DJYD-KABUM-09-TA-016
DJYD-KABUM-09-TA-016
༄༅། །འགྲོ་འདུལ་ཐུགས་རྗེ་ཆེན་པོའི་བསྙེན་ཡིག་མདོར་བསྡུས་ སུ་བཀོད་པ་གནད་དོན་རབ་གསལ་ ཞེས་བྱ་བ་བཞུགས་སོ། །
(1བ) འགྲོ་འདུལ་ཐུགས་རྗེ་ཆེན་པོའི་བསྙེན་ཡིག་མདོར་བསྡུས་སུ་བཀོད་པ་གནད་དོན་རབ་གསལ་ཞེས་བྱ་བ། བླ་མ་དང་འཕགས་མཆོག་ཐུགས་རྗེའི་དབང་ཕྱུག་ལ་ཕྱག་འཚལ་ལོ། །གང་ལ་སྐྱབས་སུ་གསོལ་བས་རིགས་དྲུག་འགྲོ། །ཐར་མེད་སྲིད་པའི་བཙོན་དོང་ནས་དྲངས་ཏེ། །གཏན་གྱི་བདེ་བས་ངལ་འཚོ་སྟེར་བ་པོ། །ཕྱག་ན་པད་དཀར་འཛིན་པའི་མགོན་དེས་སྲུངས། །འདིར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་བསྙེན་སྒྲུབ་ཇི་ལྟར་བྱ་བའི་ཚུལ་མདོར་བསྡུས་སུ་འགོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི་། དབེན་ཅིང་ཡིད་དུ་འོང་བའི་གནས་ཁང་གཙང་ལ་མཛེས པར་བརྒྱན། (2ན)། དམ་ཚིག་གི་སྐུ་རྟེན་ཁྱད་པར་ཅན་བཀྲམ་པའི་མདུན་དུ་སྨན་གཏོར་རཀྟ་སྲུང་མའི་གཏོར་འབུལ་དང་ཆུ་གཉིས་ཉེར་སྤྱོད་རྣམས་བཀོད་མཛེས་སུ་བཤམས། དེ་དང་ཁ་སྤྲོད་དུ་རང་གི་མལ་སར་འབྲུ་དཀར་གྱི་གཡུང་དྲུང་གཡས་བསྐོར་དུ་བྲིས་པའི་སྟེང་དུ་སྟན་ནང་ཚང་ཅན་འདིང་། མཚམས་གཡོག་དང་སྨན་པ་འཚོ་ཆས་སོགས་ཉེ་བར་མཁོ་བའི་ཆ་རྐྱེན་རྣམས་སྤྱི་དང་མཐུན་པར་མཚམས་ཁོངས་སུ་ཆུད་པ་དང་། སྣ་སེལ་དུ་གསུང་སྒྲོགས། ཆུ་གཏོར། སཱཙྪ་གདབ་པ་སོགས་དགེ་བ་ཅི་ནུས་སུ་བསྒྲུབ་བོ། །གཉིས་པ་དངོས་གཞི་ལ། གཟའ་སྐར་བཟང་བའི་ཉིན་མོའི་གུང་ཐུན་ལ་དབུ་བརྩམས་ཏེ། རང་ཉིད་ལྷའི་ང་རྒྱལ་(2བ)དང་ལྡན་པའི་ངང་ནས་གཞི་བདག་ལ་གཏོར་མ་ཕུལ། བགེགས་ལ་གཏོར་མ་བྱིན་ནས་དྲག་པོའི་ཚམ་རྔམས་དང་བཅས་ཏེ་ཕྱི་རོལ་དུ་བསྐྲད། སྒོ་དྲུང་དུ་ཐོ་བརྩིགས་པར་རྒྱལ་ཆེན་སྡེ་བཞི་བསྐྱེད་བསྟིམ་མཆོད་བསྟོད་བྱས་ལ་བར་ཆད་སྲུང་བ་དང་དངོས་གྲུབ་བསྒྲུབ་པའི་ཕྲིན་ལས་བཅོལ། སྲུང་བའི་འཁོར་ལོ་དྲག་ཏུ་བསྒོམ་ཞིང་བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་དམིགས་མེད་སྤྲོས་བྲལ་ཀ་དག་གི་ངང་དུ་རྒྱས་གདབ། དེ་ནས་དལ་འབྱོར་རྙེད་པར་དཀའ་བ་དང་འཆི་བ་མི་རྟག་པ་ཡང་ཡང་བསམ་ཞིང་འཁོར་བ་ལ་ངེས་པར་འབྱུང་བའི་བློས་རྒྱུད་བསྐུལ་ཏེ། ད་ལྟ་ལྷག་པའི་ལྷ་འདི་ལྷ་བུ་བསྙེན་ཅིང་བསྒྲུབ་ཏུ་ཡོད་པ་སྐལ་པ་བཟང་བས་རྐྱེན་གང་གི་ཡང་དབང་དུ་མི་གཏོང་སྙམ་དུ་ཞེ་དམ་བཅའ། ལས་བྱང་ལྟར་བརྒྱུད་འདེབས་དང་སྐྱབས་སེམས་བཤགས་པ་ནས་བཟུང་མཆོད་པ་བྱིན་རླབས་བར་གྱིས་སྔོན་འགྲོའི་ཆོས་རྣམས་དང་། དངོས་གཞི་ཏིང་འཛིན་རྣམ་