DJYD-KABUM-08-NYA-022

From Dudjom Wiki
Revision as of 06:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-08-NYA-022

༄༅། །ཟབ་ཆོས་ཡིད་བཞིན་འོད་འཕྲོ་ལས། པདྨ་ཚེ་དཔག་མེད་ཀྱིས་ལས་བྱང་ཁྲིགས་སུ་བསྡེབས་པ་འཆི་མེད་ འདོད་འཇོའི་གཏེར་བུམ་ཞེས་ བྱ་བ་བཞུགས་སོ།

(1བ) པདྨ་ཚེ་དཔག་མེད་ཀྱི་ལས་བྱང་ཁྲིགས་སུ་བསྡེབས་པ་འཆི་མེད་འདོད་འཇོའི་གཏེར་བུམ་ཞེས་བྱ་བ། ཁྱབ་བདག་བླ་མ་ཚེ་དཔག་མེད་ཀྱི་ངོ་བོར་བཞུགས་པ་ལ་ཕྱག་འཚལ་ལོ། །ཁྱོད་མཚན་ཉིན་མོར་བྱེད་པའི་གཟི་བྱིན་གྱིས། །འཆི་བདག་མུན་པའི་གཡུལ་ངོ་བཅོམ་ནས་སླར། །ཚེ་དབང་པདྨོའི་ལང་ཚོ་བཞད་མཛད་པ། །བླ་མ་ཚེ་མཐའ་ཡས་དེས་བདག་སྐྱོངས་ཤིག །ངོ་མཚར་གདམས་ཟབ་འཆི༷་མེ༷ད་བདུད་རྩིའི་རྒྱུན། །སྐལ་ལྡན་ཡིད་ལ་འདོད་པ་འཇོ༷་བའི་གཏེར། །སྔོན་མེད་ལེགས་བཤད་བུ༷མ་པ་བཟང་པོའི་བཅུད། །ཚེ་ལམ་གྲུབ་པའི་དགའ་སྟོན་འདི་ན་སྤྲོ། །(དེ་ཡང་རྩ་གསུམ་ཀུན་འདུས་གུ་རུ་སྣང་སྲིད་ཟིལ་གནོན་ནང་(2ན)ལྟར་པདྨ་ཚེ་དཔག་མེད་དུ་བསྒྲུབ་པའི་ཚུལ་ཉམས་སུ་ལེན་པ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །) (དང་པོ་ལའང་གཉིས་ལས། ཐོག་མར་བྱ་བའི་སྦྱོར་བ་ནི། ཟླ་བ་ཡར་གྱི་ངོ་ཕུན་སུམ་ཚོགས་པའི་དུས་ཚེས་བཟང་པོར་ཡིད་དུ་འོང་བའི་གནས་ཁང་གཙང་ཞིང་མཛེས་པར་བརྒྱན། བྱིན་རླབས་གྱི་རྟེན་ཁྱད་པར་ཅན་བཀྲམ་པའི་མདུན་དུ་རྡུལ་ཚོན་གྱི་དཀྱིལ་འཁོར་ཆོ་ག་བཞིན་དུ་བཞེངས་པའམ། སྟེགས་བུ་ཁེབས་ལྡན་ལ་མཎྜལ་མེ་ཏོག་གི་ཚོམ་བུ་བཀོད་པའི་མཉྫིའི་སྟེང་དུ་རིན་པོ་ཆེའི་བུམ་པ་སོ་ལྔའི་རྫས་དང་རྒྱུན་འབབ་ཀྱི་ཆུ་བོས་སུམ་གཉིས་བཀང་བར་ཁ་རྒྱན་མགུལ་ཆིངས་ཀྱིས་མཛེས་པ་འགོད། མདུན་དུ་སྨན་བཅུད་དང་སྦྱར་བའི་ཚེ་འབྲང་། གཡས་སུ་བཅུད་ལེན་གྱི་རིལ་བུ། གཡོན་དུ་མངར་གསུམ་དང་སྦྱར་བའི་ཚེ་(2བ)ཆང་། རྒྱབ་ཏུ་ཚེ་མདའ་རྒོད་སྒྲོ་མ་དར་ཚོན་སྣ་ལྔ་རིན་པོ་ཆེ་དང་མེ་ལོང་བཏགས་པ། མཐའ་སྐོར་དུ་སྨན་རཀ་གཏོར་མ་ཉེར་སྤྱོད་སོགས་བཀོད་ལེགས་སུ་བསྟར། གཞན་ཡང་ཚོགས་དང་གཏོར་མའི་ཡོ་བྱད་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་རིགས་ཐ་དག་མ་ཚང་བ་མེད་པར་འདུ་བྱའོ། །) (གཉིས་པ་ཆོ་གའི་སྦྱོར་བ་ནི། ཐོག་མར་ཞིང་སྐྱོང་གཞི་བདག་ལ་གཏོར་མ་གཏོང་བ་ནས་བརྩམས་ཏེ་མཆོད་རྫས་བྱིན་གྱིས་རློབ་པའི་བར་གསང་སྒྲུབ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་བཞིན་ལ། བྱིན་འབེབས་ཀྱི་སྐབས་སུ་སྤོས་དང་རོལ་མོས་གཟི་བྱིན་བསྐྱེད་ནས།) ཧཱུཾ་ཧྲཱིཿ ཀ་དག་ཆོས་སྐུའི་ཕོ་བྲང་ནས༔ ཀུན་བཟང་སྣང་བ་མཐའ་ཡས་ཀྱིས༔ གནས་འདིར་དབང་སྐུར་བྱིན་ཆེན་ཕོབ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ ལྷུན་གྲུབ་ལོངས་སྐུའི་ཕོ་བྲང་ནས༔ བཅོམ་ལྡན་ཚེ་དཔག་མེད་མགོན་གྱིས༔ གནས་འདིར༴ ཚེ་དང་༴ ཐུགས་རྗེ་སྤྲུལ་སྐུའི་ཕོ་བྲང་ནས༔ འཆི་མེད་པདྨ་འབྱུང་གནས་ཀྱིས༔ གནས་འདིར༴ ཚེ་དང་༴ གཞོ་སྟོད་མཁའ་འགྲོའི་ཚོགས་ཁང་ནས༔ བདེ་ཆེན་ཡེ་ཤེས་མཚོ་རྒྱལ་གྱིས༔ གནས་འདིར༴ ཚེ་དང༴ གསང་མཆོག་ཤེལ་གྱི་ཕུག་པ་ནས༔ གྲུབ་ཆེན་གཡུ་སྒྲ་སྙིང་པོ་ཡིས༔ གནས་འདིར༴ ཚེ་དང་༴ ཟབ་གཏེར་ཆོས་ཀྱི་ཕོ་བྲང་ནས༔ རིག་འཛིན་རྡོ་རྗེ་ཐོགས་མེད་ཀྱིས༔ གནས་འདིར༴ ཚེ་དང་༴ སྤྱི་གཙུག་ཉི་ཟླ་པད་སྟེང་ནས༔ རིག་(3ན)འཛིན་རྩ་བརྒྱུད་བླ་མ་ཡིས༔ གནས་འདིར༴ ཚེ་དང་༴ དངོས་གྲུབ་མཆོག་སྩོལ་ཕོ་བྲང་ནས༔ ཚེ་བདག་པདྨའི་དཀྱིལ་འཁོར་ལྷས༔ གནས་འདིར༴ ཚེ་དང༴ གནས་ཡུལ་དུར་ཁྲོད་ཞིང་ཁམས་ནས༔ དཔའ་བོ་མཁའ་འགྲོ་ཆོས་སྐྱོང་གིས༔ གནས་འདིར༴ ཚེ་དང་༴ སྔོན་ཚེ་ཚེ་ཡི་ཁུངས་རེ་བཟང་༔ ད་ནི་ཚེ་ཡི་དཔལ་རེ་འདུས༔ བྱིན་ཆེན་རྣམས་ཀྱིས་བྱིན་ཕོབ་ལ༔ དབང་ཆེན་རྣམས་ཀྱིས་དབང་སྐུར་ཅིག༔ རྟགས་དང་མཚན་མ་སྟོན་པ་དང་༔ རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་ཨཱ༔ ཧཱུྃ་གུ་རུ་དྷེ་བ་ཌཱ་ཀི་ནཱི་ཨ་ཡུརྫྙྰ་ན་ཨཱ་བེ་ཤ་ཡ་ཨ་ཨཱ༔ (ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་དབབ་བོ། །) (གཉིས་པ་དངོས་གཞིའི་ལས་རིམ་ལ་བདུན་ལས། དང་པོ་དམ་ཚིག་གི་དཀྱིལ་འཁོར་གསལ་གདབ་པ་ནི།) ཧྲཱི༔ ཡེ་ནས་སྤྲོས་བྲལ་ཀ་དག་དེ་བཞིན་ཉིད༔ རང་བཞིན་ལྷུན་གྲུབ་མཉམ་ཡངས་མཐའ་དབུས་བྲལ༔ ཀུན་ཁྱབ་ཆོས་སྐུ་རང་བཞིན་བརྡལ་བ་ཆེ༔ བྱ་བྱེད་གཟུང་འཛིན་སྤང་བླང་མཐའ་ལས་འདས༔ ཨོཾ་མ་ཧཱ་ཛྙཱ་ན་སྭ་བྷཱ་ཝ་ཨཱ༔ ཧཱུྃ༔ ཧྲཱི༔ མ་བཅོས་སྤྲོས་བྲལ་ཆོས་སྐུ་དེ་བཞིན་ཉིད༔ གདངས་རྩལ་འགག་མེད་སྙིང་རྗེ་ཆེན་པོར་སྣང་༔ ཟུང་འཇུག་རང་རྩ་ལ་ཧྲཱིཿ ཡིག་དཀར་དམར་མདངས༔ དེ་ལས་འོད་འཕྲོས་སྣོད་བཅུད་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་རྡོ་རྗེའི་སྲུང་འཁོར་ (3བ)དབུས༔ རིན་ཆེན་གཞལ་ཡས་མཚན་རྫོགས་ལྟེ་བ་རུ༔ སྣ་ཚོགས་པདྨ་ཟླ་བའི་གདན་གྱི་སྟེང་༔ ཧྲཱིཿཡིག་ལས་སྐྱེས་ཚེ་བདག་པདྨ་འབྱུང་༔ བལྟ་བས་མི་ངོམས་ལོ་བརྒྱད་གཞོན་ནུའི་ཚུལ༔ སྐུ་མདོག་དུང་ལ་ཕོ་ཚོས་བྱུག་པ་འདྲ༔ ཞལ་གཅིག་ཕྱག་གཉིས་མཛེས་འཛུམ་ཞི་ཚུལ་ལྡན༔ མཉམ་བཞག་ཚེ་བུམ་འཛིན་པས་ཡུམ་ལ་འཁྱུད༔ པང་ན་ཚེ་བདག་བདེ་ཆེན་མཚོ་རྒྱལ་མ༔ དཀར་མཐིང་ཕྱག་གཡས་མདའ་དར་གཡོན་པ་ཡིས༔ ཚེ་བུམ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད༔ རིན་ཆེན་དབུ་རྒྱན་སྙན་ཆ་མགུལ་ཆུ་དང་༔ དོ་ཤལ་སྐ་རགས་ཕྱག་ཞབས་གདུབ་བུས་བརྒྱན༔ དར་གྱི་ཤམ་ཐབས་དར་དཔྱང་རུས་རྒྱན་མཛེས༔ བདེ་དྲོད་འོད་ཕུང་འཁྲིགས་པའི་ཀློང་ན་བཞུགས༔ མཚན་དཔེ་རབ་རྒྱས་ཐུགས་རྗེས་འགྲོ་ལ་གཟིགས༔ ཞིང་ཁམས་མ་ལུས་སྐུ་ཡི་བཀོད་པས་ཁྱབ༔ སྐུ་ཉིད་ཡེ་ཤེས་དབྱིངས་ཁྱབ་བརྡལ་བའི་ཀློང་༔ ཟུང་འཇུག་མི་ཟད་རྒྱན་གྱི་འཁོར་ལོར་གསལ༔ ཕྱོགས་མཚམས་ཁོར་ཡུག་དཔའ་བོ་མཁའ་འགྲོའི་ཚོགས༔ དཔག་ཏུ་མེད་པའི་འཁོར་ཚོགས་རྒྱ་མཚོས་བསྐོར༔ གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས༔ འོད་འཕྲོས་རྣམ་དག་སྤྲོས་བྲལ་ཆོས་ཀྱི་དབྱིངས༔ སྤྲུལ་པའི་ཞིང་མཆོག་པདྨ་འོད་(4ན)གླིང་ནས༔ ཉི་ཟེར་རྡུལ་འཁྲིགས་ལྟ་བུར་བྱོན་པར་གྱུར༔ (ཞེས་བདག་མདུན་འཇུག་པ་གཅིག་པའི་ཚུལ་གྱིས་འོད་གསལ་གྱི་སྣང་ཆ་ལྷའི་འཁོར་ལོར་གསལ་གདབ་པར་བྱའོ། །) (གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། སྤོས་ཀྱི་དུད་སྤྲིན་རོལ་མོའི་སྒྲ་དང་བཅས་ཏེ།) ཧྲཱིཿ སྔོན་གྱི་བསྐལ་པའི་དང་པོ་ལ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ རྒྱལ་བ་རིག་འཛིན་རྒྱ་མཚོ་ཡི༔ ཐུགས་རྗེ་བྱིན་རླབས་གཅིག་བསྡུས་པ༔ ཨོ་རྒྱན་ཚེ་བདག་པདྨ་འབྱུང་༔ ཐུགས་རྗེ་ཐུགས་དམ་མ་གཡེལ་བར༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ བགེགས་དང་ལོག་འདྲེན་བར་ཆད་གསོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱ༔ ཧཱུཾ་བཛྲ་གུ་རུ་པདྨ་ཨ་ཡུརྫྙྰ་ན་བཛྲ་ས་མ་ཡ་ཛ་ཛཿ (ཞེས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ་མོ། །) (གསུམ་པ་བཞུགས་སུ་གསོལ་བ་ནི། ཧྲཱིཿ ཡེ་ནས་རང་བྱུང་རང་ཤར་བའི༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་འདིར༔ པདྨ་ཟླ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྩེ་བས་བཞུགས་(4བ)སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཞེས་སྤྱན་དྲངས་པའི་ཡེ་ཤེས་པ་རྣམས་དམ་ཚིག་གི་འཁོར་ལོ་དང་རོ་གཅིག་ཏུ་བཞུགས་པར་མོས།) (བཞི་པ་ཕྱག་འཚལ་བ་ནི།) ན་མོ༔ མ་སྐྱེས་མི་འགྱུར་ཆོས་དབྱིངས་ལས༔ འགག་མེད་ལྷུན་གྲུབ་ཕྲིན་ལས་རྫོགས༔ ཐབས་མཁས་ཐུགས་རྗེས་འགྲོ་བ་འདུལ༔ གུ་རུ་པདྨ་ཚེ་དཔག་མེད་༔ སྤྲུལ་འཁོར་བཅས་ལ་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ (ལྔ་པ་མཆོད་པ་འབུལ་པ་ལྔ་ལས། དང་པོ་ཕྱི་མཆོད་འབུལ་བ་ནི།) ཨོཾ་ཨཱ༔ ཧཱུྃ༔ དག་ཅིང་དྲི་མེད་ལྷ་ཡི་མཆོད་ཡོན་དང་༔ གཙང་ལྡན་མེ་ཏོག་སྦྱར་བའི་ཞབས་བསིལ་རྒྱུན༔ ལྷ་མིའི་མེ་ཏོག་སྣ་ཚོགས་ཀུན་ནས་མཛེས༔ ཙན་དན་ཨ་ག་རུ་སོགས་དྲི་ཞིམ་སྤོས༔ འབྲུ་མར་རྩི་མར་ལས་བྱུང་སྣང་གསལ་དང་༔ ག་བུར་ལ་སོགས་སྦྱར་བའི་དྲི་བཟང་ཆབ༔ རོ་ནུས་ཕུན་ཚོགས་ལྷ་ཡི་ཞལ་ཟས་ཚོགས༔ རྔ་གླིང་སིལ་སྙན་རོལ་མོའི་སྒྲ་དབྱངས་སོགས༔ ཚེ་དཔག་པདྨ་སྤྲུལ་འཁོར་བཅས་ལ་འབུལ༔ བཞེས་ནས་འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱ་དྱཾ་(སོགས་)ཤཔྡ་པྲ་ཏཱི་ཙྪ་སྭཱཧཱ༔ (གཉིས་པ་ནང་མཆོད་འབུལ་བ་ནི།) ཨོཾ་ཨཱ༔ ཧཱུྃ༔ ཡིད་འོང་ཁ་དོག་དབྱིབས་ལེགས་ལྡན་པའི་གཟུགས༔ རྣར་སྙན་ཡིད་རབ་འཕྲོག་པའི་སྒྲ་དབྱངས་ཚོགས༔ སྟོང་གསུམ་ཀུན་(5ན)ཏུ་ཁྱབ་པའི་དྲི་བཟང་དང་༔ རོ་བཅུད་ནུས་པར་ལྡན་པའི་ཞལ་ཟས་ཚོགས༔ མཉེན་འཇམ་འཁྲིལ་ཆགས་ལྷ་ཡི་ན་བཟར་བཅས༔ ཚེ་དཔག་པདྨ༴ ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ (ཞེས་དང་།) ཆོས་སྐུ་སྣང་མཐའ་ལོངས་སྐུ་ཐུགས་རྗེའི་གཏེར། །སྤྲུལ་སྐུ་པད་འབྱུང་དབྱིངས་ཕྱུག་མཚོ་རྒྱལ་མ། །སྒྲ་བསྒྱུར་གར་དབང་གཡུ་སྒྲ་སྙིང་པོ་ལ། །སྨན་མཆོད་འབུལ་ལོ་ཚེ་དབང་དངོས་གྲུབ་སྩོལ། །སརྦ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། །ཟབ་གཏེར་སྒོ་འབྱེད་རྡོ་རྗེ་ཐོགས་མེད་རྩལ། །ལས་ཅན་ཆོས་བདག་རྩ་བརྒྱུད་རིག་པ་འཛིན། །སྨིན་གྲོལ་ལམ་སྟོན་འཁོར་ལོའི་མགོན་པོ་ལ། །སྨན་མཆོད༴ སརྦ༴ རབ་འབྱམས་དཀྱིལ་འཁོར་ཀུན་གཙོ་ཡི་དམ་ལྷ། །དཔའ་པོ་མཁའ་འགྲོ་གནས་གཏེར་སྲུང་མའི་ཚོགས། །སྣང་སྲིད་གཞིར་བཞེངས་རྡོ་རྗེའི་མཎྜ་ལར། །སྨན་མཆོད༴ སརྦ༴ (ཞེས་ཕུལ་ལ།) ཨ་མྲྀ་ཏ་སི་དྡྷི་ཧོཿ(ས་དངོས་གྲུབ་བླང་ངོ་། །རཀྟ་འབུལ་བ་ནི།) ཧྲཱིཿ བདེ་ཆེན་པདྨ་ (5བ)ཡངས་པའི་སྣོད་མཆོག་ཏུ༔ ཆགས་ཆེན་མཧཱ་རཀྟ་རྦ་རླབས་གཡོ༔ ཟུང་འཇུག་བདེ་ཆེན་རཀྟའི་མཆོད་པ་འདི༔ ཚེ་བདག༴ ཨོཾ་མ་ཧཱ་རཀྟ་ཛྭ་ལ་ཁ་རཾ་ཁཱ་ཧི། (གཏོར་མ་འབུལ་བ་ནི།) ཧྲཱིཿ སྣང་བ་ཡངས་པ་ཆེན་པོའི་གཏོར་གཞོང་དུ༔ སྲིད་བཅུད་ཐམས་ཅད་འདོད་ཡོན་གཏོར་མར་སྦྱར༔ ཆགས་ཞེན་མི་དམིགས་རང་བཞིན་མཆོད་ཆེན་པོ༔ ཚེ་བདག་པདྨ༴ ཨོཾ་མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ (བཞི་པ་ཡང་གསང་གི་མཆོད་པ་ནི།) ཧྲཱི༔ སྣང་སྲིད་ཡེ་ནས་ཐབས་ཤེས་ཡབ་ཡུམ་དུ༔ འཁོར་འདས་གཉིས་མེད་བདེ་ཆེན་ངང་དུ་སྦྱོར༔ བདེ་སྟོང་དབྱེར་མེད་གུ་ཧྱ་མཆོད་པའི་མཆོག༔ གཉིས་མེད་བདེ་བ་ཆེན་པོའི་ཀློང་དུ་བཞེས༔ ཨ་ཧོ་པདྨ་ཡོ་གི་ནིས་མ་ཡ་ཧོ༔ (ལྔ་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི།) ཧོཿ མཆོད་ཡུལ་མཆོད་རྫས་མཆོད་པ་པོ་ལ་སོགས༔ སྣང་སྲིད་ལྷུན་རྫོགས་ཆོས་ཉིད་ཡེ་ཤེས་ལྷ༔ ཐ་དད་གཉིས་མེད་བླང་དོར་མེད་པའི་ཀློང༔ རང་ཤེས་རང་བབས་ཀུན་བཟང་ཡངས་པས་མཆོད༔ སརྦ་དྷརྨ་དྷ་ཏུ་ཨ༔ (ཞེས་མཆོད་པའི་རིམ་པ་རྣམས་ཀྱིས་དགྱེས་ལྡན་མཆོག་གི་དམ་ཚིག་ཏུ་རོལ་པར་བསམ་མོ། །) (དྲུག་པ་བསྟོད་པ་ནི།) ཧྲཱིཿ རྣམ་དག་སྤྲོས་བྲལ་ཆོས་སྐུ་ནམ་མཁའི་ངང་༔ འགག་མེད་གཟུགས་སྐུ་འཇའ་ཚོན་ལྟ་བུར་གསལ༔ གང་ལ་གང་འདུལ་ཐབས་མཁས་ཐུགས་རྗེ་ཡིས༔ མཐའ་ཡས་སྤྲུལ་བསྒྱུར་འགྱེད་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་དོན་(6ན)ལ་ཆ་ལུགས་མི་མངའ་ཡང༔ འགྲོ་བའི་དོན་ཕྱིར་ཞི་དང་ཁྲོ་ཚུལ་སྟོན༔ ཐུགས་རྗེའི་རོལ་རྩལ་ཆོ་འཕྲུལ་བསམ་མི་ཁྱབ༔ སངས་རྒྱས་ཀུན་འདུས་སྐུ་ལ་ཕྱག་འཚལ་བསྟོད༔ མཁའ་མཉམ་འགྲོ་བའི་སྐྱབས་མཆོག་པདྨ་འབྱུང་༔ ལོ་བརྒྱད་གཞོན་ཚུལ་ཞི་མཛེས་བརྩེ་བའི་ཉམས༔ ཉི་མ་འབུམ་ལས་ལྷག་པའི་གཟི་བརྗིད་འབར༔ ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ ཕྱག་གཉིས་ལྟེ་བར་མཉམ་བཞག་ཕྱག་རྒྱའི་སྟེང་༔ བྱེ་རུའི་ཚེ་བུམ་དཔག་བསམ་ཁ་རྒྱན་ཅན༔ འཆི་མེད་བདུད་རྩིའི་རྒྱུན་གྱིས་བཀང་བ་འཛིན༔ ཚེ་ཡི་དངོས་གྲུབ་སྩོལ་ལ་ཕྱག་འཚལ་བསྟོད༔ འདོད་ཡོན་མ་སྤངས་རྒྱན་དུ་རོལ་པའི་བརྡར༔ དར་དང་རིན་ཆེན་རྒྱན་གྱིས་རྣམ་པར་མཛེས༔ བདེ་ཆེན་མཚོ་རྒྱལ་གཉིས་མེད་དགྱེས་པར་འཁྲིལ༔ བསམ་ཡས་ཡོན་ཏན་རྫོགས་ལ་ཕྱག་འཚལ་བསྟོད༔ སྐྱོན་གྱིས་མ་གོས་པད་ཟླའི་གདན་གྱི་སྟེང་༔ ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས༔ འོད་དང་འོད་ཟེར་ཕྱོགས་མཚམས་ཀུན་ཏུ་འཁྱིལ༔ སྤྲུལ་པས་འགྲོ་བ་འདུལ་ལ་ཕྱག་འཚལ་བསྟོད༔ ཞིང་ཁམས་མ་ལུས་སྐུ་ཡི་བཀོད་པས་ཁྱབ༔ སྐུ་ཉིད་ཡེ་ཤེས་དབྱིངས་ལས་གཡོ་བ་མེད༔ སྐུ་གསུམ་དག་པ་(6བ)ཆེན་པོའི་ངོ་བོར་བཞུགས༔ ཟུང་འཇུག་རྒྱན་གྱི་འཁོར་ལོར་ཕྱག་འཚལ་བསྟོད༔ ཚེ་བདག་པདྨའི་སྐུ་གསུང་ཐུགས་ཡོན་ཕྲིན༔ རོལ་རྩལ་འགག་མེད་རང་ཤར་རང་བྱུང་བ༔ ལྷ་དང་མཁའ་འགྲོ་དམ་ཅན་གཡར་དམ་ཅན༔ རང་རྩལ་འཁོར་ཚོགས་རྒྱ་མཚོར་ཕྱག་འཚལ་བསྟོད༔ ཀུན་ཁྱབ་བཟོ་མེད་མཉམ་པ་ཉིད་ཀྱི་ངང་༔ མཆོད་དང་བསྟོད་པར་བྱ་བ་མི་དམིགས་ཀྱང་༔ མ་རིག་གཉིས་འཛིན་རྣམ་རྟོག་སེལ་ཕྱིར་དུ༔ གཉིས་མེད་རང་རིག་ངང་དུ་ཕྱག་འཚལ་བསྟོད༔ (ཅེས་ཆེ་བའི་ཡོན་ཏན་ཁྱད་པར་ཅན་རྗེས་སུ་དྲན་པའི་སྒོ་ནས་མངོན་པར་བསྟོད་དོ། །) (བདུན་པ་བཟླས་པའི་རྣལ་འབྱོར་ནི།) བདག་མདུན་གྱི་ཐུགས་ཀར་ཕ་ལམ་ལས་གྲུབ་པའི་སྣ་ཚོགས་རྡོ་རྗེ་རྭ་བཅུ་གཉིས་པའི་ལྟེ་བར་ཉི་ཟླའི་གྭའུ་ཁ་སྦྱོར་སྲུབ་མེད་པའི་དབུས་སུ་ཐུགས་སྲོག་ཧྲཱིཿ དཀར་པོའི་ཁོག་པར་ཚེ་རྟེན་ནྲྀ་ལྕང་ཀུ་ཐིག་ལེ་དཀར་དམར་མདངས་ལྡན་གྱིས་མཚན་པའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་ཁ་དོག་ལྔ་ལྡན་བསམ་གྱིས་མི་ཁྱབ་པ་ཕྱོགས་ཐམས་ཅད་དུ་བུན་བུན་འཕྲོས༔ རང་དང་བསྒྲུབ་བྱའི་བླ་སྲོག་ཚེ་བཅུད་ཆད་ཉམས་ཡར་བ་དང་འཁོར་འདས་སྣང་སྲིད་ཀྱི་ཚེ་བཅུད་དྭངས་མ་ཐམས་ཅད་ཡིག་འབྲུ་འོད་ཟེར་བདུད་རྩིའི་རྣམ་པར་བསྡུས་ཏེ་(7ན)ལུས་ཀྱི་ནང་ཐམས་ཅད་མེར་གྱིས་ཁེངས་པས་དུས་མ་ཡིན་པའི་འཆི་བའི་འཇིགས་པ་ཐམས་ཅད་བསལ༔ ཚེ་བསོད་ཡེ་ཤེས་ཐམས་ཅད་རྒྱས༔ དྭངས་མ་སྙིང་གའི་ཚེ་རྟེན་ལ་འུབ་ཀྱིས་འདྲིལ་བས་རྡོ་རྗེའི་སྲོག་ཐོབ་པར་བསམ་ལ། ཨོཾ་ཨཱ༔ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ༔ ཡུ་སིདྡྷི་པུཥྚིཾ་ཀུ་རུ་ཡེ་ཧཱུྃ་ནྲྀ་ཛཿ(ཞེས་འོད་ཟེར་སྤྲོ་བསྡུའི་དམིགས་གནད་དང་སྦྱར་ཏེ་རྩེ་གཅིག་ཏུ་བཟླ་ཞིང་། སྐབས་འགའ་ཞིག་གི་ཚེ་བུམ་བཟླས་དམིགས་བསལ་དུ་བགྱིད་པར་སྤྲོ་ན།) བུམ་པ་རང་བྱུང་གི་གཞལ་ཡས་ཁང་ཆེན་པོར་པདྨ་ཚེ་དཔག་མེད་ཀྱི་དཀྱིལ་འཁོར་ལྷག་པར་གསལ་བར་མོས་ལ། གཟུངས་ཐག་