ་ཀི་ནི། །མཁའ་འགྲོ་བདེ་ཆེན་རྒྱལ་མོའི༴། རྒྱལ་བའི་བསྟན་སྲུང་ཡོངས་ཀྱི་གཙོ་བོ་མཆོག །དཔལ་ལྡན་ཡེ་ཤེས་མགོན་པོའི་ཐུགས༴ ། ཡིད་བཞིན་འོད་འཕྲོའི་བསྟན་སྐྱོང་དབང་མོ་ཆེ། །མ་མོ་ར་ཏཱི་མཆེད་བཞིའི་ཐུགས༴ ། ཆོས་འཁོར་ཟབ་གཏེར་སྐྱོང་བའི་གཡར་དམ་ཅན། །མཐུ་ལྡན་རྒྱལ་ཆེན་སྐུ་ལྔའི་ཐུགས༴ ། སྦས་ཡུལ་ཕྱི་ནང་ཁོར་ཡུག་སྐྱོང་བའི་གཙོ། །གཏེར་སྲུང་བཙན་རྒོད་འབར་བའི་ཐུགས༴། པདྨའི་བཀའ་སྡོད་རྣལ་འབྱོར་གྲོགས་མཛད་པ། །གནས་དེར་གཞི་བདག་ཡོངས་ཀྱི་ཐུགས༴ ། ཧྲཱི༔ དཀྱིལ་འཁོར་ལྷ་ཚོགས་ཐུགས་དམ་བསྐང་བའི་རྫས། །དངོས་སུ་འབྱོར་བཤམས་ཡིད་ཀྱིས་རྣམ་སྤྲུལ་པའི། །མེ་ཏོག་བདུག་སྤོས་མར་མེ་དྲི་ཆབ་སོགས། །ལྷ་རྫས་ཕྱི་ཡི་མཆོད་པས་ཐུགས༴ ། གཟུགས་སྒྲ་དྲི་རོ་རེག་བྱ་ཆོས་ལ་སོགས། །འདོད་ཡོན་ནང་གི་མཆོད་པས་ཐུགས༴ ། གཉིས་མེད་བདེ་སྦྱོར་གཟུང་འཛིན་དབྱིངས་སུ་བསྒྲལ། །ལྷན་སྐྱེས་གསང་བའི་མཆོད་པས་ཐུགས༴ ། བདུད་རྩི་སྨན་དང་རཀྟ་བ་ལིཾ་ཏ། །ཁྱད་པར་མཆོག་གི་མཆོད་པས་ཐུགས༴ ། ཚོགས་ཀྱི་འཁོར་ལོ་འདོད་ཡོན་རྒྱ་མཚོའི་སྤྲིན། །རྨད་བྱུང་དམ་ཚིག་མཆོད་པས་ཐུགས་དམ་བསྐང་། །ཐུགས་དམ་བསྐང་ངོ་(2བ)ཉམས་ཆག་བཟོད་བཞེས་ནས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །(ཞེས་པའང་རིགས་མཐུན་རྡོ་རྗེའི་གསུང་ལ་སྐབས་སུ་བབ་པའི་ཁ་སྐོང་ཅུང་ཟད་དབང་བཅས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།)