གསུམ་བསྒོམ་པ་ནས་བསྟོད་པའི་བར་འདོན་བསྒོམ་ཟུང་དུ་འབྲེལ་བ་དང་། དམིགས་པའི་གཙོ་བོ་ལྷའི་གསལ་སྣང་དང་ང་རྒྱལ་ལ་སེམས་འཛིན། བཟླས་པའི་སྐབས་སུ་དམིགས་གསལ་རྩེ་གཅིག་པའི་སྒོ་ནས་བཟླས་པ་ཆུ་བོའི་རྒྱུན་བཞིན་དུ་བརྩོན། ཐུན་མཚམས་སུ་མཆོད་(3ན)ཅིང་བསྟོད། སླར་ཡང་སྲོད་ཐུན་ཀྱང་དེ་དང་འདྲ་བ་ལས། ཐུན་མཐར་སྲུང་མའི་གཏོར་འབུལ་སོགས་བྱ་ཞིང་། རྗེས་ཉེར་བསྡུའི་ཏིང་འཛིན་དང་ལྡན་པས་གཉིད་འོད་ གསལ་དུ་སྦ་བའི་ཉམས་ལེན་ལ་འཇུག །ཐོ་རེངས་ལ་བབ་པ་ན་ནམ་མཁའ་ནས་དཔའ་བོ་འགྲོ་རྣམས་ཀྱིས་སྔགས་སྒྲ་དང་ཌཱ་དྲིལ་གྱི་སྒྲས་གཉིད་སད་པར་བསམ་ལ་སྐད་ཅིག་གིས་ཐུན་མཚམས་ཀྱི་ལྷར་ལྡང་ནས་སྔར་བཞིན་ཐོར་ཐུན་དང་། སྔ་ཐུན་ཕྱི་ཐུན་སྲོད་ཐུན་ཏེ་ཐུན་བཞིའི་རིམ་པས་དམ་བཅའ་ཚད་དུ་མ་འཁྱོལ་བར་བསྒྲུབ་བོ། །ཐུན་གཞན་རྣམས་ལ་ལས་བྱང་རྒྱས་པ་མ་ལྕོགས་ན་རྒྱུན་ཁྱེར་གྱིས་འཐུས་ཤིང་ཐུན་སྒང་དུ་ངག་མ་ཤོར་བ་དང་། བཟའ་བཏུང་གི་རྣལ་འབྱོར་ལྷའི་ལམ་ཁྱེར་དང་མ་བྲལ་བར་བྱའོ། །གསུམ་པ་རྗེས་ནི། དེ་ལྟར་བསྙེན་སྒྲུབ་མཐར་ཕྱིན་ཏེ་སང་གྲོལ་རྒྱུའི་དགུང་ཐུན་ལ་མཆོད་གཏོར་དང་ཚོགས་ཀྱི་ཡོ་བྱད་རྒྱ་ཆེར་བཤམས། སང་གི་ཐོར་ཐུན་ལ་ལས་བྱང་མཐར་ཆགས་སུ་བཏང་ཞིང་ཚོགས་མཆོད་ནས་རྟ་བྲོའི་བར་སོང་སྟེ། སྒྲུབ་གཏོར་ལྷར་གསལ་བའི་གནས་གསུམ་གྱི་ཡི་གེ་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པ་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་ཐོབ་པར་(3བ)མོས་ལ། ཧྲཱིཿ མགོན་པོ་ཐུགས་རྗེའི་དབང་ཕྱུག་དགོངས༔ སོགས་ཀྱིས་དངོས་གྲུབ་བླང་། མཇུག་ཆོག་རྣམས་མཐའ་རྒྱས་སུ་བྱ་ཞིང་ཁ་སྐོང་དུ་ཞི་བའི་སྦྱིན་སྲེག་བྱ། མཚམས་ཐོ་འགྲོལ་ཞིང་གནས་སྲུང་ཞག་གསུམ་སོགས་སུ་བགྱིས་པས་ལེགས་པར་གྲུབ་བོ། །དེ་ལྟར་འདིར་སྨོས་པ་ནི་བསྙེན་སྒྲུབ་ཀྱི་ལག་ལེན་མདོར་བསྡུས་ས་བོན་ཙམ་སྟེ། བསྐྱེད་རིམ་གྱི་རྣམ་བཞག་སོགས་ཞིབ་པར་གཞན་ལས་རྟོགས་པར་བྱ་བ་ཁོ་ནའོ། །བརྩེ་ཆེན་ཚད་མེད་ཐུགས་རྗེའི་ཕྱག་རིང་གིས། །མཁའ་མཉམ་ཡིད་ཅན་འགྲོ་འདི་དབུགས་དབྱུང་ནས། །བདེ་ལྡན་པདྨ་འོད་ཀྱི་ཞིང་ཁམས་སུ། །གཏན་བདེའི་དགའ་སྟོན་གསར་པར་ལོངས་སྤྱོད་ཤོག ། དེ་ལྟར་འགྲོ་འདུལ་ཐུགས་རྗེ་ཆེན་པོའི་བསྙེན་ཡིག་མདོར་བསྡུས་སུ་བཀོད་པ་གནད་དོན་རབ་གསལ་ཅེས་བྱ་བ་འདི་ནི་། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་འདྲའི་བློ་རྨོངས་རྣམས་ལ་ལག་ལེན་ཕྱོགས་མཚོན་ཙམ་དུ་སྦྱར་བ་དགེ་ལེགས་སུ་གྱུར་ཅིག སརྦ་དཱ་མངྒ་ལཾ།)