ནས་འཇུས་ཏེ། རང་སྲོག་སྔགས་ཀྱི་འོད་ཟེར་གཟུངས་ཐག་ལ། །འཁྲིལ་ཏེ་བུམ་པའི་ལྷ་ཚོགས་ཐུགས་རྒྱུད་བསྐུལ། །དེ་དག་སྐུ་ལས་བྱང་སེམས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །(ཅེས་དང་སྔར་གྱི་རྩ་བའི་བཟླས་དམིགས་བུམ་པའི་ལྷ་ལ་སྦྱར་བའི་འོད་ཟེར་སྤྲོ་བསྡུས་བདུད་རྩི་འབེབས་པའི་དམིགས་པ་དང་བཅས་རྩ་སྔགས་ཅི་ནུས་སུ་བཟླས་པའི་མཐར།) ཨོཾ་ཨཱ༔ ཧཱུྃ་(གིས་མཆོད་ཡོན་ཕུལ་བས།) ལྷ་འོད་དུ་ཞུ་ནས་བྱང་ཆུབ་སེམས་ཀྱི་བདུད་རྩིས་བུམ་པ་གང་བར་(བསམ། ཚེ་རྫས་གཞན་རྣམས་ལ་དམིགས་ཏེ།) ཚེ་ཡི་རིག་འཛིན་ཆོས་སྐྱོང་ཚོགས་རྣམས་ཀྱིས། །འཁོར་འདས་ཀུན་གྱི་ཚེ་(7བ)ཡི་དངོས་གྲུབ་ཀུན། །དཀར་དམར་འོད་ཀྱི་རྣམ་པས་རབ་བསྡུས་ཏེ། །ཚེ་ཡི་རྫས་རྣམས་ཀུན་ལ་ཐིམ་པ་ཡིས། །འཆི་བ་མེད་པའི་བདུད་རྩི་མཆོག་ཏུ་གྱུར། །(ཅེས་མོས་ལ་ཚེ་ཛཔྲ་མང་དུ་བཟླ། ཐུན་གྱི་མཐར་དབྱངས་གསལ་རྟེན་སྙིང་བརྗོད་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་སྤེལ་ལ་ཛཔྲ་ཀྱི་མཆོད་བསྟོད་ཀྱང་བྱས་ལ། ཐུན་མཚམས་སུ་ཚེ་བཅུད་འགུགས་པ་ནི། ཐུགས་ཀ་ནས་སྤྲོས་པའི་ལྷ་མོ་མགྱོགས་མའི་ཚོགས་ཀྱིས་སྲིད་ཞིའི་ཚེ་བཅུད་མ་ལུས་འགུགས་བསྟིམས་ཀྱི་ལས་བྱེད་པར་བསམ་ཞིང་། མདའ་དར་གཡབ་ལ།) ཧྲཱི༔ པདྨ་རྣམ་པར་རྒྱས་པའི་དཀྱིལ་འཁོར་ནས༔ རིགས་འདུས་ཚེ་ཡི་ལྷ་ཚོགས་ཐུགས་དམ་ཅན༔ འཆི་མེད་སྒྲུབ་པའི་ལས་ལ་སྐུར་བཞེངས་ནས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ༔ དེང་འདིར་རིག་འཛིན་རྣལ་འབྱོར་བདག་ཅག་གི༔ བླ་ཚེ་ཉམས་དང་ཡར་དང་འཐོར་བ་དང་༔ མི་མིན་འདྲེ་ཡིས་བརྐུས་འཕྲོག་ཁྱེར་བ་ཀུན༔ དྲེགས་པ་ཕྱོགས་སྐྱོང་རང་རང་ལག་ནས་ཁུག༔ སྣོད་བཅུད་འབྱུང་བའི་ཚེ་དཔལ་དྭངས་མ་རྣམས༔ ཐོགས་པ་མེད་པར་ཁུག་ཅིག་ཨཱ༔ ཡུ་ཛ༔ རྒྱལ་བ་རིགས་ལྔ་རིགས་གསུམ་མགོན་པོ་དང་༔ ཕྱོགས་བཅུ་དུས་གསུམ་བདེ་གཤེགས་ཐམས་ཅད་ཀྱི༔ བྱིན་རླབས་དངོས་གྲུབ་མ་ལུས་འདིར་ཁུ་གཅིག༔ ཚེ་དབང་རིག་འཛིན་ཐོབ་པར་བྱིན་གྱིས་(8ན)རློབས༔ ཨོཾ་ཨཱ༔ ཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨཱ༔ ཡུ་སིདྡྷི་པུཥྚིཾ་ཀུ་རུ་ཡེ་ཧཱུྃ་ནྲྀ་ཛ༔ (ཞེས་ཚེ་བཅུད་བསྡུས་པའི་དྭངས་མ་སྙིང་གི་སྲོག་རྟེན་ལ་ཐིམ་པས་ཚེའི་སྲོག་ཕུར་ཐེབས། ཉི་ཟླ་ཁ་སྦྱོར་ཤིན་ཏུ་མཁྲེགས་པ་སྲུབས་མེད་པའི་ཕྱི་རོལ་སྣ་ཚོགས་རྡོ་རྗེའི་རྭ་སྟེང་དུ་མདུད་པ་རྡོ་རྗེ་ཕྱེད་པའི་གཟེར་གྱིས་བཏབ་པས་ཅིས་ཀྱང་མི་ཤིགས་པར་བསམ་ལ།) ཧྲཱིཿསྙིང་པོ་ཅིས་ཀྱང་མི་ཤིགས་པ༔ རྡོ་རྗེ་སེམས་དཔའ་སྐྱེ་བ་མེད༔ ཆོས་ཀྱི་དབྱིངས་སུ་རྒྱས་བཏབ་པས༔ འཆི་མེད་ཡེ་ཤེས་བརྟན་གྱུར་ཅིག༔ ཨ་ཨ་ཨ་ཛྙཱ་ན་བྷྲཱུྃ༔ (ཞེས་འཆི་མེད་གཉུག་མ་རིག་སྟོང་ཟང་ཐལ་གྱི་ངང་དུ་མཉམ་པར་བཞག་གོ །) (གསུམ་པ་རྗེས་ཀྱི་ལས་རིམ་ལ། ཁྱད་པར་གྱི་བྱ་བ་དངོས་གྲུབ་ལེན་པའི་སྐབས་སུ་བབ་པ་ན། གཞན་ལ་ཚེའི་དབང་བསྐུར་བའི་ཆོ་ག་བཞིན་བདག་འཇུག་རྒྱས་པར་ལེན་པའམ། སྤྲོས་པ་བསྡུ་ན།) མདུན་བསྐྱེད་ཀྱི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་རང་གི་གནས་གསུམ་དུ་ཐིམ་པས་དབང་བྱིན་དངོས་གྲུབ་ཐམས་ཅད་ཐོབ་པར་(བསམ་ལ།) ཧཱུྃ་ཧྲཱིཿ བདེ་མཆོག་བདེ་སྤྱོད་ནམ་མཁའི་ཀློང་ཡངས་ནས༔ རྒྱལ་བའི་དཀྱིལ་འཁོར་སྲས་བཅས་ཐུགས་དམ་ཅན༔ རིགས་འདུས་ཚེ་ཡི་ལྷ་ཚོགས་འཁོར་བཅས་ཀྱིས༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃཿ ཨཱ་ཡུ་རྫྙྰ་ན་སརྦ་སིདྡྷི་ཕ་ལ་ཧོཿ(8བ) (ཞེས་འབོད་པའི་དོན་ལ་གསོལ་བ་བཏབ་ནས་སྒྲུབ་རྟེན་གནས་གསུམ་དུ་རེག་ཅིང་ཐབས་ཤེས་ཚེ་རྫས་ལ་ལོངས་སྤྱད་པས་ཚེ་དང་ཡེ་ཤེས་ཀྱི་དངོས་གྲུབ་སྟན་ཐོག་གཅིག་ཏུ་ཐོབ་པར་མོས། ཚོགས་ཀྱི་མཆོད་པ་ལ་སོགས་པའི་རྗེས་ཀྱི་བྱ་བ་གཞན་རྣམས་ནི་གཙོ་བོའི་ཚིག་ཕྲད་བསྒྱུར་བ་ཙམ་ལས་གསང་སྒྲུབ་ལས་བྱང་གི་གཞུང་ཉིད་མཐར་ཆགས་སུ་བཏང་བས་ལེགས་པར་གྲུབ་བོ། །)འཆི་མེད་སྒྲུབ་པའི་མན་ངག་ཟབ་གཏེར་བཅུད། །འཇུག་བདེའི་ཁྲིགས་སུ་བསྡེབས་འདིས་འགྲོ་བ་ཀུན། །རྟག་བརྟན་རྡོ་རྗེའི་སྲོག་ལ་དབང་འབྱོར་ཏེ། །སྐལ་བཟང་ཕན་བདེའི་དགའ་སྟོན་རྒྱས་བྱེད་ཤོག །(ཅེས་པདྨ་ཚེ་དཔག་མེད་ཀྱི་ལས་བྱང་ཁྲིགས་སུ་བསྡེབས་པ་འཆི་མེད་འདོད་འཇོའི་གཏེར་བུམ་ཞེས་བྱ་བ་འདི་ཡང་རྩ་བའི་གཞུང་ལ་རང་གཏེར་འོད་ཀྱི་སྙིང་པོའི་མན་ངག་གིས་གསལ་བར་བྱས་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྦས་ཡུལ་པདྨ་བཀོད་ཀྱི་གནས་ཆེན་བུདྡྷ་ཚེ་ཕུག་གི་ཀེའུ་ཚར་གོང་མར་ཚུལ་འདིའི་བསྙེན་སྒྲུབ་ལ་ཞུགས་པའི་ཐུན་གསེང་འགའ་ཞིག་ལ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་འཆི་མེད་ཡེ་ཤེས་ཀྱི་སྐུ་འགྲུབ་པའི་རྒྱུར་གྱུར་ཅིག །ཨ་ཡུརྫྙྰ་ན་སིདྡྷི་རསྟུ།། །།)