DJYD-KABUM-08-NYA-023

From Dudjom Wiki
Revision as of 05:15, 1 June 2024 by Maintenance script (talk | contribs) (Imported new text files with Wyckibaat for processing)
(diff) ← Older revision | Latest revision (diff) | Newer revision → (diff)

DJYD-KABUM-08-NYA-023

༄༅། །ཟབ་ཆོས་ཡིད་བཞིན་འོད་འཕྲོ་ལས། མཁའ་འགྲོ་ཞི་བ་མཚོ་རྒྱལ་བདེ་ཆེན་དཀར་མོའི་ལས་བྱང་ཁྲིགས་སུ་བསྡེབས་པ་ མཁའ་སྤྱོད་གྲུབ་པའི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །

(1བ)མཁའ་འགྲོ་ཞི་བ་མཚོ་རྒྱལ་བདེ་ཆེན་དཀར་མོའི་ལས་བྱང་ཁྲིགས་སུ་བསྡེབས་པ་མཁའ་སྤྱོད་གྲུབ་པའི་ཤིང་རྟ་ཞེས་བྱ་བ། ཁྱབ་བདག་བླ་མ་ཡེ་ཤེས་མཁའ་འགྲོའི་ངོ་བོར་བཞུགས་པ་ལ་ཕྱག་འཚལ་ལོ། །མི་འགྱུར་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ནི། །ཟུང་འཇུག་བདེ་ཆེན་ལང་ཚོའི་འཇོ་སྒེག་ཅན། །རྣམ་བཅས་ཡིད་འཕྲོག་མཛེས་སྡུག་སྒྱུ་མའི་གར། །དབྱིངས་ཕྱུག་ཌཱ་ཀིའི་གཙོ་མོས་བདག་སྐྱོངས་མཛོད། །མཁ༵འ་སྤྱོད༵་མཆོག་དངོས་གྲུབ༵་པ༵འི་རྒྱལ་ཐབས་ཆེར། །སྐད་ཅིག་ཙམ་གྱིས་བགྲོད་བྱེད་མྱུར་བདེའི་སྐྱེས། །ཕྲིན་ལས་ཤི༵ང་རྟ༵འི་ཁ་ལོ་འདིར་འདྲེན་གྱིས། །སྐལ་བར་ལྡན་རྣམས་སྤྲོ་བས་དེང་བཞུགས་ཤིག །(དེའང་སྐལ་བ་(2ན)མཆོག་ཏུ་གྱུར་པའི་གང་ཟག་རྣམས་ཀྱི་རིང་མོའི་དུས་ལ་མ་ལྟོས་པར་རྟེན་འདིར་མཁའ་སྤྱོད་བདེ་བ་ཆེན་པོའི་གསེང་ལམ་མངོན་དུ་བྱེད་པའི་ཕྱིར་སྙིགས་དུས་ཀྱི་བོད་འབངས་ཀུན་ལ་བརྩེ་བས་རྗེས་སུ་སྐྱོང་བའི་བཀའ་དྲིན་གུ་རུ་ཉིད་དང་རྣམ་དབྱེར་མེད་ཅིང་གསོལ་བ་ལན་གཅིག་བཏབ་པས་ཀྱང་འདོད་རྒུའི་དངོས་གྲུབ་ཡིད་བཞིན་དུ་སྩོལ་བའི་དབྱིངས་ཕྱུག་མཚོ་རྒྱལ་བདེ་ཆེན་དཀར་མོའི་ཕྲིན་ལས་ཀྱི་རིམ་པ་ཉམས་སུ་ལེན་པར་བྱ་སྟེ། དེའི་ཚུལ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །) (དང་པོ་ལའང་གཉིས་ལས། ཐོག་མར་བྱ་བའི་སྦྱོར་བ་ནི། ཡར་ངོའི་ཚེས་བཅུ་སོགས་ཕུན་སུམ་ཚོགས་པའི་དུས་ཚེས་བཟང་པོར་ཡིད་དུ་འོང་བའི་གནས་ཁང་གཙང་ཞིང་མཛེས་པར་བརྒྱན། བྱིན་རླབས་ཅན་གྱི་རྟེན་བཀྲམ་པའི་མདུན་དུ་ཐུན་མོང་དང་ཁྱད་པར་གྱི་དམ་རྫས་ཕྱི་ནང་གི་མཆོད་པ་སྤྱན་གཟིགས་སོགས་བཀོད་ལེགས་སུ་བསྟར། གཞན་ཡང་ཚོགས་དང་གཏོར་(2བ)མའི་ཡོ་བྱད་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་རིགས་རྣམས་མ་ཚང་བ་མེད་པར་འདུ་བྱའོ། །) (གཉིས་པ་ཆོ་གའི་སྦྱོར་བ་ནི། ཐོག་མར་ཞིང་སྐྱོང་གཞི་བདག་ལ་གཏོར་མ་གཏོང་བ་ནས་བརྩམས་ཏེ་མཆོད་རྫས་བྱིན་བརླབ་པའི་བར་གཙོ་བོའི་ཚིག་ཕྲད་བསྐྱུར་པ་ཙམ་གྱི་ཁྱད་པར་ལས། བླ་མ་ཞི་བ་སྣང་སྲིད་ཟིལ་གནོན་གྱི་ལས་བྱང་བཞིན་ལ། བྱིན་འབེབས་ཀྱི་སྐབས་སུ་སྤོས་དང་རོལ་མོའི་གཟི་བྱིན་བསྐྱེད་ནས།) ཧྲཱིཿ འོག་མིན་བདེ་ཆེན་མཁའ་སྤྱོད་ཞིང་༔ ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས༔ དུས་གསུམ་རྒྱལ་བ་བསྐྱེད་པའི་ཡུམ༔ ཡེ་ཤེས་མཁའ་འགྲོ་གཤེགས་སུ་གསོལ༔ བདེ་ཆེན་དཀར་མོ་མཚོ་རྒྱལ་མ༔ རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས༔ དབུ་སྐྲ་ཐོར་ཚུགས་ལྡེམས་སེ་ལྡེམ༔ རིན་ཆེན་རྒྱན་ཆ་སི་ལི་ལི༔ རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ དར་ཚོན་སྣ་ཚོགས་པུ་རུ་རུ༔ རོལ་མོ་མང་པོ་འུ་རུ་རུ༔ ཕྱག་རྒྱ་གར་སྟབས་ཤིགས་སེ་ཤིག༔ དྲི་ཞིམ་སྤོས་ངད་ཐུ་ལུ་ལུ༔ ཐུགས་རྗེ་བྱིན་རླབས་ཐིབས་སེ་ཐིབ༔ འདིར་གཤེགས་བར་ཆད་བགེགས་ཚོགས་ཐུལ༔ སྐུ་གསུང་ཐུགས་ཀྱི་བྱིན་ཆེན་ཕོབ༔ དབང་བསྐུར་བྱིན་རློབ་དངོས་གྲུབ་སྩོལ༔ ཨོཾ་ཨཱ༔ ཧཱུྃ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནིས་བཛྲ་ས་མ་ཡ་ཧྲིཾ་ཧྲིཾ་ཛ༔ ཨཱ་བེ་ཤ་ཡ་ཨ་ཨཱ༔ (ཞེས་བདག་གནས་ཡོ་བྱད་ཐམས་ཅད་ལ་བྱིན་དབབ་པར་བྱའོ། །) (གཉིས་པ་དངོས་གཞིའི་ལས་རིམ་ལ་བདུན་ལས། དང་(3ན)པོ་དམ་ཚིག་གི་དཀྱིལ་འཁོར་གསལ་གདབ་པ་ནི།) ཨོཾ་སྭ་བྷ་ཝ་ཤུདྡྷཿསརྦ་དྷརྨཿསྭ་བྷཱ་ཝ་ཤུདྡྷོ྅་ཧཾཿ ཧྲཱིཿ ཀུན་ཁྱབ་སྤྲོས་བྲལ་ངང་ཉིད་ལས༔ དམིགས་མེད་སྙིང་རྗེའི་ཉི་ལྟར་ཤར༔ སྟོང་ཉིད་སྙིང་རྗེ་ཟུང་འཇུག་གི༔ རང་རྩལ་ངོ་བོ་ཧྲཱིཿདཀར་པོ༔ དེ་ལས་འོད་འཕྲོས་དངོས་འཛིན་སྦྱངས༔ འབྱུང་བ་རིམ་བརྩེགས་ཡུམ་ལྔའི་ཀློང༔ བྷཱུྃ་ལས་རཏྣའི་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་རྒྱན་རྫོགས་དབུས༔ པདྨ་ཟླ་བའི་གདན་གྱི་སྟེང་༔ ཧྲཱིཿཉིད་ཡོངས་སུ་གྱུར་པ་ལས༔ རྒྱལ་བ་ཀུན་གྱི་ཡུན་ཆེམ་མོ༔ བདེ་ཆེན་དཀར་མོ་མཚོ་རྒྱལ་མ༔ བཅུ་དྲུག་ན་ཚོད་དཀར་དམར་མདངས༔ བུཎྜ་རི་ཀའི་མདོག་ལྟར་དྭངས༔ ཞལ་གཅིག་ཕྱག་གཉིས་རྒྱལ་མོའི་ཆས༔ སྣ་ཚོགས་དར་གྱི་ན་བཟའ་གསོལ༔ རིན་ཆེན་སྣ་ཚོགས་འབྲོམ་ཚར་བསིལ༔ རིན་ཆེན་སྙན་ཆ་མགུལ་ཆུ་དང་༔ ཕྱག་ཞབས་གསེར་གྱི་གདུབ་བུ་ལ༔ སྣ་ཚོགས་ནོར་བུས་ཕྲ་ཚོམ་མཛེས༔ གཙུག་རྒྱན་དགོས་འདོད་ཀུན་འབྱུང་ལས༔ འོད་འཕྲོས་འདོད་རྒུའི་རེ་བ་སྐོང་༔ ཕྱག་གཡས་ཚེ་ཡི་བུམ་པ་འཛིན༔ གཡོན་པས་ཐོད་པ་བདུད་རྩི་བསྣམས༔ ཞི་ཞིང་མཛེས་པའི་ལང་ཚོ་རྒྱས༔ འཛུམ་བག་བརྩེ་བའི་ཉམས་ཀྱིས་(3བ)བཞུགས༔ སྤྱི་གཙུག་རིགས་བཤད་པད་འབྱུང་མཚན༔ མདུན་དུ་རྡོ་རྗེ་མཚོ་རྒྱལ་མཐིང་༔ རྡོ་རྗེ་བདུད་རྩིའི་བྷནྡྷ་བསྣམས༔ གཡས་སུ་རིན་ཆེན་མཚོ་རྒྱལ་སེར༔ ནོར་བུ་བདུད་རྩིའི་བྷནྡྷ་བསྣམས༔ རྒྱབ་ཏུ་པདྨ་མཚོ་རྒྱལ་དམར༔ པདྨ་བདུད་རྩིའི་བྷནྡྷ་བསྣམས༔ གཡོན་དུ་ཀརྨ་མཚོ་རྒྱལ་ལྗང་༔ རྒྱ་གྲམ་བདུད་རྩིའི་བྷནྡྷ་བསྣམས༔ བཞི་ཀའང་གཙོ་མོའི་ཆ་ལུགས་འཛིན༔ ཡེ་ཤེས་རོལ་པ་ཆེན་པོར་བསྐྱེད༔ ཁོར་ཡུག་རིག་འཛིན་མཁའ་འགྲོའི་ཚོགས༔ དཔག་མེད་སྒྱུ་མ་ཙམ་དུ་གསལ༔ གཙོ་འཁོར་ཀུན་གྱི་གནས་གསུམ་དུ༔ ཡིག་འབྲུ་གསུམ་གྱིས་མཚན་པ་ལས༔ འོད་འཕྲོས་རྣམ་དག་ཆོས་ཀྱི་དབྱིངས༔ ཨོ་རྒྱན་སྤྲུལ་པའི་ཞིང་ཁམས་ནས༔ ཉི་ཟེར་རྡུལ་ལྟར་བྱོན་པར་གྱུར༔ (གཉིས་པ་ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲང་བ་ནི། ཁྱད་པར་གྱི་སྤོས་དུད་ཐོད་རྔ་སོགས་རོལ་མོའི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ།) ཧྲཱིཿ འོག་མིན་བདེ་ཆེན་མཁའ་སྤྱོད་གནས༔ ནུབ་ཕྱོགས་ཨོ་རྒྱན་སྤྲུལ་པའི་ཞིང༔ བདེ་ཆེན་པདྨོའི་ཕོ་བྲང་ནས༔ ཨ་མ་ཡེ་ཤེས་མཚོ་རྒྱལ་མ༔ བདེ་ཆེན་དཀར་མོ་རྒྱལ་བའི་ཡུམ༔ བུ་གདུང་གུས་པས་སྤྱན་འདྲེན་ན༔ སྔོན་གྱི་ཐུགས་དམ་ཉེར་དགོངས་ལ༔ བྱིན་གྱིས་རློབ་ཕྱིར་གཤེགས་སུ་གསོལ༔ (4ན)མ་ཡུམ་ཆེན་མཚོ་རྒྱལ་ཐུགས་རྗེ་ཅན༔ མགོན་བདེ་ཆེན་དཀར་མོ་བྱོན་ཙ་ན༔ སྐུ་མཉེན་ལྕུག་གར་སྟབས་ཤིགས་སི་ཤིག༔ ཞལ་མཛེས་པའི་འཛུམ་མདངས་ཡ་ལ་ལ༔ ཉམས་དགའ་བའི་རྣམ་འགྱུར་ཁྱུག་སེ་ཁྱུག༔ གསུང་དམ་ཆོས་དབྱངས་སྙན་ཀྱུ་རུ་རུ༔ ཐུགས་བདེ་སྟོང་ཏིང་འཛིན་ཕྱམས་སེ་ཕྱམ༔ འཁོར་མཁའ་འགྲོའི་དཔུང་ཚོགས་ཉི་ལི་ལི༔ སྒྲ་རོལ་མོ་སྣ་ཚོགས་འུ་རུ་རུ༔ མདངས་འཇའ་ཚོན་འོད་ལྔ་ཁྱུགས་སེ་ཁྱུག༔ དྲི་སྤོས་ཀྱི་ངད་པ་ཐུ་ལུ་ལུ༔ གནས་འདི་རུ་བྱིན་ཆེན་ཆར་ལྟར་ཕོབ༔ བདག་མོས་པའི་བུ་ལ་དབང་བཞི་སྐུར༔ ཡེ་ནས་རང་བྱུང་རང་ཤར་བའི༔ ཡེ་ཤེས་ལྔ་ལྡན་ཕོ་བྲང་འདིར༔ པདྨ་ཟླ་བའི་གདན་སྟེང་དུ༔ དགྱེས་ཤིང་བརྩེ་བས་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ (བཞི་པ་ཕྱག་འཚལ་བ་ནི།) ཧྲཱིཿ ཆོས་སྐུ་བདེ་ཆེན་ཀུན་ཏུ་བཟང་མོའི་ངང་༔ ལོངས་སྐུ་རྡོ་རྗེ་ཕག་མོ་མཁའ་འགྲོའི་གཙོ༔ སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་བའི་ཡུམ༔ སྐུ་གསུམ་ཡེ་ཤེས་མཁའ་འགྲོར་ཕྱག་འཚལ་ལོ༔ (4བ)ཨ་ཏི་པུཧོཿ པྲ་ཏཱིཙྪ་ཧོཿ (ལྔ་པ་མཆོད་པ་འབུལ་བ་ལ། ཕྱི་མཆོད་འབུལ་བ་ནི།) ཨོཾ་ཨཱ༔ ཧཱུྃ༔ ཕྱོགས་དུས་ཞིང་ཁམས་རབ་འབྱམས་ཐམས་ཅད་ན༔ མཆོད་ཡོན་ཞབས་བསིལ་མེ་ཏོག་བདུག་སྤོས་དང་༔ སྣང་གསལ་དྲི་ཆབ་ཞལ་ཟས་རོལ་མོ་རྣམས༔ བདེ་ཆེན་དཀར་མོའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་དབང་སྐུར་བྱིན་རླབས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་(ནས་)ཤཔྡ་པྲ་ཏཱི༔ (ནང་མཆོད་འབུལ་བ་ནི།) ཧྲཱིཿ ཕྱོགས་དུས་ཞིང་ཁམས་རབ་འབྱམས་ཐམས་ཅད་ན༔ གཟུགས་མཛེས་སྒྲ་སྙན་དྲི་ཞིམ་རོ་མཆོག་ལྡན༔ མཉེན་འཇམ་ལྷ་ཡི་ན་བཟའི་ཚོགས་དང་བཅས༔ བདེ་ཆེན་དཀར་མོའི་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་དབང་བསྐུར་བྱིན་རླབས་དངོས་གྲུབ་སྩོལ༔ ཨོཾ་བཛྲ་རཱུ་པ་(སོགས།) སྤརྴེ་པྲ་ཏཱིཙྪ་ཨཱ༔ ཧཱུྃ། ཧྲཱིཿ གཞན་ཡང་མཆོད་པའི་བྱེ་བྲག་སྣ་ཚོགས་པ༔ དངོས་སུ་འབྱོར་དང་ཡིད་སྤྲུལ་མཆོད་པའི་སྤྲིན༔ བདེ་ཆེན་དཀར་མོའི་ལྷ་ཚོགས་རྣམས་ལ་འབུལ༔ བཞེས་ནས་དབང་སྐུར་བྱིན་རླབས་དངོས་གྲུབ་སྩོལ༔ སརྦ་པཱུ་ཚ་པྲ་ཏཱིཙྪ་ཧོཿ (གསང་མཆོད་འབུལ་བ་ནི།) ཧྲཱིཿ རྒྱུ་རྐྱེན་རྣམ་དག་བདུད་རྩི་ཨ་མྲྀ་ཏ༔ མ་ཧཱ་ཏཀྟ་དམར་འོད་ལྦུ་ཕྲེང་འཁྲུགས༔ ཆགས་སྡང་མི་དམིགས་མ་ཧཱ་བ་(5ན)ལིཾ་ཏ༔ བདེ་སྟོང་མཉམ་སྦྱོར་གུ་ཧྱ་མཆོད་པའི་མཆོག༔ དབྱིངས་རིག་དབྱེར་མེད་ཆོས་ཀུན་ཀ་ནས་དག༔ ཨ་མ་གུ་རུ་བདེ་ཆེན་མཚོ་རྒྱལ་མའི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་མཆོད་པ་འབུལ༔ དབྱིངས་ནས་བརྩེར་བཞེས་དབང་དང་དངོས་གྲུབ་སྩོལ༔ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི༔ མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི༔ མ་ཧཱ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ བ་ལ་བ་ཏི་གུ་ཧྱ་ས་ཡ་ཡེ་སྭཱཧཱ༔ (དྲུག་པ་ཆེ་བའི་ཡོན་ཏན་ལ་བསྔགས་པའི་བསྟོད་པ་ནི།) ཧྲཱིཿ ཆོས་སྐུ་སྟོང་པའི་ངང་ལས་མ་གཡོས་ཀྱང་༔ མ་འགགས་ལོངས་སྤྱོད་རྫོགས་སྐུ་ཉི་ལྟར་ཤར༔ གང་འདུལ་སྤྲུལ་པའི་ཆོ་འཕྲུལ་གཟུགས་སྐུ་སྒྱུ་མའི་གར༔ མཚན་དཔེའི་དཔལ་དུ་འབར་ལ་ཕྱག་འཚལ་བསྟོད༔ དུས་གསུམ་རྒྱལ་ཡུམ་བཅུ་དྲུག་གཞོན་ཚུལ་ཅན༔ སྐུ་མདོག་དཀར་ལ་དམར་བའི་མདངས་དང་ལྡན༔ ཉ་རྒྱས་ཟླ་བ་རབ་ཏུ་གང་བའི་ཞལ༔ མཁུར་གཉིས་ཨུཏྤལ་དམར་པོས་བརྒྱན་ལ་བསྟོད༔ ཞལ་གྱི་མཆུ་སྒྲོ་ཨུ་དུམ་དམར་པོ་འདྲ༔ སྤྱན་གཉིས་ཟར་མའི་མེ་ཏོག་ལྟ་བུར་ལེགས༔ ༔ (5བ)ཚེམས་འགྲིགས་དུང་གི་ཐག་ཟངས་ལྟ་བུར་དཀར༔ ཞལ་ནས་ཨུཏྤལ་དྲི་ཞིམ་སྤྲོ་ལ་བསྟོད༔ རེག་ན་འཇམ་འདྲའི་སྐུ་མདོག་གཞོན་ཤ་རྒྱས༔ སུམ་ཅུ་རྩ་གཉིས་མཚན་གྱིས་མེ་ཏོག་བརྒྱན༔ དཔེ་བྱད་བརྒྱད་ཅུ་ལྡན་པའི་སྐུ་མཆོག་མ༔ ཐུགས་རྗེས་སྤྲུལ་བསྒྱུར་སྣ་ཚོགས་འགྱེད་ལ་བསྟོད༔ ཕྱག་གཡས་འཆི་མེད་ཚེ་ཡི་བུམ་པ་འཛིན༔ གཡོན་པས་བདེ་ཆེན་མཚན་ལྡན་ཀཱ་པ་ལ༔ ཡེ་ཤེས་བདུད་རྩིས་བཀང་བ་འགྱིང་ཚུལ་བསྣམས༔ ཐབས་ལ་མཁས་པས་འགྲོ་དོན་མཛད་ལ་བསྟོད༔ རེག་འཇམ་ཟབ་ཆེན་ན་བཟའ་རིམ་པར་གསོལ༔ རིན་ཆེན་དོ་ཤལ་རིན་ཆེན་མགུལ་ཆུ་དང་༔ རིན་ཆེན་གདུ་བུ་རིན་ཆེན་སྙན་ཆ་ཅན༔ རིན་ཆེན་འབྲོམ་ཚར་སིལ་སིལ་གཡོ་ལ་བསྟོད༔ ནོར་བུའི་དབུ་རྒྱན་གསེར་གྱི་སོར་གདུབ་དང་༔ རིན་ཆེན་སྐ་རགས་ནོར་བུའི་ཕྲ་ཡིས་སྤྲས༔ ཞབས་གཉིས་བདེ་ཆེན་སྐྱིལ་མོ་ཀྲུང་གིས་བཞུགས༔ འོད་དང་འོད་ཟེར་དུ་མ་འཕྲོ་ལ་བསྟོད༔ ཤར་དུ་རྡོ་རྗེ་མཚོ་རྒྱལ་སྐུ་མདོག་མཐིང་༔ ཞི་བའི་ལས་མཛད་རྡོ་རྗེ་བྷནྡྷ་བསྣམས༔ ལྷོ་རུ་རིན་ཆེན་མཚོ་རྒྱལ་སྐུ་མདོག་སེར༔ རྒྱས་པའི་ལས་མཛད་རིན་ཆེན་བྷནྡྷ་བསྣམས༔ ནུབ་ཏུ་པདྨ་མཚོ་རྒྱལ་སྐུ་མདོག་དམར༔ དབང་གི་ལས་མཛད་(6ན)པདྨ་བྷནྡྷ་བསྣམས༔ བྱང་དུ་ཀརྨ་མཚོ་རྒྱལ་སྐུ་མདོག་ལྗང་༔ དྲག་པོའི་ལས་མཛད་རྒྱ་གྲམ་བྷནྡྷ་བསྣམས༔ ཕྱི་ཁྱམས་གནས་ཡུལ་དུར་ཁྲོད་མཁའ་འགྲོས་བསྐོར༔ སྐུ་མདོག་ཕྱག་མཚན་སྣ་ཚོགས་བརྡ་གར་བསྒྱུར༔ བདེ་ཆེན་དཀར་མོའི་ལྷ་ཚོགས་ཐམས་ཅད་ལ༔ གཉིས་མེད་མཐའ་བྲལ་ངང་དུ་ཕྱག་འཚལ་བསྟོད༔ (བདུན་པ་བཟླས་པའི་རྣལ་འབྱོར་ནི།) ཐུགས་ཀར་པདྨ་ཟླ་བའི་སྟེང་༔ ཧྲཱིཿཡིག་དཀར་པོའི་མཐའ་སྐོར་དུ༔ རྩ་བའི་སྔགས་ཀྱི་ཕྲེང་བས་བསྐོར༔ དེ་ལས་འོད་འཕྲོས་རྒྱལ་ཀུན་མཆོད༔ སེམས་ཅན་ཀུན་གྱི་ལས་སྒྲིབ་སྦྱངས༔ དྲེགས་པའི་ལྷ་སྲིན་གདུག་རྩུབ་ཞི༔ སྣང་སྲིད་མཁའ་འགྲོའི་སྐུ་རུ་གྱུར༔ སླར་ཡང་འོད་ཟེར་ཟེར་ཆག་སྒྲེངས༔ རྩ་གསུམ་ལྷ་ཚོགས་ཐུགས་དམ་བསྐུལ༔ བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས༔ ཚུར་འདུས་ཐུགས་སྲོག་དག་ལ་ཐིམ༔ མཆོག་ཐུན་དངོས་གྲུབ་སྩལ་ཐོབ་གྱུར༔ (དེ་ལྟར་ཏིང་ངེ་འཛིན་ལ་ཡིད་རྩེ་གཅིག་ཏུ་གནས་པས།) ཨོཾ་ཧྲཱིཿགུ་ཧྱ་ཛྙཱ་ན་ཌཱ་ཀི་ནཱི་ཧ་རི་ནི་ས་སརྦ་སིདྡྷི་ཧཱུྃ༔ (ཞེས་བསྙེན་སྒྲུབ་ཆིག་དྲིལ་རྩ་བའི་སྙིང་པོ་ཉིད་བཟླས་པའི་སྐྱོན་ཐམས་ཅད་སྤང་ལ་ཆུ་བོའི་རྒྱུན་བཞིན་དུ་བཟླའོ། །ལས་སྦྱོར་ནི།) མཚོ་རྒྱལ་རིགས་བཞིའི་ཐུགས་ཀ་ནས༔ ལས་མཐུན་འོད་ཟེར་མཁའ་ཁྱབ་(6བ)འཕྲོས༔ གང་འདུལ་ཞི་རྒྱས་དབང་དྲག་གི༔ ཕྲིན་ལས་ལྷུན་གྱིས་གྲུབ་པར་གྱུར༔ (སྔགས་ཤམ་དུ།) ཧ་རི་ནི་ས་ཤཱནྟིཾ་པུཥྚིཾ་ཝ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ༔ (ཅེས་ལས་སྔགས་སྦྲེལ་ལ་བསྙེན་སྒྲུབ་ཀྱི་འགྲོས་དང་སྦྱར་བཟླ་ཞིང་། ཐུན་མཐར་དབྱངས་གསལ་ལན་བདུན་དང་རྟེན་འབྲེལ་སྙིང་པོས་སྔགས་ཀྱི་ལྷག་ཆ་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ་མཆོད་ཅིང་བསྟོད་ནས་ནོངས་པ་བཟོད་པར་གསོལ།) (གསུམ་པ་རྗེས་ཀྱི་ལས་རིམ་ནི། ཚོགས་ཀྱི་འཁོར་ལོས་མཆོད་ཅིང་གཏོར་མ་བསྐྱང་བ་དང་རྒྱུན་གྱི་དངོས་གྲུབ་བསྐུལ་ནས་ཉེར་བསྡུའི་རྣལ་འབྱོར་ལ་འཇུག་པ་སོགས་བླ་མ་ཞི་བའི་ལས་བྱང་ལ་སྐབས་ཐོབ་ཁ་བསྒྱུར་བ་ཙམ་གྱིས་ལེགས་པར་གྲུབ་པ་ཉིད་དོ། །)ངོ་མཚར་ཟབ་གཏེར་མ་དྲོས་ཀླུང་ཆེན་ལས། །ཕུལ་བྱུང་ལམ་བཟང་ཡན་ལག་བརྒྱད་ལྡན་ཆབ། །ལེགས་བཤད་རིན་ཆེན་ཡོལ་གོ་ལ་བརྟེན་ནས། །ཁྲིགས་བསྡེབས་བདུད་རྩིའི་བཅུད་དུ་ཁོ་བོས་བླང་། །དེ་ལྟའི་ལེགས་བྱས་བསོད་ནམས་བྱེ་བའི་རྒྱུན། །སྐལ་བཟང་ཕན་བདེའི་ཉེར་འཚོར་ཡོངས་འཁྱིལ་བ། །མ་ལུས་འགྲོ་བའི་གཏན་གྱི་གདུང་སེལ་དུ། །རབ་སྨིན་གྲུབ་གཉིས་ལང་ཚོ་བདེ་གྱུར་ཅིག །(དེ་ལྟར་མཁའ་འགྲོ་ཞི་བ་མཚོ་རྒྱལ་བདེ་ཆེན་དཀར་མོའི་ལས་བྱང་ཁྲིགས་སུ་བསྡེབས་པ་མཁའ་སྤྱོད་གྲུབ་པའི་ཤིང་རྟ་ཞེས་བྱ་བ་འདི་ནི། ལམ་འདི་འཛིན་ཅིང་སྤེལ་བའི་བཀའ་བབས་ཀྱི་དབུགས་དབྱུང་ཐོབ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དབང་ཆེན་སྤྲེའུ་ཟླ་བའི་མར་ངོའི་ཚེས་བཅུ་ཉེ་བའི་འདུ་བ་ཁྱད་པར་ཅན་གྱི་དུས་བཟང་པོ་ལ་གྲུབ་པར་བགྱིས་པ་སྟེ། འདིས་(7ན)ཀྱང་ཟབ་ལམ་མཆོག་འདིའི་ཕྲིན་ལས་མཁའ་ཁྱབ་ཏུ་རྟག་ཅིང་འཕེལ་བ་དང་། འགྲོ་བ་ཐམས་ཅད་དབྱིངས་ཡུམ་མཚོ་རྒྱལ་བདེ་ཆེན་དཀར་མོའི་གོ་འཕང་ལ་རེག་པའི་རྒྱུར་གྱུར་ཅིག །སརྦ་དཱ་མངྒ་ལཾ།། །།)